ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཞེས་པའི་ཐ་སྙད་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2018-03-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དགྲ་ལྷ་ཟླ་བ་བཟང་པོ།
          དེ་ཡང་ལང་གཤེགས་ལས། མིང་དུ་བཏགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་བཏགས་པར་མཛད། །ཅེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མི་རྟོགས་ན། །མྱ་ངན་འདས་པ་འཐོབ་མི་འགྱུར། །ཞེས་གསུངས་པ་ལྟར། ཆོས་དང་འཇིག་རྟེན་གང་གི་ཆ་ལ་ཡང་ཐ་སྙད་ནི་མེ་ལོང་ལྟ་བུརསྣང་། སྤྱིར་དོན་རྟོགས་པར་བྱེད་པ་ལ་ཐ་སྙད་ལ་མ་བརྟེན་ཐབས་མེད་ཡིན་ཞིང་། ཐ་སྙད་ལ་སྣང་ཆུང་དང་། ཐ་སྙད་ལ་བརྟག་དཔྱད་ཞིབ་འཇུག་ཡེ་ནས་མ་བྱས་པར་གཞན་ཟེར་ཁོ་ནའི་རྗེས་སུ་འབྲངས་ཏེ་འདི་བདེན་དེ་རྫུན་གྱི་དཔྱད་བརྗོད་མང་དྲགས་ན་སྐྱེ་བོ་རྨོངས་པ་རྣམས་མ་རིག་པའི་ལམ་དུ་འཁྲིད་པ་དང་། ཐེ་ཚོམ་ཅན་རྣམས་ལམ་གོལ་སར་འཕྱན་པར་བྱེད་ལ། གཟུར་གནས་མཁས་དབང་རྣམས་ཀྱིས་ལུང་རིགས་ཀྱི་སྒོ་ནས་རྩོད་སློང་གི་སྐབས་ངུ་མ་ཤོར་དགོད་ཀྱང་མི་འཆོར་བར་མཐེ་བོང་ཁ་ནང་བཅུག་ནས་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱར་ངེས་ལེགས། དེ་ལྟར་ན་རང་གཞན་འཕུང་བར་བྱེད་པའི་རྒྱུ་ལས་གཞན་ཅི་ཡང་ཡོང་རྒྱུ་མི་འདུག་པས། ཐ་སྙད་ཅེས་པའི་ཡིག་འབྲུ་གཉིས་པོ་དེ་ལ་སྣང་ཆུང་གཏན་ནས་བྱེད་མི་རིགས། འོ་ན་ཐ་སྙད་ལ་སྒྲའི་ཐ་སྙད་ཁོ་ནས་ཁྱབ་བམ་ཞེ་ན། མ་ཁྱབ་སྟེ། དེ་ལ་རྟོག་པའི་ཐ་སྙད་ཀྱང་ཡོད་པའི་ཕྱིར་ན་ཐ་སྙད་ལ་སྒྲའི་ཐ་སྙད་དང་རྟོག་པའི་ཐ་སྙད་གཉིས་སུ་ངེས་པའོ། ། འོ་ན་སྒྲའི་ཐ་སྙད་དང་རྟོག་པའི་ཐ་སྙད་གཉིས་དུས་མཉམ་དུ་ཡོད་དམ་ཞེ་ན། དེ་ཡང་མ་ཡིན་ཏེ། སྒྲའི་ཐ་སྙད་སྔོན་དང་རྟོག་པའི་ཐ་སྙད་རྗེས་སུ་གྲུབ་པ་ཡིན་ལ། སྒྲའི་ཐ་སྙད་ཀྱི་གོང་དུ་རྟོག་པའི་ཐ་སྙད་ཡོད་མི་སྲིད་པས། དེ་གཉིས་རྒྱུ་འབྲས་གོ་ལོག་ཏུ་མི་འགྲོ་བ་བྱེད་རྒྱུ་གལ་ཆེའོ །  
          དེ་ཡང་འདིར་སྐབས་སུ་བབས་པ་ནི། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཞེས་པའི་ཐ་སྙད་ཀྱི་སྐོར་ལ་དཔྱད་པ་དེ་ཡིན། དངོས་པོ་ནི་གནའ་སྔ་མོ་ནས་ད་བར་རྒྱལ་ཁབ་ཕྱི་ནང་གི་མཚན་ཉིད་རིག་པ་མཁས་ཅན་རྣམས་ཀྱི་རྩོད་གཞི་ཞིག་ཏུ་གྱུར་ཡོད་པར་མ་ཟད། རང་ཅག་བོད་ཀྱི་མཁས་པའི་དབང་པོ་རྣམས་ཀྱིས་ཀྱང་རྩོད་གཞི་བྱ་ཡུལ་ཞིག་ཏུ་གྱུར་ཡོད། དུས་མཚུངས་དངོས་པོ་ཞེས་པའི་ཐ་སྙད་ལ་གོ་བ་ལེན་ཚུལ་མི་འདྲ་བ་དུ་མ་བྱུང་བའི་དབང་གིས་བྱུང་རྒྱལ་དུ་སྨྲ་བའང་མང་དུ་བྱུང་བ་དཔེར་ན། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་དངོས་པོ་དེ་དང་ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཞེས་པ་དེ་གཉིས་དོན་གཅིག་མིན་རུང་། དེང་སང་མར་ཁེ་སི་རིང་ལུགས་མཁས་ཅན་དུ་རློམ་པ་འགའ་ཞིག་དང་། ཚད་མ་རིག་པ་མཁས་ཅན་དུ་རློམ་པ་ཁ་ཅིག་གིས་དེ་གཉིས་ཉ་ཉུང་མཉམ་བསྲེས་ཀྱིས་གཞན་ལུགས་དགག་ཅིང་རང་ལུགས་འཛོག་པར་བྱེད་པའི་ངལ་བར་ཞུགས་པ་ལ་འབྲས་བུ་བཟང་པོ་ཅི་ཡང་འཐོབ་མི་སྲིད་པ་ལྟ་བུའོ། ། དོན་དམ་དངོས་པོ་ཞེས་པ་དེར་གཞུང་ལུགས་དེ་གཉིས་སོ་སོའི་ནང་དུ་གོ་དོན་མི་འདྲ་བ་རེ་བསྟན་ཡོད་དེ། དཔེར་ན་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་གི་དངོས་པོའི་གོ་དོན་ནི། དངོས་པོ་དངོས་ཏེ་དངོས་པོའི་རྣམ་པ་དང་ཆགས་ཚུལ་བྱེ་བྲག་པར་ཟེར་བ་མ་ཡིན་པར་དངོས་པོ་སྤྱི་ཡོངས་ལ་ཟེར་བ་ཡིན། དེས་དངོས་པོའི་ཁྱབ་ཁོངས་ཡོད་དོ་ཅོག་དང་འཕེལ་ཚུལ་མཐའ་དག་གི་ཐུན་མོང་གི་ངོ་བོ་སྙིང་བསྡུས་བྱས་པ་དང་། དངོས་པོའི་རིགས་དང་འདུ་ཤེས་ཀྱི་རིགས་གཉིས་ཁ་གཏད་དུ་གྱུར་པའི་དོན་སྙིང་གི་ཐོག་ནས་གང་ཞིག་དངོས་པོ་ཡིན་པ་གསལ་བཤད་བྱེད་ཀྱི་ཡོད། དཔེར་ན་ལེ་ཉིན་གྱིས།“དངོས་པོ་ནི་ཕྱི་རོལ་ཡུལ་གྱི་གནས་པ་མཚོན་པའི་མཚན་ཉིད་རིག་པའི་དོན་སྤྱི་ཞིག་ཡིན། ཕྱི་རོལ་ཡུལ་གྱི་གནས་པ་དེ་ནི་མིས་ཚོར་བར་བརྟེན་ནས་ཚོར་ཤེས་མྱོང་གི་ཡོད། དེ་ང་ཚོའི་ཚོར་བར་མ་བརྟེན་པར་གནས་ཡོད་པ་དང་། ང་ཚོའི་ཚོར་བས་སྐྱར་བྲིས་དང་། པར་ལེན། ཚུར་སྣང་བཅས་བྱེད་ཀྱི་ཡོད།”①ཅེས་གསུངས་མྱོང་བས། དེ་ལྟར་ན་དངོས་པོ་ཞེས་པ་ནི་འདུ་ཤེས་དང་ཁ་གཏད་དུ་ལངས་པའི་ཕྱི་རོལ་ཡུལ་དུ་དངོས་སུ་གནས་པ་ཞིག་ཡིན།  
