ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་ཀྱི་ལོ་རྒྱུས་སྟེང་གི་སུམ་པ་དང་སུམ་པའི་རྒྱལ་ཁམས་སྐོར་ལ་དཔྱད་པ།

སྤེལ་དུས 2018-03-13 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། རྒྱལ་མོ་འབྲུག་པ།
          དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་རྒྱལ་རབས་ཆོས་འབྱུང་རྣམས་སུ་སུམ་པའམ་སུམ་ལྷ་ཞེས་པའི་མིང་འདི་ང་ཚོས་རྟག་པར་མཐོང་རྒྱུ་མང་ལ། སྒོས་སུ་རང་རེའི་ཡིག་ཚང་དག་ཏུ་སུམ་པའི་ལོ་རྒྱུས་དང་དེའི་སྐོར་ཀྱི་བྱུང་བ་ཐ་ཐོར་དུ་ཡི་གེར་བཀོད་པ་དུས་སྐབས་སོ་སོའི་ལོ་རྒྱུས་ཁྲོད་དུ་མང་པོ་འབྱུང་བར་མ་ཟད། རྒྱ་དང་རྒྱ་གར་གྱི་གནའ་བོའི་ལོ་རྒྱུས་ཡིག་ཚང་རྣམས་སུའང་སུམ་པའི་སྐོར་དང་སུམ་པའི་ལོ་རྒྱུས་དང་ཆ་འདྲ་བའི་བྱུང་བ་མང་པོ་ཞིག་བཀོད་ཡོད་པར་བརྟེན། དེང་སང་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོ་དང་ལྷག་པར་རྒྱལ་ནང་གི་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་དག་གིས། འདིའི་ཐད་ལ་ཞིབ་འཇུག་བྱས་པའི་རྩོམ་ཡིག་རྒྱ་ཡིག་གི་དུས་དེབ་དང་དཔེ་དེབ་རྣམས་སུ་འགྲེལ་བཤད་སྣ་ཚོགས་བྱས་ནས་བཀོད་ཡོད་པ་ང་ཚོའི་མིག་ལམ་དུ་རྒྱུན་པར་ཐོགས་པ་ལྟར་ལགས་མོད། འོན་ཏེ་སུམ་པའི་སྐོར་ལ་མཁས་པ་རྣམས་འདོད་ཚུལ་དང་བཤད་ལུགས་སྣ་ཚོགས་ཤིག་ཡོད་པའི་ཁར། ལ་ལ་ཞིག་མ་དག་རྐྱུན་འབྱམས་སུ་སོང་རུང་དེང་སང་ཚང་མས་ཡིད་ཆེས་བྱེད་བཞིན་ཡོད་ལ། ནང་སྒོས་སུ་མཁས་པ་གྲགས་ཅན་དང་ཚད་ལྡན་དུ་འདོད་པའི་གསུང་རྩོམ་རྣམས་སུ་གང་འཚམ་ཞིག་བྲིས་ཡོད་སྟབས། སྔར་ཁོ་བོས་བྲིས་པའི་དཔེ་ཆ་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》①ཞེས་པའི་པར་གཞི་དང་པོའི་ནང་གྲགས་པའི་རྗེས་འབྲངས་ཀྱིས་འབྲི་ནོར་བྱས་སོང་བ་ཕྱིས་སུ་པར་གཞི་གཉིས་པའི་ནང་དག་གསལ་གྱིས་བཟོ་བཅོས་མི་བྱེད་ཀ་མེད་བྱུང་བས་བཅོས་ཟིན་པ་ལྟར་ལགས།  
          སྤྱིར་སུམ་པའི་སྐོར་ལ་བོད་ཀྱི་མཁས་པ་སྔ་མ་རྣམས་བཞེད་ཚུལ་ཕལ་ཆེར་མཐུན་ལ་ཁྱད་པར་དུ་སུམ་པ་དང་ཟིང་པོའི་སྐོར་ལ་གནལདེང་མཁས་པ་ཚང་མས་སོ་སོར་འདོད་པ་ལས། དེ་གཉིས་གཞི་གཅིག་ཏུ་བྱེད་མཁན་གང་ཡང་མེད་པས་དེ་ལ་མགོ་འཁོར་དང་རྩོད་པ་འདྲ་དེ་བས་ཀྱང་བྱུང་མེད་མོད། འོན་ཀྱང་རྒྱ་ཡིག་གི་ལོ་རྒྱུས་ནང་གནའ་དེང་གི་མཁས་པ་སོ་སོས་རང་རང་གི་མཐོང་ཐོས་ལྟར་ཡིག་རིས་སྣ་ཚོགས་ཤིག་བྲིས་ཡོད་པའི་དབང་གིས་སུམ་པའི་སྐོར་གྱི་གནས་ཚུལ་མང་པོ་ཞིག་དོགས་པའི་དྲ་གནས་སུ་ལྷུང་འདུག་སྟེ། དཔེར་ན་རྒྱའི་སྔ་རབས་ལོ་རྒྱུས་ཡིག་ཚང་ནང་བཀོད་པའི་སུའུ་ཕི་(苏毗)བྱ་བ་སྟེ་སུམ་པ་དང་། ཏུང་ཉུས་གོ་(东女国)བྱ་བ་སྟེ་ཤར་ཕྱོགས་བུད་མེད་རྒྱལ་ཁབ་ཅེས་པ་དང་བུད་མེད་རྒྱལ་ཁབ་(女国)བྱ་བ་རྣམས་ཀྱི་ལོ་རྒྱུས་གཞི་གཅིག་ཏུ་བྱས་ནས། དེ་ཚོའི་བྱུང་བ་ཕན་ཚུན་སྦྱར་ཏེ་རྩོམ་ཡིག་འབྲེལ་ཆགས་པ་འདྲ་མང་ཙམ་བྲིས་འདུག་པ་དང་། ནང་སྒོས་སུ་དེང་རབས་མཁས་པ་སྔ་མ་ཚོས་ཐ་ན་བོད་ཀྱི་ལོ་རྒྱུས་སྟེང་གི་སུམ་པ་དང་ཟིང་པོ་རྗེ་བྱ་བ་གཉིས་ཀྱི་ལོ་རྒྱུས་དང་ཐོག་②ནས་འཁྲུལ་ཏེ་རྒྱ་ཡིག་གི་བོད་ཀྱི་ལོ་རྒྱུས་བྲིས་པར་བརྟེན་དེར་རྙོག་དྲ་ཆེན་པོ་བཟོས་འདུག་ཀྱང་། འོན་ཏེ་ཕྱིས་བྱོན་མཁས་བླུན་ཚང་མས་ཐད་འདིའི་ལོ་རྒྱུས་འཁྲུལ་ནས་ཁ་སྤུ་མིག་སྤུ་འདྲེས་ཡོད་པའི་སྐོར་མ་མཁྱེན་པས་མ་དག་རྒྱུན་འབྱམས་ཀྱི་བརྗོད་ལུགས་དེ་གཞིར་བཟུང་ནས། རང་སྣང་གང་ཤར་གྱིས་ལོ་རྒྱུས་ཡིན་མདོག་ལྟ་བུའི་རྩོམ་ཡིག་མང་པོ་ད་ལྟའི་བར་སྤེལ་དང་སྤེལ་བཞིན་པའི་ཤུགས་དར་ཁྱབ་ཆེ་བས། ཚུལ་དེས་ཕྱི་རབས་ལོ་རྒྱུས་སྨྲ་བ་དང་ལྷག་པར་དུ་རང་རིགས་གསར་འཇུག་བློ་གསལ་རྣམས་མགོ་བོ་འཁྲུག་པའི་རྒྱུ་མང་དུ་བཟོས་འདུག་པའི་གནས་ཚུལ་མཐོང་བས་རྐྱེན་བྱས། འདིར་ཁོ་བོས་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་པ་དང་རྒྱལ་རབས་ཆོས་འབྱུང་། རུས་མཛོད་ཡི་གེ་དང་ཏུན་ཧོང་ཡིག་ཆ་རྣམས་ལ་གཞི་བཅོལ་ཐོག   རྒྱའི་ཡིག་ཚང་སོགས་ཀྱིས་ཁ་སྐོང་དང་ཟུར་བརྒྱན་ནས་བོད་ཀྱི་ལོ་རྒྱུས་སྟེང་གི་སུམ་པ་དང་འབྲེལ་བའི་ལོ་རྒྱུས་སྐོར་ལ་ཆེད་དུ་དཔྱད་པར་འདོད་དོ ། །    
          དང་པོ། སྟོང་སུམ་པ་དང་སུམ་པའི་རྒྱལ་ཁམས་སྐོར།  
          དེ་ཡང་སུམ་པ་ནི་བོད་ཀྱི་ལོ་རྒྱུས་སྟེང་དུས་ཡུན་ཧ་ཅང་རིང་བའི་ཡར་སྔོན་དུ་བྱུང་བའི་རུས་རྒྱུད་ཚོ་པའམ་རྒྱལ་ཕྲན་རྙིང་པ་ཞིག་ཡིན་སྟབས། བོད་ཀྱི་སྔ་མའི་ཡིག་ཚང་ནང་དུ་སུམ་ལྷའམ་སུམ་པ་ཞེས་རྟག་པར་འབྱུང་ལ། དུས་ཕྱིས་རིམ་གྱིས་གཅིག་གྱུར་ལྟ་བུར་སུམ་པ་ཞེས་ཡོངས་ཁྱབ་ཏུ་སོང་བ་དང་། མིང་འདི་དེང་སང་བར་དུ་རང་རེ་ལ་འཇགས་ནས་ཡོད་པ་ལྟར་ཡིན། དེས་ན་སུམ་པ་ཞེས་པའི་མིང་འདིའི་གོ་དོན་དང་རིགས་རུས་གང་ཡིན་སྙམ་ན་འོག་ཏུ་འཆད་དེ།   
           (གཅིག) སུམ་པའི་མིང་དོན་དང་རིགས་རུས་ཀྱི་མཆེད་ཁུངས་སྐོར་བཤད་པ། 
          དེས་ན་སུམ་པ་ཞེས་པའི་མིང་འདི་ནི་རང་རེ་བོད་ཀྱི་ཡིག་ཚང་ལྟར་ན་ཐོག་མར་བོད་ཀྱི་རྩ་བའི་རུས་ཆེན་བཞིའམ་དྲུག་གི་ནང་ཚན་སྟོང་བྱ་བའི་ཡ་གྱལ་ཞིག་ཡིན་པར་བཤད་དེ། བོད་ཀྱི་ཡིག་རྙིང་《མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་》ཞེས་པར། “མི་ལ་མིའུ་རིགས་བཞི་སྲིད།......སྟོང་དང་སུམ་པ་གཉིས།”ཞེས་དང་། ཡང་“སྟོང་སུམ་པའི་ལྷ་སྐལ་དུ་། གནམ་གསས་དཀར་པོ་དང་། དཀར་པོ་མཆེད་བརྒྱད་ཐོབ།'①ཅེས་བཀོད་ཡོད་ལ། ཡང་《རུས་ཡིག་སྣ་ཚོགས་པ་པད་མ་དཀར་པོའི་སྐྱེད་ཚལ་》ཞེས་པ་ལས། “གནའ་བོའི་རྗེ་གཉའ་ཁྲི་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་སུམ་ལྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ། འ་ཞ་ནས་སྒ་བྱུང་སྟེ་བོད་ཀྱི་རྒྱལ་པོ་རེ་མཛད་པའི་མི་རྒྱུད་ནས་མཆེད་པ་ལྟར།”ཞེས་དང་། ཡང་“མི་ནི་མི་ཉག་ལྡོང་། མི་ནི་སོ་སྟོང་སུམ་ལྷ།......སུམ་ལྷ་འབྲི་ཡི་རྒྱལ་པོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ། །”②ཅེས་དང་། ཡང་བོད་ཀྱི་ཡིག་རྙིང་《སྟོད་ལྷ་རབས་སམ་ཡི་གེ་ལྷ་གྱེས་ཅན་》ཞེས་པར་ཁྲི་བར་གྱི་བདུན་ཚིགས་ཀྱི་བྱུང་བ་བརྫོད་སྐབས།“ཁྲི་ཁ་སྟག་གཟིག་དང་ཁབ་གླང་བཟའ་ཁྲི་མར་བཤོས་པའི་སྲས་མཆེད་ལྔ་སུམ་པའི་ལྷར་གྱེས་ཏེ། འུར་རལ། ཅུང་ཟུངས། ཨ་གད། ཨི་གད། ད་ཀྱང་ངོ་། །” ③ ཞེས་སོགས་དང་། ཡང་བོན་གྱི་ཡིག་རྙིང་《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་》ལས་ཀྱང་། “དེ་ནས་ཡང་སྲིད་པའི་བོན་པོ་ཐང་ཟུ་ཡག་པ་དང་། མུ་ཟུ་སྤྲུལ་འབར་གཉིས་ཀྱིས། སྲིད་པ་སྟོང་གི་འདྲེ་བཏུལ་ནས། ལྷ་སྲིན་མིའི་རྒྱུད་དུ་སྤེལ།......སྟོང་གསུམ་པའི་མི་ཡང་རྒྱུད་དུ་འཕེལ། སུམ་པ་ཀུན་ལ་བཀའ་དྲིན་བཏགས་སོ། །”①ཞེས་དང་། ཡང་དཔེ་རྙིང་《བཤད་མཛོད་ཡིད་བཞིན་ནོར་བུ་》ལས། “སྟོད་ཁམས་གསུམ་ན་རུས་རིགས་གསུམ། ། རྒྱ་དང་གུ་གེ་ཅོ་གེ་གསུམ། ། རྗེ་ཡི་སྐུ་ལ་འཚོ་བ་ཡིན། ། སྨད་ཁམས་གསུམ་ན་རུས་རིགས་གསུམ། ། ལྡན་མ་བྲེ་བོ་སུམ་པ་གསུམ།། བར་ཁམས་གསུམ་ན་རུས་རིགས་དྲུག། བཙུན་པར་བྱེད་པ་སེ་དང་རྨུ། ། བཙན་པར་བྱེད་པ་ཁུ་དང་སྙགས། ། སྙན་པར་བྱེད་པ་ལྡོང་དང་སྟོང་། ། ཡུལ་གྱི་ཁད་ནི་སྙོམ་པ་ཡིན། །'② ཞེས་དང་། ཡང་བྲག་དགོན་པ་བསྟན་པ་རབ་རྒྱས་དང་དྲན་དབང་དགེ་འདུན་ཆོས་འཕེལ་བཅས་ཀྱིས་ཀྱང་སུམ་པ་ནི་སྤྱིར་བོད་ཀྱི་རུས་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དུ་བཞེད་པ་སོགས་ཀྱིས་སུམ་པ་བ་ནི་སྟོང་གི་རིགས་དང་། ཡོད་ས་སྨད་ཁམས་དང་བར་ཁམས་ཀྱི་ཕྱོགས་འདི་ཡིན་ཚུལ་བཅས་གསལ་པོར་བསྟན་འདུག་པ་ལྟར་ཡིན་ལ། ཡང་བོད་སྤྱིའི་མི་རྣམས་བྱུང་ཚུལ་ལས་ཡུལ་འདིའི་མི་ནི་ཐོག་མར་རུས་ཆེན་བཞིའམ་དྲུག་གི་ནང་ནས་སྟོང་སུམ་པའི་རུས་ཁུངས་ལས་མཆེད་པར་འདོད་པ་ནི་བོད་ཀྱི་མཁས་པ་རྣམས་ཕལ་ཆེར་ཞལ་གཅིག་མཐུན་ཡིན་པ་ཤེས་ནུས།  
          དེ་ལྟར་བོད་ཀྱི་རུས་ཆེན་སྟོང་ཞེས་པའི་བྱུང་ཚུལ་ཡང་《བཀའ་ཆེམས་ཀ་ཁོལ་མ་》ལས། བོད་མིའི་ཐོག་མ་བྱུང་ཚུལ་བརྗོད་སྐབས། “དེར་མེས་པོ་སྤྲེའུ་སྒོམ་གྱིས་བུ་ཚ་བོ་ཡང་ཚ་རྣམས་བརྟག་གཞི་བྱས་པས། ཚན་པ་གཅིག་ནི......དེའི་འོག་མ་ནི་འགྲམ་ཤ་སྟོང་ངེ་བྱས་པ་ཞིག་བྱུང་ནས། མིང་རུས་སྟོང་བྱ་བར་བཏགས་ཏེ། སྟོང་ལ་རྗེ་བཞི་ཁོལ་བརྒྱད་བྱ་བ་བྱུང་ངོ་། །......ལྡོང་དང་སྟོང་གཉིས། སེ་དང་སྨུ་རྨུ་གཉིས་ཏེ་ནང་གི་མིའུ་རིགས་བཞི་བྱ་བར་གྲགས་ཏེ། བོད་ཡུལ་ཁ་བ་ཅན་གྱི་མི་ལ་སྔ་བ་ཡང་དེ་རྣམས་ཡིན་ནོ། །”①ཞེས་སྟོང་བྱ་བ་ཐོག་མར་འདྲ་བ་རྒྱུ་མཚན་དུ་བྱས་ནས་མིང་ཐོགས་ཚུལ་བཀོད་འདུག ། དེས་ན་བོད་རང་གི་སྔར་གྱི་ཡིག་རྙིང་རྣམས་སུ་སུམ་པའི་རུས་ཁུངས་ནི་བོད་ཀྱི་རྩ་བའི་རུས་ཆེན་བཞིར་གྲགས་པའི་ནང་ཚན་སྟོང་ལ་ཐུག་པར་མ་ཟད། ཡང་སྟོང་ལ་རྗེ་བཞི་ཁོལ་བརྒྱད་ཅེས་པ་དང་སྟོང་གི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་ཨ་ཐང་འབྲུ་ཞེས་བརྗོད་ཚུལ་སོགས་མང་དུ་འདུག་ཚུལ་བཀོད་ཡོད་དོ། །  
