ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

མདོ་སྨད་ཆབ་འགག་ཡུལ་གྱི་དུས་སྟོན་ལབ་རྩེ་ཆབ་རིལ་གྱི་བྱུང་འཕེལ་བརྗོད་པ།

སྤེལ་དུས 2018-02-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཅོད་པ་དོན་གྲུབ།
            དེ་ཡང་ཆབ་འགག་ཅེས་པའི་ཡུལ་གྲུ་འདི་ནི་སྟོད་ན་རི་རབ་ཀྱི་དབུ་འཕང་་རྣམ་པར་མཐོ་བའི་དཀར་ཕྱོགས་སྐྱོང་བའི་བློན་པོ་གསེར་ཆེན་ལྷུན་ཞིང་བརྗིད་པར་ཆགས་ཤིང་།    ཤར་དུ་ཡིད་བཞིན་གྱི་ནོར་བུ་ཁྲི་འབུམ་མང་པོ་ལྷན་དུ་སྤུངས་པ་ལྟ་བུའི་བར་དབོན་དུང་རི་དཀར་པོ་ལྷང་ངེར་མངོན་པ།   ནུབ་ཏུ་བདུད་སྡེ་མ་ལུས་ཟིལ་གྱིས་གནོན་པ་ལྟ་བུའི་དཔའ་རྟུལ་རྫ་རྒན་ཁྲོས་པའི་ཚུལ་གྱིས་འགྱིང་བ། མདུན་དུ་འགྲོ་བ་སེམས་ཅན་ཡོངས་ཀྱི་ཚ་བའི་སྡུག་བསྔལ་སེལ་བའི་རྨ་ཀླུང་གངྒཱའི་སྲིང་མོ་དལ་གྱིས་དབང་ཕྱོགས་ཡུལ་དུ་འབབ་པ། དབུས་སུ་མདོ་སྔགས་ཟུང་དུ་འབྲེལ་བའི་འཇམ་མགོན་བླ་མའི་ལུགས་བཟང་དྲི་མས་མ་གོས་པར་འཛིན་སྐྱོང་སྤེལ་གསུམ་བགྱིད་པའི་ཆབ་འགག་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་ཞེས་པ་མིག་གི་དགའ་སྟོན་དུ་གྱུར་པ་དང་།   དེར་མ་ཟད་ད་དུང་སྣོད་བཅུད་འཛོམས་པའི་ཡུལ་ཁམས་འདི་རུ་བོད་གངས་ཅན་གྱི་ཉི་ཟླ་ལྟ་བུའི་སྔོན་བྱོན་སྐྱེས་བུ་དམ་པ་དུ་མ་སྟེ།  བཙན་པོ་ཁྲི་རལ་པ་ཅན།  ས་སྐྱ་ཀུན་དགའ་རྒྱལ་མཚན།  འགྲོ་མགོན་འཕགས་པ།  རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་ལྔ་བ་བློ་བཟང་རྒྱ་མཚོ། རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།  རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ།  པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་སོགས་དང་།    རང་རེའི་མཚོ་སྔོན་ནས་སྐུ་འཁྲུངས་པའི་མཁས་པའི་དབང་བོ་སྐྱབས་མགོན་ཚོགས་དྲུག་རང་གྲོལ།  ཀ་རྒྱ་ཆབ་རིལ།  ཨ་རིག་དགེ་བཤེས་ཆེན་པོ། རྡོ་སྦིས་དགེ་བཤེས་རིན་པོ་ཆེ། སྐུ་གཞོགས་ཨ་རོལ་ཚང་བཅས་དམ་པ་མང་པོས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་མྱོང་བའི་གནས་འགངས་ཆེན་ཞིག་ལགས་པ་སུས་ཀྱང་ཤེས་གསལ་ལྟར་རོ། །  
            དེ་ཡང་སྔོན་མཁས་ཆེན་དམ་པ་རྣམས་ཡུལ་འདི་རུ་ཕེབས་པའམ་བརྒྱུད་ནས་འགྲོ་བའི་སྐབས་སུ།  དགོན་པ་བཏབ་པ་དང་ལབ་རྩེ་བསྟད་པ།  མཆོད་རྟེན་བཞེངས་པ་སོགས་ཀྱི་ལོ་རྒྱུས་ཡིག་ཆ་དང་གནས་ཤུལ་གང་མང་ཞིག་ད་ལྟ་་མིག་གི་སྤྱོད་ཡུལ་དུ་གྱུར་ཐུབ་ན་ཡང་། གནའ་ནས་ད་ལྟའི་བར་རྒྱུན་མ་ཆད་པ་དང་སྲོལ་མ་ཉམས་པར་རྒྱུན་སྐྱོང་བཞིན་པའི་ཆབ་འགག་ཡུལ་གྱི་ལབ་རྩེ་ཆབ་རིལ་ལྟ་བུ་ནི་ཉུང་ཙམ་ལགས་སོ། །དེའི་ཕྱིར། གཤམ་དུ་ལབ་རྩེ་ཆབ་རིལ་ཞེས་པ་བརྗོད་བྱའི་སྙིང་བོར་བཞག་ནས་ཅུང་ཙམ་སྤྲོས་ན།   