          འོ་ན་ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོའི་གོ་དོན་གང་ཡིན་ནམ་ཞེ་ན། ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོའི་གོ་དོན་ནམ་མཚན་ཉིད་ནི། དོན་བྱེད་ནུས་པ་དེ་ཡིན་ཞིང་། དངོས་པོའི་དབྱེ་བར་ཡང་གཟུགས། ཤེས་པ། ལྡན་མིན་འདུ་བྱེད་གསུམ་དུ་བཞག་ཡོད་པས། ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོའི་གོ་དོན་ནི་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་དངོས་པོའི་གོ་དོན་ལས་ཁྱབ་ཆེ་བ་ཞིག་ཡིན་ཏེ། དངོས་པོས་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལ་ཁྱབ་པའི་ཕྱིར། དེ་ཡང་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་དངོས་པོ་དང་འདུ་ཤེས་ཞེས་པ་ནི། ཕལ་ཆེར་ཚད་མ་རིག་པའི་ནང་དུ་བསྟན་པའི་ཡུལ་དང་ཡུལ་ཅན་དང་འདྲ་པོ་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཞེས་པ་ནི་ཚད་མ་རིག་པའི་ནང་དུ་བསྟན་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་དུ་ཕྱེ་བའི་ནང་ཚན་གཟུགས་ཞེས་པ་དང་ཧ་ལམ་གཅིག་མཚུངས་ཡིན་པ་དང་། ལྡན་མིན་འདུ་བྱེད་ཀྱི་ནང་ནས་མིག་མཐོང་ལག་ཟིན་གྱི་ཡུལ་དུ་གྱུར་པའི་གང་ཟག་རྣམས་ཀྱང་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་དངོས་པོའི་ཁོངས་སུ་གཏོགས་པར་འདོད་ཀྱི་ཡོད་དེ། 《མཚན་ཉིད་རིག་པའི་སྐོར་གྱི་དྲི་བ་དྲིས་ལན་མདོར་བསྡུས་》ཞེས་པ་ལས།  
          “སྐྱེ་མེད་དངོས་པོར་དམིགས་བསལ་གྱི་རྣམ་པ་འགའ་ཞིག་གི་ཐོག་ནས་ཕྱི་ཡུལ་གྱི་ནུས་པ་མཚོན་པའི་ངོ་བོ་དང་ཁྱད་ཆོས་ཡོད་པ་དཔེར་ན། ཚ་རྒྱས་གྲང་འཁུམ་སོགས་ལྟ་བུ་ཡོད། སྐྱེ་མེད་ཁམས་ཡུན་རིང་འཕེལ་རྒྱས་ཕྱིན་ནས་ཚེ་སྲོག་ལྡན་པའི་དངོས་པོ་བྱུང་ཞིང་། ཚེ་སྲོག་ལྡན་པའི་དངོས་པོ་དེ་རིགས་ལ་སྐྱེ་དངོས་གཟུགས་ཀྱི་ཚུར་སྣང་གི་རྣམ་པ་དམའ་རིམ་ཅན་ཡོད་པ་སྟེ། ཟུག་གཟེར་ཕོག་མ་ཐག་ལན་འཆར་ཡོང་གི་ཡོད་པ་རེད། དཔེར་ན་རྩི་ཤིང་གི་རྩ་བ་ནི་ནམ་ཡིན་རུང་ཆུ་དང་བཅུད་ཡོད་སའི་ས་རྒྱུ་གཤིན་པོའི་ཕྱོགས་སུ་འཚར་སྐྱེས་བྱེད་ཀྱི་ཡོད་པ་དང་། ཡལ་ག་དང་ལོ་འདབ་ནི་ནམ་ཡིན་རུང་ཉི་འོད་ཀྱི་ཕྱོགས་སུ་སྐྱེ་འཕེལ་བྱེད་ཀྱི་ཡོད་ཅིང་། གཟུགས་འགྱུར་འབུ་རིགས་ལ་རང་བཞིན་གྱི་དགྲ་བོ་རྩ་མེད་གཏོང་བ་དང་རང་བཞིན་གྱི་དགྲ་བོའི་གནོད་འཚེ་ལས་གཡོལ་ཐབས་བྱེད་པའི་ནུས་པ་ཡོད་པ་སོགས་ལྟ་བུ་རེད། སྐྱེ་དངོས་འཕེལ་འགྱུར་སོང་སྟེ་སྲོག་ཆགས་དམའ་རིམ་ཅན་རྣམས་འཕེལ་རྒྱས་ཕྱིན་ནས་སྲོག་ཆགས་མཐོ་རིམ་ཅན་དུ་གྱུར་པ་དང་ཆབས་ཅིག་དབང་རྩའི་མ་ལག་རིམ་པས་འཕེལ་རྒྱས་སོང་སྟེ་སྲོག་ཆགས་ཁ་ཤས་ལ་ཀླད་པ་དང་རྒྱུངས་པ་བྱུང་བ་སྟེ་དབང་རྩ་ལྟེ་བ་བྱུང་ཞིང་། དབང་རྩ་ལྟེ་བ་ཡོད་པའི་སྲོག་ཆགས་མཐོ་རིམ་ཅན་དེ་ཚོས་ཆ་རྐྱེན་ལྡན་པའི་ཚུར་སྣང་དང་ཆ་རྐྱེན་མེད་པའི་ཚུར་སྣང་ལ་བརྟེན་ནས་ཕྱི་ཡུལ་གྱི་ཁོར་ཡུག་དང་དེ་བས་འཚམ་པའི་སྒོ་ནས་འཚོ་གནས་དང་འཕེལ་རྒྱས་ཐུབ་ཀྱི་ཡོད་པ་དང་། ཚོར་བ་དང་ཚུར་སྣང་གི་འགུལ་སྐྱོད་བྱུང་བ་རེད།”②ཅེས་བྱུང་བ་ལས་གསལ་པོར་རྟོགས་ཐུབ།   
          དེས་ན་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཞེས་པ་དང་། ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཞེས་པ། རང་བྱུང་ཚན་རིག་ཐོག་གི་དངོས་པོ་ཞེས་པ་དེ་གསུམ་གྱི་གོ་དོན་ལ་ཁྱད་པར་ཆེན་པོ་ཡོད་པ་ཡིན་ཏེ། དང་པོ་ལྟར་ན་དངོས་པོ་ནི་མི་ཡི་འདུ་ཤེས་ལ་མ་བརྟེན་པར་ཁེར་རྐྱང་གི་ཚུལ་དུ་གནས་ཤིང་། མིའི་འདུ་ཤེས་ཀྱིས་ཤེས་ཚོར་བྱེད་ཐུབ་པའི་ཕྱི་རོལ་ཡུལ་དུ་དངོས་སུ་གནས་པ་ཞིག་རེད་ཟེར། དེའི་དངོས་པོ་དང་། གནས་པ། ཕྱི་རོལ་ཡུལ་གྱི་དངོས་ཡོད། ཕྱི་རོལ་ཡུལ་སོགས་དོན་གཅིག་ལྡོག་པ་ཐ་དད་དུ་འདོད་པ་དང་། གཉིས་པ་ལྟར་ན་དོན་བྱེད་ནུས་པ་དེ་དངོས་པོའི་མཚན་ཉིད་དུ་འདོད་ཅིང་། དངོས་པོ་དང་འདུས་བྱས་མི་རྟག་པ་སོགས་དོན་གཅིག་ལྡོག་པ་ཐ་དད་དུ་འདོད། གསུམ་པ་ལྟར་ན་རང་བྱུང་ཁམས་ཀྱི་རྣམ་པ་བྱེ་བྲག་སྣ་ཚོགས་ཀྱི་བྱ་དངོས་ཁོ་ནར་ཟེར་ཞིང་། དེ་ནི་དམིགས་བསལ་གྱི་དངོས་པོ་བྱེ་བྲག་པ་ཞིག་ཡིན་ཏེ། དཔེར་ན་རྫས་འགྱུར་རིག་པའི་ནང་གི་འབྱུང་བ་སྣ་ཚོགས་དང་གནམ་གཤིས་ཐད་ཀྱི་ཆར་རླུང་སོགས་ལྟ་བུ་ཡིན། དེས་ན་ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཡིན་ན། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་ཐོག་གི་དངོས་པོ་གཉིས་གང་རུང་ཡིན་པས་མ་ཁྱབ་སྟེ། དཔེར་ན་བསམ་པའི་འདུ་ཤེས་ལྟ་བུ་ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཡིན་ཀྱང་གཞན་གཉིས་ཀྱིས་བཤད་པའི་དངོས་པོ་མིན་པའི་ཕྱིར། གཞན་ཡང་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་། ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་གཉིས་ལ་མུ་གསུམ་འཇོག་རྒྱུ་ཡོད་དེ། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་དངོས་པོ་ཞེས་པ་དེ་མིན་ལ། ཚད་མ་རིག་པའི་དངོས་པོ་ཞེས་པ་དེ་ཡིན་པའི་མུ་ཡོད་དེ་ཤེས་པ་ལྟ་བུ་དང་། གཉིས་ཀ་ཡིན་པའི་མུ་ཡོད་དེ་གཟུགས་ལྟ་བུ། གཉིས་ཀ་མིན་པའི་མུ་ཡོད་དེ་མི་ཁྱི་གཉིས་ཀ་ཡིན་པ་ལྟ་བུའོ །དེར་བརྟེན་དངོས་པོ་ཞེས་པའི་ཐ་སྙད་ལ་སྐབས་བབས་ཀྱི་གོ་དོན་མི་འདྲ་བ་དུ་མ་ཡོད་གཤིས་གཞུང་ལུགས་དེ་གཉིས་པོ་ཕན་ཚུན་བར་རྩོད་པ་བགྱིད་སྐབས། ཕྱོགས་གཉིས་ཀས་ཕྱོགས་གཞན་གྱི་དེ་འདྲའི་གོ་དོན་རྣམས་ལ་གོ་བ་ལོན་པར་བྱས་ཏེ་དེ་ནས་རྩོད་གཞི་གཅིག་གི་སྟེང་དུ་དགག་གཞག་སྤོང་གསུམ་བྱེད་དགོས་པ་ལས། རྩོད་གཞི་ལ་མ་བལྟོས་པར་ཧམ་རྩོད་བྱས་ན་ནི་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་ཇི་བཞིན་བཞད་གད་ཀྱི་གནས་སུ་འགྱུར་ངེས་ལགས།  
          ཡང་ཁ་ཅིག་གིས་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་དངོས་པོ་དང་འགུལ་སྐྱོད་ཅེས་པ་ནི། ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་དང་འདུས་བྱས་མི་རྟག་པ་ཞེས་པ་དང་ཡོངས་སུ་གཅིག་པར་སེམས་ཏེ། “དེ་ཡང་འདུས་བྱས་ཏེ། ཕྱི་རོལ་ཡུལ་གྱི་འཇིག་རྟེན་ནམ་འཇིག་རྟེན་དེར་གནས་ཀྱི་དངོས་པོའི་འགུལ་སྐྱོད་དམ་འགུལ་སྐྱོད་ཀྱི་རང་བཞིན་ནི། ཚད་མ་རིག་པའི་བརྗོད་དོན་ལྟར་ན་‘འདུས་བྱས་ཐམས་ཅད་མི་རྟག་པ་'ཞེས་ཕྱི་རོལ་གྱི་འཇིག་རྟེན་ནམ་འཇིག་རྟེན་དེར་གནས་ཀྱི་དངོས་པོ་གང་ཞིག་ཡིན་རུང་དེ་དག་གི་ངོ་བོའམ་རང་བཞིན་ནི་མི་རྟག་པའི་རང་བཞིན་ཅན་ཞིག་སྟེ་དུས་སྐད་ཅིག་སྐད་ཅིག་གི་ཡུན་ལ་ཡང་གནས་ཚད་གཅིག་གི་སྟེང་དུ་མི་གནས་པར། སྐད་ཅིག་རེ་རེར་འགྱུར་ལྡོག་བྱུང་བཞིན་ཡོད་པ་དང་། འགུལ་སྐྱོད་བྱེད་བཞིན་ཡོད་པ། རྨེག་མེད་དུ་འཇིག་བཞིན་ཡོད་པའི་འགུལ་སྐྱོད་ཀྱི་རང་བཞིན་ཅན་ཞིག་ཡིན་པ་ཇི་བཞིན་གསལ་པོར་བསྟན་ཡོད་དེ......”③ཞེས་གསུངས་པ་ལ་གསལ་འདེབས་ཞུ་རྒྱུ་འདི་འདྲ་ཡོད་དེ། མ་གཞི་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་བསྟན་པའི་འགུལ་སྐྱོད་ཅེས་པ་དེ་ཚད་མ་རིག་པའི་ནང་གི་འདུས་བྱས་སམ་མི་རྟག་པ་དང་ཧ་ལམ་འདྲ་པོ་ཡོད་རུང་། དོན་དམ་ཐོག་དེ་གཉིས་བར་ཁྱད་པར་ཆེན་པོ་ཡོད་པ་ཡིན་ཏེ། དཔེར་ན་《མཚན་ཉིད་རིག་པའི་སྐོར་གྱི་དྲི་བ་དྲིས་ལན་མདོར་བསྡུས་》ཞེས་པ་ལས།  
          “མཚན་ཉིད་རིག་པའི་ཐོག་གི་འགུལ་སྐྱོད་ཅེས་པ་དེ་ནི་འཇིག་རྟེན་ཐོག་བྱུང་བའི་འགྱུར་ལྡོག་དང་གོ་རིམ་ཡོད་ཚད་ལ་ཟེར་བ་རེད། ལྟ་ཚུལ་དེ་ཁྱེར་ནས་འཇིག་རྟེན་ལ་བལྟས་ན། ཆེ་བ་འཇིག་རྟེན་ཁམས་ཀྱི་སྐར་མའི་གོ་ལ་དང་ཆུང་བ་ཕྲ་མཐོང་ལི་ཙི་དང་བཅས་པའི་བྱ་དངོས་ཡོད་ཚད་ཚང་མ་རྒྱུན་མ་ཆད་པར་འགུལ་སྐྱོད་བྱེད་བཞིན་ཡོད་པ་ཤེས་ཀྱི་རེད། ས་ངོས་ཐོག་གི་ཆེ་མཐོང་དངོས་གཟུགས་སྣ་ཚོགས་པ་དེ་ཚོ་སའི་གོ་ལ་དང་མཉམ་དུ་སའི་གོ་ལའི་སྲོག་ཤིང་ལ་བསྐོར་ནས་རང་འཁོར་རྒྱག་གི་ཡོད་པ་དང་ཉི་མར་བསྐོར་ནས་སྤྱི་འཁོར་རྒྱག་གིན་ཡོད་པར་མ་ཟད། ཆེ་མཐོང་དངོས་གཟུགས་དེ་དག་གི་གྲུབ་ཆ་ཕྲ་མཐོང་ལི་ཙི་ཡང་རྒྱུན་མ་ཆད་པར་འགུལ་སྐྱོད་བྱེད་ཀྱི་ཡོད་པ་དང་འགྱུར་ལྡོག་ཡོང་གི་ཡོད། ཉི་མའི་ཁུལ་དུའང་རྒྱུན་མ་ཆད་པར་གཞི་ཁྱོན་ཧ་ཅང་ཆེ་བའི་ཡོན་ཙིའི་སྙིང་པོའི་ལན་འཆར་ཡོང་གི་ཡོད་པ་དང་། རྒྱུན་མ་ཆད་པར་ཕྱི་ཕྱོགས་སུ་ནུས་ཚད་ཁྱབ་འགྱེད་དང་དངོས་པོ་འདོར་འཕེན་བྱེད་ཀྱི་ཡོད། སྐྱེ་དངོས་ཀྱི་སྐྱེ་ལྡན་ཕུང་པོའི་ནང་ཁུལ་དུའང་དུས་དང་རྣམ་པ་ཀུན་ཏུ་རྙིང་ཚབ་གསར་བྱེད་དང་རང་ཉིད་གསར་བཅོས་ཀྱི་འགུལ་སྐྱོད་བྱེད་ཀྱི་ཡོད། དེ་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་ཀྱང་རྒྱུན་མ་ཆད་པར་འགུལ་སྐྱོད་དང་འགྱུར་ལྡོག་ཡོང་གི་ཡོད་པས། ཇི་སྲིད་བར་མི་འགྱུར་བའི་སྤྱི་ཚོགས་ཀྱི་རྣམ་པ་གཅིག་ཀྱང་མེད། དེ་ཚོའི་ཐོག་ནས་རང་རེས་མཐོང་གསལ་ལྟར་དངོས་པོ་ནི་འགུལ་སྐྱོད་དང་འབྲལ་ཐབས་མེད་པ་ཞིག་ཡིན་ཞིང་། ཕྱོགས་གཞན་ཞིག་ནས་བཤད་ན། དངོས་པོ་དང་བྲལ་བའི་འགུལ་སྐྱོད་ཀྱང་མེད་ཅེས་བཤད་ཆོག་གི་རེད། བསམ་པའི་འགུལ་སྐྱོད་ཡིན་ན་ཡང་དངོས་པོའི་འགུལ་སྐྱོད་ལ་བརྟེན་དགོས་ཤིང་། བསམ་པའི་འགུལ་སྐྱོད་ནི་མིའི་ཀླད་པ་སྟེ་དམིགས་བསལ་གྱི་དངོས་པོ་དེའི་འགུལ་སྐྱོད་ཀྱི་མངོན་ཚུལ་དང་།ཕྱི་རོལ་ཡུལ་གྱི་དངོས་པོའི་འཇིག་རྟེན་གྱི་འགུལ་སྐྱོད་ཀྱི་མངོན་ཚུལ་རེད།”④ཅེས་བྱུང་། དེ་ལྟར་ན་འགུལ་སྐྱོད་ཡིན་ན་དངོས་པོའི་འགུལ་སྐྱོད་ཡིན་པས་ཁྱབ་པ་དང་། དེ་ནི་དངོས་པོའི་གནས་སྟངས་དང་རྩ་བའི་ཁྱད་ཆོས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པས། དེ་དང་ཚད་མ་རིག་པའི་ཐོག་གི་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པ་གཉིས་གཅིག་མཚུངས་མིན་པར་ངེས། འདིའི་མི་རྟག་པའི་ཁྱབ་ཁོངས་ནི་དངོས་པོ་སྟེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་གང་རུང་ལ་ཁྱབ་པ་དང་། དངོས་པོ་དང་འདུས་བས། མི་རྟག་པ། འཇིག་པ། བྱས་པ་རྣམས་ཕན་ཚུན་ཁྱབ་མཉམ་ཡིན་ཏེ། དེ་ཡང་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་འདུས་བྱས་ཀྱི་མཚན་ཉིད། མི་རྟག་པ་དང་འཇིག་པ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས། སྐྱེས་པ་བྱས་པའི་མཚན་ཉིད་བཅས་ཡིན་ན། འདིའི་དངོས་པོ་དང་འདུས་བྱས། མི་རྟག་པ། འཇིག་པ། བྱས་པ་རྣམས་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཐོག་ཏུ་བཤད་པའི་འགུལ་སྐྱོད་དང་མི་གཅིག་སྟེ། སྔ་མ་ལྟར་ན་གཟུགས་ཤེས་ལྡན་མིན་འདུ་པྱེད་གསུམ་གང་རུང་ཡིན་ན། དངོས་པོ་ཡིན་པས་ཁྱབ་པ་གང་ཞིག་འདུས་བྱས་དང་མི་རྟག་པ་འཇིག་པ་བྱས་པ་སོགས་ཀྱང་ཡིན་པས་ཁྱབ་བོ། །ཕྱི་མ་ལྟར་ན་འགུལ་སྐྱོད་ཀྱིས་ཕྱིའི་དངོས་པོ་འབའ་ཞིག་སྟེ་གཟུགས་ཙམ་ལ་ཁྱབ་པ་ལས། ཤེས་པ་ལ་མ་ཁྱབ་སྟེ། ཤེས་པའི་འགུལ་སྐྱོད་ཀྱང་ཕྱིའི་དངོས་པོའི་འགུལ་སྐྱོད་ཀྱི་མངོན་ཚུལ་དུ་འདོད་ཀྱི་ཡོད་པས། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་གི་དངོས་པོ་དང་འགུལ་སྐྱོད་ཅེས་པ་ནི་ཚད་མ་རིག་པའི་ནང་གི་དངོས་པོ་དང་འདུས་བྱས་མི་རྟག་པ་སོགས་ལས་ཁྱབ་ཆུང་བ་ཡོད་པ་ནི་དངོས་ཤུགས་གང་རུང་ནས་རྟོགས་སླའོ། །     
          གཞན་ཡང་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཞེས་པ་དེ་འགུལ་སྐྱོད་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པ་མ་ཟད། དེ་བར་སྟོང་དང་དུས་ཚོད་གཉིས་དང་ཡང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ཏེ་《མཚན་ཉིད་རིག་པའི་སྐོར་གྱི་དྲི་བ་དྲིས་ལན་མདོར་བསྡུས་》ཞེས་པ་ལས།   
          “དངོས་གཟུགས་གང་ཞིག་ཡིན་རུང་དེར་བོངས་ཚད་ངེས་ཅན་ཞིག་ཡོད་པ་དཔེར་ན་ཅོག་ཙེ་ཞིག་ལ་རིང་ཚད་དང་། ཞེང་ཚད། མཐོ་ཚད་བཅས་ཡོད་ཅིང་། དེ་བཞིན་དངོས་གཟུགས་གང་ཞིག་ཡིན་རུང་དེར་གནས་ཡུལ་ངེས་ཅན་ཞིག་ཡོད་པ་དཔེར་ན་གོང་གསལ་ཅོག་ཙེ་དེ་དངོས་པོ་གང་ཞིག་གི་མདུན་ནམ་རྒྱབ་ཏུ་གནས་ཡོད་པ་དང་། དངོས་པོ་གང་ཞིག་གི་གཡོན་ནམ་གཡས་སུ་གནས་ཡོད་པ། དངོས་པོ་གང་ཞིག་གི་གོང་ངམ་འོག་ཏུ་གནས་ཡོད་པ་སོགས་ལྟ་བུ་རེད། བྱ་དངོས་ཀྱི་བོངས་ཚད་ངེས་ཅན་ཞིག་དང་། བྱ་དངོས་དེ་དང་བྱ་དངོས་གཞན་དག་བར་གྱི་གནས་ཡུལ་ངེས་ཅན་ཐོག་གི་མཉམ་གནས་ཀྱི་འབྲེལ་བ་དེ་ནི་དངོས་པོའི་བར་སྟོང་གི་རྣམ་པ་རེད།”ཅེས་དང་། ཡང་།   
          “དངོས་ཡོད་ཀྱི་དངོས་གཟུགས་གང་ཞིག་ཡིན་རུང་དེས་བཟུང་བའི་བར་སྟོང་དེ་རིང་ཚད་དང་། ཞེང་ཚད། མཐོ་ཚད་བཅས་གསུམ་གྱིས་འཇལ་དགོས་པ་དང་། དངོས་གཟུགས་དེ་དང་དངོས་གཟུགས་གཞན་དག་བར་གྱི་བར་སྟོང་ཐོག་གི་གནས་ཡུལ་གྱི་འབྲེལ་བ་དེའང་གོང་གསལ་ཚད་གསུམ་པོ་དེས་འཇལ་དགོས་ཀྱི་རེད།”⑤ཅེས་རིང་ཚད་དང་། ཞེང་ཚད། མཐོ་ཚད་བཅས་ཚད་གསུམ་རང་བཞིན་གྱི་སྟེང་ནས་བར་སྟོང་དེ་དང་དེའི་ཐོག་གི་གནས་ཡུལ་གྱི་འབྲེལ་བ་འཇལ་དགོས་ཤིང་། ཚད་གསུམ་རང་བཞིན་དེ་དག་ནི་བྱ་དངོས་བྱེ་བྲག་པ་དང་བྲལ་བ་དང་། བྱ་དངོས་ཕན་ཚུན་བར་གྱི་གནས་ཡུལ་གྱི་འབྲེལ་བ་དང་བྲལ་བ་ཡིན་ཚེ་སུས་ཀྱང་བསམ་ཚོད་བྱེད་དཀའ་བ་ཞིག་རེད།  
          དེས་ན་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་དངོས་པོ་དང་བར་སྟོང་གི་འབྲེལ་བ་ནི། ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་དང་འདུས་མ་བས་ཀྱི་ནམ་མཁའ་དང་མི་གཅིག་སྟེ། སྔ་མ་ལྟར་ན་བར་སྟོང་ནི་དངོས་པོ་གནས་པའི་རྩ་བའི་རྣམ་པ་ཡིན་ལ། དངོས་པོ་གང་ཞིག་ཡིན་རུང་བར་སྟོང་དང་བྲལ་ནས་གནས་ཐབས་ཡེ་ནས་མེད་ལ། དངོས་གཟུགས་དེ་དང་དེས་བཟུང་བའི་བར་སྟོང་དེ་རིང་ཚད་དང་། ཞེང་ཚད། མཐོ་ཚད་བཅས་གསུམ་པོས་འཇལ་དགོས་པར་མ་ཟད། དངོས་གཟུགས་དེ་དང་དེའི་བར་གྱི་བར་སྟོང་ཐོག་གི་གནས་ཡུལ་གྱི་འབྲེལ་བ་དེའང་ཚད་གསུམ་རང་བཞིན་དེས་འཇལ་དགོས་པར་འདོད། ཕྱི་མ་ལྟར་ན་དངོས་པོ་དང་འདུས་མ་བས་ཀྱི་ནམ་མཁལགཉིས་འགལ་བ་ཡིན་པར་འདོད་ལ། ནམ་མཁའ་ནི་རྟག་དངོས་གཉིས་ལས་རྟག་པར་འདོད་པའོ། །དེ་ཡང་རྟག་པ་ལ་རྣམ་པ་ཐམས་ཅད་པའི་རྟག་པ་དང་། རེ་འགའ་བའི་རྟག་པ་གཉིས་སུ་དབྱེ་ཚུལ་ཡོད་དེ།   
          “རྟག་པ་ལ་དབྱེ་ན། རྣམ་པ་ཐམས་ཅད་པའི་རྟག་པ་དང་། རེ་འགའ་བའི་རྟག་པ་གཉིས་ཡོད། དང་པོ་ནི་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ། ཐོགས་རེག་བཀག་ཙམ་གྱི་མེད་དགག་དེ། འདུས་མ་བྱས་ཀྱི་ནམ་མཁའི་མཚན་ཉིད། སྒྲ་བཤད་ནི། བར་སྣང་སྟོང་པ་ཆོས་ཅན། ཁྱོད་ཡོད་པ་ཡིན་པས་ཤེས་བྱ་ཡིན་ལ། གང་ལའང་ལྟོས་པ་མེད་པར་རྟག་ཏུ་མི་འགྱུར་བས་ན། རྣམ་པ་ཐམས་ཅད་པའི་རྟག་པ་ཞེས་བརྗོད་ལ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་སྟེ། རྒྱུ་རྐྱེན་གྱིས་མ་བྱས་པས་ན། འདུས་མ་བྱས་ཀྱི་ནམ་མཁའ་ཞེས་བརྗོད་དོ། །གཉིས་པ་རེ་འགའ་བའི་རྟག་པ་ནི། བུམ་པའི་ནམ་མཁའ་དང་། ཁང་པའི་ནམ་མཁའ་ལྟ་བུ། སྒྲ་བཤད་ནི། བུམ་པའི་ནང་གི་སྟོང་པ་དང་། ཁང་པའི་ནང་གི་སྟོང་པ་ཆོས་ཅན།རེ་འགའ་བའི་རྟག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བུམ་པ་དང་ཁང་པ་ནི་རེ་འགའ་བའི་དངོས་པོ་ཡིན་ལ་ཁྱོད་ལ་སྐྱེ་འཇིག་མེད་ཅིང་། དེ་ལ་བརྟེན་ནས་འཇོག་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། བུམ་པ་དང་ཁང་པ་ནི་རེ་འགའ་བའི་དངོས་པོ་ཡིན་ཏེ། རེས་འགའ་ཡོད་ལ་རེས་འགའ་མེད་པའི་དངོས་པོ་ཡིན་པའི་ཕྱིར།⑥ཞེས་བྱུང་སྟེ། དེ་ལྟར་ན་ནམ་མཁའ་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་པར་ཐལ། ནམ་མཁའ་ཡིན་ན་མེད་དགག་ཡིན་དགོས་པའི་ཕྱིར་རོ། །རང་ལུགས་ལ་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་བར་སྟོང་གི་ཚད་གསུམ་རང་བཞིན་དེ་ནི། ཚད་མ་རིག་པའི་ནང་དུ་བསྟན་པའི་དབྱིབས་གཟུགས་བརྒྱད་ཀྱི་ནང་དུ་འདུས་པ་ཡིན་ཏེ། དེ་ཡང་དབྱིབས་གཟུགས་བརྒྱད་དེ། རིང་བ་དང་ཐུང་བ། ལྷམ་པ་དང་ཟླུམ་པོ། མཐོ་བ་དང་དམའ་བ། ཕ་ལེ་བ་དང་ཕ་ལེ་བ་མ་ཡིན་པ་དང་བརྒྱད་ཡིན་ནོ། །དབྱིབས་གཟུགས་བརྒྱད་པོ་གང་རུང་ཡིན་ན། གཟུགས་ཀྱི་སྐྱེ་མཆེད་ཡིན་པས་ཁྱབ་པ་དང་། གཟུགས་ཀྱི་སྐྱེ་མཆེད་ཡིན་ན་ཕྱི་གཟུགས་ཡིན་པས་ཁྱབ་ལ། ཕྱི་གཟུགས་ཡིན་ན་གཟུགས་ཡིན་པས་ཀྱང་ཁྱབ་པར་མ་ཟད། གཟུགས་ཡིན་ན་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར་ན་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་བར་སྟོང་དང་ཚད་མ་རིག་པའི་ནང་དུ་བསྟན་པའི་འདུས་མ་བྱས་ཀྱི་ནམ་མཁའ་གཉིས་འགལ་བ་ཁོ་ན་ཡིན་པར་འདོད་དོ །  
          གོང་གསལ་དངོས་པོ་ཞེས་པའི་ཐ་སྙད་ལ་གོ་དོན་མི་འདྲ་བ་བྱུང་བའི་དབང་གིས་ནམ་མཁའ་འམ་བར་སྟོང་ལའང་གོ་བ་ལོན་ཚུལ་མི་འདྲ་བ་བྱུང་ཡོད་པ་མ་ཟད། དུས་ཚོད་ལ་ཡང་གོ་བ་ལེན་ཚུལ་མི་འདྲ་བ་ཡོང་གི་ཡོད་དེ། དཔེར་ན་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་དུས་ཚོད་ཅེས་པ་ནི། འགུལ་སྐྱོད་བྱེད་བཞིན་པའི་དངོས་པོ་གནས་པའི་རྩ་བའི་རྣམ་པ་ཞིག་ཡིན་པ་དང་། འགུལ་སྐྱོད་བྱེད་བཞིན་པའི་དངོས་པོ་དེ་ནམ་ཡང་བར་སྟོང་གི་རྣམ་པ་དང་དུས་ཚོད་ཀྱི་རྣམ་པ་གཉིས་ལྡན་གྱི་སྒོ་ནས་འགུལ་སྐྱོད་བྱེད་བཞིན་ཡོད་ལ། བར་སྟོང་དང་དུས་ཚོད་གཉིས་ཀྱང་ཁ་འབྲལ་ཐབས་མེད་ཅིང་། གཞན་ཡང་བར་སྟོང་མ་གཏོགས་དུས་ཚོད་མེད་པའམ། དུས་ཚོད་མ་གཏོགས་བར་སྟོང་མེད་པའི་དངོས་པོའི་འགུལ་སྐྱོད་ཡེ་ནས་མེད་ཅེས་དངོས་པོ་ནི་བར་སྟོང་དང་དུས་ཚོད་དང་ཁ་འབྲལ་ཐབས་མེད་པར་འདོད་པ་ཞིག་ཡིན། དེ་ལས་གཞན་ཚད་མ་རིག་པའི་ནང་དུ་བསྟན་པའི་དུས་ཚོད་ཅེས་པ་ནི། དངོས་པོའི་དབྱེ་བ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་གྱི་ནང་ཚན་ལྡན་མིན་འདུ་བྱེད་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན། དེ་ཡང་གཟུགས་ཤེས་གང་རུང་མ་ཡིན་པའི་འདུས་བྱས་དེ། ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་ཡིན་ལ། དུས་ཚོད་ལྡན་མིན་འདུ་བྱེད་ཡིན་ཟེར་དགོས་དོན་ནི། དེ་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པ་ཡིན། དུས་ཚོད་ལ་དབྱེ་ན། དུས་མཐའི་སྐད་ཅིག་མ་དང་། རྒྱུན་གཉིས་ལས། དུས་ཡུན་ཐུང་བའི་མཐར་ཐུག་པ་དེ། དུས་མཐའི་སྐད་ཅིག་མའི་མཚན་ཉིད། མཚན་གཞི་ནི་སྐྱེས་བུ་སྟོབས་ལྡན་ཞིག་གིས་སེ་གོལ་གཅིག་གཏོག་པའི་ཡུན་ཚད་ལ་ཆ་རེ་ལྔ་ཕྱེས་པའི་ཆ་གཅིག་གི་ཡུན་ཚད་ལྟ་བུ་དང་། རང་གི་བདག་ཉིད་དུ་གྱུར་པའི་དུས་ཀྱི་ཆ་དུ་མ་དང་བཅས་པའི་དངོས་པོ་དེ། རྒྱུན་གྱི་མཚན་ཉིད། མཚན་གཞི་ནི། དུས་མཐའི་སྐད་ཅིག་མ་གཉིས་ཡན་ཆད་མཐུད་པའི་ཡུན་ཚད་ལྟ་བུའོ། །རྒྱུན་ལ་ཡང་། དེའི་སྐད་ཅིག་མ་དང་། ཐང་གཅིག ཡུད་ཙམ། ཉིན་ཞག་སོགས་མང་དུ་ཡོད། དེས་ན་ཚད་མ་རིག་པ་ལྟར་བྱས་ན་དུས་ཚོད་ཡིན་ན་དངོས་པོ་ཡིན་པས་ཁྱབ་སྟེ། འདུས་མ་བྱས་ལ་དུས་ཚོད་འཇོག་ཏུ་མི་རུང་བའི་ཕྱིར་རོ། །  
          ཡང་ཁ་ཅིག་གིས་གཞུང་ལུགས་ལ་བརྡར་ཤ་གཅོད་ཚུལ་གྱི་སྒོ་ནས། དངོས་པོ་ཨང་དང་པོ་དང་བསམ་པ་ཨང་གཉིས་པ་ཡིན་མིན་ཐད་ལ། འདི་ནི་དངོས་གཙོ་རིང་ལུགས་ཡིན་གྱི་ཅིག་ཤོས་ནི་སེམས་གཙོ་རིང་ལུགས་ཡིན་ཞེས་སྤོབས་པའི་མགྲིན་པ་གཟེངས་སུ་བཏེགས་ནས་གསུངས་ཀྱང་། དོན་དམ་དངོས་པོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་ཡོངས་སུ་མ་རྟོགས་པའི་རྐྱེན་གྱིས་གཡག་ཞ་རས་རྩྭ་ཟོས་པ་ཇི་བཞིན་བབ་ཅོལ་དུ་འགྲོ་བའང་མང་པོ་བྱུང་། ལར་ནས་གཞུང་ལུགས་གང་དང་གང་ལ་རྩོད་པ་བགྱིད་སྐབས། སྔོན་ལ་གཞུང་ལུགས་དེ་དང་དེའི་ཐ་སྙད་ཀྱི་གོ་དོན་ལེགས་པར་རྟོགས་པར་བྱེད་རྒྱུ་གལ་ཆེ། དཔེར་ན་མར་ཁེ་སི་       རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་གི་དངོས་པོ་ཞེས་པའི་ཐ་སྙད་དེ་ཁྱེར་ཏེ་ཚད་མ་རིག་པའི་གཞུང་ལ་དགག་གཞག་བྱས་ན་མི་འགྲིག་པ་དེ་བཞིན་དུ་ཚད་མ་རིག་པའི་ཐོག་གི་དངོས་པོ་ཞེས་པའི་ཐ་སྙད་དེ་ཁྱེར་ཏེ་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ལ་དགག་གཞག་བྱས་ནའང་མི་འགྲིག་སྟེ། དེ་གཉིས་ཀྱི་ནང་དུ་བསྟན་པའི་དངོས་པོ་ཞེས་པའི་ཐ་སྙད་ཀྱི་འཇུག་ཡུལ་མི་གཅིག་པའི་ཕྱིར།                
          གཞན་ཡང་དཔེར་ན། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པར་རྒྱུས་མངའ་ཡེ་ནས་མེད་པའི་དགེ་བཤེས་ལགས་གཅིག་ལ་དངོས་པོ་དང་བསམ་པ་གཉིས་གང་ཨང་དང་པོ་དང་གང་ཨང་གཉིས་པ་ཡིན་པའི་སྐོར་ལ་སྒྲོས་ཤིག་བཏང་ཚེ། དགེ་བཤེས་དེའི་རྣ་བ་ལ་མི་འགྲོ་བ་ལྟར། ཚད་མ་རིག་པ་ལ་སྦྱངས་བརྩོན་ཡེ་ནས་མེད་པའི་མཚན་ཉིད་རིག་པ་མཁས་ཅན་ཞིག་ལ་དངོས་པོར་དབྱེ་ན་གཟུགས། ཤེས་པ། ལྡན་མིན་འདུ་བྱེད་གསུམ་ཡོད་ཅེས་སྨོས་ཚེ། དེའང་ཕལ་ཆེར་ཧ་ལས་ཧང་སང་བར་འགྱུར་རྒྱུ་ཏན་ཏན་རེད། དེས་ན་ཆོས་ཅན་གང་ཞིག་རྩོད་གཞིར་བྱས་ཚེ། ཐོག་མར་ཆོས་ཅན་དེ་དང་དེའི་ཐ་སྙད་གཅིག་གྱུར་ཡིན་མིན་ལ་ཞིབ་ལྟ་བྱ་དགོས། གལ་ཏེ་ཐ་སྙད་གཅིག་གྱུར་མིན་ན་རྩོད་ཐབས་མེད་ལ། གཅིག་གྱུར་ཡིན་ན་གཞི་ནས་དེ་དང་དེའི་སྐོར་གྱི་ལྟ་ཚུལ་ཡང་དག་མིན་ལ་རྩོད་སྒྲུབ་འདྲ་བྱས་ན་བདེན་རྫུན་དབྱེ་འབྱེད་ཐུབ་མོད། གལ་ཏེ་ཐ་སྙད་གཅིག་གྱུར་མིན་པའི་ཐོག་ད་དུང་ཕྱོགས་གཉིས་ཀས་སོ་སོའི་གོ་དོན་ལྟར་བྱས་ཏེ་རྩོད་པའི་ངལ་བ་ལ་ཞུགས་ན། ཆུ་དཀྲོགས་ནས་མར་མི་འཐོན་པའི་དཔེ་ཇི་བཞིན་ངལ་བ་འབྲས་མེད་དུ་འགྱུར་བར་ངེས། དཔེར་ན་མཁས་དབང་ལ་ལས་“དེང་སྐབས་མི་འགའ་ཞིག་གིས་སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བའི་ཁྱད་པར་དེ། སེམས་གཙོ་སྨྲ་བས་སེམས་ཨང་དང་པོ་ཡིན་པ་དང་། དངོས་པོ་ཨང་གཉིས་པ་ཡིན་པ་ཁས་ལེན་གྱི་ཡོད་ཅེས་གསལ་བ་དེ་ཡང་དག་པ་མིན། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་རིགས་མི་འདྲ་བ་མང་པོ་ཡོད་པ་སུས་ཀྱང་སེམས་དེ་དང་པོར་བྱུང་བ་དང་། དངོས་པོ་དེ་རྗེས་སུ་བྱུང་བ། དངོས་པོ་ཚང་མ་སེམས་ཀྱིས་བཟོས་པ་ཡིན་ཟེར་མཁན་རྒྱ་གར་དང་། རྒྱ་ནག