དེ་མིན་སུམ་པའི་ནང་གསེས་སུ་ད་དུང་ཤངས་སུམ་པ་དང་། མཛོ་སུམ་པ། སུམ་པ་ལྕགས་རྒྱལ། སུམ་པ་འབྲི་རྒྱལ་ཟེར་བ་སོགས་ཡོད་དེ། དཔེར་ན་སུམ་པ་འབྲི་ཡི་རྒྱལ་པོ་ཡང་། ། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ། །ཅེས་དང་། ཡང་བོད་བཙན་པོའི་དུས་སུ་མཐའི་རྒྱལ་བཞི་བྱ་བ་བརྗོད་སྐབས་ 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “ནམ་པ་ལྡེ་རྒྱལ། བལ་པོ་ལི་རྒྱལ། སུམ་པ་ལྕགས་རྒྱལ། མོན་རྩེ་རྒྱལ།”② ཞེས་མཐའ་བཞིའི་རྒྱལ་པོ་གཅིག་ལ་སུམ་པ་ལྕགས་རྒྱལ་ཞེས་བཀོད་འདུག་པ་དང་། ཡང་འབྲི་རྗེ་བྱ་བ་ཡིག་རྙིང་《དབུ་ནག་མིའུ་འདྲ་ཆགས》ལས། “ད་ཁྲི་ཟི་འགྲུ་ཡི་གདུང་རྒྱུད་ལ། ཨ་ལྕགས་འགྲུ་ལ་ཆེ་དྲུག་ཡོད། ཆེ་དྲུག་ཕག་ན་བཙུན་དྲུག་ཡོད། འགྲུ་ར་ཅོ་ཅན་ལ་བཅོ་བརྒྱད་ཡོད། འགྲུ་རྗེ་དཀར་པོའི་གདུང་རྒྱུད་ཡིན། །” ཞེས་དང་། ཡང་“ད་འབྲུ་བྱས་པ་ཅན་ཅིག་ཡོད་པ་དེ། འགྲུ་རྗེ་དཀར་པོའི་བུ་ཚ་ཡིན།......འགྲུ་རྐྱེན་པོ་གཅིག་ཡོད་པ་དེ་ཉག་བྲེ་ཡིན། འདུག་ས་འོ་རྔུའི་མདོ་ན་འདུག ། འགྲུ་འཕན་པོ་གཅིག་ཡོད་པ་དེ། འདུག་ས་ཤར་ཟླའི་འགྲམ་ན་འདུག །”① ཅེས་སོགས་མང་པོ་བཀོད་འདུག་པ་ལས། འགྲུའམ་འབྲི་རྗེ་དཀར་པོའི་རྒྱུད་པ་མཆེད་དེ་འགྲུ་རྗེའི་བུ་ཚ་རྣམས་དབུས་དང་རི་ནག་ཞོལ། ཉག་བྲེ། ཤར་ཟླ་བཅས་སུ་ཡོད་ཚུལ་ཨ་ལྕགས་འགྲུ་ཡི་མཚར་གཏམ་ཡིན་ཞེས་བཤད་པ་ལྟར། སུམ་པའི་ནང་ཚན་སུམ་པ་འབྲི་རྒྱལ་ལམ་རོང་པ་འབྲི་རྒྱལ་བྱ་བ་སྟེ་དེང་སང་གི་རྫ་ཆུའམ་ཟླ་ཆུའི་རྒྱུད་འདི་རྣམས་ཡིན་པར་བཤད་དོ། ། དེ་མིན་ད་དུང་མཛོ་སུམ་པ་དང་ལྷོ་སུམ་པའི་ཡུལ་བྱ་བ་སོགས་མང་དུ་འབྱེད་སྲོལ་ཡོད་པ་ཤེས་དགོས་ཤིང་། ཡང་རྒྱའི་ཡིག་ཚང་དུའང་དེ་མཐུན་གྱི་བྱུང་བ་བཀོད་ཡོད་པ་སུམ་པའི་“རྒྱལ་མོའི་མིང་ལ་པིན་ཅིའུ་ཟེར། རིགས་ཀྱི་མིང་ལ་སུའུ་ཕི་བྱ་བར་གྲགས” ཞེས་པ་སོགས་འོག་ཏུ་འབྱུང་འགྱུར་ལྟར་རོ། །   
          དེ་ལྟར་སུམ་པ་ཞེས་པའི་མིང་འདི་ནི་ཐོག་མར་བོད་པའི་རིགས་རུས་ཀྱི་མིང་དང་དེ་ནས་ཡུལ་ཁམས་དང་རྒྱལ་ཕྲན་གྱི་མིང་དུ་ཆགས་པ་དང་། རིམ་གྱིས་ཕྱིར་ས་མིང་དང་ཡུལ་མིང་དུ་གྱུར་པ་ལས་སླར་ཡང་དེ་མིང་རུས་སུ་སོང་བ་སོགས་ཅི་རིགས་ཤིག་འབྱུང་བ་དང་། ཡང་ཡུལ་ཁམས་ཀྱི་མིང་དུ་ཐོགས་པ་ནི་དང་པོ་བོད་ཁམས་འདི་སྟོད་སྨད་བར་གསུམ་ལས། སྟོད་མངའ་རིས་ནི་ཞང་ཞུང་གི་ཡུལ་ཁམས་དང་། བར་དབུས་གཙང་ནི་སྤུར་རྒྱལ་ཀྱིཡུལ་ཁམས། སྨད་མདོ་ཁམས་དང་ཤར་ཕྱོགས་ནི་སུམ་པ་དང་མི་ཉག་གི་ཡུལ་ཁམས་སུ་ངེས་པ་དང་། དེ་ལས་སྟོང་སུམ་པ་ནི་གནའ་དང་པོ་སྤུར་རྒྱལ་གཉའ་ཁྲི་བཙན་པོས་བོད་ཁམས་གཅིག་གྱུར་མ་བྱས་གོང་གི་སྟོད་ཞང་ཞུང་དང་བར་སྤུར་རྒྱལ། སྨད་མི་ཉག་གི་རྒྱལ་ཁམས་དང་འདྲ་བའི་རྒྱལ་ཁམས་ཡུལ་རྒྱ་ཆེ་ཞིང་སྟོབས་ཤུགས་ཆེན་པོ་ཡོད་པ་ཞིག་ཡིན་པར་མ་ཟད། སུམ་པ་རང་གི་ཡུལ་གྱི་རྒྱལ་བློན་དག་གིས་སུམ་ཡུལ་ཡངས་པའི་རྒྱལ་ཁམས་ཆེན་པོར་མངའ་དབང་སྒྱུར་བཞིན་ཡོད་པ་ཡིན། དེ་མིན་ད་དུང་ཕྱོགས་བཞིའི་ཡུལ་ཁམས་རྣམས་དང་འཁྲུག་རྩོད་བྱས་ཏེ་རང་གི་སུམ་པའི་རྒྱལ་ཁམས་ཀྱི་མངའ་ཐང་རྒྱ་ཆེར་བསྐྱེད་པ་ཡིན་འདུག ། དེའི་སྐོར་ 《རླངས་ཀྱི་པོ་ཏི་བསེ་རུ་》ཞེས་པའི་ནང་ཞིབ་ཚགས་བཀོད་ཡོད་པ་ལྟར་ཡིན་ལ། དེ་ལ་བསམས་ན་དེའི་སྐབས་གྱི་སུམ་པ་དེ་འདྲའི་སྟོབས་ཤུགས་ཆེན་པོ་ཡོད་པས་མི་ཚད་བོད་བཙན་པོའི་མངའ་ཐང་བྱང་ཤར་དུ་རྒྱ་བསྐྱེད་པའི་རྨང་གཞི་གཙོ་བོའང་སུམ་པས་བཏིང་འདུག་པ་གསལ་པོར་ཤེས་ནུས། དེའི་སྟབས་ཀྱིས་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་བར་སུམ་པ་ཡང་སྟོད་ཞང་ཞུང་དང་འདྲ་བར་བོད་ཀྱི་ཐོག་མའི་རྒྱལ་ཕྲན་གྱི་གྲས་སུ་འདྲེན་སྲོལ་མེད་ལ། ཕྱིས་སུ་སྤུར་རྒྱལ་བཙན་པོའི་སྟོབས་ཤུགས་ཇེ་ཆེར་སོང་ནས་མངའ་འོག་གི་རྒྱལ་ཕྲན་སྔར་གྱི་བཅུ་གཉིས་ལས་ཇེ་མང་དུ་འཕེལ་ནས་རིམ་གྱིས་རྒྱལ་ཕྲན་བཞི་བཅུར་གྲགས་པའི་སྐབས་གཟོད་སུམ་པ་རྒྱལ་ཕྲན་གྱི་གྲས་སུ་ཚུད་པ་ནི་ལོ་རྒྱུས་ཡིག་རྙིང་རྣམས་སུ་བཀོད་པ་ལས་གསལ་ཏེ། དཔེར་ན་ཏུན་ཧོང་ཡིག་ཆའི་རྒྱལ་ཕྲན་རིམ་བྱུང་གི་མིང་ཞེས་པར་“ཡུལ་སུམ་ཡུལ་གྱི་ཡ་སུམ་ནའ། རྗེ་འབལ་ལྗི་མང་རུ་ཏི། བློན་པོ་རླང་དང་སྐམ་གཉིས།”① ཞེས་འདུག་པའི་ཡིག་ཆའི་ནང་མིང་ལ་རྒྱལ་ཕྲན་བཅུ་གཉིས་ན་ཞེས་བཀོད་འདུག་ཀྱང་། དོན་དུ་སུམ་པའི་མིང་ནི་རྒྱལ་ཕྲན་རྣམས་ཀྱི་ཨང་བཅུ་བདུན་པར་སོང་ཡོད་པ་ལྟ་བུ་དང་། ཡང་རྒྱལ་ཕྲན་དེ་དག་སྤུར་རྒྱལ་བཙན་པོའི་མངའ་འོག་ཏུ་གྱུར་ཚུལ་ཡང་ཡིག་ཆ་དེ་ཉིད་ལས་འབྱུང་བ་འོག་ཏུ་འཆད་པར་འགྱུར་ལ། རྒྱའི་《ཐང་ཡིག་》གསར་རྙིང་གཉིས་ལས་སུམ་པ་ནི་བོད་ཀྱི་ཚོ་པ་སྟོབས་ཆེན་ཞིག་ཡིན་ཞེས་གསལ་པོར་བརྗོད་པས་མཚོན་ཐད་འདི་ལ་བོད་རྒྱའི་མཁས་པ་རྣམས་བཞེད་ཚུལ་ཕལ་ཆེར་མཐུན། དེས་ན་སུམ་པ་བྱ་བ་ཡུལ་ཁམས་དེ་འདྲའི་རྒྱ་ཆེན་པོ་ཞིག་མཐར་ཐུག་ཡུལ་གང་དུ་ཡོད་འདོད་ན་འདི་ལྟ་སྟེ།
          (གཉིས།) སུམ་པའི་རྒྱལ་ཁམས་དང་ཡུལ་གྱི་ལྟེ་གནས་སྐོར་བཤད་པ།  
          དེས་ན་སུམ་པའི་རྒྱལ་ཁམས་ཟེར་བ་དེ་འདྲའི་ཡུལ་ཁམས་རྒྱ་ཆེན་པོ་ཞིག་མདོར་ན་གང་དུ་ཡོད་སྙམ་ན། དེ་ལ་དང་པོ་བོད་ཀྱི་ལོ་རྒྱུས་སྨྲ་བ་ཐམས་ཅད་ཀྱིས་མཁྱེན་གསལ་ལྟར། སུམ་པའི་རྒྱལ་པོ་འབལ་རྗེ་མང་རུ་ཏི་བྱ་བའི་རིང་གི་བློན་པོ་ནི་རུས་རླང་དང་ཀམ་ཅན་གྱི་མི་གཉིས་ཡིན་པ་གོང་དུ་དྲངས་པའི་ཏུན་ཧོང་ཡིག་ཆ་དང་། གོང་གི་ཁྲི་ཁ་སྟག་གཟིག་དང་ཁབ་གླང་བཟའ་ཁྲི་མར་བཤོས་པའི་སྲས་ལྔ་སུམ་པའི་ལྷར་གྱེས་ཚུལ་ལས་གླང་བཟར་སྲས་ལྔ་འཁྲུངས་ཚུལ་བཤད་པ་སོགས་ཀྱིས་སུམ་གླང་གཉིས་རིགས་རུས་འདྲེས་ཡོད་པ་གསལ་བ་ལྟར་དང་། དུས་ནམ་ཞིག་ན་སུམ་པའི་རྒྱལ་པོ་ཤུལ་ཆད་པའམ་ཡང་ན་བློན་པོས་སྲིད་འཕྲོག་པས་རྐྱེན་གྱིས་སྔར་གྱི་སུམ་པའི་རྒྱལ་ཁམས་ཀྱི་བདག་པོ་ནི་དུས་ཕྱིས་གླང་ངམ་རླངས་ཀྱི་མི་རྒྱུད་ལ་ཐོབ་པར་གྱུར་ཅིང་། དེའི་གནས་ཚུལ་དང་སུམ་པའི་ལོ་རྒྱུས་ངོ་མ་ནི་《རླངས་ཀྱི་པོ་ཏི་བསེ་རུ་》ལྟ་བུའི་ཡིག་ཚང་རྙིང་པ་རྣམས་ལ་ཞིབ་ཏུ་དཔྱད་ན་གོ་རྒྱུ་མང་པོ་ཡོད་ལ། ལོ་རྒྱུས་ཀྱི་དོན་སྙིང་ཡང་དེ་བས་ལེན་ཐུབ་སྙམ།  
          དེ་ལྟར་ང་ཚོས་འདིར་སུམ་པའི་རྒྱལ་ཤུལ་འཛིན་མཁན་རླངས་པའི་མི་རྒྱུད་ཡིན་པའི་དབང་དུ་བཏང་ནས་རིགས་འདེད་ཅིག་བྱེད་ན། སྐབས་དེའི་སུམ་པའི་ཡུལ་ཁམས་རྒྱ་ཆེ་ཆུང་ཇི་འདྲ་ཡོད་པ་གསལ་པོར་ཤེས་ཏེ། 《རླངས་ཀྱི་པོ་ཏི་བསེ་རུ་》ལས། སུམ་པའི་བློན་ཆེན་པོ་“རླངས་སྟོང་དགེས་ལྷ་རུ་གཉན་ཆེན་ཐང་ལྷ་དེ་མཆོད་ནས། བཙད་པོ་ལ་དམག་བྱས་པས་འབྲོའི་རྒྱལ་ཁམས་དེ་ཆམ་ལ་ཕབ་”སྟེ་ཟས་ནོར་མང་དུ་བླངས་ཤིང་། སུམ་པའི་“དམག་དཔོན་རླངས་དོ་དེས་ལྷ་རུ་གཡུ་དགུང་པོ་དེ་མཆོད་ནས། ལྗང་ལ་དམག་བྱས་ནས་”ལྗང་ཡུལ་ཕབ་པ་དང་། ཡང་སུམ་པའི་དཔོན་བློན་“རླངས་སེང་གེ་འདུལ་གྱིས་ལྷ་རུ་མོན་ལྷ་སྤྱི་སྒོམ་དེ་མཆོད་ནས། མོན་ལ་དམག་དྲངས་པས། མོན་གྱི་རྒྱལ་ཁམས་དེ་ཆམ་ལ་ཕབ་པ་”དང་། ཡང་“རླངས་རྗེ་སྟག་འབར་གྱིས……གཙང་ལ་དམག་དྲངས་པས།……གཙང་གི་འུ་ཡུག་ཚུར་བཅད་འདུལ་མི་ཡང་ལྷ་རིགས་རླངས་ཡིན་”ཚུལ་སོགས་ཀྱི་གནས་ཚུལ་བཀོད་ཡོད་པ་བཞིན་ཏེ། སུམ་པའི་མངའ་ཁོངས་ཀྱི་ནུབ་ནི་བོད་བཙན་པོ་འབྲོའི་ཡུལ་ཏེ་དེང་སང་གི་བཞད་མཐོང་སྨོན་དང་གཙང་འུ་ཡུག་མན་ཆད་ཕྱོགས་དང་། ཤར་ལྗང་ཡུལ་དང་ལྷོ་མོན་ཡུལ་ལ་ཐུག་གི་བར་གྱི་ཡུལ་འབངས་མང་པོ་རང་གི་དབང་འོག་ཏུ་བསྡུས་ཏེ། སུམ་པའི་ཡུལ་ནི“རླངས་ཁམས་པ་རུ་གསུམ་བྱས་ནས། ཁམས་པའི་སྤྱི་དཔོན་བྱས་པས། འབངས་བཀོལ་མཁས་པ་དང་། ཡུལ་འཛིན་སྔ་བ་ཡང་ལྷ་རིགས་རླངས་ཡིན།”①ཞེས་གསུངས་པའི་ལོ་རྒྱུས་ལས་ཀྱང་སུམ་པའི་མངའ་ཁོངས་ཇི་འདྲ་ཡོད་པ་ཤེས་ཐུབ་ལ། དེ་མ་ཟད་དུས་ཕྱིས་སུམ་པ་བོད་བཙན་པོའི་མངའ་འོག་ཏུ་ཚུད་དེ་བོད་ཡུལ་རུ་ལྔར་བགོས་པ་ལས་སུམ་པའི་རུ་བཤད་སྐབས། 《ལྡེའུ་ཆོས་འབྱུང་རྒྱས་པ་》ཞེས་པར་“མདོ་ཁམས་ཆེ་ཆུང་སུམ་པ་རུ་ཡན་ལག་གི་ཡུལ་དུ་བཅད་དོ ། །② ཞེས་མདོ་ཁམས་གྱི་མིང་གསལ་པོར་བཀོད་ཡོད་པ་ལྟར་དང་། ཡང་《རྒྱལ་རབས་བོན་གྱི་འབྱུང་གནས་》ཞེས་པའི་དཔེ་རྙིང་ནང་བོན་གྱི་བསྟན་པ་དར་ནུབ་ཀྱི་སྐོར་བཤད་སྐབས། “ཞང་ཞུང་དང་སུམ་པ་མདོ་ཁམས་སོགས་སུ་མ་ནུབ་པར་གོ་སྟེ།”ཞེས་བཀོད་པ་སོགས་ལས་ཀྱང་ང་ཚོས་སུམ་པ་དང་མདོ་ཁམས་གཞི་གཅིག་ཏུ་འདོད་པ་ལྟར་ན་སུམ་པའི་རྒྱལ་ཁམས་དངོས་ནི་མདོ་ཁམས་ཆེ་ཆུང་བྱ་བ་སྟེ་ཁམས་སྟོད་དང་བར་ཁམས་ཕྱོགས་ཀྱི་ས་ཆ་འདི་དག་ལ་གོ་དགོས་ཏེ། གཙོ་བོ་ནི་དེང་སང་གི་བོད་ལྗོངས་ཀྱི་ཆབ་མདོ་ས་ཁུལ་དང་། ནག་ཆུ་ས་ཁུལ། མཚོ་སྔོན་གྱི་ཡུལ་ཤུལ་ཁུལ་དང་མཚོ་བྱང་ཁུལ་གྱི་ལྷོ་ནུབ་རྒྱུད་ཀྱི་ས་ཆ་དང་། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་ཁུལ་གྱི་ནུབ་རྒྱུད་གཙོས་པའི་ཡུལ་རྣམས་ཏེ་མདོར་ན་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པ་ལས་རྒྱལ་མོ་རྔུལ་ཆུའི་རྒྱུད་གཡས་གཡོན་དང་། ཟླ་ཆུའམ་རྫ་ཆུའི་རྒྱུད་གཡས་གཡོན་ཁ་ཚང་དང་། འབྲི་ཆུའི་ནུབ་རྒྱུད་ཀྱི་ཡུལ་ཁམས་རྣམས་ཡིན་ལ། ཡང་འཇང་ཞབས་ཏེ་ཡུན་ནན་ཞིང་ཆེན་གྱི་ནུབ་རྒྱུད་དང་མངའ་རིས་ཤར་རྒྱུད་ཀྱི་ས་ཆ་ཁ་ཤས་ཀྱང་སྐབས་དེར་སུམ་པའི་མངའ་འོག་ཡིན་པ་ནི་དོན་ལ་གནས་པར་སེམས་ཏེ། ཚུལ་དེ་《རླངས་ཀྱི་པོ་ཏི་བསེ་རུ་》ནང་གི་སུམ་པ་རླངས་ཀྱི་ཕྱོགས་བཞིའི་ས་མིང་ལ་ཞིབ་ཏུ་བརྟགས་ན་ཤེས་ཐུབ་པ་དང་། ཡང་ཡིག་རྙིང་《དབུ་ནག་མིའུ་འདྲ་ཆགས་》ལས།“གཙང་ལ་ཕོ་ཁྲམ་མན་ཆད། ཀམ་པའི་རྨ་སྒང་ཡན་ཆད། །”ཅེས་དང་། ཡང་། “ལྷོ་སྟོད་ཀྱི་ཟ་མ་རིང་རྒྱུད་རྫོང་། ཡོད་པ་དེ་སེ་ཁྱུང་དབྲ་ལ་ཡོད། བཟུང་བ་དེ་སུམ་པ་གླང་གིས་བཟུང་།” ① ཞེས་པ་ལས་ཀྱང་བོད་ཀྱི་ལྷོ་སྟོད་ཕྱོགས་ཀྱི་ཡུལ་འདི་རྣམས་སྔར་སེ་ཁྱུང་དབྲའི་རིགས་རྒྱུད་ཚོ་པས་བཟུང་ཡོད་པ་ཕྱིས་སུ་སུམ་པ་གླང་གིས་བདག་ཏུ་བཟུང་བའི་གནས་ཚུལ་སོགས་གསལ་པོར་བཀོད་ཡོད་པ་ལྟར་རོ། །  