གནས་བཟང་ཆབ་ཆ་མར་ཁུའི་མཚོ་མོར་འབོད་པའི་གྲོང་བརྡལ་ཆེན་པོའི་སྟོད་ན།    ཆབ་འགག་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་གི་ཕང་བ་རུ།   བདེ་ཞིང་ཁོད་སྙོམས་པའི་ལབ་རྩེ་ཆབ་རིལ་ཐང་ཞེས་པའི་མེ་ཏོག་སྣ་བརྒྱ་རྣམ་པར་བཞད་ཅིང་། ལེགས་ཚོགས་ནོར་བུའི་འོད་འབར་བ།  ལུས་ཅན་ཀུན་ལ་ཕན་པའི་དཔལ་སྟེར་བའི་སའི་སྙིང་བོ་དེར།  ལོ་རེའི་དབྱར་གསུམ་གྱི་རང་བྱུང་སྐྱེད་མོས་ཚལ་རྣམ་པར་མཛེས་པའི་དུས་བཟང་ཧོར་ཟླ་དྲུག་པའི་ཚེས་བཅུ་བདུན་ནས་བཅུ་དགུའི་བར་ཆབ་འགག་ཡུལ་གྱི་སྡེ་ཆེན་གསུམ་སྟེ།   རྒྱ་ར་ལྷ་སྡེ་དཀར་པོ་དང་ཨར་སྟི་གཡང་ས་གོར་མོ།  དུམ་པ་བཀྲ་ཤིས་འཁྱིལ་བ་བཅས་གཙོ་མཛད་པའི་སྡེ་བ་ཆེ་འབྲིང་ཆུང་གསུམ་བཅུ་ལྷག་ཅིག་གི་རྒན་དར་གཞོན་གསུམ་གྱི་སྐྱེ་བོ་ཀུན་གྱིས་ལུས་ལ་ཤོམ་ལྭ་གསར་བ་གྱོན་ཏེ་མ་བོས་རང་ཤུགས་སུ་ལབ་རྩེ་ཆབ་རིལ་ཐང་དུ་འཛོམས་ཏེ།    ཐོག་མར་སྐྱེས་པ་རྣམས་ཀྱིས་ལབ་རྩེ་བསྟོད་པ་དང་ལྷ་བསང་གཏོང་བ། རིམ་གྱིས་རྟ་རྒྱུག་མདའ་འཕེན། གླུ་ལེན་གར་རྩེད་བཅས་ཀྱི་དགའ་སྟོན་ལ་རོལ་པ་ནི་གནའ་ནས་ད་ལྟའི་བར་འཆོལ་མེད་གོམས་སྲོལ་ཞིག་ཏུ་གྱུར་ཡོད།

            དང་པོ། ཐོག་མའི་བྱུང་རིམ།
            ཆབ་འགག་ཡུལ་གྱི་ལབ་རྩེ་ཆབ་རིལ་ཞེས་པ་འདི་དང་ཐོག་ཇི་ལྟར་བྱུང་བའི་བརྒྱུད་རིམ་སྐོར་རགས་ཙམ་བརྗོད་ན། དེ་ཡང་ཐོག་མར་ལབ་རྩེ་ཆབ་རིལ་ཞེས་པའི་མིང་འདིའི་འབྱུང་ཁུངས་གསལ་བོར་མ་བརྗོད་ན་མི་ཆོག་པར་བརྟེན། འདིར་ལབ་རྩེ་ཆབ་རིལ་ཞེས་པའི་མིང་གི་ཐོགས་དོན་ངོ་སྤྲོད་ཙམ་བགྱིད་ན། བགྲང་བྱ་བརྒྱ་ཕྲག་དུ་མའི་སྔོན་ལ་ཀ་རྒྱ་ཆབ་རིལ་ཟེར་བའི་སྐྱེས་བུ་དམ་པ་ཞིག་མཆིས་པ་དེ། ད་ལྟའི་དཔའ་ལུང་ཀ་རྒྱ་ཟེར་བའི་ལྷ་སྡེ་རུ་སྐྱེས་པས་ཀ་རྒྱ་ཐོགས་ཤིང་།  ཆུང་བའི་དུས་ནས་རབ་ཏུ་བྱུང་སྟེ་བྱ་ཁྱུང་དགོན་པར་ཞུགས་ནས་ཆོས་མདོ་སྔགས་གཉིས་ལ་སྦྱངསཔ་དཔྱིས་ཕྱིན་པ་གནང་བ་དང་།   ཕྱིས་སུ་དགོན་པའི་ཆབ་རིལ་གྱི་ལས་གནས་ཀྱང་ཁུར་བས་ཆབ་རིལ་ཞེས་པའི་མིང་ཡང་ཀ་རྒྱའི་རྗེས་སུ་ཐོགས་པ་བྱུང་།   དེ་བས་མི་རྣམས་ཀྱིས་ནམ་རྒྱུན་ཀ་རྒྱ་ཆབ་རིལ་ཞེས་འབོད་ཅིང་།  དུས་ཡུན་རིང་པོ་ཞིག་འདས་པས་ན་ཁོང་གི་མཚན་ལ་ཀ་རྒྱ་ཆབ་རིལ་ཟེར་བ་རང་ཤུགས་སུ་འབྱོར་བའོ། །  
            དེ་ཡང་ཀ་རྒྱ་ཆབ་རིལ་བྱ་བར་འབོད་པའི་སྐྱེས་བུ་དེ་ཆབ་འགག་ཡུལ་གྱི་སའི་སྙིང་བོ་སྟེ།  ཆབ་འགག་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་ཞེས་པའི་དགོན་སྡེའི་འདབས་སུ་རྩྭ་ཆུ་གཉིས་ལྡན་གྱི་ཐང་ཆེན་གོས་སྔོན་ས་ལ་བཏིང་འདྲ་ཞིག་འདུག་པ་དེར་སླེབས་ནས་ལབ་རྩེ་གསར་བ་ཞིག་བསྟད་པས་ན། མི་རྣམས་ཀྱིས་དེར་ལབ་རྩེ་ཆབ་རིལ་ཞེས་བཏགས་ཏེ།  དོན་ལ་མི་མིང་ལབ་རྩེ་ལ་འབྱོར་བ་ལགས།  
            ཀ་རྒྱ་ཆབ་རིལ་ཟེར་བ་དེ་ཆབ་འགག་ཡུལ་འདིར་ཕེབས་ནས་ལབ་རྩེ་བསྟོད་དོན་ལོ་རྒྱུས་ཡིག་ཆ་རུ་གསལ་བོ་མེད་ནའང་དགུང་ལོ་བདུན་ཅུ་བརྒྱད་ཅུ་ཅན་གྱི་རྒན་པོ་ཚོའི་ངག་ཐོག་ཏུ་གཏམ་རྒྱུད་མི་མཚུངས་པ་སྣ་ཚོགས་བརྒྱུད་བཞིན་ཡོད་དེ།  དེ་ཡང་ཁ་ཅིག་གིས་ཀ་རྒྱ་ཆབ་རིལ་ཟེར་བ་དེ་ཆོས་མདོ་སྔགས་ཟུང་ལ་བྱང་ཆུབ་པར་མ་ཟད། རྫུ་འཕྲུལ་སྣ་ཚོགས་སྟོན་པའི་གྲུབ་ཐོབ་ཅིག་ཀྱང་ཡིན་ཟེར་ལ།   ཁོང་གི་དགོངས་པར་སྐུ་ན་གཞོན་པའི་སྐབས་སུ་ཉི་མ་ལྷ་སར་ཆས་ཏེ་ཇོ་བོ་ཡིད་བཞིན་ནོར་བུ་ལ་ཐོད་པ་ཞིག་མ་གཏུགས་ན་བསམ་དོན་ཇི་ལྟར་འགྲུབ་ཐུབ་སྙམ་ཞིང་།   ཞོར་དུ་ལྷ་སར་འགྲོ་བའི་ལམ་ཁར་ལབ་རྩེ་བརྒྱ་དང་བརྒྱད་བསྟོད་རྒྱུའི་འཆར་གཞི་འཐེན་ནས་ལམ་ལ་ཆས།  ཁོང་ལམ་ལ་ཆས་པའི་སྐབས་སུ་རྐང་ཐང་མིན་ཞིང་། རང་གི་ཞོན་རྟའི་སྟེང་ལ་མིའི་གཡང་གཞིའི་སྟན་དང་དེའི་སྟེང་དུ་སྒ་བརྒྱབ་ནས་དྲག་པོའི་ཚུལ་གྱིས་ལམ་དུ་བསྐྱོད་དེ།  ད་ལྟའི་ཆབ་འགག་དགོན་གསར་གྱི་ཉེ་འདབས་གཡེར་མོ་ཐང་ལ་སླེབས་ཏེ།  ལབ་རྩེ་གསར་བ་ཞིག་བསྟད་པ་དེ་ཁོང་གི་འཆར་གཞིའི་ལབ་རྩེ་བརྒྱ་དང་བརྒྱད་ཀྱི་ནང་གི་གཅིག་ཡིན་སྐད། ཁོང་གིས་ལབ་རྩེ་ཆབ་རིལ་དེ་བསྟད་རྗེས་ལྷ་ལྡན་ཡུལ་དུ་མ་ཕེབས་པར།  ད་ལྟའི་ཨར་སྟིའི་ཕྱོགས་སུ་ཕེབས་ནས་ཆབ་རིལ་དགོན་པ་གསར་དུ་བཏབ་པ་ཡིན་ཞེས་བཤད་བཞིན་མཆིས་ལ།    ལབ་རྩེ་ཆབ་རིལ་དེ་བསྟོད་པའི་ཉི་མ་ཡང་དབྱར་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ཡིན་པས་རྗེས་སུ་མི་རྣམས་ཀྱང་ཉིན་དེར་དེར་འཚོགས་ནས་ལབ་རྩེ་བསྟོད་པ་དང་རིམ་གྱིས་གླུ་ལེན་གར་རྩེད་བགྱིད་པའི་སྲོལ་ཆགས་ཟེར།  ཡང་ཁ་ཅིག་གིས་ཀ་རྒྱ་ཆབ་རིལ་ཞེས་པ་དེ་རང་རེའི་ཆབ་འགག་ཡུལ་གྱི་སའི་ལྟེ་བ་དེར་ཕེབས་ནས་སའི་སྣོད་བཅུད་ཤིན་ཏུ་ལེགས་པར་མཁྱེན་ཏེ་ལབ་རྩེ་ཞིག་བསྟད་ན་འགྲོ་བ་ཀུན་ལ་ཕན་་འབྲས་རྒྱ་ཆེན་པོ་མཆིས་པར་དགོངས་ནས། རྩི་སྤུངས་ཧ་ཅང་ཆེ་བ་ཞིག་ལ་ལབ་རྩེའི་ཚུལ་དུ་མདུད་པ་བརྒྱབ་ཅིང་།   ཁོར་ཡུག་ཏུ་རྡོ་དཀར་མང་པོ་སྤུངས་ཏེ་ལབ་རྩེའི་ས་བོན་བཏབ་པ་ཡིན་ལ།  ཕྱིས་སུ་སྐྱབས་མགོན་ཚོགས་དྲུག་རང་གྲོལ་གྱི་སྐུ་རིང་ཞིག་གནས་འདིར་ཕེབས་ཏེ།  ཧོར་ཟླ་བཟང་པོ་དྲུག་པའི་ཚེས་བཅུ་བདུན་ཉིན་ལབ་རྩེ་དེ་རྒྱ་ཆེ་བར་བསྟོད་དུ་བཅུག་ཅིང་།  ཁོང་གིས་རབ་གནས་ཀྱང་ལེགས་པར་མཛད་པ་ནས་བཟུང་།  