བོད་གང་དུའང་མེད། རྒྱ་གར་དང་། རྒྱ་ནག་ཏུ་བྱུང་བའི་སེམས་ཙམ་པའི་གྲུབ་མཐའ་ལའང་དེ་འདྲ་མེད་ལ། བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་གང་དུའང་དེ་འདྲ་མེད་”⑦ཅེས་གསུངས་པ་ལ། གོ་བསྡུར་ཞུ་དགོས་པའི་གནད་ཅིག་ཡོད་དེ། ནང་པ་སངས་རྒྱས་ཆོས་ལུགས་ཀྱིས་སེམས་དེ་དང་པོར་བྱུང་བ་དང་། དངོས་པོ་དེ་རྗེས་སུ་བྱུང་བ། དངོས་པོ་ཚང་མ་སེམས་ཀྱིས་བཟོས་པར་ཁས་ལེན་མི་བྱེད་ན། སེམས་གཙོ་སྨྲ་བས་སེམས་ཨང་དང་པོ་ཡིན་པ་དང་། དངོས་པོ་ཨང་གཉིས་པ་ཡིན་པ་ཁས་ལེན་གྱི་ཡོད་ཅེས་གསལ་བ་དེ་ཡང་དག་པ་མིན་པས་མ་ཁྱབ་སྟེ། ཕྱི་ཡུལ་སེམས་གཙོ་རིང་ལུགས་ཀྱི་ཚབ་བྱེད་མི་སྣ་གནའ་རབས་ཀེ་རི་སེའི་་(Grecc)པའོ་ལྭ་ཐུའུ་ཡིས་“བ་དངོས་བྱེ་བྲག་པ་ནི་འདུ་ཤེས་ཀྱི་‘འདྲ་བཤུས་དཔེ་དེབ་'དང་ཡང་ན་‘གྲིབ་གཟུགས་'ཙམ་རེད་”ཟེར་བ་དང་། འཇར་མན་གྱི་ཧེ་ཀེར་གྱིས་“རང་བྱུང་ཁམས་ནི་ལྟོས་མེད་འདུ་ཤེས་ཁོ་ནའི་གཞན་གྱུར་ཞིག་ཡིན་པ་དང་། སྤྱི་ཚོགས་ནི་ལྟོས་མེད་བསམ་པའི་མཚོན་ཚུལ་ཞིག་རེད་”ཟེར་བ་སོགས་དང་། རང་སྣང་སེམས་གཙོ་རིང་ལུགས་ཀྱི་ཚབ་བྱེད་མི་སྣ་མོང་ཙེས་“བྱ་དངོས་མཐའ་དག་ང་ཡི་སེམས་སུ་གནས་”ཟེར་བ་དང་། ལྦང་ཧྲའུ་རེན་གྱིས་“གནམ་འོག་ན་བསམ་པའི་བཀོད་པ་ལས་འདས་པའི་དངོས་པོ་མེད་”ཟེར་བ་སོགས་བསམ་པ་ནི་འཇིག་རྟེན་གྱི་འབྱུང་རྩ་ཡིན་པ་དང་འཇིག་རྟེན་ནི་བསམ་པའི་ཐོན་དངོས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་ཕྱིར་རོ །  །
          དེ་ཡང་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་དུ་དངོས་གཙོ་རིང་ལུགས་དང་སེམས་གཙོ་རིང་ལུགས་དབྱེ་བ་འབྱེད་ཀྱི་ཚད་གཞི་ནི། དངོས་པོ་ཨང་དང་པོ་དང་བསམ་པ་ཨང་གཉིས་པ་ཡིན་པར་ངོས་འཛིན་བྱེད་པ་དེ་ནི་དངོས་གཙོ་རིང་ལུགས་ཡིན་ལ། ངོས་འཛིན་དེ་ལས་ལྡོག་ན་སེམས་གཙོ་རིང་ལུགས་ཡིན་ཞེས་བསྟན་ཡོད་པ་དང་། སེམས་གཙོ་སྨྲ་བས་སེམས་ཨང་དང་པོ་ཡིན་པ་དང་། དངོས་པོ་ཨང་གཉིས་པ་ཡིན་པ་ཁས་ལེན་གྱི་ཡོད་ཟེར་བའི་སྐབས་ཀྱི་གོ་དོན་ནི། སེམས་པའི་རང་བཞིན་གྱི་རིགས་ནི་དངོས་པོའི་རང་བཞིན་གྱི་འབྱུང་རྩ་ཡིན་པ་དང་། དངོས་པོ་ནི་སེམས་ལས་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ལ་ཟེར་ཞིང་། དེའི་ནང་གི་དངོས་པོ་ཞེས་པ་དེ་ཕྱིའི་དངོས་པོ་ཙམ་ལ་གོ་རྒྱུ་ལས་ནང་གི་སེམས་ལྟ་བུརགོ་རྒྱུ་མིན་པས། དེ་ལ་ཚད་མ་རིག་པའི་སྐབས་ཀྱི་གོ་བ་ལྟར་བྱས་ན་ག་ལ་འགྲིག གལ་ཏེ་ཚད་མ་རིག་པའི་ནང་གི་དངོས་པོའི་གོ་དོན་གཞིར་བཞག་ནས་གོ་བ་བླངས་ན། སེམས་དེ་ཡོད་ན་དངོས་པོ་ཡོད་པས་ཁྱབ་ཀྱང་། དངོས་པོ་ཡོད་ན་སེམས་དེ་ཡོད་པས་མ་ཁྱབ་པས། འདི་ལྟ་བུའི་སྒོ་ནས་སེམས་གཙོ་རིང་ལུགས་དང་དངོས་གཙོ་རིང་ལུགས་ལ་གོ་བ་བླངས་ན་བཞད་གད་ཀྱི་གནས་སུ་འགྱུར་ངེས་ལགས། མ་གཞི་ནང་པ་སངས་རྒྱས་ཀྱི་བྱེ་མདོ་གཉིས་ཀྱི་འདོད་ཚུལ་ནི་དངོས་གཙོ་སྨྲ་བ་དང་འདྲ་པོ་ཡོད་དེ། དེ་གཉིས་ཀྱིས་ཡུལ་སྔོན་ལ་གྲུབ་ནས། ཡུལ་ཇི་ལྟར་གནས་པ་ལྟར་དེ་ལ་གསར་དུ་འཇུག་པའི་བློ་དེ་ཚད་མར་འདོད་པར་མ་ཟད། ཁྱད་པར་མདོ་སྡེ་པས་“ཕྱི་རོལ་དོན་དུ་གྲུབ་པ་ཁས་ལེན་པས་གཟུགས་སོགས་ཀྱི་དངོས་པོ་རྣམས་ནང་གི་ཤེས་པ་ལ་མ་བལྟོས་པར་རྡུལ་ཕྲན་བསགས་པ་ལས་རགས་པར་གྱུར་པ་ཡིན་པ་དང་། རྡུལ་ཕྲན་དེ་དག་ཀྱང་མཐར་ཆ་མེད་ཀྱི་རྡུལ་ལ་ཐུག་དགོས་པས་ན། རྡུལ་ཕྲན་ཆ་མེད་ཁས་ལེན་དགོས་པ་བྱུང་བ་”དང་། ཡང་དམིགས་རྐྱེན་དང་བདག་རྐྱེན་ཕྲད་ཀྱང་དེ་མ་ཐག་རྐྱེན་མ་ཕྲད་ན་ཡིད་ཀྱི་ཤེས་པ་མི་སྐྱེ་བར་འདོད་པ་སོགས་ལྟ་བུ་ཡིན། འོན་ཀྱང་མཐའ་གཅིག་ཏུ་སེམས་གཙོ་རིང་ལུགས་ཡིན་དང་དངོས་གཙོ་རིང་ལུགས་ཡིན་གྱི་སྐོར་ལ་བདག་ལྟ་བུར་དེ་འདྲའི་རྣམ་དཔྱོད་ཀྱི་ཤེས་རབ་མི་ལྡན་པས། གཞུང་ལུགས་ཕྱོགས་གཉིས་ཀར་དབང་བསྒྱུར་བའི་གཟུར་གནས་མཁས་དབང་རྣམས་ཀྱི་དཔྱད་བར་མཆིས་ན། ཁོང་རྣམ་པས་རྩོད་སྒྲུབ་ཀྱི་ས་བརྡར་ཤ་བཅད་ཅིང་དྲང་བདེན་གྱི་ལེགས་བཤད་དག་ཕྱི་རབས་པ་རྣམས་ལ་ཕངས་མེད་དུ་སྩོལ་བའི་རེ་བ་ཞུ་བཞིན་ཡོད།  