          དེ་ལྟར་བོད་བཙན་པོའི་སྐབས་བོད་ཁམས་སྟོང་སྡེ་དྲུག་ཅུར་བགོས་སྐབས་སུའང་སུམ་པའི་སྟོང་སྡེའི་རུ་མཚམས་བརྗོད་སྐབས་《ལྡེའུ་ཆོས་འབྱུང་རྒྱས་པ་》ལས། “སུམ་པའི་རུ་མཚམས་ནི་། ཤར་གཉེ་ཡུལ་བྲེ་ནག ། ནུབ་སྤེལ་ཞབས་སྡིང་པོ་ཆེ། བྱང་ནགས་པ་ཤོད་གཟི་འཕྲང་། ལྷོ་རྨི་སྟི་ཆུ་ནག། དབུས་ནི་རྒྱ་ཤོད་སྟག་པ་ཚལ་ལོ། །......སྤྱིར་སུམ་པའི་སྟོང་སྡེའི་མིང་ནི་ལྟེ་ཁྱབ་རྒྱ་ལྡན་[སྟོང་ཁྱབ་བརྒྱ་ལྡན་]གྱི་སྟོང་སྡེ་ཞེས་བྱ་སྟེ། དེའི་ནང་ནས་སྟོང་སྡེ་བཅུ་གཅིག་སྲོང་བཙན་སྒམ་པོས་ཚུར་བཅད་དེ། རྩེ་མཐོན་དང་ཕོ་མཐོན་གཉིས། རྒོད་ཚང་སྟོད་སྨད་གཉིས། འཛོམ་སྟོད་འཛོམ་སྨད་གཉིས། ཏྲེ་སྟོད་ཏྲེ་སྨད་གཉིས། ཁ་རོ་ཁ་བཟང་གཉིས། ནགས་ཤོད་སྟོང་བུ་ཆུང་དང་བཅུ་གཅིག་གོ།”① ཞེས་དང་། ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུའང་། “རྩེ་མཐོན་ཕོ་མཐོན་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟངས་གཉིས། ནགས་ཤོད་སྟོང་བུ་ཆུང་སྟེ་སུམ་པའི་རུ་སྟོང་ཁྱབ་རྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་གོ།” ②ཞེས་སུམ་པའི་རུ་ལ་སྟོང་ཁྱབ་བརྒྱ་ལྡན་གྱི་གྲངས་བགྲངས་ཡོད་པ་ལས་ཀྱང་དེའི་མངའ་ཁོངས་གཞན་ལས་ཆེ་བ་གསལ་ཞིང་། དེ་ལས་སྟོང་སྡེ་བཅུ་གཅིག་ནི་ཕལ་ཆེར་སྔར་གྱི་སུམ་པའི་རྒྱལ་ཁམས་ཀྱི་མངལཁོངས་ནས་བོད་རུ་ལྔའི་ཁོངས་སུ་ཚུར་བཅད་པ་ཡིན་ཚུལ་ཤེས་ཐུབ་པ་འདི་ཡིན།            དེ་ལྟར་སུམ་པའི་སྟོང་སྡེ་བཅུ་གཅིག་གི་མིང་ལས་དེང་སང་ས་ངོ་ཡུལ་ངོ་ཟིན་པ་ནགས་ཤོད་ལྟ་བུ་རེ་གཉིས་ལས་མེད་ཀྱང་། འོན་ཏེ་ཞིབ་ཏུ་བརྟགས་ན་ཕལ་ཆེར་རྙེད་མི་འགྲོའམ་སྙམ་སྟེ། དཔེར་ན་རྩེ་མཐོན་ཕོ་མཐོན་ཟེར་བ་ནི་ཕལ་ཆེར་ཁྱུང་པོ་རྩེ་དྲུག་གི་ཐད་དེ་དེང་སང་གི་སྟེང་ཆེན་དང་སྦྲ་ཆེན་རྫོང་གི་ཕྱོགས་དང་། རྒོད་ཚང་སྟོད་སྨད་ནི་དེང་གི་ནག་ཆུ་ས་ཁུལ་གྱི་ཨ་མདོ་དང་སྙེ་རོང་རྫོང་གི་ཕྱོགས་དང་། འཇོང་སྟོད་སྨད་ནི་ནེལ་པའི་ཆོས་འབྱུང་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》བྱ་བར་མཛོ་སྟོད་མཛོ་སྨད་ཅེས་བཀོད་འདུག་པ་དག་པར་མཐོང་སྟེ། ཚ་བ་མཛོ་སྒང་སྟོད་སྨད་དེ་དེང་སང་གི་མཛོ་སྒང་དང་སྨར་ཁམས་ཕྱོགས་འདི་ཡིན་པ་དང་། དྲེ་སྟོད་སྨད་བྱ་བ་ནི་དེང་སང་གི་ཡུལ་ཤུལ་ཁུལ་གྱི་ནང་ཆེན་ཐད་ཀྱི་ཏྲེ་རབ་ཁའི་ཡུལ་སྟོད་སྨད་ཕྱོགས་དང་། ཁ་རོ་ཁ་ཟངས་ནི་ལོ་རྒྱུས་སྨྲ་བ་ཐམས་ཅད་ཀྱིས་ཡུལ་ངོས་བཟུང་བ་མ་མཐོང་རུང་ཁོ་བོས་བསམས་ན་ཆབ་མདོ་དང་བྲག་གཡབ་ཕྱོགས་འདི་ཨེ་ཡིན་སྙམ། གང་ཞེ་ན། ཆབ་མདོའི་མཁར་རོ་གནའ་ཤུལ་ལ་ཁ་རོ་ཞེས་བྲིས་པའང་ཡོད་པས་དཔྱད་པར་འོས་ཤིང་། ནགས་ཤོད་སྟོང་བུ་ཆུང་ནི་དེང་སང་གི་འབྲི་རུ་རྫོང་གི་ཕྱོགས་འདི་ཡིན་པ་གནའ་བོའི་ས་མིང་མ་ཉམས་པར་ཡོད་པ་དང་། དེ་མིན་བོད་ཀྱི་མཁས་གྲུབ་མང་པོའི་རྣམ་ཐར་དཔེར་ན་ཀརྨ་པ་དང་སྟག་ལུང་སྐུ་འཕྲེང་རིམ་བྱོན་དང་། 《གཏེར་སྟོན་བརྒྱ་རྩའི་རྣམ་ཐར་》སོགས་སུ་བླ་མ་རྣམས་ཀྱི་འཁྲུངས་གཞིས་གསུང་སྐབས་ནམ་རྒྱུན་སུམ་པའི་ཡུལ་ལྷོ་ལུང་ཆེན་བཅོ་བརྒྱད་དང་། སྨར་ཁམས་ལྷོ་རྒྱུད་སུམ་པ། སུམ་པ་ཚ་བ་ཀླུང་སྒང་རིང་མོ། གྱིམ་ཤོད་སུམ་པ་གླང་གི་རྫོང་། བྲབ་ཤི་སུམ་པའི་གྲུ་ཟེར་བ་སོགས་ས་མིང་མཐའ་ཡས་པ་འབྱུང་བ་ལས་ཀྱང་སུམ་པའི་ཡུལ་བར་ཁམས་སུ་ཡོད་པ་ངོས་འཛིན་ཐུབ་སྟེ། དཔེར་ན་《ལྷོ་རོང་ཆོས་འབྱུང་》དང་《མཁས་པའི་དགའ་སྟོན་》བཅས་སུ་སུམ་པའི་ཡུལ་ལྷོ་ལུང་ཆེན་བཅོ་བརྒྱད་ཅེས་པ་དེང་སང་གི་ལྷོ་རོང་རྫོང་གི་ཕྱོགས་དང་། སུམ་པའི་གྲུ་བྱ་བ་དང་། ཚ་བ་སྒང་སུམ་པའི་ཡུལ་ཟེར་བ་སོགས་སུམ་པའི་མིང་ཐོབ་པའི་ཡུལ་མིང་མང་པོ་འདི་དག་ནི་མཛོ་སུམ་པ་སྟེ་ཚ་བ་མཛོ་སྒང་ཕྱོགས་དང་། སུམ་པ་ལྕགས་རྒྱལ་ཞེས་པ་ཆབ་མདོ་ལྕགས་ར་ཕྱོགས་སམ་ཡང་ན་ཨ་ལྕགས་འབྲིའི་ཡུལ་དང་། སུམ་པ་འགྲུ་རྒྱལ་ལམ་འབྲི་སུམ་པ་ཞེས་པ་འབྲི་ཆུའི་འབབ་རྒྱུན་རོང་ཁུལ་སྒ་དང་འདན་མ་ཕྱོགས་ཀྱང་སྔར་སུམ་པའི་ཡུལ་ཁམས་ཡིན་པས་ན། ཡུལ་དེར་དེའི་སྐོར་གྱི་ལོ་རྒྱུས་དང་རིག་གནས་མང་པོ་ཡོད་པས་ཀྲུང་གོའི་ལོ་རྒྱུས་ཆེན་མོ་སོགས་སུ་སུམ་པ་དེང་གི་ཡུལ་ཤུལ་ཕྱོགས་ཡིན་པར་སྨྲས་པ་ལྟ་བུས་མཚོན་ནོ། །   
          དེ་ལྟར་སུམ་པའི་སྐོར་མདོ་བཟུང་ན་དེང་རབས་ཀྱི་མཁས་དབང་ཆེན་པོ་དུང་དཀར་རིན་པོ་ཆེས་ཀྱང་《གཏེར་སྟོན་བརྒྱ་རྩའི་རྣམ་ཐར་》ལ་གཞི་བཅོལ་ནས་སུམ་པའི་གནས་ཡུལ་དེང་སང་གི་སྨར་ཁམས་ཕྱོགས་ཡིན་པར་བཞེད་དེ། ཁོང་གིས་མཛད་པའི་《དུང་དཀར་ཚིག་མཛོད་ཆེན་མོ་》རུ། “སུམ་པའི་ཡུལ་འདི་ས་གནས་གང་དུ་ཡོད་མེད་སྐོར་ལ་བར་སྐབས་ལོ་རྒྱུས་སྨྲ་བའི་མཁས་པ་ཚོའི་གསུང་ཚུལ་མི་འདྲ་བ་སྣ་ཚོགས་འདུག་ཀྱང་། ཀོང་སྤྲུལ་རིན་པོ་ཆེ་ཡོན་ཏན་རྒྱ་མཚོས་མཛད་པའི་《གཏེར་སྟོན་བརྒྱ་རྩའི་རྣམ་ཐར་》ནང་སྨར་ཁམས་ཀྱི་ཡུལ་འདི་ཡིན་ཞེས་གསུངས་པ་དེ། 《ཆོས་འབྱུང་མཁས་པའི་དགལསྟོན་》ནང་དུ་གསལ་བའི་རྒོད་ཚང་སྟོད་སྨད་གཉིས་དང་། ནགས་ཤོད་བཅས་དེང་སང་གི་ས་མིང་དཀར་ཆག་ནང་བར་ཁམས་རྒྱུད་ཀྱི་ས་ཆའི་གྲས་སུ་གསལ་པོར་འཁོད་པ་རྣམས་ཡོངས་སུ་མཐུན་པར་འདུག་པས། མདོ་སྟོད་ཀྱི་ས་རྣམས་སུམ་པའི་ཡུལ་ལ་ངོས་འཛིན་ཆོག་པར་འདུག་སྙམ།”①ཞེས་ཅུང་ཟད་རྒྱ་བསྐྱེད་དེ་གསུངས་པ་འདི་ནི་མཁས་པའི་ལེགས་བཤད་དུ་ངེས་་སོ། ། ཡང་《འབེལ་གཏམ་ལུང་གི་སྙིང་པོ་》དང་དགེ་ཆོས་ཀྱིས་མདོ་སྨད་དུ་སུམ་པ་ཞེས་པའི་ཡུལ་རིགས་སོགས་ཡོད་པར་གསུངས་འདུག་པ་དེ་ནི་དུས་ཕྱིས་སུམ་པའི་རིགས་རྒྱུད་ཤར་ཕྱོགས་སུ་མཆེད་པའི་མི་རྒྱུད་དང་། དེ་ལས་ཐོགས་པའི་ས་མིང་དེང་སང་བར་མདོ་སྨད་དུ་ཡོད་པ་དེ་རིགས་ལ་དགོངས་པར་ཡིན་ངེས་ལ། དེ་མིན་དེང་སང་གསར་རྩོམ་འགའ་རེ་དང་རྒྱ་ཡིག་གིས་བྲིས་པའི་རྩོམ་ཡིག་ནང་མཁས་པ་ལ་ལས་སུམ་པ་ཞེས་པ་ཡུལ་ཤུལ་གཅིག་པུ་དང་ཡང་ན་ལྷ་ས་ཕྱོགས་དང་། ཐ་ན་ལ་ལ་འདྲེན་གཞི་འཁྲུལ་བའི་ལུང་གི་རྗེས་སུ་བསྙེགས་ནས་རང་ལུགས་གཏད་སོ་མེད་པར་མདོ་སྨད་ཙོང་ཀ་དང་རྒྱལ་རོང་ཡུལ་དང་། ཐ་ན་བྱང་ལི་ཡུལ་ཕྱོགས་ལ་ངོས་བཟུང་བ་སོགས་གང་བྱུང་མང་བྱུང་མཛུབ་མོ་འཛུགས་ས་མེད་པའི་ལོང་གཏམ་དཔྱད་མི་བཟོད་པ་མང་པོ་མཐོང་རྒྱུ་འདུག་པ་ནི། རིག་པ་གུ་དོག་པའི་འདམ་རྫབ་ཏུ་ལྷུང་སོང་བའི་རིགས་ལ་མཐའ་དཔྱོད་བགྱི་རིན་མེད་པས་རེ་ཞིག་བཞག་ལ། སྤྱིར་སུམ་པ་ནི་དུས་སྐབས་སོ་སོར་ཡུལ་ཁམས་རྒྱ་ཆེ་ཆུང་མི་གཅིག་པས་དེང་སང་སུམ་པ་ཟེར་བ་རྗེས་ཤུལ་མེད་པའི་ཚོད་ཙམ་དུ་སླེབས་སོང་བ་ནི་ལོ་རྒྱུས་ཀྱི་ཆུ་བོའི་གཉེར་མ་རེ་རེ་བཞིན་འདས་པའི་རང་རྟགས་མངོན་པར་ཟད་དོ ། ། 
          འོ་ན་སུམ་པའི་ཡུལ་ཁམས་ཟེར་བ་འདི་འདྲའི་རྒྱ་ཆེན་པོ་ཞིག་གི་ཡུལ་གྱི་ལྟེ་བ་གང་དུ་ཡོད་སྙམ་ན། དེ་ནི་གོང་དུ་དྲངས་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་《ལྡེའུ་ཆོས་འབྱུང་རྒྱས་》པ་དང་《ཆོས་འབྱུང་མཁས་པའི་དགའ་སྟོན་》བཅས་སུ། བོད་ཡུལ་རུ་ལྔར་ཕྱེ་ཚུལ་བརྗོད་སྐབས་སུམ་པའི་རུ་ནི། ཤར་གཉེ་ཡུལ་བྲེ་ནག ། ནུབ་སྤེལ་ཞབས་སྡིངས་པོ་ཆེ། བྱང་ནགས་ཤོད་གཟི་འཕྲང་། ལྷོ་རྨི་སྟི་ཆུ་ནག །དབུས་ནི་རྒྱ་ཤོད་སྟག་པ་ཚལ་ལོ། །ཞེས་ཡུལ་མིང་གི་ཡི་གེ་འགའ་རེ་འབྲི་ཚུལ་མི་གཅིག་པ་མ་གཏོགས། སུམ་པའི་ཕྱོགས་བཞིའི་ཡུལ་མིང་ཁ་ཚང་ཕལ་ཆེར་འདྲ་བར་མ་ཟད་དབུས་ཚད་ནི་རྒྱ་ཤོད་སྟག་པ་ཚལ་ཡིན་པ་གཅིག་མཐུན་དུ་ཡོད་པ་དེ་ཡིན་ལ། དེས་ན་རྒྱ་ཤོད་སྟག་པ་ཚལ་ཞེས་པ་ནི་དེང་སང་གི་ནག་ཆུ་ས་ཁུལ་གྱི་འབྲི་རུ་རྫོང་ཁོངས་ཀྱི་གཡང་ཤོད་ཤང་གི་རྒྱལ་ཆུའི་རྒྱུད་ཀྱི་གསའ་མདའ་བོན་དགོན་མི་གཡོ་བསམ་གཏན་གླིང་གི་ཕྱོགས་འདི་ནི་སྐབས་དེའི་སུམ་པ་རུའི་ལྟེ་གནས་ཡིན་ལ། དེ་ལྟར་བོད་རུ་བཞིའི་ལྟེ་གནས་དབུ་རུ་ལྷ་ས་དང་གཡོ་རུ་ལྷོ་ཁ། གཡས་རུ་དང་རུ་ལག་གཙང་ཁུལ་ཡིན་པ་ལྟར་སུམ་པ་རུའི་ལྟེ་གནས་ནི་བར་ཁམས་ནགས་ཤོད་དུ་ཡོད་པ་ལས་བོད་ཡུལ་གྱི་ས་ཆ་གཞན་གང་དུ་མེད་པ་འདི་གསལ་པོར་ཤེས་དགོས་སོ། །   
          ཡང་《རླངས་ཀྱི་པོ་ཏི་བསེ་རུ་》དང་བོན་གྱི་ཡིག་ཆ་རྣམས་སུ་སུམ་པ་གླིང་གི་གྱིམ་ཤོད་ཅེས་པ་དེ་ཡང་སྔར་ནས་སུམ་པའི་ཡུལ་གྱི་ལྟེ་བར་ངོས་འཛིན་པར་སྲིད་དེ། 《རླངས་ཀྱི་པོ་ཏི་བསེ་རུ་》ལས། “རླངས་སྟོང་ཐོས་མགོ་ནག་ཐམས་ཅད་ཀྱི་དཔོན་བྱས་པས། དཔོན་གྱི་གོང་ས་ཡང་བདག་ལྷ་རིགས་རླངས་ལ་ཡོད་པ་ཡིན། ཡུལ་འཛིན་སྔ་བ་ཡང་གསེར་པས་གསེར་རིས་བཟུང་། གཡུ་པས་གཡུ་རིས་བཟུང་། རུ་དཔོན་གྱིས་སུམ་ཅུ་པ་①རླངས་ཡུལ་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་ཞོལ་རྟ་ཤོད་ལུང་དམར་བཟུང་། མི་ཆེ་དགུ་ནི་འབངས་སུ་བཀོལ། འབངས་ཤོག་རུ་བཞི་བྱ་བ་དང་དེ་ནས་སྲིད།”② ཅེས་འབྱུང་བ་ལྟར་དུས་ཕྱིས་བར་སུམ་པའི་མི་སྡེ་གསེར་པ་དང་གཡུ་པ་གཙོས་པའི་ཤོག་ཁ་སོ་སོས་རང་རང་གི་ཡུལ་བདག་ཏུ་བཟུང་སྐབས་སྔར་གྱི་སུམ་པའི་རུ་དཔོན་གྱི་མི་རྒྱུད་དམ་རུ་མིང་མ་ཉམས་པར་དུས་ཕྱིས་བར་དུ་ཡོད་པར་མ་ཟད། སུམ་པའི་ཡུལ་གྱི་ལྟེ་བ་བྲག་ཤེལ་ལེ་རྒྱ་གར་རམ་སུམ་པ་གླང་གི་གྱིམ་ཤོད་ཟེར་ས་ད་དུང་བདག་ཏུ་བཟུང་ཡོད་ཚུལ་བཅས་གསལ་པོར་བསྟན་འདུག་པ་སོགས་ལས་ཀྱང་ཡུལ་འདི་ཡང་སུམ་པའི་ཡུལ་དབུས་ཡིན་པ་ཤེས་ཐུབ་ལ། དེས་ན་བྲག་ཤེལ་ལེ་རྒྱ་གར་རམ་སུམ་པ་གླང་གི་གྱིམ་ཤོད་ཅེས་པ་དེ་དེང་སང་གནས་གང་དུ་ངོས་འཛིན་རྒྱུ་ཡིན་སྙམ་ན། དེ་ནི་ཆབ་མདོ་ས་ཁུལ་གྱི་སྟེང་ཆེན་རྫོང་ས་སྒང་ཤང་གི་རྩེ་དྲུག་དགོན་པའམ་དཔལ་ཤེལ་ལེ་རྫོང་དྲུག་གཤེན་བསྟན་དྲི་མེད་རྣམ་པར་དག་པའི་གླིང་ཞེས་གྲགས་པའི་ཡུལ་ཕྱོགས་འདི་ཡིན་ལ། བོན་གྱི་བསྟན་འབྱུང་རྣམས་སུ་གནས་འདི་ནི་གཡུང་དྲུང་སེམས་དཔའ་གྲངས་ལས་འདས་པའི་སྒྲུབ་གནས་བྱིན་རླབས་ཅན་དང་། བོན་གྱི་འདུ་གནས་ཉིར་བདུན་ནམ་སོ་དྲུག་གི་ནང་གསེས་ཤིག་ཡིན་པར་ངོས་འཛིན་བྱས་འདུག་པས་མཚོན། སུམ་པ་གླང་གི་གྱིམ་ཤོད་ཅེས་པའི་ཡུལ་འདི་ལོ་རྒྱུས་ཀྱི་ས་མིང་གྲགས་ཅན་ཞིག་ཡིན་འདུག་པ་ཤེས་ཐུབ་བོ། ། དེ་མ་ཟད་ཡང་སུམ་པའི་ཡུལ་ཁམས་སྐོར་འཛམ་གླིང་ན་སྐད་གྲགས་ཡོད་པའི་རང་རེའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་《གླིང་གེ་སར་རྒྱལ་པོའི་སྒྲུང་》ལས་《སུམ་པ་མཛོ་རྫོང་》ཞེས་པར་ཡང་དོན་དངོས་ལོ་རྒྱུས་དང་ཆ་འདྲ་མཚུངས་ཤིག་བཀོད་ཡོད་དེ། “དེར་གྲུ་གུ་ཡུལ་གྱི་ཕར་མཐའ། རྒྱ་མཚོ་ཆེན་པོའི་ཚུར་རོལ། སུམ་པ་གང་ཐད་ཀྱི་ཡུལ་ཞེས་བྱ་བ་ན། སྡེ་མི་དུད་ལྔ་འབུམ་ལྔ་ཁྲི་ཡོད་པ་ཞིག་གི་རྒྱལ་པོ་སུམ་པ་གུང་བཙན་ཁྲི་རྒྱལ་ཞེས་བྱ་བ། སྟོབས་དང་མངའ་ཐང་ཤིན་ཏུ་ཆེ་བ། སྐུ་མཁར་ལ་གཡུ་རུ་སྨུག་རྫོང་ཟེར་བ། ཐོག་བརྩེགས་རིམ་པ་བཅུ་གསུམ་ཡོད་པ།”①ཞེས་སུམ་པའི་ཡུལ་གྱི་བྱང་ཕྱོགས་གྲུ་གུ་དང་ཤར་ཕྱོགས་རྒྱ་མཚོ། འབངས་དུད་གྲངས་ལྔ་འབུམ་ལྔ་ཁྲི་ཡོད་ཚུལ་དང་རྒྱལ་མཁར་ཐོག་སོ་བཅུ་གསུམ་ཡོད་པར་བཤད་པའི་ཚུལ་འདི་ཡང་ཡ་མཚར་བ་ཞིག་ནི་རྒྱའི་ལོ་རྒྱུས་ནང་ཡང་དེ་འདྲའི་གནས་ཚུལ་དང་ཆ་མཚུངས་པ་འབྱུང་སྟེ། དཔེར་ན་རྒྱའི་ཡིག་ཚང་དུ་སུམ་པ་ལ་སུའུ་ཕི་ཟེར་བས་དེའི་མངའ་ཁོངས་བརྗོད་སྐབས། 《ཐང་ཡིག་》ལེའུ་བརྒྱ་དང་ཞེ་གཉིས་པར། “ཤར་དང་ནུབ་ཏུ་བུད་མེད་ཀྱིས་སྲིད་སྐྱོང་བའི་རྒྱལ་ཁབ་གཉིས་ཡོད། ཤར་གྱི་ཡུལ་དེ་ལ་སུའུ་ཧྥ་ལ་ན་ཅི་ཇི་ལོ་ཟེར། ཡུལ་དེ་སྔོན་འཇང་རིགས་ཀྱི་སྡེ་ཚན་ཡིན། རྒྱལ་ཁབ་དེའི་ཤར་དུ་ཏུ་ཕན། ཏང་ཞང་། མོ་ཅོའི་ཡུལ་ལ་ཐུག ། ནུབ་ཏུ་གཙང་པོ་ཧོ་དང་། བྱང་དུ་ལི་ཡུལ། ཤར་ལྷོར་ཕ་ཇོ་དང་། ལྷོ་ན་མན་ཙུ་དང་། སེ་ལང་གི་ཀླ་ཀློའི་ཡུལ་དང་འདབས་འབྱར་བར་ཡོད། ཤར་ནས་ནུབ་ཏུ་ཡུལ་གྲུ་དགུ་དང་། བྱང་ནས་ལྷོར་ཉི་ཤུ་ཡོད། རྒྱལ་ཁམས་སུ་གྲོང་ཁྱེར་བརྒྱད་ཅུ་ཙམ་དང་། མི་ཁྱིམ་ཆིག་འབུམ་ཙམ་ཡོད། རྒྱལ་པོ་བུད་མེད་ཀྱིས་བྱེད། མོའི་ཕོ་བྲང་ཐོག་ཚད་དགུ་པ་དེ་རྡོ་ཁང་ཡན་ཁྲོན་①བྱ་བའི་རི་ཀླུང་དུ་ཡོད། ལུང་པ་དེ་འཇུ་བྱ་བའི་ཆུ་བོ་ལྷོ་ཕྱོགས་སུ་འབབ། ལུང་པ་དེར་མི་ཚང་བཞི་ཁྲི་ཙམ་ཡོད། རྒྱལ་པོའི་མིང་ལ་པིན་ཇིན་ཟེར། རིགས་ཀྱི་མིང་ལ་སུའུ་ཕི་བྱ་བར་གྲགས།” ② ཞེས་བཀོད་པ་ལྟ་བུ་ཞིབ་ཏུ་བསྡུར་ནས་དཔྱད་ན་གོ་རྒྱུ་མང་ལ། ཡང་རྒྱ་ཡིག་ནང་ཤར་ཕྱོགས་བུད་མེད་རྒྱལ་ཁབ་གཞན་ཞིག་བཀོད་པ་དེ་ནི་དེང་སང་གི་རྒྱལ་རོང་ཕྱོགས་ཀྱི་གནས་ཚུལ་ཡིན་ལ། དེའི་ཉེ་འཁོར་དང་ཕྱོགས་བཞིའི་ཡུལ་མིང་ཤར་དུ་མའོ་ཀྲོའུ་(茂州)དང་། ཤར་ལྷོར་ཡ་ཀྲོའུ་(雅州)ཡོད་ཚུལ་ཡུལ་མིང་གསལ་བ་འདི་དག་ད་བར་འཇགས་ཡོད་པ་ལས་ཀྱང་ཤེས་པས་དེ་ནི་སུམ་པ་མིན་པ་དེ་བས་ཀྱང་གསལ་ལོ། ། 