ལོ་རེའི་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་སྐྱེ་བོ་རྣམས་རང་ཤུགས་སུ་གནས་འདིར་འཛོམས་ནས་ལབ་རྩེ་བསྟོད་པ་དང་རྟ་རྒྱུག་མདའ་འཕེན་བྱེད་པ།  གླུ་ལེན་གར་རྩེད་བགྱིད་པའི་སྲོལ་དར་བ་ཡིན་ཟེར།   ད་དུང་མི་འགའ་ཞིག་གིས་ཀ་རྒྱ་ཆབ་རིལ་ཞེས་པ་དེ་ཆབ་འགག་ཡུལ་འདིར་ཕེབས་ནས་གཞིས་ཆགས་ཤིང་།  རིམ་གྱིས་ས་རྒོད་བཏུལ།  ཕྱུགས་རིགས་བསྐྱངས། མི་གྲངས་འཕེལ་བ་བཅས་དང་བསྟུན་ནས། ཁོང་གི་དགོངས་པར་ད་ལྟའི་ལབ་རྩེ་ཆབ་རིལ་ཐང་ཟེར་བ་དེར་ལབ་རྩེ་ཞིག་བསྟད་ན་མི་ཕྱུགས་ཀུན་ལ་ཕན་པ་ཆེ་སྙམ་ནས་ལབ་རྩེ་ཞིག་བསྟད་ཅིང་།  ཕྱིས་སུ་ཀ་རྒྱ་ཆབ་རིལ་གྱིས་འགོ་འཛིན་གནང་ནས་ལོ་རེའི་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ལ་ལབ་རྩེ་བསྟོད་པ་དང་། ཞོར་དུ་གླུ་ལེན་གར་རྩེད་ཀྱི་སྲོལ་ཆགས་པར་གྲགས། དེ་བཞིན་ངོ་མཚར་ལྡན་པའི་གཏམ་རྒྱུད་མང་པོ་ཡོད་ཀྱང་འདིར་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཆོག་པ་ཞིག་ནི།   ལབ་རྩེ་ཆབ་རིལ་ཞེས་པ་དེ་ཀ་རྒྱ་ཆབ་རིལ་གྱིས་བསྟད་པ་གསལ་བོར་ངེས་ཤིང་།  ལོ་རེའི་ཧོར་ཟླ་དྲུག་པའི་ཚེས་བཅུ་བདུན་ནས་བཅུ་དགུའི་བར་ལབ་རྩེ་བསྟོད་པ་དང་།   ཞོར་དུ་རྟ་རྒྱུག་མདའ་འཕེན་དང་།  གླུ་ལེན་གར་རྩེད་བགྱིད་པ་སོགས་གོམས་སྲོལ་དུ་གྱུར་ཡོད་པ་དེ་ཡིན་ནོ། །  
            ལྷག་པར་དུ་བླ་སྤྲུལ་སེ་རའི་མཁན་ཆེན་སྐུ་ཕྲེང་གསུམ་པ་སྟེ་འཇམ་དབྱངས་འཇིགས་མེད་ཐུབ་བསྟན་ཆོས་འབྱོར་རྒྱ་མཚོ་ཚང་གིས1945ལོའི་ཟླ6པའི་ཚེས17ཉིན།  ཆབ་འགག་ཡུལ་གྱི་བན་སྔགས་ཐམས་ཅད་ལྷན་དུ་བསྡུས་ཏེ་ལབ་རྩེར་གཏེར་ཕུན་སུམ་ཚོགས་པ་བཞག་ཅིང་།    ལབ་རྩེའི་གནས་བདག་བསྐྱར་དུ་ངོས་འཛིན་བགྱིས་ཏེ།  བསང་འབོད་ཀྱི་ཚིག་ཀྱང་གསར་བ་བརྩམས་པ་ནས་བཟུང་ལོ་རེར་ལབ་རྩེ་བསྟོད་པའི་མི་གྲངས་ཀྱང་སྔར་ལས་ཇེ་མང་དུ་སོང་། འདུ་ཚོགས་ཀྱི་རྒྱ་ཁྱོན་ཡང་ལོ་རེ་ལས་ལོ་རེར་ཇེ་རྒྱས་སུ་གྱུར་ཏོ། །
  
            གཉིས་པ། ལབ་རྩེ་བསྟོད་པ།
            ཧོར་ཟླ་དྲུག་པའི་ཚེས་བཅུ་བདུན་ཏེ་ལབ་རྩེ་ཆབ་རིལ་གྱི་དུས་ཆེན་སླེབ་ལ་་ཉེ་བའི་སྐབས་སུ། རྒྱ་ར་སྡེ་བ་དང་ཨར་སྟི་སྡེ་བ། དུམ་པ་སྡེ་བ་བཅས་སྡེ་བ་བཅུ་ཕྲག་མང་པོའི་སྐྱེས་པ་རྣམས་ལབ་རྩེའི་རྒྱུ་ཆ་གཙོ་བོ་སྟེ་མདའ་ཤིང་དང་ལོ་འདབ་རྒྱས་པའི་ལྗོན་ཤིང་།  རྒྱལ་མཚན་རྩེ་མོ་སོགས་ཀྱི་དར་ལྕོག  སྟག་སེང་ཁྱུང་འབྲུག་གི་རླུང་རྟ།  རྩམ་པ་དང་ཤུག་པ་ཚང་བའི་བསང་རྩི་སོགས་གྲ་སྒྲིག་བྱེད་པར་བྲེལ་འདུག    སྐྱེས་མ་རྣམས་ཀྱིས་ཁྱིམ་མི་ཐམས་ཅད་ཀྱི་ཤོམ་ལྭ་སྟེ།ན