          གཉིས་པ། བོད་བཙན་པོས་སུམ་པ་དབང་འོག་ཏུ་བཅུག་པའི་སྐོར།  
          སྤྱིར་སུམ་པ་དང་བོད་བཙན་པོའི་བར་གྱི་འབྲེལ་བའི་སྐོར་གྱི་ལོ་རྒྱུས་ནི་བོད་ཀྱི་ཡིག་ཚང་ནང་འགལ་བ་ཆེན་པོ་མེད་པས་བཤད་ཁག་པོ་དེ་འདྲ་མེད་མོད། འོན་ཀྱང་རྒྱ་ཡིག་གི་བོད་ཀྱི་ལོ་རྒྱུས་ནང་སུམ་པ་དང་ཟིང་པོ་གཉིས་རྩ་བ་ནས་ཁ་སྤུ་མིག་སྤུ་འདྲེས་སོང་བས། བར་སྐབས་ཤིག་དོན་དངོས་སུམ་པའི་ལོ་རྒྱུས་ཀྱི་གཞོན་ནུ་མའི་ཞལ་རས་ང་ཚོས་རེ་ཞིག་མཐོང་དཀའ་བའི་ཚོད་དུ་སླེབས་འདུག་ལ། སྒོས་སུ་བོད་བཙན་པོའི་མངའ་འོག་ཏུ་གང་དུས་ཚུད་པའི་ཐད་ལ་དེ་བས་ཀྱང་རྙོག་དྲ་འདུག་པས་འདིར་ཅུང་ཟད་མི་དཔྱད་ཐབས་མེད་ཡིན།    
          (གཅིག) སྤུར་རྒྱལ་བཙན་པོས་སུམ་པའི་བོན་རྒྱལ་བཏུལ་ཚུལ་སྐོར་བཤད་པ།  
          དེ་ཡང་སྤུར་རྒྱལ་བཙན་པོས་དང་པོ་སུམ་པའི་ཡུལ་གྱི་བོན་པོའམ་རྒྱལ་པོ་བཏུལ་ཚུལ་སྐོར་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་བོད་རྗེ་གཉའ་ཁྲི་བཙན་པོས་སུམ་པ་ཤང་གི་རྒྱལ་པོའམ་བོན་པོ་བཏུལ་ཞེས་འབྱུང་ལ། ཚུལ་དེ་ཏུན་ཧོང་གི་ཡིག་རྙིང་དུ། “གནའ་ཡུལ་ཡུལ་ན་རྒྱལ་པྲན་དང་། བློན་པོ་འདྀ་ལྟར་བབ་སྟེ། ། མྱི་མང་གོ་རྗེ། ཡུལ་ཆེ་འི་བདག་བྱེད་བྱེད་པ་ལས། རྒྱལ་པོ་བཙན་བ་དང་། བློན་པོ་འཛངས་པ་དཀུའ་བོ་ཆེ་རྣམས་ཀྱིས། གཆྀག་གྀས་གཅིག་བརླག་སྟེ། འབངས་སུ་བཀུག་ན། མཐ་འ་མ་འོ་ལྡེ་སྤུ་རྒྱལ་གྱྀ་དབུ་རྨོག་མ་ཐུབ་སྟེ། མར་ནྀ་ལྷ་ནར་གྱིས་མནརད། ཐུན་ནྀ་རྗེ་ཐུན་གྱིས་བཐུན་ཏེ་བཀུག་གོ །”① ཞེས་ཡུལ་སོ་སོའི་རྒྱལ་ཕྲན་དག་རྒྱལ་པོ་བཙན་དྲག་པར་སོང་བས་བློན་པོ་མཛངས་གཡོ་གཉིས་ལྡན་པ་རྣམས་གཅིག་གིས་གཅིག་བརླགས་ཏེ་མཐའ་མར་སྤུར་རྒྱལ་བཙན་པོའི་འགྲན་ཟླ་མ་ཡོང་སྟེ། རྗེ་འབངས་ཐམས་ཅད་བོད་བཙན་པོའི་མངའ་འོག་ཏུ་གཏོགས་པར་བཤད་པ་འདི་ནི་དོན་ལ་གནས་པའི་སྔ་མའི་ལོ་རྒྱུས་ཡིན་འདུག ། བོད་རྗེ་གཉའ་ཁྲི་བཙན་པོ་ནས་བཟུང་རིམ་གྱིས་སྟོད་ཞང་ཞུང་དང་བར་སུམ་པ་ཤར་མི་ཉག་མིན་པའི་ཉེ་འཁོར་གྱི་རྒྱལ་ཕྲན་བཅུ་གཉིས་པོ་ཕལ་ཆེར་དབང་འོག་ཏུ་འདུས་ཡོད་པར་མ་ཟད། སུམ་པའི་ཡུལ་མཐའི་རྒྱལ་ཕྲན་ཉི་ཚེ་བ་འགའ་རེའང་དབང་འོག་ཏུ་བསྡུས་ཡོད་པར་གསལ་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།“མཚན་དུ་གཉའ་ཁྲི་བཙན་པོ་ཞེས་བྱུང་གྲགས། ། སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་མཛད། ། སུམ་པའི་བོན་པོ་ཨ་ཡོང་རྒྱལ་བ་བཏུལ། ། སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས། །”① ཞེས་བཀོད་པའི་སུམ་པའི་བོན་པོ་བཏུལ་བྱ་བ་ནི། 《ལྡེའུ་ཆོས་འབྱུང་རྒྱས་པ་》ཞེས་པར། “དེ་ནས་སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས་ཏེ། སུམ་པ་ཤང་གི་རྒྱལ་པོ་བཏུལ་ཏེ་རྫུ་འཕྲུལ་དང་ལྡན་ནོ། །” ② ཞེས་གསལ་པོར་བཀོད་པ་བཞིན་བོད་རྗེ་གཉའ་ཁྲིས་བཏུལ་བའི་སུམ་པའི་བོན་པོའམ་རྒྱལ་པོ་དེ་ནི་སུམ་པའི་རྒྱལ་ཁམས་སྤྱིའི་རྒྱལ་པོའམ་སུམ་པའི་ཡུལ་མཐིལ་གྱི་བོན་པོ་བཏུལ་བའི་དོན་མ་ཡིན་ལ། ཤངས་སུམ་པ་ཞེས་པ་སྐབས་དེའི་སུམ་པའི་ཡུལ་བྱེ་བྲག་པ་ཉི་ཚེའི་རྒྱལ་པོའམ་བོན་པོ་སྐད་གྲགས་ཅན་ཞིག་བཏུལ་བའི་གནས་ཚུལ་བསྟན་འདུག་པ་ཡིན་སྙམ། སྤྱིར་སུམ་པ་ཤངས་ཀྱི་རྒྱལ་པོའམ་བོན་པོ་བཏུལ་ཞེས་བཀོད་པ་འདི་ནི་བོད་ཡིག་གི་ལོ་རྒྱུས་དང་རྒྱལ་རབས་ཆོས་འབྱུང་མང་པོར་དེ་མཐུན་གྱི་བྱུང་བ་བཀོད་པ་ཕལ་ཆེར་འདྲ་ལ། འདིར་བཤད་པའི་སུམ་པ་ཤང་གི་རྒྱལ་པོ་ཟེར་བ་ནི་ཡུལ་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་ཉིན་ངོས་དེང་སང་གི་བོད་ལྗོངས་རྣམ་གླིང་རྫོང་གི་ཤངས་ཆུའི་བྱང་སྟོད་ཕྱོགས་འདི་ཡིན་དགོས་ཏེ། དང་པོ་བོད་རྗེ་གཉའ་ཁྲི་བཙན་པོའི་སྔོན་དུ་སུམ་པའི་སྟོབས་ཤུགས་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་ཤངས་རྣམ་གླིང་ཕྱོགས་འདི་ལ་སླེབས་ནས་ཡུལ་གྱི་བདག་པོར་གྱུར་པའི་བོན་པོའམ་རྒྱལ་པོ་ཞིག་ཡོད་པར་གོ་དགོས་པ་ལས། དེང་སང་རྒྱ་ཡིག་གིས་བྲིས་པའི་ལོ་རྒྱུས་ནང་དབུས་ཀྱི་ཟིང་པོ་རྗེ་དང་འཁྲུལ་ནས་ཡུལ་ཕྱོགས་འདི་དང་ལྷ་ས་དང་བཅས་པ་ཐམས་ཅད་སུམ་པའི་ཡུལ་ཡིན་པ་ལྟ་བུར་བྲིས་པའི་དོན་ལ་གོ་མི་ཉན་ཏེ། དོན་དངོས་ནི་དཔའ་བོ་གཙུག་ལག་ཕྲེང་བས་གསུངས་པ་བཞིན་གཉའ་ཁྲི་བཙན་པོས་དང་པོ་རྒྱལ་ཕྲན་བཅུ་གཉིས་དབང་དུ་བསྡུ་སྐབས། ཡར་ཀླུང་གཙང་པོའི་སྟོད་རྒྱུད་ཀྱི་ཉིན་ངོས་ཤངས་སུམ་པའི་ཡུལ་གྱི་རྒྱལ་པོའམ་བོན་པོའི་མངའ་ཁོངས་དང་། སྲིབ་ངོས་ཀྱི་སྣུབས་རྗེ་སྲིད་པ་བྱ་བ་སྟེ་དེང་སང་གི་རོང་རིན་སྤུངས་ཕྱོགས་ཀྱི་ཡུལ་འདི་དག་བཙན་པོས་ཐོག་མར་བདག་ཏུ་བཟུང་བ་ཙམ་ལ་གོ་དགོས་པ་ལས། སྐབས་དེར་སུམ་པའི་རྒྱལ་ཁམས་ཁ་ཚང་དང་སུམ་པའི་རྒྱལ་སྲིད་ཡོངས་རྫོགས་བཙན་པོའི་མངའ་ཁོངས་སུ་འདུས་པར་བཤད་པའི་དོན་གཏན་ནས་མ་ཡིན་པ་ཤེས་དགོས་སོ། ། འདི་དོན་དངོས་སུ་བོད་སུམ་འབྲེལ་མཚམས་ཀྱི་ཡུལ་བྱེ་བྲག་པ་ཤངས་སུམ་པ་ཞེས་པའི་ཕྱོགས་འདི་སྤུར་རྒྱལ་བཙན་པོ་དང་ཐོག་མར་འབྲེལ་གཏུག་བྱུང་རྗེས་མཐར་དེའི་ཡུལ་དང་ཡུལ་དཔོན་གཉིས་ཆར་བོད་རྗེ་གཉའ་ཁྲི་བཙན་པོས་རང་གི་ཆབ་འོག་ཏུ་བཅུག་པའི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཞིག་གནའ་བོའི་ཡིག་འབྲུར་ལུས་པ་ཙམ་ལས། སུམ་པའི་རྒྱལ་ཁབ་དང་རྒྱལ་པོ་ཆེན་པོ་དེ་བོད་འོག་ཏུ་ཚུད་པའི་ལོ་རྒྱུས་མིན་པ་འཆད་འགྱུར་ལས་དེ་བས་ཀྱང་ཤེས་སོ། །  
           (གཉིས།)སུམ་པ་བོད་བཙན་པོའི་མངའ་ཁོངས་སུ་དངོས་སུ་གྱུར་ཚུལ་སྐོར་བཤད་པ།
          དེ་ལྟར་སུམ་པ་དང་བོད་བཙན་པོ་གཉིས་ནི་བོད་རྗེ་གཉའ་ཁྲི་བཙན་པོ་ནས་སྟག་རི་གཉན་གཟིགས་ཡབ་སྲས་ཀྱི་བར་དུ་འབྲེལ་འདྲིས་ཆེ་ཚུལ་བོད་ཀྱི་ལོ་རྒྱུས་རྣམས་སུ་གསལ་ཏེ། 《ལྡེའུ་ཆོས་འབྱུང་རྒྱས་པ་》ཞེས་པའི་ནང་འདི་ལྟར་བཀོད་ཡོད་དེ། “ཁྲི་གཉན་གཟུང་བཙན་དང་། འབྲོ་བཟའ་དུར་ཡང་བཞེད་ཀྱི་སྲས། འབྲོ་གཉན་ལྡེ་རུ། དེས་དྭགས་པོའི་མཆིམས་བཟའ་ཀླུ་རྒྱལ་མཚོ་མོ་ཇོ་མོར་བླངས་པས། ཚེ་སྟོད་ལ་སྲས་མེད་ནས་སུམ་པའི་ཡུལ་དུ་བྱོན་ཏེ། སུམ་པའི་བོན་པོ་གཅིག་གི་ཆུང་མ་རྒྱ་མོ་ཆ་ལྕམ་བྱ་བ་དང་འགྲོགས་པས། སྲས་སུམ་རི་རིང་པོ་སྐུ་འཁྲུངས་སོ། །”① ཞེས་དང་། ཡང་རང་གི་སྲས་དམུས་ལོང་བྱུང་བར་ཞལ་ཆེམས་བཞག་པའི་ཚིག་ཏུའང་ཁྱོད་ལན་གཅིག་རྒྱུད་ཆད་ཉེན་ཡོད་པས། རྒྱུད་ཆད་པར་འདུག་ན་སུམ་པའི་ཡུལ་ན་ངའི་བུ་སུམ་རི་རིང་པོ་བྱ་བ་རྒྱ་མོ་ཆ་ལྕམ་ལ་བཙས་ནས་ཡོད་པས་དེ་སྤྱན་དྲོངས་ལ། སྐུ་གཅེན་ཡིན་པའི་རྫུས་ཐོབ་ལ་རྒྱལ་སར་ཆུག་ཅིག་ཅེས་པའི་ལོ་རྒྱུས་བཀོད་པ་སོགས་ང་ཚོས་མང་པོ་མཐོང་ལ། འདིར་བཤད་པའི་སུམ་བུ་ནི་སུམ་པའི་ཡུལ་ཏེ་གནའ་བོའི་ནགས་ཤོད་དེ་དེང་གི་འབྲི་རུ་ཕྱོགས་ལ་གོ་དགོས་པར་བསམས་ཤིང་། དེ་མ་གཏོགས་སུམ་པ་འདི་དང་ཕྱིས་ཀྱི་ཟིང་པོ་དང་འབྲེལ་བ་སྤུ་ཙམ་ཡང་མེད་པ་ཤེས་དགོས་ཏེ། དོན་དངོས་སུ་སུམ་པ་ཁ་ཚང་བོད་བཙན་པོའི་དབང་འོག་ཏུ་ཚུད་པ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཡིན་པ་བོད་ཀྱི་ལོ་རྒྱུས་དང་ཏུན་ཧོང་གི་ཡིག་རྙིང་བཅས་ཞལ་མཐུན་ཏེ། 《ལྡེའུ་ཆོས་འབྱུང་རྒྱས་པ་》དང་《མཁས་པའི་དགལསྟོན་》དུ། སྤྱིར་སུམ་པའི་སྟོང་སྡེའི་མིང་ནི་སྟོང་ཁྱབ་བརྒྱ་ལྡན་གྱི་སྟོང་སྡེ་ཞེས་བྱ་སྟེ། དེའི་ནང་ནས་སྟོང་སྡེ་བཅུ་གཅིག་སྲོང་བཙན་སྒམ་པོས་ཚུར་བཅད་དེ་ཞེས་སུམ་པ་བོད་བཙན་པོའི་ཆབ་འོག་ཏུ་བཅུག་ཚུལ་ཏུན་ཧོང་གི་ཡིག་ཆ་ལས་བློན་ཆེ་བགྱིས་པའི་རབས་ལ་ཞེས་པའི་ལེ་ཚན་དུ། “དེ་འྀ་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གིས་བྱས་སོ། ། བཙན་པོ་ཡབ་ཁྲི་སློན་བཙན། །དགུང་དུ་གཤེགས། །སྲས་ཁྲི་སྲོང་བརྩན་གྱི་རིང་ལ། །མྱང་མང་པོ་རྗེ་ཞང་སྣང་གྀས། །སུམ་ཡུལ་ཐམས་ཤད་[ཅད་]འབངས་སུ་དགུག་པར་བཀའ་སྩལ་ཏོ། །མྱང་མང་པོ་རྗེ་ཞང་སྣང་གོས། །འཛངས་ཀྱི་བློ་སྒྱུ་གཉྀས་ཀྱིས། །མྱྀ་རྟ་གཉིས་ཚེགས་མ་བྱུང་བར། །དཔྱའ་ཕབ་ལུག་རྟུག་སྒྱུ། །ལྕེ་ཐོར་ཏོ་ལ་བརྗོད་དེ་། །འབངས་གཉུག་མ་བཞིན་དུ་བཀུག་ལྟེ་འུང་ཙམ་མོ། །”① ཞེས་བཀོད་རྗེས་སྟོང་སྡེ་བཅུ་གཅིག་ཏུ་བགོས་ཚུལ་དང་སྟོང་སྡེའི་མིང་བཅས་གསལ་པོར་བཀོད་ཡོད་པ་གོང་དུ་སོང་བ་ལྟར་དང་། ཚུལ་དེ་ཏུན་ཧོང་ཡིག་རྙིང་དུའང་དེ་ལས་གསལ་པོར་བཀོད་ཡོད་དེ། “བཙན་པོ་སྲོང་བཙན་སྒམ་པོ་འི་རིང་ལ། །ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག་། །གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉྀ་དྭགས་པོ། །རྐོང་པོ། མྱང་པོ་ཀུན་ཀྱང་ལོག། །ཡབ་གནམ་རྀ་སློན་མཚན་དུག་བོན་ཏེ་བཀྲོངས་སོ། །སྲས་སྲོང་བརྩན་སྐུ་གཞོན་མ་ཕན་ཏེ། །གཟོད་མ་དཀུའ་བ་དང་། དུག་པ་རྣམས་རབས་བཆད་དོ། །དེ་འི་རྗེས་ལ། དེ་འི་མྱི་ལོག་ཀུན་འབངསུ་སླར་བཀུག་གོའ། །འུང་གྀ་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གྀས། སུམ་པ་མཐལདག་དམགིས་གདབ་མྱི་དགོས་པར། ལུག་རྟུག་གིས་སྒྱུ་ཕབ་སྟེ། ལྕེ་འི་ཐོར་ཐོ་ལ་བརྗོད་ནས། ཁྱྀམ་གྲངས་མ་ཤོར་པར་ཡོངས་ཀྱིས་འབངས་རྣལ་མར་བཀུག་གོ །”① ཞེས་གསལ་པོར་འབྱུང་ལ། ཏུན་ཧོང་གི་ཡིག་ཆར་ད་དུང་ཕྱིས་སུ་སྤྱི་ལོ་702པར་བཙན་པོ་ཁྲི་འདུས་སྲོང་སྐབས་སུམ་རུའི་མཁོས་ཀ་ཆེན་པོ་བྱ་བ་སུམ་པའི་ཤོ་ཚིགས་བཟུང་བའི་ལོ་དང་། དེ་ནས་སྤྱི་ལོ་759པར་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་གཟོད་སུམ་པའི་འབངས་ཕལ་པོ་ཆེ་ལ་ཡིག་ཚང་སྩལ་བ་བཅས་བཀོད་འདུག་པ་དེ་ཡིན། ཚུལ་དེ་བོད་ཀྱི་ལོ་རྒྱུས་རྣམས་སུ་སྲོང་བཙན་སྒམ་པོས་བོད་ཡུལ་རུ་ལྔར་བགོས་སྐབས་སུམ་པའི་རུ་སྟོང་སྡེ་བཅུ་གཅིག་ཏུ་ཕྱེས་ནས་རུ་དཔོན་ལ་ཧོར་བྱ་ཞུ་རིང་མོ་ཟེར་བ་བསྐོས་ཚུལ་དང་། བོད་ཡུལ་སྟོད་སྨད་བར་གསུམ་གྱི་དཔའ་སྡེ་བསྐོས་ལུགས་སོགས་ཀྱི་ལོ་རྒྱུས་རྣམས་རྒྱ་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོར་བྱང་ངེས་ཡིན་ལ། དེའི་ཐད་ཞིབ་འཇུག་གནང་འབྲས་ཀྱི་རྩོམ་ཡིག་ཀྱང་མང་ཞིང་ནང་དོན་བཀྲལ་བ་ཕལ་ཆེ་བ་གསལ་ཅིང་དག་པ་མང་པོ་ཞིག་ཡོད་པ་བཞིན་ན་ཁོ་བོས་འདིར་བསྐྱར་ཟློས་སུ་བརྗོད་པའི་ངལ་བ་བགྱི་མི་དགོས་པས་ཤེས་འདོད་དག་གིས་དཔེ་ཆ་གཞན་དག་ལ་གཟིགས་པར་བྱའོ། །  
          གསུམ་པ། སུམ་པ་དང་ཟིང་པོ་གཉིས་ཡུལ་ཐ་དད་ཡིན་པའི་སྐོར།  
          སྤྱིར་རང་རེའི་ལོ་རྒྱུས་ནང་སུམ་པ་དང་ཟིང་པོ་གཉིས་ཀྱི་ལོ་རྒྱུས་ནི་རྒྱལ་རབས་དང་རྗེ་བོའི་མིང་གི་ཡི་གེ་དང་གོ་དོན་ནས་ཡུལ་དུས་དང་གང་ཟག་བཅས་ཀྱི་ཐད་དུ་སོ་སོར་ཡོད་པས་བོད་ཀྱི་སྔ་མའི་མཁས་པ་སུས་ཀྱང་དེ་གཉིས་བསྲེས་ནས་བརྗོད་པ་གང་ཡང་མ་མཐོང་ལ། དེང་སང་གི་ལོ་རྒྱུས་སྨྲ་བར་སྤྲོ་བའི་ཁོ་བོ་འདྲ་བས་རྒྱ་ཡིག་ལུང་འདྲེན་ཁུལ་གྱིས་འཁྲུལ་བ་སྦས་པའི་གྲོག་རོང་དུ་ལྷུང་བ་འགའ་རེ་ཡོད་ཀྱང་ཕྱིས་སུ་དག་བཅོས་ཀྱིས་གྲོག་ཁར་བུད་ཡོད་མོད། འོན་ཀྱང་རྒྱའི་མཁས་པ་ཝང་ཀྲུང་གིས་ཐོག་མར་བོད་ཀྱི་ལོ་རྒྱུས་《སྲོང་བཙན་སྒམ་པོའི་ལོ་རྒྱུས་》སྐོར་འབྲི་སྐབས་དང་པོ་ཏུན་ཧོང་ཡིག་རྙིང་བེད་སྤྱོད་བཏང་ནས་སུམ་པ་དང་sum-pa(松巴)དང་ཟིང་པོ་zing-po(孙波)གཉིས་སྒྲ་འདྲ་བའི་རྐྱེན་གྱིས་ཐོག་མར་རྒྱ་ཡིག་ནང་བཀོད་པའི་སུའུ་ཕི་བྱ་བ་སྟེ་སུམ་པའི་ལོ་རྒྱུས་བརྗོད་འཕྲལ་དུ། ཏུན་ཧོང་ཡིག་རྙིང་ནང་གི་ཟིང་པོ་རྗེའི་ལོ་རྒྱུས་དྲངས་ཏེ་དེ་གཉིས་ཀྱི་བྱུང་བ་ཐམས་ཅད་གཅིག་ཏུ་བྱས་ནས་ལོ་རྒྱུས་བསྲེས་པར་བརྟེན། ཕྱིས་ཀྱི་མཁས་བླུན་ཚང་མས་དེ་ཚད་ལྡན་དུ་བཟུང་ནས་རྒྱ་ཡིག་ཏུ་བཀོད་པའི་བོད་ཀྱི་ལོ་རྒྱུས་ནང་ད་བར་དུ་དབྱེ་བ་མ་ཕྱེས་པར་བྲིས་ཡོད་པ་འདི་ཡིན། འོན་ཀྱང་བོད་ཀྱི་ཡིག་ཚང་རྣམས་སུ་རྒྱལ་ཕྲན་བཅུ་གཉིས་བགྲང་སྐབས་《མཁས་པའི་དགའ་སྟོན་》དུ་རྒྱལ་ཕྲན་ཟིང་པོ་ཨང་དྲུག་པ་དང་། དེ་བཞིན་ཏུན་ཧོང་ཡིག་རྙིང་དུའང་ཨང་དྲུག་པར་བཀོད་ཡོད་པ་ལྟར་དང་། ཡང་སུམ་པ་ནི་《ཆོས་འབྱུང་མཁས་པའི་དགའ་སྟོན་》དང་ཏུན་ཧོང་ཡིག་རྙིང་གཉིས་སུ་སུམ་པ་རྒྱལ་ཕྲན་བཅུ་གཉིས་ཀྱི་འཕྲོར་སྔ་མས་ཨང་བཅུ་དྲུག་པ་དང་ཕྱི་མས་ཨང་བཅུ་བདུན་པར་བཀོད་འདུག་པ་དང་། དེ་ལྟར་སུམ་པའི་རྒྱལ་བློན་ཀྱི་རིགས་རུས་ནི་སྔར་སོང་བ་ལྟར་རྗེ་བོའི་རུས་སྟོང་དང་བློན་པོ་ནི་རླང་ཀམ་གཉིས་ཡིན་པ་དང་། དེ་བཞིན་ཟིང་པོ་རྗེའི་བློན་གྱི་རིགས་རུས་ནི་《ལྡེའུ་ཆོས་འབྱུང་རྒྱས་པ་》རུ།  “ཡུལ་ངས་པོ་ཁྲ་སྣ་ན། རྒྱལ་པོ་གུང་ཁྲི་ཟིངས་པོ་རྗེ་ཁྲི་འབངས་གསུམ། བློན་པོ་འགར་དང་སྙན།”① ཞེས་བཀོད་ཡོད་པ་ལྟར་ཡིན་ལ། ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན་》དང་ཏུན་ཧོང་གི་ཡིག་ཆ་བཅས་སུའང་མགར་དང་གཉན་ཡིན་ཚུལ་གསལ་ལོ། །
          སྤྱིར་ཟིང་པོ་ནི་བོད་རྗེ་གཉའ་ཁྲིའི་སྐབས་རྒྱལ་ཕྲན་བཅུ་གཉིས་ཀྱི་གྲས་སུ་ཚུད་ཡོད་དེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “དེ་ཚེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། །མཐའ་མར་རྒྱལ་ཕྲན་བཞི་བཅུས་མངའ་དབང་བྱས། །......ངམ་ཤོད་ཁྲ་སྣར་ཟིངས་རྗེ་ཁྲི་འཕང་གསུམ་བློན་མགར་དང་གཉན། འོལ་ཕུ་སྤང་མཁར་དུ་ཟིང་རྗེ་ཐོན་ཕྲེང་བློན་པོ་རྔོག་དང་སྦས།”① ཞེས་བཀོད་པ་དེ་ཏུན་ཧོང་ཡིག་ཆར། “ཡུལ་ངས་པོའི་ཁྲ་སུམ་ན། རྗེ་དགུག་གྲྀའི་ཟིང་པོ་རྗེ། བློན་པོ་མགར་དང་མཉན་གཉིས། །......ཡུལ་འོ་ཡུལ་གྱི་སྤང་ཀར་ན། རྗེ་འོལ་རྗེའི་ཟིན་བྲང་ཚ། བློན་པོ་རྔོག་དང་དབའས་གཉིས། །”②ཞེས་མིང་གི་ཡི་གེ་ཙམ་ལས་ནང་དོན་འདྲ་འདྲ་འབྱུང་བ་ནི་ཟིང་པོ་རྗེའི་གནས་ཡུལ་དང་རྒྱལ་པོ་དང་བློན་པོའི་མིང་བཅས་གསལ་བ་འདི་ཡིན། 
          དེ་ལྟར་ཟིང་པོའི་རྗེ་འབངས་རྣམས་སྤུར་རྒྱལ་བཙན་པོའི་མངའ་འོག་ཏུ་བཅུག་ཚུལ་སྐོར་ཏུན་ཧོང་ཡིག་རྙིང་དུ། “འུང་ནས་འཛྀ་ཟུང་མ་རངས་སྟེ། ཟྀང་པོ་རྗེ་ཁྲི་པང་སུམ་ལ་ལྟས་ནས། ནག་པོ་འཁུས་ཏེ་སྐྱ་བོ་བསད། དྲེ་འུ་རྒལ་ཏེ་བསེའ་སྒ་བཆག་གོ། སྟག་སྐྱ་བོ་འི་ཡུལ། ཡུལ་ཡེལ་རབ་སྡེ་བཞི་དང་། ། ཀླུམ་ཡ་གསུམ་། ཟྀང་པོ་རྗེ་ཁྲི་པང་སུམ་གྱྀས། འདུས་སོའ། །”① ཞེས་དང་། ཡང་《ལྡེའུ་ཆོས་འབྱུང་རྒྱས་པའི་》ནང་དུ་བོད་ཀྱི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་དུས་སུ་ཟིངས་པོ་དང་འ་ཞ་བཙན་པོའི་དབང་འོག་ཏུ་བཅུག་པར་བཤད་དེ། “དེའི་སྐུ་དྲིན་ལ་འ་ཞ་རྗེ་དང་ཟིངས་པོ་རྗེ་ལ་སོགས་པ་རྒྱལ་པོའི་མངའ་འོག་ཏུ་མ་འདུས་པ་རྣམས་བཏུལ།” ②ཅེས་བཀོད་པ་དེ་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》རུ་“མཁར་པྱིང་བ་སྟག་རྩེ་ན་ནི་རྒྱལ་བུ་སྙ་གཟིགས་བཞུགས། ། ཉེན་ཀར་རྙིང་པ་ནི་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས།། སྤུར་བའི་ཡུ་སྣ་ན་ནི།། ཟིང་པོ་རྗེ་ཁྲི་པངས་སུམ་མཆིས། །”③ཞེས་སོགས་ཀྱིས་བཙན་པོ་སྟག་རི་གཉན་གཟིགས་དང་གནམ་རི་སྲོང་བཙན་གཉིས་གྱི་སྐུ་རིང་ལ་ཟིང་པོ་རྗེ་སྟག་སྐྱ་བོའི་བློན་པོ་མཉན་འཛི་ཟུང་དང་། ཟིང་པོ་རྗེ་ཁྲི་འབངས་སུམ་གྱི་བློན་པོ་མྱང་དབས་མནོན་གསུམ་གྱིས་ཟིང་པོ་རྗེ་སྟག་སྐྱ་བོ་དང་། ཟིང་པོ་རྗེ་ཁྲི་འབངས་སུམ་བྱ་བ་གཉིས་ཀྱི་སྲིད་བརླགས་ཏེ་སྤུར་རྒྱལ་བཙན་པོ་སྟག་རི་གཉན་གཟིགས་ལ་འབངས་སུ་ཕུལ་བའི་གོ་རིམ་དང་ཕྱིས་སུ་བཙན་པོའི་སྲས་གནམ་རུ་སྲོང་བཙན་གྱིས་དམག་དྲངས་ནས། “མཁར་ཡུ་སྣ་ནྀ་ཕབ་བོ། ། དགུ་གྲྀ་ཟིང་པོ་རྗེ་ནྀ་བརླག་གོ ། མང་པོ་རྗེ་སུམ་བུ་ནྀ་དྲུ་གུ་ཡུལ་དུ་བྲོས་སོ་། ཕགི་ཡུང་བ་སྣ་མན་ཆད། ། རྐོང་བྲེ་སྣར་ཡན་ཆད། ། བཙན་པོའི་པྱག་དུ་བོན་ཏོ། ། བཙན་པོ་ཁྲི་སློན་བཙན་གྱྀས། བཀའ་སྩལ་ཏེ། ཡུལ་ངས་པོ་ལས། ། འཕན་ཡུལ་དུ་མྱིང་སྤོས་སོ། །”①ཞེས་པའི་ལོ་རྒྱུས་དེ་ནི་རྒྱ་བོད་མཁས་པ་ཚང་མ་ལ་ཆ་རྒྱུས་ཡོད་པ་ལྟར་ཡིན་པས་འདིར་མང་པོ་མི་འདྲེན་ལ། སྒོས་སུ་དེའི་སྐོར་ལ་ཞིབ་འཇུག་པ་ཆེན་མོ་ལོ་རྒྱུས་སྨྲ་བ་པ་སངས་དབང་འདུས་ལགས་དང་ཆབ་མདོ་ཤེས་རབ་གཉིས་ཀྱིས་དཔྱད་པ་དོན་ལ་གནས་པ་གནང་འདུག་པ་བཞིན་དང་། དེ་མིན་ཕྱི་གླིང་གི་ཧྥ་རན་སིའི་རྒྱ་རིག་པའི་མཁས་པ་P.PelliOtསོགས་ཀྱིས་ཀྱང་སུམ་པ་དང་ཟིང་པོ་གཉིས་སོ་སོར་བཞེད་ལ། ཡང་ཤེས་རབ་ཀྱིས་ཟིང་པོ་རྗེའི་སྐོར་ལ་དོགས་གཞིར་སེམས་པ་ཙམ་ལས། སུམ་པ་དང་རྩ་བ་ནས་ནོར་འཁྲུལ་བྱུང་བ་ཧ་མ་གོ་བས་སུམ་པའི་ལོ་རྒྱུས་ཀྱི་འཕྲོར་ཟིང་པོ་རྗེའི་སྐོར་བསྣན་ནས་བརྗོད་འདུག་པ་ཕལ་ཆེར་དེང་སང་གི་མཁས་པའི་རྗེས་སུ་འབྲངས་ཁུལ་ཡིན་པས་ཅུང་ཟད་ཕངས་པའི་གནས་སོ། །
          སྤྱིར་ཟིང་པོ་རྗེ་ཁྲི་འབངས་སུམ་བྱ་བ་ནི་འཕན་པོའི་ཡུལ་དུ་ཡོད་ཚུལ་བོད་ཀྱི་དཔེ་རྙིང་《དབའ་བཞེད་》ལས། “ཟིང་པོའི་རྒྱལ་པོ་ཁྲི་འཕང་གསུམ་གྱིས་ལྷ་སྙིང་རྗེ་མེད་པའི་ཐང་ལྷ་ཡར་ལྷ་གསོལ། འཕན་ཡུལ་གྱི་ཨག་གཤེན་རྣམ་གཉིས་གནག་ལུག་དང་རྟ་ལ་སོགས་པ་དུད་འགྲོ་མང་པོ་ནི་བསད།......སྡིག་སྔ་མའི་སྟེང་ལ་ཕྱི་མ་མནན་ཏེ་འཁྲུལ་བའི་ཆོས་ལ་སྤྱད་པས་ཁོའི་བྲན་ཉང་སྦས་གནོན་དང་གསུམ། ཚེ་སྤོངས་འཕྲིན་དང་བཞི། མཁར་ཁུང་ལུང་རྒྱབ་བུ་སྣང་དང་ཆས་ནས་སྤུ་རྒྱལ་བོད་ཀྱི་མངའ་རིས་སུ་འདུས་པ་ལགས་ཏེ།” ②ཞེས་དང་། ཡང་བོད་ཀྱི་ཡིག་ཚང་《ཉང་ཆོས་འབྱུང་》སོགས་སུ་བོད་རྗེ་གཉའ་ཁྲིའི་སྐབས་བྱོན་པའི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ཁྲོད་དུ་ཟིངས་པ་བོན་པོ་ཞེས་པ་ནི་ཟིང་པོ་རྗེ་ལ་གོ་ཆོག་སྟེ། བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་བོན་ཤེས་པ་ཅན་ནམ་རྒྱལ་ཕྲན་བཅུ་གཉིས་ཞེས་ཀྱང་ཟེར་བས་ཟིང་པོ་ནི་གཉའ་ཁྲིའི་དུས་དབུས་ཕྱོགས་སུ་གནས་པའི་རྒྱལ་ཕྲན་ཞིག་ཏུ་གོ་ན་མ་གཏོགས་སུམ་པ་དང་སོ་སོར་ཡིན་པ་ཤེས་དགོས་ལ། བོད་རྒྱའི་མཁས་པ་ཚང་མར་ཆ་རྒྱུས་ཡོད་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཡི་དོན་སྙིང་ནི། གཅིག་ན་བོད་ཀྱི་བཙན་པོ་སྟག་རི་གཉན་གཟིགས་དང་གནམ་རུ་སྲོང་བཙན་ཡབ་སྲས་གཉིས་ཀྱི་རིང་གི་གནས་ཚུལ་ཡིན་པ་དང་། གཉིས་ན་བཙན་པོ་ཁོང་གཉིས་ཀྱིས་ཉེ་འཁོར་གྱི་རྒྱལ་ཕྲན་ཟིང་པོ་རྗེ་སྟག་སྐྱ་བོ་དང་ཟིང་པོ་རྗེ་ཁྲི་འབངས་སུམ་བྱ་བ་གཉིས་ཀྱི་ནང་ཁུལ་འགལ་བ་བེད་སྤྱད་དེ་སྲིད་བརླགས་པའི་ལོ་རྒྱུས་ཡིན་པ་དང་། གསུམ་ན་ཟིང་པོ་རྗེ་དེ་ཚོའི་གནས་ཡུལ་ནི་སྐྱིད་ཆུའི་རྒྱུད་ཀྱི་གཡས་གཡོན་ཏེ་དེང་གི་འཕན་པོ་ལྷུན་གྲུབ་རྫོང་དང་་སྟོད་ལུང་བདེ་ཆེན་རྫོང་། སྟག་རྩེ་རྫོང་། མལ་གྲོ་གུང་དཀར་རྫོང་བཞིའི་མངའ་ཁོངས་དང་དེ་དག་གི་ཉེ་འཁོར་ས་གནས་ཙམ་ཡིན་པ་ལས་གོང་དུ་སོང་བའི་བར་ཁམས་སུམ་པའི་ཡུལ་མིན་པ་གསལ་ཐག་ཆོད་སྙམ། དཔེར་ན་གནའ་བོའི་ས་མིང་དང་ཡུལ་མིང་མང་པོ་དེང་སང་བར་དུ་འཕན་ཡུལ་ཕྱོགས་སུ་ཁྲ་སྣ་དང་ཟིང་པོ་རྩེ་དང་སྟག་མགོའི་ཟིང་པོ་ལྟ་བུ་ཁོ་བོ་ཆེད་དུ་ཡུལ་ཕྱོགས་དེར་སོང་སྐབས་སྟོན་རྒྱུ་ཡོད་པ་དང་། ཉེན་ཀར་ནི་སྟོད་ལུང་བདེ་ཆེན་ཁོངས་ཀྱི་བྱང་ངོས་ལུང་པའི་ཕུར་ཉེན་ཟེར་བའི་ལུང་པ་ཡོད་པར་ལ་ཞིག་བརྒྱབ་ན་འཕན་ཡུལ་དུ་སླེབ་ཟེར་བ་དང་། ཟིང་པོ་སྟག་སྐྱ་བོ་ནི་ཕལ་ཆེར་འོལ་ཁའི་ཕུར་ཡོད་པར་ལ་ཞིག་བརྒྱབ་ན་མལ་གྲོ་དང་ཀོང་པོ་རྒྱ་མདར་སླེབས་པ་ཡོད་ཅེས་ཐོས་ལ། ཡེལ་རབ་སྡེ་བཞི་དང་ཀླུང་ཡ་གསུམ་ནི་དེང་སང་གི་འབྲི་གུང་ཆུ་མཛོད་ཡོད་སའི་ལུང་པའི་མདོར་ཞྭ་ལྷ་ཁང་གི་གནས་ལ་བོད་ཀྱི་ལོ་རྒྱུས་རྣམས་སུ་ཞྭའི་ཀླུང་ཤོད་ཟེར་བས་དེ་ཕྱོགས་ཡིན་པ་ཤེས་ལ། ཡང་འདིའི་ཐད་དུ་མཁས་པ་ལ་ལས་མཁར་སྤུར་བའམ་སྔུར་བ་ཡོད་ས་ཡུལ་གྲུ་གཞན་དང་། ཡང་ཁྲི་འབངས་སུམ་གྱི་མིང་སུམ་བུ་ཟེར་བ་ལ་སུམ་པའི་བུ་ལྟ་བུར་གོ་བ་ལེན་མཁན་སོགས་ཡོད་ནའང་། ཏུན་ཧོང་ཡིག་རྙིང་གི་མ་ཕྱི་ངོ་མ་དང་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་དང་བསྡུར་ཏེ་ལེགས་པར་དཔྱོད་དང་རིག་པ་གླེན་པ་འདྲ་མིན་ན་གོ་བ་མི་ལོན་རྒྱུ་ཆེར་མེད་སྙམ་མོ། །  
          མདོར་ན་དོན་དངོས་ནི་བོད་བཙན་པོ་སྟག་རི་གཉན་གཟིགས་ཀྱི་རིང་ནས་སྤུར་རྒྱལ་བཙན་པོའི་སྲིད་དབང་དང་མངའ་ཐང་ལྷོ་ཁ་ནས་ཤར་དུ་རྒྱ་བསྐྱེད་དེ་དབུས་ཀྱི་རྒྱལ་ཕྲན་ཆུང་བ་ཟིང་པོ་རྗེ་ཁྲི་འབངས་སུམ་དང་ཟིང་པོ་རྗེ་སྟག་སྐྱ་བོ་ལྟ་བུ་རིམ་གྱིས་མངའ་འོག་ཏུ་བཅུག་ནས། ཕག་གི་ཡུང་བ་སྣ་མན་ཆད་དང་། རྐོང་ཡུལ་བྲེ་སྣར་ཡན་ཆད་སྤུར་རྒྱལ་བཙན་པོའི་ཕྱག་ཏུ་ལོན་ནས་བཙན་པོ་གནམ་རུ་སྲོང་བཙན་སྐབས་རྒྱལ་ས་ལྷོཁ་ནས་དེང་སང་གི་མལ་གྲོ་གུང་དཀར་རྫོང་དུ་སྤོས་པས། ཕྱིས་སུ་ཕོ་བྲང་བྱམས་པ་མི་འགྱུར་བྱ་བ་བཞེངས་ནས་གཟོད་རྒྱལ་ས་དབུས་སུ་བརྟན་གཞི་ཆགས་པས་རྒྱལ་པོ་སྲོང་བཙན་སྒམ་པོ་ཡང་དེ་ནས་འཁྲུངས་པ་དེང་སང་བར་དུ་གྲག་བཞིན་ཡོད་པ་སོགས་གོང་འོག་ལོ་རྒྱུས་རྣམས་ངོ་འཕྲོད་ལ་ལྷུ་འགྲིག་པ་ལགས་སོ།  
          བཞི་པ། བོད་རུ་ལྔའི་སུམ་པའི་དམག་ལི་ཡུལ་དུ་སླེབས་ཚུལ་སྐོར།
          དེ་ལྟར་སུམ་པ་དང་ཟིང་པོའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་དང་སོ་སོའི་ལོ་རྒྱུས་རགས་ཙམ་སོང་རྗེས། ད་ནི་བོད་རུ་ལྔའི་ཁོངས་ནས་སུམ་པའི་དམག་བྱང་ལི་ཡུལ་དུ་སླེབས་པའི་གནས་ཚུལ་ཅུད་ཟད་བརྗོད་ན། སྤྱིར་ལི་ཡུལ་ནི་བོད་ཀྱི་བྱང་མཐའ་སྟོད་མངའ་རིས་དང་གནའ་བོའི་སུམ་པའི་བྱང་མཐའ་དེང་སང་བྱང་ཐང་དུ་འབོད་པ་དང་འདབས་འདྲེས་ནས་ཡོད་པ་ཡིན་ལ། ལི་ཡུལ་ནི་སངས་རྒྱས་ཆོས་ལུགས་དར་སྔ་བའི་ས་གནས་ཤིག་ཡིན་སྟབས། སྲོང་བཙན་སྒམ་པོའི་རིང་ལི་ཡུལ་གྱི་བན་དེ་བོད་དུ་ཡོང་བའི་ལོ་རྒྱུས་རང་རེའི་ཡིག་ཚང་རྣམས་སུ་འབྱུང་ལ། ནང་སྒོས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་ནས་བོད་བཙན་པོའི་མངའ་ཐང་མཐའ་བཞིར་རྒྱ་བསྐྱེད་པའི་དུས་སུ། ལི་ཡུལ་ཡང་བོད་བཙན་པོའི་དབང་འོག་ཏུ་ཚུད་ནས་ལོ་ངོ་མང་པོ་སོང་བའི་གནས་ཚུལ་རྒྱའི་ཡི་གེ་དང་ཏུན་ཧོང་གི་ཡིག་རྙིང་བཅས་སུ་གསལ་ཏེ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》རུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་བརྗོད་སྐབས། “རྒྱལ་པོ་འདྀ་འྀ་རིང་ལ་། འབྲོ་ཁྲི་གཟུའ་རམ་ཤགས་ཀྱིས། སྟོད་ཕྱོགས་སུ་དྲངསྟེ། ལྀ་འབངས་སུ་བཀུག་ནས་དཔྱའ་ཕབ་བོ། །”① ཞེས་མདོར་བསྡུས་སུ་བཀོད་ཅིང་། རྒྱའི་《ཐང་ཡིག་གསར་མའི་》ནང་དུ་“ཞན་ཧིན་ཁྲི་ལོ་དང་པོར། བྷོད་དམག་སླེབས་ཏེ་ཀྲིག་བཅོ་བརྒྱད་བཅོམ། བྷོད་པས་ལི་ཡུལ་པ་རྣམས་གྲོགས་སུ་བསྡེབས་ནས་ཆིག་ཚི་གྲོང་ཁྱེར་གྱི་པོ་ཧན་མཁར་ཡང་དབང་དུ་བསྡུས། དེ་ནས་ཨན་ཞི་སྡེ་བཞི་ལྷོད་ལ་ཤོར།” ②ཅེས་བཀོད་ཡོད་པ་ལྟ་བུ་རྒྱའི་ལོ་རྒྱུས་ནང་དེའི་སྐབས་ཀྱི་གནས་ཚུལ་བོད་ཡིག་ལས་ཀྱང་མང་ལ་གསལ་པོར་འབྱུང་བ་ལྟར་རོ །  
          གཞན་བསྟན་བཅོས་སུ་འདོད་པ་བོད་ཀྱི་བསྟན་འགྱུར་ཁྲོད་དུ་བཞུགས་པའི་《ལི་ཡུལ་ལུང་བསྟན་》དང་།《གླང་རུ་ལུང་བསྟན།》 《ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་》བཅས་སུ་བོད་གདོང་དམར་ཅན་དང་སུམ་པའི་དམག་ལི་ཡུལ་དུ་འོང་ཚུལ་སྐོར་ལུང་བསྟན་གྱི་ཚུལ་དུ་གསུངས་པ་མདོ་དེ་དག་ཏུ་མང་པོར་བཀོད་འདུག་པ་དང་། ཚུལ་དེ་དྲན་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་“བོད་དང་སུམ་པ་རྣམས་ཀྱིས་ཡུལ་དེ་འཛིན་པར་ལུང་བསྟན་པ་ཡང་། སྲོང་བཙན་གྱི་རྗེས་ཙམ་ནས་ལི་དེ་བོད་ཀྱི་ཆབ་འོག་ཏུ་ཆུག་སྟེ་མཐོང་ཁྱབ་ཁྲི་སྡེ་ལྔ་བྱ་བ་བཙུགས་ཤིང་། ད་ལྟའི་བར་བོད་ཀྱི་དམག་མཁར་ཞིག་རོ་མང་དུ་ལུས་པ་དག་ལས། རྒྱ་བོད་ཀྱི་གླེགས་བམ་ཕོན་ཆེན་པོ་དང་། སྐུ་བརྙན་རྣམས་ད་དུང་ཡང་བྱེ་མ་ནས་རྙེད་ཟེར་ཞིང་། རྒྱ་གར་རྒྱ་ལ་སར་སླེབས་པ་དག་ཁོ་བོས་ཀྱང་མཐོང་།”①ཞེས་གསུངས་པ་བཞིན་ཏུན་ཧོང་གི་ཡིག་རྙིང་དང་ལི་ཡུལ་གྱི་ཁྲམ་ཤིང་མ་ཟད། རྒྱའི་ཡིག་ཚང་ནང་དུའང་དེ་ལས་རྒྱས་པ་ཡོད་པ་མཁས་པ་ཚང་མར་ཆ་རྒྱུས་ཡོད་པ་ལྟར་ཡིན་ལ། ནང་སྒོས་སུ་བོད་བཙན་པོའི་དཔུང་ལི་ཡུལ་དུ་དྲངས་ནས་ལི་ཡུལ་དང་ཉེ་འཁོར་ཡུལ་ཁམས་མང་པོ་བདག་ཏུ་བཟུང་ནས་བདེ་བློན་གྱི་ཁམས་ཆེན་པོ་དང་། དམག་སྲིད་ལས་ཁུངས་མཐོང་ཁྱབ་ཁྲི་སྡེ་ལྔ་དང་རྫོང་སོགས་བཙུགས་ནས། སྔ་ཕྱིར་ལོ་ངོ་བདུན་ཅུ་ལྷག་ལ་དབང་བསྒྱུར་བའི་ལོ་རྒྱུས་རྣམས་རྒྱལ་ནང་གི་མཁས་པ་རྣམས་དང་། ཐ་ན་འཇར་པན་གྱི་བོད་རིག་པའི་མཁས་པ་རྣམ་པས་ཀྱང་ཞིབ་འཇུག་ནན་མོ་གནང་ཡོད་པས་ཁོ་བོས་འདིར་བསྐྱར་ཟློས་ཀྱི་ངལ་བ་བགྱི་མི་དགོས་ལ། ཤེས་དགོས་པ་ཞིག་ནི་སྐབས་དེར་ལི་ཡུལ་དུ་འོངས་པའི་བོད་བཙན་པོའི་དམག་དཔུང་གཙོ་བོ་ནི། སུམ་པ་དང་འ་ཞའི་དམག་ཡིན་པས་གོང་གི་ལུང་བསྟན་ནམ་དངོས་བསྟན་ལོ་རྒྱུས་དེ་བྱུང་བ་ཡིན་ལ། དེ་མིན་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་ལི་ཡུལ་དང་དེའི་སྐོར་གྱི་ལོ་རྒྱུས་ཡི་གེར་བཀོད་པ་དེ་འདྲ་མང་པོ་མཐོང་རྒྱུ་མེད་པར་མ་ཟད། ཐ་ན་བོད་ཀྱི་མཁས་པ་སྔ་རབས་རྣམས་ལི་ཡུལ་ཕྱོགས་གང་དུ་ཡོད་མེད་ཐད་ལའང་གསུང་ཚུལ་མི་མཐུན་པ་བྱུང་ཡོད་ཚུལ་སྐོར་སོགས་ཁོ་བོས་སྔར་གླེངས་①ཟིན་པ་ལྟར་དང་། ཡང་རང་རེའི་སྔོན་བྱོན་མཁས་པ་རྣམ་པས་བསྟན་པའི་ལ་རྒྱ་གཅིག་པུ་མ་གཏོགས་དམག་སྲིད་ཀྱི་འཇིག་རྟེན་ལོ་རྒྱུས་འདི་འདྲ་བ་ལ་ཐུགས་མཉམ་ཞིབ་པར་འཇོག་མི་སྲིད་ལ་བཞག་ཀྱང་མི་འདུག་གོ།  
          འདིར་གོང་དུ་བཤད་པའི་ལུང་བསྟན་དེ་རྣམས་ལས་མ་ཚོན་ཙམ་ཞིག་དྲངས་ནས་དཔྱད་གཞིར་བཟུང་ན། 《ལི་ཡུལ་ལུང་བསྟན་》དུ། “ནམ་ཞིག་ན་སུམ་པ་རྣམས་དེར་འོང་བ་དང་། གདོང་དམར་གྱིས་ཡུལ་འཛིན་པར་འགྱུར་བའི་དུས་འོང་བར་འགྱུར་ཏེ།” ཞེས་དང་། ཡང་“དེའི་ཚེ་གདོང་དམར་དེ་དག་དང་པོ་ལ་ལི་ཡུལ་དུ་འགྲོ་བར་རྩོམ་པར་འགྱུར་རོ། ། དེ་ནས་ལོ་གསུམ་པའི་ཚེ་འགྲོ་ནུས་པར་འགྱུར་རོ། །” ཞེས་དང་། ཡང་“དེ་ནས་གདོང་དམར་རྣམས་རང་གི་ཡུལ་ནས་འཕགས་ཏེ་སྟོན་ཟླ་ར་བ་ལ་ལི་ཡུལ་དུ་འགྲོ་བར་ཆས་སོ། །” ཞེས་དང་། “གང་གི་ཚེ་སུམ་པ་དང་། འ་ཞ་དག་དེར་དོང་བ་དང་། གང་གི་ཚེ་ཡུལ་དེར་འ་ཞ་དང་སུམ་པ་འོང་བ་དེའི་ཚེ་བདག་འཆི་བའི་དུས་སུ། །”ཞེས་པ་སོགས་དང་། ཡང་《ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་》ལས།“གང་གི་ཚེ་ལི་ཡུལ་དུ་ཐོག་མར་སུམ་པ་འོངས་པ་དེའི་ཚེ་ལྷ་མོ་འདི་ལྷ་མོའི་ནང་ནས་ཤི་འཕོས་ནས་སྐར་རྡོའི་རྒྱལ་པོའི་བུ་མོར་འགྱུར་རོ། ། གང་གི་ཚེ་འ་ཞ་དང་སུམ་པ་འོང་བའི་དུས་ལ་བབ་པ་དེའི་ཚེ”ཞེས་དང་། ཡང་“གང་གི་ཚེ་གདོང་དམར་རྣམས་ཀྱིས་ལི་ཡུལ་བྲན་དུ་འགྱུར་བའི་དུས་ལ་བབ་པ་ན།”ཞེས་དང་། ཡང་“ལི་ཡུལ་དང་། ཤུ་སིག་དང་། འན་སེ་འདི་གསུམ་ན་སངས་རྒྱས་ཀྱི......ཡུལ་འདི་གསུམ་དུ་རྒྱ་དང་། གདོང་དམར་དང་། སོ་བྱི་དང་། དྲུག་གུ་དང་། ཙོར་ལ་སོགས་པ་དགྲ་ཕལ་ཆེར་གཡོས་ནས་རྩོད་ཅིང་འཁྲུག་པར་འོང་སྟེ།”ཞེས་དང་། ཡང་“གང་གི་ཚེ་ལི་ཡུལ་དུ་སུམ་པའམ། གདོང་དམར་རྣམས་འོང་བར་འགྱུར་བ་དེའི་ཚེ་བདག་སྐར་རྡོའི་ཡུལ་གྱི་རྒྱ་ལ་པོར་གྱུར་ཏེ། ལྷ་མོ་དྲི་མ་མེད་པའི་འོད་དེའི་མིང་པོར་གྱུར།”ཅེས་དང་། ཡང་“དེ་ཡུལ་ཚེ་ན་དྲི་མེད་འོད། ། ལྷ་མོས་སྨོན་ལམ་འདི་སྐད་བཏབ། ། གང་ཚེ་ཡུལ་གྱི་དང་པོ་འདིར། ། སུམ་པ་མང་པོ་འོང་བ་དང་། ། གང་ཚེ་ཡུལ་འདིར་རྒྱ་དང་ནི། ། འ་ཞ་དང་ནི་སུམ་པ་རྣམས། ། འཕགས་སྐྱེས་པོ་ཡི་དམག་བཞིན་དུ། ། ཡུལ་དེར་འོང་བར་གྱུར་པ་ན། ། དེ་ཚེ་ཡུལ་འདིར་སྐྱེ་བོའི་ཕྱིར། ། བདག་གིས་སྐྱེས་པ་བླང་བར་བགྱི། ། བདག་གིས་སྐྱེ་བ་དེར་བླངས་པས། ། སུམ་པ་ལ་སོགས་ལྡོག་གྱུར་ཅིག །”ཅེས་སོགས་བཀོད་པ་མང་ལ། ཡང་《གླང་རུ་ལུང་བསྟན་》དུ། “མ་འོངས་པའི་དུས་ན་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་ཡུལ་འདིར་སུམ་པ་རྣམས་དང་བོད་རྣམས་འོང་བར་འགྱུར་གྱིས་དེའི་ཚེ་མདོ་འདི་ལྷོགས་ཤིག་དང་།”ཞེས་བཀོད་ཅིང་། ཡང་“མ་འོངས་པ་རྩོད་པའི་དུས་ན་ཡུལ་འདི་གཞོམ་པའི་ཕྱིར་སུམ་པའི་དམག་ཕལ་མོ་ཆེ་དང་། གྲུ་གུ་རུས་སྣ་ཚོགས་དང་། ཧོར་དང་། གཞན་ཡང་དད་པ་མེད་པ་དག་འོང་བར་འགྱུར་ཏེ།”ཞེས་དང་། ཡང་“གལ་ཏེ་ཡུལ་འདིར་གྲུ་གུ་ལ་སོགས་པ་གཏུམ་པོ་དད་པ་མ་མཆིས་པ་རྣམས་དང་། ཧོར་དང་། སུམ་པའི་དམག་དག་མཆི་བར་འགྱུར་ན། དེ་དག་ཕན་ཚུན་ནང་འཁྲུག་འབྱུང་བ་དང་། དེ་དག་གི་འཁོར་ནང་མི་མཐུན་པར་འགྱུར་བ་དང་། འགུམ་པར་འགྱུར་བར་བགྱིའོ། །” ① ཞེས་སོགས་ལུང་བསྟན་ཡིག་ཆའི་ནང་མ་འོངས་པའི་ཚིག་འོང་བར་འགྱུར་དང་འབྱུང་མཆིའམ་བགྱི་སོགས་མང་པོ་བྲིས་ཡོད་ཀྱང་། དོན་དངོས་སུ་གནས་ཚུལ་དེ་དག་ཕལ་ཆེར་བྱུང་ཟིན་པའི་སྐབས་དེའི་ལོ་རྒྱུས་སུ་གྱུར་པ་ཁོ་ནའི་དངོས་བསྟན་ཡིན་པ་ལས་མ་འོངས་ལུང་བསྟན་ཧ་ལམ་མིན་པ་འདྲ་ཆེ་སྙམ་པས། ཡང་མཐའ་གཅིག་ན་ལུང་བསྟན་རྣམས་གསང་བ་ལྐོག་གྱུར་གྱི་མདོ་གཞུང་ངོ་མ་ཡིན་པས་ཁོ་བོ་འདྲ་ཆོས་ཀྱི་མིག་ལྡོངས་པ་དག་གི་སྤྱོད་ཡུལ་མ་ཡིན་པའང་སྲིད་པས་ཉེས་ཚིག་འདྲ་ཤོར་བ་ཡིན་ན་མཐོལ་ལོ་བཤགས་སོ། །  