མགོའི་ཞྭ་དང་ཚིལ་ལེན། ཕྲུག་ལྭ་དང་རས་ལྭ། ལྷམ་བཅས་ཡོད་ན་རྡུལ་སྤྲུགས་བགྱིད་པ་དང་། མེད་ན་གསར་དུ་བཟོ་བཞིན་ཡོད། ཉིན་དེར་ལབ་རྩེ་བསྟོད་པ་ལས་གཞན་གོས་ཀྱི་བཟང་ངན་དང་སྲམ་གྱི་ཆེ་ཆུང་།  བྱུ་རུའི་མང་ཉུང་ཡང་མི་མངོན་ཤུགས་སུ་འགྲན་བཞིན་ཡོད་དོ། །         དེ་ཡང་དབྱར་ཟླ་དྲུག་པའི་ཚེས་བཅུ་བདུན་གྱི་ཉི་རྩེ་རི་གསུམ་གྱི་ཟོམ་ལ་འཕགས་པའི་སྐབས་སུ། སྡེ་བ་སོ་སོའི་སྐྱེས་པ་རྒན་དར་གཞོན་གསུམ་གྱིས་ལུས་ལ་མཛེས་པའི་གོས་ལྭ་གྱོན་ཏེ། ཐག་ཉེ་བའི་མི་རྣམས་ཀྱིས་མདའ་ཤིང་དང་ལྗོན་ཤིང་།   བསང་རྩི་སོགས་རང་གིས་ཁུར་ནས་ལབ་རྩེ་ཆབ་རིལ་ཐང་ལ་འགྲོ་བ་དང་།  ཅུང་ཐག་རིང་བར་ཡོད་པའི་མི་རྣམས་རྟ་དྲེལ་སོགས་ལ་ཞོན་ནས་ཡོང་བ་ཡིན།   
            ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐྱེས་པ་རྒན་དར་གཞོན་གསུམ་ཕལ་ཆེར་འདུས་པ་ན།   རྒྱ་ར་སྡེ་བས་གཙོས་པའི་སྡེ་བའི་རྒན་པ་ཚོས་ལབ་རྩེ་བསྟོད་འགོ་རྩོམ་པ་ལགས།  ཐོག་མར་མདའ་ཤིང་དང་དར་ཤིང་།  ལོ་འདབ་རྒྱས་པའི་ལྗོན་ཤིང་བཅས་བསྟད་རྗེས།   རྒྱལ་མཚན་རྩེ་མོ་སོགས་ཀྱི་དར་ལྕོག་འཐེན་པ་དང་། དེའི་འཕྲོར་བསང་མེ་བསྒྲོན་ཏེ་ལྷ་བསང་གི་དུ་སྤྲིན་གྱིས་གནམ་ས་ཁེབས་པ་དང་།  བསང་རྩི་བ་དང་བསང་འབོད་བླ་ན་མ་མཆིས་པ་བགྱིད་པ་དང་མཚུངས་སུ།  དྲི་མེད་ཡིད་ཀྱིས་ཕྱག་གསུམ་འཚལ་བ་དང་།  དེ་ནས་འདོ་རིག་རྟ་བོར་ཞོན་པའི་སྐྱེས་པ་ཐམས་ཅད་རྟར་ཞོན་པ་དང་རྟ་མེད་པ་ཚང་མ་རྐང་ཐང་དུ་ལབ་རྩེ་ལ་སྐོར་བ་གསུམ་རྒྱག་ཞོར་དུ།  རླུང་རྟ་གནམ་ས་གཉིས་སུ་གཏོར་བ་དང་། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་སྐྱེས་པ་ཡོངས་ཀྱིས་ལྷན་དུ་ཡང་ནས་ཡང་དུ་སྐད་སྒྲ་འབྲུག་སྟོང་ལྡིར་ལྡིར་བྱེད་པ།  མེ་མདའ་ཁུར་བའི་སྐྱེས་པ་ཚོས་མེ་མདའ་ཕྱོགས་བཞིའི་གནམ་ལ་བསྐོར་ནས་སྐག་སྐག་ཏུ་རྒྱག་པ། སྐྱ་རྩལ་ལེགས་པའི་སྐྱེས་པ་ཚོས་རྟའི་གོང་དུ་འགྱུར་བ་མང་པོའི་འཁྲབ་སྟོན་བགྱིད་པ། བགེགས་རྐྱེན་གྱིས་གདུང་བའི་སྐྱེས་པ་ལ་ལས་ལབ་རྩེ་ལ་འཁོར་ནས་ལག་པའི་པད་མོ་སྙིང་ཁར་སྦྱར་ནས་སྐྱབས་འཇུག་ཞུ་བའམ་སྨོན་ལམ་འདེབས་པ་ཡིན་ནོ།། གོང་ཞུའི་ཆོ་ག་དེ་དག་ཡོངས་སུ་གྲུབ་རྗེས་ཕག་ལུག་གི་དཔུང་བ་འབེན་ལ་བསླངས་ཏེ།  མེ་མདའ་ཁུར་བའི་སྐྱེས་པ་ཚོས་འབེན་བོའུ་བགྱིད་པའི་དཔེ་ཡོད། ཉིན་དེར་བསླངས་པའི་དཔུང་བ་དེ་སུས་གཅོག་ཐུབ་ན། ལོ་དེར་ཁ་ལས་རླུང་རྟ་རྟ་རྒོད་རྒྱུག་རྒྱུག་དང་བྱ་རྒོད་འཕུར་འཕུར་བྱེད་ཅིང་། ད་དུང་དགྲ་དཔུང་བའི་ནང་ནས་གཅོག་ཐུབ་པའི་བཤད་སྲོལ་ཡང་ཡོད།  མེ་མདའི་འཁྲབ་སྟོན་གྱི་རྗེས་སུ། སྐྱ་རྩལ་ལེགས་པའི་སྐྱེས་པ་ཚོ་སོ་དགྲ་རྒྱུག་པའི་ལུགས་སྲོལ་ཡོད། སོ་དགྲ་ཞེས་པ་ནི་ཐང་དུ་སྐྱེ་བའི་རྩི་ཏོ་དེ་ཐག་པས་དམ་པོར་བསྡམས་ཏེ།   