          དེ་མིན་ལི་ཡུལ་དུ་སུམ་པའི་དམག་ཡོད་པ་དང་དེ་མ་ཟད་སུམ་པའི་ས་མིང་ཡུལ་མིང་དཔེར་ན་རྒོད་ཚང་དང་ནགས་ཤོད། ཡང་ན་ཉེན་དཀར་ལྟ་བུ་སུམ་པ་དང་བོད་དབུས་ཀྱི་ཡུལ་མིང་བྱུང་བ་ཙམ་གྱིས་སུམ་པའི་ཡུལ་ལི་ཡུལ་དུ་ཡོད་པ་དང་ཡང་ན་ལི་ཡུལ་ནས་སུམ་པ་བྱུང་བས་དེ་བས་ཀྱང་མ་ཁྱབ་པས་མཁས་པ་རྣམ་པས་ཞིབ་ཏུ་དཔྱད་པར་རིགས་སོ། །  
          གཞན་ཡང་བོད་ཀྱི་མདོ་སྨད་ཀྱི་ཁྲི་ཀ་དང་དཔའ་རིས་ཕྱོགས་སུ་སྡེ་མིང་དང་ཡུལ་མིང་ལ་སུམ་པ་ཐོགས་པ་དང་། ཡང་ན་ཁོ་བོའི་སྐྱེ་བླ་ཤར་ཕྱོགས་གཉན་དཀར་རི་བོ་ཆེའི་རྒྱབ་ཏུ་སུམ་པའི་རི་ཁྲོད་དང་། དེའི་བདག་འཛིན་དུ་སུམ་པ་ཨ་ལགས་ཟེར་བ་ལྟ་བུ་ཡུལ་གྲུ་འགའ་རེར་བླ་སྤྲུལ་དང་དགོན་པ་དང་རི་ཁྲོད་ཀྱི་མིང་ལ་སུམ་པ་ཐོགས་པ་ཡོད་ལ། དེ་ནི་《རྒྱལ་པོའི་བཀའ་ཡི་ཐང་ཡིག་》ལས། “མོན་བོད་མཚམས་ཀྱི་སྟོང་སྡེ་བཞི་རྣམས་ནི། ། མདོ་ཁམས་སྨད་ཀྱི་སྟོང་སྡེ་རུ་པ་རྣམས། ། བཀའ་ལ་བཏགས་ནས་ལ་སྟོད་ལུང་པར་བཞག ། རྒྱ་བོད་མཚམས་ཀྱི་སྟོང་སྡེའི་སོ་སྲུང་རྣམས། ། སུམ་པའི་མི་སྡེ་བཀའ་ལ་བཏགས་ནས་ནི། ། མི་ཉག་ཡུལ་དུ་སོ་མཚམས་གཉེར་ལ་བསྐོས། །”① ཞེས་གསལ་པོར་བཀོད་པ་བཞིན་བོད་བཙན་པོའི་སྐབས་སྟོད་ཀྱི་མི་སྡེ་སྨད་ལ་མངགས་པ་དང་། སྨད་ཀྱི་མི་སྡེ་སྟོད་དུ་འཕོས་པའི་ལོ་རྒྱུས་ཤིན་ཏུ་མང་བས། མདོ་སྨད་ཀྱི་སུམ་པ་ནི་བར་ཁམས་ནས་མདོ་སྨད་དུ་སོ་སྲུང་ལ་ཡོང་བ་དགེ་ཆོས་ཀྱིས་“སུམ་ལྷ་དེ་སྔར་བོད་ཁོངས་ཀྱི་རྒྱལ་ཕྲན་ཞིག་གི་ས་ཡིན་པ་ལ། ཁོང་ཚོའི་རིགས་དེ་དེང་སང་ཨ་མདོའི་ཁྲོད་དུ་འདྲེས་ནས་ཡོད།”① ཅེས་གསུངས་པ་བཞིན་རིགས་དེ་མདོ་སྨད་སྡེ་ཁྲོད་དུ་འདྲེས་པ་ལས་སུམ་པའི་མིང་མ་ཉམས་པར་ད་བར་དུ་བཟུང་ཡོད་པ་ཙམ་ཡིན་པ་ཤེས་དགོས་ལ། ཚུལ་དེ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རང་རྣམ་དུའང་། “སུམ་པ་ཞེས་བོད་ཀྱིས་བཏགས་པའི་མིང་ཡིན་ཀྱང་རུས་དངོས་ནི་བེའི་ཀྱ་ཞེས་རྒྱ་ལ་གྲགས་ཟེར་ན་ཡང་། རུས་ནི་བོད་ཀྱི་རུས་ཆེན་བཅོ་བརྒྱད་ཀྱི་ནང་གི་སུམ་པ་ཡིན་ཤས་ཆེ་སྟེ། ཕྱོགས་འདིའི་ཁྱུང་ཚ་དང་མར་ཚང་སོགས་ཀྱང་བོད་དབུས་ནས་ཆད་དེ་འོང་བ་ལྟར་རོ། །” ②ཞེས་བཀོད་པ་ལས་ཀྱང་གསལ་པོར་ཤེས་ལ། དེ་མིན་བསྟན་པ་སྔ་དར་སྐབས་ཀྱི་སུམ་པ་རླངས་དཔལ་གྱི་སེང་གེ་དང་། ཕྱི་དར་སྐབས་སུ་སུམ་པའི་མིང་རུས་ཅན་གྱི་མཁས་པ་མང་པོ་བོད་མདོ་དབུས་ཀུན་ཏུ་བྱོན་ཡོད་པ་ནི། བོད་མི་རྣམས་སྟོད་སྨད་ཕར་ཚུར་འདྲེས་ཆེ་བའི་དབང་གིས་སུམ་པའི་མིང་བོད་ཡུལ་གང་སར་ཁྱབ་སོང་བ་ཡིན་པ་མ་གཏོགས། དབུས་སུ་སུམ་པའི་མཁས་པ་བྱོན་པ་ཙམ་གྱིས་དབུས་ཕྱོགས་ནི་སུམ་པའི་ཡུལ་ཡིན་པའི་སྒྲུབ་བྱེད་དུ་མི་འགྲོ་བ་ཤེས་དགོས་སོ། །  
          གཞན་ཡང་རྒྱ་ཡིག་ནང་བཀོད་པའི་སྟོང་སུམ་པ་བྱ་བའི་སྟོང་(东)གི་སྒྲ་དེ་ཤར་ལ་གོ་བ་བླངས་ན་སུམ་པའི་ཡུལ་ཤར་ཕྱོགས་སུ་ཡོད་པར་འགྲོ་བས་མི་འགྲིག་སྟེ། གལ་ཏེ་དེ་འདྲ་ཞིག་ཡོད་པ་ཡིན་ན་ཕལ་ཆེར་སྟོང་སུམ་པའི་མངའ་ཁོངས་སུ་རྒྱལ་ཕྲན་ཆུང་བ་མང་བས་སྐབས་དེར་བུད་མེད་རྒྱལ་ཁབ་ཅིག་ཀྱང་ཡོད་སྲིད་ལ། དེའི་དུས་སུ་རྒྱའི་མཐོང་ཐོས་བྱུང་མཁན་ཚོས་ཡི་གེའི་ནང་སྟོང་ལ་(东)ཞེས་སྒྲ་དེ་ལྟར་བཀོད་སོང་བ་མ་གཏོགས། མཐའ་གཅིག་ཏུ་ཤར་དང་བུད་མེད་རྒྱལ་ཁབ་ཡོད་ཚད་ཤར་རྒྱལ་རོང་ཕྱོགས་ཡིན་པའི་ངེས་པ་དེ་ལས་ཀྱང་མེད་ལ། རྒྱལ་རོང་ནི་རྒྱ་ཡིག་ནང་(嘉娘夷)ཞེས་བཀོད་ཡོད་ལ། བོད་རང་གིས་རྒྱལ་རོང་གི་རུས་ནི་ཡོངས་གྲགས་སུ་སྦྲའམ་དབྲ་ཡིན་པ་དང་ཁོང་ཚོ་མ་གཞི་སྔར་ནས་ཡུལ་དེར་གཏན་སྡོད་ཡོད་པ་དང་། དུས་ཕྱིས་སུ་བོད་བཙན་པོའི་སྐབས་སྟོད་མངའ་རིས་ནས་བོད་དབུས་གཙང་དང་དྭགས་ཀོང་ཕྱོགས་ནས་འོངས་པའི་དམག་མིའི་རྒྱུད་པ་དང་འདྲེས་པའི་དབང་གིས་སྐད་དང་གོམས་སྲོལ་བོད་དབུས་ཀྱི་ཁྱད་ཆོས་ཡོད་པའི་སྐོར་སོགས་ད་བར་དུ་མིག་མཐོང་ལག་ཟིན་ཡོད་པ་བོད་ཡིག་ལོ་རྒྱུས་རྣམས་སུ་གསལ་བས་མཁས་པ་རྣམ་པས་དཔྱད་པར་འཚལ་ལོ། །      
          ལྔ་པ། སུམ་པའི་ཆོས་ལུགས་དང་གོམས་སྲོལ་སྐོར།  
          དེ་ཡང་སུམ་པ་ནི་བོད་གདོད་མའི་རུས་རྒྱུད་ཚོ་པའམ་རྒྱལ་ཕྲན་ཆེན་པོ་སྟོད་ཞང་ཞུང་དང་བར་སྤུར་རྒྱལ་དང་འདྲ་བའི་ཆོས་དང་ཤེས་རིག་དར་སྔ་བའི་ཡུལ་ཁམས་ཤིག་ཡིན་ལ། སྒོས་སུ་བོད་བྱང་ཤར་གྱི་ཡུལ་ཁམས་སུ་གནས་སྟབས་བོད་དབུས་ལས་གནའ་བོའི་ཚོ་པ་དང་གོམས་གཤིས་ཐུན་མོང་མ་ཡིན་པ་ཡོད། དཔེར་ན་ཆོས་ལུགས་ཐད་བོན་ལུགས་གཙོ་བོར་བྱེད་དེ། 《ལྡེའུ་ཆོས་འབྱུང་》དུ་སྲོང་བཙན་སྒམ་པོའི་བཙུན་མོ་རྣམས་ཀྱིས་ལྷ་ཁང་བཞེངས་པའི་ཚུལ་བརྗོད་སྐབས། “ཞང་ཞུང་བཟའ་ལི་ཐིག་སྨན་གྱིས་ཐེམ་བུ་བཀོག་པའི་ལྷ་ཁང་བཞེངས། དེའི་ཚེ་སུམ་པ་ཀི་ཀང་རྡོས་ངན་སྔགས་ཀྱིས་ཤིག་ལིང་ཕྱ་ར་ཙམ་བཏང་བས་ཤིག་ཕུག་རོན་ཙམ་བྱུང་བ་རྒྱལ་པོའི་མཐུས་མ་ཚུགས་སྐད།”①ཅེས་དང་། ཡང་《རྒྱལ་རབས་བོན་གྱི་འབྱུང་གནས་》ཞེས་པར་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་བཙུན་མོ་ཚེ་སྤོང་བཟའ་བོན་ལ་མོས་པས་བཙན་པོས་མོར་མཐོང་ཆེན་མ་གནང་ཚུལ་བརྗོད་སྐབས། “དེ་ལ་སྙིང་ན་ནས་ཚེ་སྤོང་བཟས་གསང་ཐུབ་པའི་བློན་པོ་གཉིས་མངགས་ཏེ། བྱང་ཕྱོགས་རྟ་ཕོའི་ཉིན་ལམ་བདུན་གྱི་ས་ནས་སུམ་པའི་བོན་པོ་སྟག་བར་རྒྱ་ཚབ་བྱ་བ། རྐང་མགྱོགས་རླུང་དང་མཉམ་པ་ཞིག་སྤྱན་དྲངས་པས།” ②ཞེས་སོགས་བཀོད་པ་ལྟར་སུམ་པའི་བོན་གྱི་ངན་སྔགས་པ་ཚོས་བོད་བཙན་པོ་ལ་ངན་སྔགས་བཏང་ཚུལ་བཀོད་པས་མཚོན་སྐབས་དེར་སུམ་པ་ཆབ་སྲིད་ཐོག་བོད་བཙན་པོའི་དབང་འོག་ཏུ་ཚུད་ཡོད་ནའང་། ཆོས་ལུགས་ཐད་བན་བོན་བར་གྱི་ཕྱོགས་རིས་དང་བོད་སུམ་བར་གྱི་རིག་གནས་ལ་འགལ་ཟླ་ཡོད་པ་ད་དུང་རྩ་བ་ནས་ཐག་མ་ཆོད་པའི་གནས་ཚུལ་གོ་རྒྱུ་ཡོད་ལ། དེ་མ་ཟད་སྐབས་དེར་སུམ་པའི་བོན་རྣམས་བན་དེ་ལ་བསྒྱུར་མ་ཐུབ་པ་ཕྱིས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་རིང་ལ་བཙན་འཇམ་གཉིས་ཀྱི་སྒོ་ནས་སུམ་བོན་གཟོད་ནང་ཆོས་སུ་བཅུག་པ་ཡིན་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་རྦ་བཞེད་ཀྱི་ཚིག་ལུང་དྲངས་པར། “ཆབ་འོག་གི་འབངས་སུམ་པ་ལས་ཆོས་ལ་གནག་པ་མ་མཆིས་ནས་ཆོས་ལ་གནས་པར་དམིགས་ཀྱིས་བཏུལ་ནས་དགེ་བ་ལ་གཟུད་པའི་སླད་དུ་རྦ་བཟའ་ལྷ་ལྡེམ་ཞང་བློན་ཁྲི་སུམ་བརྩིགས་ལ་བསྩལ། བླའི་བཀའ་ལུང་བཞིན་སུམ་པ་ཁྲི་ལྡེ་[སྡེ]བཞི་དགེ་བ་བཅུ་ལ་བཙུད། སློབ་མ་ཡང་བན་དྷེ་རླངས་སུ་ག་ཏ་དང་། དཔལ་གྱི་སེང་གེ་དང་། ཨཱརུ་ལ་སོགས་པ་སྟེ་བླ་ནས་སློབ་མ་གང་བཟང་མཁས་གང་མང་ཉང་ཤ་མི་དང་རིང་ལུགས་བསྒྲུན་པས་ལྷ་ལྡེམ་སྟངས་བཟང་ནས་བྱ་དགའ་ཆེ་ཐང་དུ་བྲན་ཁྱིམ་བཅུ་གཉིས་ལ་སོགས་བསྩལ། རླངས་རིལ་དགེ་བ་ལ་བཙུད། རླངས་ཀླུ་རྒོད་དང་སྟག་ཚབ་ནི་ཆོས་བགྱིད་དུ་མ་ཉན་པས་སྟག་ཚབ་རྒྱས་[རྒྱའི]མགོ་བཅད་དེ་བཀུམ། ཀླུ་རྒོད་ནི་རྦ་བཟའི་ནང་ན་དད་པ་ཆེ་བ་རྦ་བཟའ་ལེགས་བཙུན་བླངས་ནས་མནའ་མར་བསྩལ་ཏེ་བོན་བཅད་ལྷ་ཆོས་བགྱིས་དད་པ་སྐྱེས་པས་ཕྱིན་ཆད་ལེགས་པ་མང་། དྷརྨ་མཛངས་མཐོང་བས་ཀླུ་རྒོད་རབ་ཏུ་བྱུང་སྟེ་སུམ་པ་བློན་དཔོགས་འདི་ཕན་ཆད་ཆོས་ལ་དགའ་བར་གྱུར་ཏོ་ཅེས་བྱུང་ངོ་། །”① ཞེས་གསལ་པོར་བཀོད་ཅིང་། འདིར་བཀོད་པའི་སྟག་ཚབ་རྒྱ་བྱ་བ་དེ་ཕལ་ཆེར་གོང་དུ་བྱུང་བའི་སྟག་བར་རྒྱ་ཚབ་བྱ་བ་ཡིན་འདྲ་སྟེ། ཁོ་ནི་དུས་དེར་སུམ་པའི་ནང་གི་བོན་གྱི་གཙོ་བོ་རྐང་མགྱོགས་ལ་མཁས་པ་རྫུ་འཕྲུལ་ཅན་ཞིག་ཡིན་སྟབས། ཁོ་པ་ཆོས་འོག་ལ་མ་བསྒུར་བས་བོད་བཙན་པོས་ཐོག་མར་དེའི་མགོ་བཅད་དེ་བཀྲོངས་པའི་ལོ་རྒྱུས་ཡིན་སྙམ་མོ། །  
          གཞན་ཡང་བོད་ཀྱི་ལོ་རྒྱུས་རྣམས་སུ་སུམ་པ་དང་ཞང་ཞུང་གཉིས་རྒྱལ་ཕྲན་བཅུ་གཉིས་ཀྱི་གྲས་སུ་བགྲང་སྲོལ་མེད་ལ། དེའི་ཕྱིར་བོད་ཀྱི་རྒྱལ་རབས་སུ་སུམ་པའི་རྒྱལ་བློན་དང་འབངས་ཀྱི་ལོ་རྒྱུས་མཐོང་རྒྱུ་མེད་པ་འདི་བྱུང་། དེ་གཙོ་བོ་ཕྱིས་ཀྱི་ལོ་རྒྱུས་མང་ཆེ་བ་སྤུར་རྒྱལ་པ་དང་ཞང་ཞུང་བོན་ལུགས་པ་དག་གིས་བྲིས་པ་ཤ་སྟག་ཡིན་པས། སུམ་པ་ནི་དེ་ལས་ལྡོག་སྟེ་རང་གི་ལོ་རྒྱུས་དང་བོན་ལུགས། གོམས་སྲོལ་དང་གནའ་གཏམ་སྐོར་ལ་ཐུན་མོང་མ་ཡིན་པའི་བརྗོད་སྟངས་མི་མཐུན་པ་ཡོད་རུང་བཀོད་པ་ཉུང་། དཔེར་ན་མིའུ་འགྲོ་བ་བྱུང་ཚུལ་དང་རླངས་ཀྱི་རིགས་རུས་བྱུང་ཚུལ་ལྟ་བུ་ཡོད་ཀྱང་དེ་དག་ཡི་གེར་བཀོད་པ་ཉུང་བས་ད་ལྟ་ང་ཚོས་མཐོང་རྒྱུ་མེད་པ་མ་གཏོགས་སུམ་པ་བ་ལ་ཡང་ཡར་ཀླུང་སྤུར་རྒྱལ་པ་དང་ཞང་ཞུང་བ་ལྟ་བའི་ལོ་རྒྱུས་ཕུན་སུམ་ཚོགས་པ་ཞིག་མེད་པའི་ངེས་པ་དེ་བས་ཀྱང་མེད། ཁྱད་པར་དུ་ཆོས་ལུགས་ཐད་སུམ་པ་རང་གི་ཁྱད་ཆོས་ལྡན་པའི་སུམ་བོན་ཞེས་པ་མཐུ་དང་རྫུ་འཕྲུལ་དང་ལྡན་པའི་བོན་སྟོན་མང་པོ་ཡོད་ཚུལ་རང་རེའི་ལོ་རྒྱུས་ཡིག་ཆ་དང་སྒོས་སུ་བོན་གྱི་བསྟན་འབྱུང་རྣམས་སུ་གསལ་བ་ལྟར་ལགས། དེ་མིན་བོན་གྱི་ཡིག་རྙིང་《མདོ་འདུས་པ་རིན་པོ་ཆེའི་རྒྱུད་》ལས་སྟོན་པ་གཤེན་རབ་འདས་རྗེས་བོན་བསྟན་ཡུལ་གྲུ་སོ་སོར་དར་ཚུལ་བརྗོད་སྐབས། “དེ་ནས་བོད་དུ་རྒྱལ་ཕྲན་བཅུ་གཉིས་རིང་། བོད་ཀྱི་མཁས་པ་བཞི་ལ་བརྒྱུད། ལྡེ་གྱིམ་ཙ་རྨ་ཆུང་དང་། མེ་ཉག་ལྕེ་ཙ་མཁར་བུ་དང་། སུམ་པ་མུ་སྤང་གསལ་དང་དང་། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ནོ། །” ཞེས་དང་། ཡང་《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་》ལས་ཀྱང་། “དེ་ནས་སུམ་པའི་ཡུལ་དུ་བོན་དང་གཤེན་མ་མཆིས་ན། མི་ནི་སྲིད་པའི་ལྡངས་སེ་ལྡ་རྒྱལ་གྱིས། གཤེན་རབ་གསེར་ཤ་རུ་རིང་ཁྲི་ལ་སྤྱན་དྲངས་ནས། བོན་གྱི་མཚན་ནི་དམུ་ཡང་འཁོར་བ་དང་། སླང་གཡང་འཁོར་བར་བཏགས། མི་ལ་མིང་བཏགས་པ་མཁའ་འོ་སྟོང་འབྱམས་དང་། ཁྲི་མ་སངས་རྒྱལ་བ་ལགས། བོན་གྱི་རྔ་རྡུང་ཐབས་ནི་ལྷ་བྲག་དཀར་པོའི་སྒྲ་ལ་དཔེ་ལེན། བོན་གྱི་གཏོ་ཐབས་ནི། བདུད་རྩིའི་ཆར་པ་འབབ་པ་ལྟར་གཏོང་། གཡུང་དྲུང་བོན་ནི་ལྕགས་ཀྱི་ཤོག་ཐོག་གསེར་གྱི་སྣག་ཚའི་ཡི་གེ་རིས་སུ་བྲིས། །” ཞེས་དང་། ཡང་། “དེ་ནས་སུམ་པའི་ཡུལ་དུ་བྱོན། སུམ་པའི་བོན་པོ་དུང་མུ་ཕྱོ་ལ། ཕྱི་དོན་དུ་ཤིང་རིས་དང་རྡོ་ཤིང་འབུལ་བ་བསྟན། ནང་དོན་དུ་སུམ་པའི་སྐད་དང་མཐུན་པའི། འབྲས་བུ་ཆུད་མི་ཟ་བའི་བོན། སེམས་ཉིད་གཏན་ལ་ཕབ་ཅིང་བསྟན།” ཅེས་དང་། ཡང་“སུམ་པའི་ཡུལ་དུ་སུམ་པའི་བོན་པོ་དྲུང་མུ་ཕྱོ་ལ། འགས་པ་བསྐྲད་པར་རང་འགྲོས་བྱེད་པ་བསྟན།”ཅེས་དང་། ཡང་“སུམ་པའི་བོན་པོ་དྲུང་མུ་ཕྱོ་སང་གིས། རྒྱ་མཚོ་བལ་དུ་བཏུམས་ནས་མི་ལ་སྟོན་ནུས།”ཞེས་དང་། ཡང་《བསྒྲགས་པ་གླིང་གྲགས་》སུ། “སུམ་པའི་བོན་པོ་ཤིང་དང་གཡག་ལ་མངའ་ཆེ་སྟེ། གཡག་ཚོ་ལ་གཡག་ཏུ་འོང་། ཤིང་གིས་འགས་པའི་རང་འགྲོས་སུ་འགྲོ།” ཞེས་དང་། ཡང་“མཐོ་ཁྱུང་ལུང་དངུལ་མཁར་མན་ཆད་དང་། དམའ་སུམ་པ་གླང་གི་གྱིམ་ཤོད་དང་། ཤེལ་ལེ་རྒྱ་དཀར་ཚུན་ཆད་དུ། འཕྲུལ་ངག་བདེན་པའི་བོན་རྣམས་དར།”ཞེས་སོགས་མང་དུ་འབྱུང་ལ། དེ་ལྟར་རྒྱལ་རབས་བོན་གྱི་འབྱུང་གནས་སུ་བོན་ལུགས་བཤད་སྐབས་ཞང་ཞུང་དང་སུམ་པ་མདོ་ཁམས་སོགས་སུ་བོན་མ་ནུབ་ཚུལ་དང་། གཞན་ཡང་མཐུ་དང་རྫུ་འཕྲུལ་དང་ལྡན་པའི་བོན་ནི་ཞང་ཞུང་གི་བོན་པོ་གླང་མུ་ཝེར་བྱ་བ་དང་སུམ་པའི་བོན་པོ་ཁྲི་སྙ་བྱ་བ་ཡོད་ཚུལ་དང་། དེ་ལ་བོན་ལུགས་འགའ་ཤས་ནི་རྒྱ་གར་ནག་དང་སུམ་པ་མི་ཉག་སོགས་ཀུན་ལ་བསྒྱུར་ཏེ་སུམ་པའི་བོན་པོ་ཨ་བ་ལྡོང་དང་། རྒྱ་ནག་གི་བོན་པོ་གསལ་བ་འོད་ཆེན་སོགས་ལ་བོན་གནང་ནས་ཁོང་རྣམས་ཀྱིས་རང་རང་གི་ཡུལ་དུ་བོན་སྤེལ་ཚུལ་སོགས་མང་དུ་བཀོད་འདུག་པ་ལས་ཀྱང་ཏོག་ཙམ་མཚོན་པར་སེམས་སོ། ། ཡང་རྒྱའི་ཡིག་ཚང་དུའང་སུམ་པའི་ལུགས་སྲོལ་སྐོར་གོས་དང་ལྷམ་གྱོན་ལུགས་དང་། དུར་འདེབས་ལུགས། རྒྱལ་སྲིད་འཛིན་ལུགས་སོགས་བོད་འབྲོག་པའི་ལུགས་དང་ཆ་འདྲ་བ་མང་པོ་བཀོད་ཡོད་པས་དེ་དག་ལ་ཞིབ་འཇུག་བྱ་རྒྱུ་ཤིན་ཏུ་མང་ཡང་རེ་ཞིག་འདི་ཙམ་ལགས་སོ།། །།

རྩོམ་ཡིག་འདི་2007ལོར་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བཞི་པའི་ཐོག་སྒྲོག་སྦྱོང་ཞུས་པ་དང་། ཕྱིས་སུ་ལོ་ངོ་ལྔའི་རིང་བཟོ་བཅོས་ཁ་སྣོན་བགྱིས་ནས་2012ལོར་《བོད་ལྗོངས་ཞིབ་འཇུག་》ཅེས་པའི་དུས་དེབ་ཨང་གསུམ་པའི་ཐོག་བཀོད་ཡོད།
①《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ཞེས་པ་2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་པར་གཞི་གཉིས་པའི་ཤོག་ངོས་63པར་གསལ་འདེབས་དང་བཅས་བཀོད་ཡོད།   
② རྒྱ་ཡིག་གི་《སྲོང་བཙན་སྒམ་པོའི་ལོ་རྒྱུས་》(松赞干布传)ཞེས་པའི་ནང་རྒྱའི་མཁས་པ་ཝང་ཀྲུང་(王忠)གིས་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》བེད་སྤྱད་དེ་སུམ་པ་(sum-pa)དང་ཟིང་པོ་(zing-po)བྱ་བའི་མིང་གཉིས་སྒྲ་གདངས་ཧ་ལམ་གཅིག་པ་ལ་བརྟེན་ནས། དེ་གཉིས་ཀྱི་ལོ་རྒྱུས་གཞི་གཅིག་ཏུ་འདོད་དེ་བརྗོད་པ་ཕྱིས་སུ་རྒྱའི་མཁས་པ་ཚང་མས་དེ་ལ་ཁུངས་བཅོལ་ནས་སུམ་པ་དང་ཟིང་པོ་རྗེའི་ལོ་རྒྱུས་གཉིས་བསྲེས་སོང་བ་ད་བར་དུ་རྒྱ་ཡིག་ནང་ཡོ་བསྲང་གནང་མི་འདུག་པ་འདི་ཡིན།
①③ བོད་ཡིག་དཔེ་རྙིང་འཇར་པན་མི་རིགས་བཤམས་སྟོན་ཁང་གིས་དཔེ་ཚོགས་ཀྱི་ཚུལ་དུ་པར་བཏབ་པའི་དེབ་གྲངས་ཨང་32པའི་ཤོག་ངོས་1དང་153པར་གསལ།   
② གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་བརྩམས་པའི་《མགོ་ལོག་རུས་མཛོད་》ཅེས་པ་1992ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་8པར་གསལ།
① དྲན་པ་ནམ་མཁལསོགས་ཀྱིས་མཛད་པའི་《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་》ཅེས་པ་2010ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་213པར་གསལ།  
② དཔེ་རྙིང་《བཤད་མཛོད་ཡིད་བཞིན་ནོར་བུ་》ཞེས་པའི་ལག་བྲིས་མའི་ཤོག་ངོས་95པར་གསལ།
① ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན་པའི་《བཀལཆེམས་ཀ་ཁོལ་མ་》ཞེས་པ་1989ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་56པར་གསལ།
② དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་189པར་གསལ།
① བོད་ཡིག་དཔེ་རྙིང་འཇར་པན་མི་རིགས་བཤམས་སྟོན་ཁང་གིས་དཔེ་ཚོགས་ཀྱི་ཚུལ་དུ་པར་བཏབ་པའི་དེབ་གྲངས་ཨང་32པའི་ཤོག་ངོས་111པར་གསལ།
① དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་48པར་གསལ།
① ཏཱ་སི་བྱང་ཆུབ་རྒྱལ་མཚན་སོགས་ཀྱིས་མཛད་པའི་《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》ཞེས་པ་1986ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་31པར་གསལ།   
② མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་2010ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་260པར་གསལ།
① བོད་ཡིག་དཔེ་རྙིང་འཇར་པན་མི་རིགས་བཤམས་སྟོན་ཁང་གིས་དཔེ་ཚོགས་ཀྱི་ཚུལ་དུ་པར་བཏབ་པའི་དེབ་གྲངས་ཨང་32པའི་ཤོག་ངོས་153པར་གསལ།  
① མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་2010ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་258པར་གསལ།  
② དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་188པར་གསལ།
①  《དུང་དཀར་ཚིག་མཛོད་ཆེན་མོ་》ཞེས་པ་2004ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཤོག་ངོས་2042པར་གསལ།
①  《སུམ་གླིང་གཡུལ་འགྱེད་》ཅེས་པ་1981ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་2པར་གསལ།
① འདིར་དོན་དུ་སུམ་པ་ཞེས་འབྲི་དགོས་པ་ལ་དཔེ་སྒྲིག་སྐབས་ཡིག་ནོར་བྱུང་ནས་ཅུ་ཞིག་ལྷག་པ་བྱུང་འདུག །   
② ཏཱ་སི་བྱང་ཆུབ་རྒྱལ་མཚན་སོགས་ཀྱིས་མཛད་པའི་《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》ཞེས་པ་1986ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་31པར་གསལ།
① རྒྱ་ཡིག་ནང་རྩོད་གཞི་ཆེ་བ་ནི་ཡུལ་མིང་“康延川”བྱ་བ་འདི་ཡིན་ལ། འོན་ཀྱང་རྒྱའི་གནལཡིག་མཁས་པས་གསུངས་པ་ལྟར་ན་རྒྱ་ཡིག་གི་“王所居名康延川”ཟེར་བ་དེའི་རྒྱ་ཡིག་གི་“名”ལ་མ་ཡིག་“多”བྲིས་ཡོད་གསུངས་པས། དེས་ན་ཡུལ་མིང་ལ་“康延川”ཞེས་མི་འབོད་པར་“多康延川”ཟེར་བས་བརྟག་རྒྱུ་ཡོད་དོ །  །
② རྒྱའི་ཐང་གི་ཡིག་ཚང་ཨང་བརྒྱ་དང་གྱ་གསུམ་པར་བཀོད་པའི་བོད་འགྱུར་མ་ལས་ཅུང་ཟད་གོ་བདེ་བར་བསྒྱུར་ཏེ་བཀོད།
① དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་97པར་གསལ།
① ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས་ཀྱིས་མཛད་པའི་《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》ཞེས་པ་1986ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་160པར་གསལ།   
② མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་2010ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་225པར་གསལ།
① མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་2010ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་238པར་གསལ།
① དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་66པར་གསལ།
① དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་65ནས་66བར་གསལ།
① མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་1987ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་214པར་གསལ།
① དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་I55པར་གསལ།   
② དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་95ནས་96བར་གསལ།
①③ དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་50པར་གསལ།   
② མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་2010ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་239པར་གསལ།
① དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་54ནས་55བར་གསལ།   
② སྦའམ་དབའ་གསལ་སྣང་གིས་མཛད་པའི་《དབའ་བཞེད་》ཅེས་པ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2010ལོར་པར་དུ་བསྐྲུན་པའི་ཤོག་ངོས་55པར་གསལ།
① དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་73པར་གསལ།   
② དཔལ་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》ཞེས་པ་1983ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཤོག་ངོས་16པར་གསལ།
① 《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》ཞེས་པ་1990ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དེབ་དང་པོའི་ཤོག་ངོས་39པར་གསལ།
① 《ལི་ཡུལ་ཞེས་པའི་མིང་ལས་འཕྲོས་པའི་གཏམ་》ཞེས་པ་《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》ཏུ་བཀོད་པ་ཆེད་རྩོམ་ཕྱོགས་བསྒྲིགས་འདིའི་ནང་བསྡུས་ཡོད།
① བཀའ་བསྟན་དཔེ་བསྡུར་མའི་《བཀའ་འགྱུར་》པོད་དོན་དྲུག་པའི་ཤོག་ངོས་634པར་གསལ།
① ཨུ་རྒྱན་གླིང་པས་གཏེར་ནས་བཏོན་པར་གྲགས་པའི་ 《བཀའ་ཐང་སྡེ་ལྔ་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་185པར་གསལ།
① 《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》ཞེས་པ་1983ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་16པར་གསལ།   
②  《པཎྜི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་བརྫོད་པ་སྒྲ་འཛིན་བཅུད་ལེན་》ཞེས་པ་2001ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཤོག་ངོས་16པར་གསལ།
① མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་1987ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་258པར་གསལ།   
② དྲན་པ་ནམ་མཁའ་སོགས་ཀྱིས་མཛད་པའི་《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་》ཅེས་པ་2010ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་208པར་གསལ།
①དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་240པར་གསལ།