རྒྱང་ནས་བལྟས་ན་མགོ་དང་ལག་པ་གཉིས་ཀ་ཚང་བའི་མི་ཞིག་དང་མཚུངས་པ་དེ་དགྲ་བོའི་ཚུལ་དུ་བཞག་ནས།  སྐྱ་རྩལ་བདེ་བའི་སྐྱེས་པ་རྣམས་ཀྱིས་ཕར་རྒྱུག་ཚུར་རྒྱུག་སྐབས་སུ་རྡོས་བརྒྱབ་ནས་གཅོད་པའི་སྲོལ་དེ་ལ་ཟེར། གལ་སྲིད་སྐྱེ་བོ་སུས་སོ་དགྲ་དེ་གཅོད་ཐུབ་ན་མི་དེར་ཐམས་ཅད་ཀྱིས་བསྟོད་བསྔགས་བགྱིད་པ་དང་། ཕུལ་བྱུང་ཕོ་གསར་གྱི་མཚན་སྙན་ཡང་རང་ཤུགས་སུ་འབྱོར་ངེས་ལགས།        གསུམ་པ། རྟ་རྒྱུག་མདའ་འཕེན།
            དེ་ཡང་ལབ་རྩེ་བསྟོད་པའི་ཆོ་ག་ཡོངས་སུ་བསྒྲུབས་ནས་གྲུབ་རྗེས།   རྟ་རྒྱུག་མདའ་འཕེན་གྱི་འགོ་རྩོམ་པ་ཡིན།  དེར་ཐོག་མར་རྟ་རྒྱུག་པ་དང་།  དེའི་འཕྲོར་མདའ་འཕེན་པ་ལགས། རྟ་རྒྱུག་ལ་རིགས་གཉིས་སུ་དབྱེ་བ་སྟེ། གཅིག་ནི་བང་གིས་རྒྱུག་པ་དང་གཉིས་ནི་གོམ་པ་འགྲན་པ་དེ་ཡིན།  རྟ་རྒྱུག་ལ་ཞུགས་པའི་སྡེ་བར་རྒྱ་ར་དང་ཨར་སྟི། དུམ་པ། མེ་ཏོག་ལུང་བ། སྐྱ་རེངས་ལྷ་ཁང་། སོར་རྒྱག  ཁྲ་ཚང་བཅས་སྡེ་བ་མང་པོ་ཡོད།  འགྲན་སྡུར་ལ་ཞུགས་པའི་རྟ་པ་ཡང་ཕལ་ཆེར་སུམ་ཅུ་ཡས་མས་ཡོད་ཅིང་། འགྲན་སྡུར་སྐབས་སུ་ཡང་ཐོག་མར་བང་རྩལ་འགྲན་པ་དང་ཕྱིས་སུ་གོམ་རྩལ་འགྲན་པ་ཡིན། བང་རྩལ་འགྲན་པའི་རྒྱུག་ལུགས་ལ་རྟ་སུམ་ཅུ་ཡོད་པའི་དབང་དུ་བཏང་ན།   རྒྱུག་རྟ་བཅུ་རེ་སྐོར་ཆུང་རེ་བགོས་ཏེ་ཐེངས་གསུམ་ལ་བརྒྱུགས་རྗེས། སྐོར་ཆུང་དེའི་ནང་དུ་སྔོན་མ་གསུམ་རེ་ལེན་པ་དང་། སྔོན་མ་གསུམ་རེ་བླངས་པས་གསུམ་གསུམ་དགུ་ཡོད་པ་ཡང་ཐེངས་གཅིག་ལ་འགྲན་དགོས་ཤིང་།  དེ་དག་ལས་ཀྱང་སྔ་གཞུག་ལྟར་རྟ་སྔོན་མ་གསུམ་བླངས་ཏེ་ཨང་དང་པོའི་མགྱོགས་དར། ཨང་གཉིས་པའི་མགྱོགས་དར།   ཨང་གསུམ་པའི་མགྱོགས་དར་ཞེས་མགྱོགས་དར་འདོགས་པའི་ལུགས་སྲོལ་ཡོད།  གོམ་པ་འགྲན་པར་ཡང་བང་རྒྱུག་དང་ཁྱད་པར་ཆེན་པོ་མ་མཆིས་མོད། འོན་ཏེ་གོམ་པ་འགྲན་པའི་ཁྱད་ཆོས་གཙོ་བོ་ནི། གོམ་པ་འཆོལ་མི་ཉན་པ་སྟེ།  གལ་སྲིད་གོམ་པ་འཆོལ་ན་སྔོན་དུ་བུད་ཀྱང་ཨང་དང་པོར་བརྩིས་མི་ཆོག  རྒྱུ་མཚན་ནི་གོམ་པ་འཆོལ་བས་སོ།    །བང་རྒྱུག་ལ་མཚོན་ན་རྒྱུག་པ་ཇི་ལྟར་མགྱོགས་ན་དེ་བཞིན་ལེགས་པ་ཡིན་ནོ། །   
            རྟ་རྒྱུག་གི་རྒྱལ་ཕམ་ཡང་མི་སྒེར་ཁོ་ནའི་མཚན་སྙན་དང་ལ་རྒྱ་མིན་པར། སྡེ་བ་དང་ས་ཆའི་ལ་རྒྱ་དང་མཚན་སྙན་ལ་རག་ལས་ཡོད་སྟབས།   རྟ་རྒྱུག་ལ་ཞུགས་པའི་སྐྱེ་བོ་སུ་ཡིན་ཡང་རྟ་མ་རྒྱུགས་པའི་སྔོན་ལ་བསང་གཏོང་བ་དང་གསོལ་བ་འདེབས་པའི་ལུགས་སྲོལ་ཡོད་ཅིང་།   གལ་ཏེ་རྟ་རྒྱུག་ལས་རྒྱལ་ཁ་བླངས་པའི་དབང་དུ་བཏང་ན། སྡེ་བའི་མི་རྣམས་དགའ་བ་འབུམ་གྱིས་མྱོས་ཏེ་དར་ལིང་འདོགས་པ་དང་མི་ལ་གོས་བཏགས་སོགས་འཐེན་ནས་རྟེན་འབྲེལ་ཞུ་བའི་ལུགས་སྲོལ་ཡང་ཡོད་དོ། །  
            རྟ་རྒྱུག་འགྲན་རྩལ་གྲུབ་རྗེས།    སྡེ་བ་སོ་སོའི་མདའ་བ་རྣམས་ལྷན་དུ་འཛོམས་ནས་མདའ་འཕེན་པའི་འགོ་རྩོམ་པ་ཡིན།   མདའ་འཕེན་པ་དེ་སྡེ་བ་དང་སྡེ་བའི་བར་ཕན་ཚུན་འགྲན་སྡུར་བྱེད་པ་ཡིན། དཔེར་ན། རྒྱ་ར་དང་ཨར་སྟི་འགྲན་པ། རྐ་གསར་དང་ཁྲ་ཚང་འགྲན་པ། སོར་རྒྱག་དང་མེ་ཏོག་ལུང་བ་འགྲན་པ་ལྟ་བུ་ཡིན།  སྡེ་བ་རེར་མདའ་བ་ཕལ་ཆེར་བཞི་བཅུ་ཡས་མས་ཡོད་ལ། མི་རེས་འཕེན་ཐེངས་རེར་མདའ་གཉིས་ལས་འཕང་མི་ཆོག  གལ་སྲིད་མདའ་འཕེན་འགྲན་སྡུར་སྐབས་སུ་རྒྱལ་ཁ་བླངས་པས་ན་དགའ་རྟགས་ཡོད་པར་མ་་ཟད། སྡེ་བའི་ལ་རྒྱ་ཟིན་པའི་བཤད་སྲོལ་ཡོད་ཅིང་། སྡེ་བ་གང་ཡིན་ཡང་རྒྱལ་ཁ་བླངས་པ་དེ་མདའ་བའི་མདའ་རྩལ་དང་སྡེ་བའི་ཁ་ལས་འབའ་ཞིག་ཏུ་མི་བསམ་པར།   གཙོ་བོ་རང་གིས་མཆོད་བཀུར་བགྱིས་པའི་ཡུལ་ལྷ་གཞི་བདག་གིས་སྡོང་གྲོགས་མཛད་པའི་འབྲས་བུ་ཡིན་པར་བསམ་འདུག མདའ་རྩེད་ཀྱང་ཉིན་དང་པོ་སྟེ་ཚེས་བཅུ་བདུན་ལ་མཇུག་རྫོགས་མ་ཐུབ་ན།  ཚེས་བཅོ་བརྒྱད་དང་བཅུ་དགུར་ཡང་མུ་མཐུད་དུ་འཕངས་ཆོག་པ་ལགས།

            བཞི་པ། གླུ་ལེན་གར་རྩེད།
            སྡེ་བ་ཕན་ཚུན་བར་འགྲན་པའི་མདའ་རྩེད་ཀྱི་རྒྱལ་ཕམ་ཁོ་ཐག་མ་ཆོད་་ཀྱང་མདའ་བ་ཚོས་དྲོས་ཇ་འཐུངས་རྗེས་མདའ་འཕེན་གྱི་མཚམས་བཞག་སྟེ། གླུ་ལེན་གར་རྩེད་ཀྱི་འགོ་རྩོམ་པ་ཡིན། གླུ་ལེན་གར་རྩེད་བགྱིད་པ་དེ་ཡང་སྡེ་བ་འདིའི་ཕོ་གསར་ཚོ་དང་སྡེ་བ་གན་གྱི་མ་སྲུ་ཚོའི་བར་ཕན་ཚུན་གླུ་ལེན་འགྲན་སྡུར་བྱེད་པ་ཞིག་ཡིན།   གླུ་བ་དང་གླུ་མ་གང་ཡིན་ཡང་ཐོག་མར་རྒྱན་གོས་ཀྱི་བཟང་ངན་འགྲན་པ་དང་། དེའི་འཕྲོར་སྐད་དང་ངག་གི་བཟང་ངན་འགྲན་པ། མཐའ་མར་གླུའི་མང་ཉུང་འགྲན་པའི་དཔེ་ཡོད།     གལ་སྲིད་མོ་གསར་སྐྱེ་གཟུགས་ཡག་ལ་སྐད་ངག་ཀྱང་སྙན་ཞིང་འཇེབས་པ་ཞིག་ཡིན་ནའང་གླུ་ཁ་མཚར་དང་ཤགས། ལ་གཞས་སོགས་མང་པོ་མེད་ཚེ་རྒྱལ་ཁ་མི་ལོན་ཞིང་དགའ་རྟགས་ཨང་དང་པོ་ཡང་ལོན་པའི་དཔེ་མི་སྲིད།   ཕོ་གསར་ཡིན་ནའང་གཅིག་མཚུངས་ཡིན།   སྐད་ངག་གླུ་གསུམ་ཡོངས་སུ་མ་འཛོམས་ན་རྒྱལ་ཁ་ལེན་པའི་ཐབས་མ་མཆིས། དེ་བས་སྡེ་བ་སོ་སོའི་གླུ་བ་དང་གླུ་མ་རྣམས་ཀྱིས་ལབ་རྩེ་ཆབ་རིལ་ལ་ཉེ་བའི་སྐབས་སུ།   ཕྱུགས་རྗེས་དང་ངལ་རྩོལ་གྱི་ཁོམ་སྐབས་སུ་གླུ་རྟ་མང་པོ་དང་། གླུ་ཚིག་མང་པོར་སྦྱངས་པ་བྱེད་ཀྱིན་ཡོད། གལ་ཏེ་གླུ་བ་གླུ་མ་སུ་ཡིན་ཡང་ལབ་རྩེ་ཆབ་རིལ་དུ་གླུ་ལེན་གར་རྩེད་ཀྱི་རྒྱལ་ཁ་བླངས་པ་ན།  བསྟོད་པའི་བསྔགས་བརྗོད་ཡང་ཡང་བྱེད་པར་མ་ཟད།  སྡེ་བས་དགའ་རྟགས་ཀྱི་གོས་ལིང་བཏགས་ནས་གཞན་ལ་ངོམ་པ་དང་།  གླུ་བ་དང་གླུ་མའི་མཚན་སྙན་ཡང་ཆབ་འགག་ཡུལ་དུ་ལྷང་ལྷང་དུ་ཁྱབ་ངེས་ཡིན།    གལ་སྲིད་གླུ་ལེན་གར་རྩེད་སྐབས་སུ་ཕམ་ཁ་མྱངས་ན་མི་ཚོས་གླུ་བ་ག་གེ་མོ་ཞིག་ལབ་རྩེ་ཆབ་རིལ་དུ་གླུ་བླངས་ནས་ཕམ་སོང་ཞེས་པའི་གཏམ་ངན་ཕྱོགས་བཞིར་རླུང་རྟར་གྲགས་ངེས་ཡིན་པས།  མི་རང་གི་ལ་རྒྱ་ཤོར་བར་མ་ཟད་སྡེ་བ་དེའི་ལ་རྒྱ་ཤོར་བའི་བཤད་ལུགས་ཀྱང་ཡོད། སྤྱིར་བཏང་དུ་སྡེ་བ་གང་གི་གླུ་བ་དང་གླུ་མ་ཡིན་རུང་། དུས་ཚོད་གཉིས་གསུམ་ལ་ལེན་རེས་བྱས་པས་མཇུག་རྫོགས་དཀའ་མོ་འདུག  གླུ་བ་དང་གླུ་མ་ཕུལ་བྱུང་ཅན་ཞིག་ཡིན་ཕྱིན།  ཕན་ཚུན་བར་ཉིན་ཞག་གཉིས་རེར་ལེན་རེས་བྱས་ཀྱང་བླངས་མི་ཚར་ལ། ད་དུང་གླུ་བ་གླུ་མ་ལ་ལ་ཞིག་ནི་བླངས་ཏེ་ཚར་རྒྱུ་མེད་པའི་མཛོད་ལྟ་བུ་ཞིག་གོ །  
            གླུ་ལེན་གར་རྩེད་ཀྱི་རིམ་པ་ཡང་ཐོག་མར་གླུ་ཁ་མཚར་གྱིས་འགོ་བརྩམས་ཏེ།  རིམ་གྱིས་གླུ་ཤགས་རྩེད་རིག་སོགས་ཕན་ཚུན་བླངས་ཤིང་འཁྲབ་ནས་དུས་ཚོད་གཅིག་ཡས་མས་ཀྱི་སྐབས་སུ། ལ་གཞས་འཐེན་པའི་འགོ་རྩོམ་པ་ཡིན། ལ་གཞས་ལའང་འགོ་རྩོམ་པའི་སྐོར་དང་། མཐུན་པའི་སྐོར། དྲན་པའི་སྐོར། བདེ་མོའི་སྐོར་བཅས་ཡོད་ལ། རྒན་གཞོན་སུ་ཡིན་ཡང་ལ་གཞས་ལ་ཉན་འདོད་ཤིན་ཏུ་ཆེ་ཞིང་། ཁྱད་པར་དུ་སྐད་ངག་ལྡན་པའི་གླུ་བ་གླུ་མས་བླངས་པའི་ལ་གཞས་ལ་ཉན་འདོད་དེ་ལས་ཀྱང་ཆེ།    གལ་སྲིད་གླུ་བ་གླུ་མས་ལ་གཞས་བླངས་ཏེ་མཐུན་པའི་སྐབས་སུ་སླེབས་པའི་ཚེ།   ཕན་ཚུན་ཁ་བཀར་དཀའ་བར་འདུག་པའི་སྣང་བ་སྟེར་ཞིང་།  དགུང་ཉི་མ་ནུབ་ཁར་སླེབས་ཀྱང་ཐམས་ཅད་ད་དུང་འགྲོ་མི་འདོད་པའི་སྤྲོ་བ་ཞིག་དབང་མེད་དུ་སྐྱེ་ངེས་རེད།   འདི་ཡང་ཕོ་མོའི་བརྩེ་དུང་མཚོན་པའི་དགའ་སྐྱོ་གཉིས་ལྡན་གྱི་དམངས་ཁྲོད་རྩོམ་རིག་གི་ཡིད་འགུག་གི་ནུས་པ་ཡིན་ལ། བོད་གངས་ཅན་གྱི་ན་གཞོན་ཕོ་མོས་འབྲེལ་བའི་ཟམ་ལམ་བཟོ་བའི་ལམ་ལུགས་ཤིག་ཀྱང་ཡིན་པ་བསྙོན་དུ་མེད་དོ། །   
འདིར་སྨྲས་པ།      
གོར་ཞིང་ཟླུམ་པའི་འཇིག་རྟེན་ཁམས་འདི་རུ། །       
བགྲང་བྱ་བརྒྱ་ཕྲག་དུ་མར་བཞུགས་མྱོང་བའི། །       
སྐྱེས་བུ་དམ་པ་གཅིག་ཀྱང་ཡོད་རེ་སྐན། །      
 ཡིན་ཀྱང་སྔོན་བྱོན་མཁས་དབང་རིམ་བྱོན་གྱིས། །      
 མི་ཡུལ་ཁམས་འདིར་བསྐྲུན་པའི་མཛད་རྗེས་དག།       
བསྐལ་བརྒྱར་འདས་ཀྱང་ཕན་འབྲས་ཟད་མེད་བཞིན། །      
སྐྱེས་བུ་ཕལ་བ་ཀ་རྒྱ་ཆབ་རིལ་གྱིས། །
གནས་འདིར་བཏབ་པའི་ལབ་རྩེ་ས་བོན་ཙམ། །
བསྐྱེད་པའི་འབྲས་ལས་བྱུང་བའི་དུས་སྟོན་འདི། །
གཞར་ཡང་ཉམས་པ་མེད་པར་གནས་གྱུར་ཅིང་།
ལབ་རྩེ་སྔར་ལས་བརྗིད་ཉམས་ཆེ་བ་དང་། །
རང་ཤུགས་འདུས་པའི་སྐྱེ་བོ་ཁྲི་མ་འབུམ། །
ལོ་རེར་ཆད་མེད་འཛོམས་པ་སྲོལ་དུ་ཆགས། །