          ཡང་“དེ་ལྟར་དོན་བྱེད་ནུས་པ་ལ་དངོས་པོ་ཞེས་དངོས་པོའི་མཚན་ཉིད་ལ་དོན་བྱེད་ནུས་པ་བཞག་པ་དེ་ནི། འདུས་བྱས་ཐམས་ཅད་དེ་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ནམ་འཇིག་རྟེན་དེར་གནས་ཀྱི་དངོས་པོ་ཐམས་ཅད་ནི་མི་རྣམས་ཀྱི་ཤེས་ཚོར་ལ་རག་མ་ལས་པར། དངོས་པོ་གང་ཞིག་ཡིན་རུང་དངོས་པོ་རང་གི་དོན་མཚུངས་ཀྱི་ནུས་པ་སྐྱེད་ཅིང་དོན་བྱེད་ནུས་པའི་སྒོ་ནས་ཕྱི་རོལ་དུ་ངང་གིས་གནས་ཡོད་ཀྱི་རྣམ་པ་དང་སྔར་ཡོད་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན་པའི་རྣམ་པ་དེ་ཇི་བཞིན་མཚོན་པར་བྱས་པ་ཡིན་”⑧ཞེས་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཐོག་གི་དངོས་པོའི་གོ་དོན་དང་། ཚད་མ་རིག་པའི་ནང་གི་དངོས་པོའི་གོ་དོན་གཉིས་ཕན་ཚུན་ཉ་དང་ཉུང་མ་མཉམ་བསྲེས་ཀྱི་སྒོ་ནས་བརྫོད་ཚེ། གཞུང་ལུགས་ཕྱོགས་གཅིག་རྟོགས་ཀྱང་ཅིག་ཤོས་ལ་རྒྱུས་མངའ་ཡེ་ནས་མེད་པའི་སྐྱེ་བོ་དག་གི་རྣ་བར་འགྲོ་སྲིད་ཀྱང་། གཞུང་ལུགས་ཕྱོགས་གཉིས་ཀར་ཐོས་བསམ་བྱེད་མྱོང་བའི་སྐྱེ་བོ་ཞིག་གི་རྣ་བར་ག་ལ་འགྲོ། དེ་ཕྱིར་ང་ཚོས་གཞུང་ལུགས་སོ་སོས་བསྟན་པའི་དངོས་པོ་ཞེས་པའི་ཐ་སྙད་ལ་སོ་སོར་གོ་དོན་མི་འདྲ་བ་རེ་ཡོད་པ་རྣམས་རྟོགས་པར་བྱས་ཏེ་བདེན་དོན་བཙལ་འཚོལ་དང་། བླང་དོར་འཇུག་ལྡོག་བྱ་དགོས་པ་ལས། གཞུང་ལུགས་ཕྱོགས་གཅིག་རྟོགས་ཀྱང་ཕྱོགས་གཞན་མ་རྟོགས་པ་དང་། དོན་གྱི་རྩེ་མོ་ཤེས་ཀྱང་མཐིལ་མ་རྟོགས་པར་བྱུང་རྒྱལ་དུ་སྨྲས་ན། དངོས་ཐོག་བདེན་འཚོལ་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་དང་འགལ་བར་མ་ཟད། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དང་ཡང་འགལ་བར་འགྱུར་བ་ཡིན་ཏེ། མདོ་ལས།          
                                       དགེ་སློང་དག་དང་མཁས་རྣམས་ཀྱིས། །          
                                       བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །          
                                       ལེགས་པར་བརྟག་ལ་ང་ཡི་བཀའ །          
                                       བླང་བར་བྱ་ཡི་གུས་ཕྱིར་མིན། །  
          ཞེས་བརྗོད་བྱ་ལ་བརྟག་དཔྱད་ལེགས་པར་བས་ཏེ་དྲང་ངེས་འབྱེད་དགོས་པ་ལས། ཚིག་ཟིན་ལ་ཡོད་དོ་ཅོག་ཁས་བླང་དུ་མི་རུང་བར་གསུངས་པས་སོ །  
          གོང་དུ་སྨོས་པ་དེ་རྣམས་ནི་སྐྱེས་སྦྱངས་ཀྱི་ཤེས་རབ་དམན་པ་བདག་གིས་དེང་སྐབས་དངོས་གཙོ་རིང་ལུགས་དང་སེམས་གཙོ་རིང་ལུགས་ཀྱི་སྐོར་གླེང་སྐབས། རང་རང་སོ་སོའི་འདོད་ཚུལ་ལྟར་འདི་ནི་དངོས་གཙོ་རིང་ལུགས་ཡིན་གྱི་ཅིག་ཤོས་ནི་སེམས་གཙོ་རིང་ལུགས་རེད་ཅེས་གཞན་ཟེར་གྱི་རྗེས་སུ་འབྲངས་པ་མི་ཉུང་བ་ཞིག་གིས་དངོས་པོའི་ཐ་སྙད་ཀྱི་འཇུག་ཡུལ་ལ་སྣང་ཆུང་དང་། དོ་སྣང་མ་བྱས་པར་གྲུབ་མཐའི་འཐེན་འཁྱེར་གྱི་དབང་དུ་སོང་བ་མཐོང་བས། དེ་རྣམས་ལ་གསལ་འདེབས་ཀྱི་ཚུལ་དུ་ཞུ་ཁུལ་དང་གཅིག དེང་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གང་ཐད་ནས་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར། མི་རྣམས་ཀྱིས་སྤྱི་ཚོགས་དང་རང་བྱུང་ཁམས་ལ་ཞིབ་འཇུག་བྱ་ཡུལ་གྱི་ཁྱབ་ཁོངས་ཀྱང་རྒྱ་ཇེ་ཆེར་སོང་སྟབས། གཞུང་ལུགས་ཕན་ཚུན་བར་ཐ་སྙད་ཀྱི་གོ་བརྡ་འཕྲོད་མ་འཕྲོད་ལ་བསམ་གཞིགས་ནན་པོ་བགྱི་དགོས་པར་བསམ་པ་དང་གཉིས། ཆོས་ལུགས་སྲིད་ཇུས་དེ་ཚན་རིག་དང་མཐུན་པ་ཡོང་ཆེད་ཀྱི་འདུན་པ་སྔོན་ལ་བཏང་བ་བཅས་གསུམ་གྱི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཞེས་པའི་ཐ་སྙད་ལ་ཐོག་མར་དཔྱད་ཁུལ་ཡིན་པ་དེ་ཡང་དོ་ལོ་སྔོན་མོ་ཕར་ལ་བྱིན་ཅིང་དྲུག་དམར་གཡུ་ཆུང་ཚུར་ལ་ལེན་པའི་དཔེ་ཇི་བཞིན་བློ་གྲོས་ཀྱི་ཁོ་ལག་ཡངས་ཤིང་ལེགས་བཤད་ཀྱི་སྣང་བ་འགྱེད་པ་ལ་སྤྲོ་བའི་གཟུར་གནས་མཁས་དབང་རྣམས་ནས་དེ་སྐོར་ཟབ་ཅིང་རྒྱ་ཆེའི་དཔྱད་གཏམ་འདྲ་སྤེལ་ན་བསམ་པའི་ཕོ་ཉར་མངགས་པ་ལགས་ན། འདིར་ནོངས་འགལ་གྱི་ཆ་སྲིད་ངེས་པས། དགག་སྒྲུབ་སུན་འབྱིན་ཡོང་བར་སྒོ་གསུམ་གུས་པ་ཆེན་པོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།། །།    
ལུང་ཁུངས།   
①《མཚན་ཉིད་རིག་པའི་སྐོར་གྱི་དྲི་བ་དྲིས་ལན་མདོར་བསྡུས་》ཞེས་པའི་བོད་ཡིག་པར་གཞིའི་ཤོག་ངོས་༢༩པར་གསལ།   
②《མཚན་ཉིད་རིག་པའི་སྐོར་གྱི་དྲི་བ་དྲིས་ལན་མདོར་བསྡུས་》ཞེས་པའི་བོད་ཡིག་པར་གཞིའི་ཤོག་ངོས་༣༩པར་གསལ།   
③《བསྡུས་གྲྭའི་གོ་དོན་བློ་གསལ་འཇུག་ངོགས་》ཞེས་པའི་བོད་ཡིག་པར་གཞིའི་ཤོག་ངོས་༡༦༡པར་གསལ།   
④《མཚན་ཉིད་རིག་པའི་སྐོར་གྱི་དྲི་བ་དྲིས་ལན་མདོར་བསྡུས་》ཞེས་པའི་བོད་ཡིག་པར་གཞིའི་ཤོག་ངོས་༣༡པར་གསལ།   
⑤《མཚན་ཉིད་རིག་པའི་སྐོར་གྱི་དྲི་བ་དྲིས་ལན་མདོར་བསྡུས་》ཞེས་པའི་བོད་ཡིག་པར་གཞིའི་ཤོག་ངོས༣༣པར་གསལ།   
⑥《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ་》ཞེས་པའི་བོད་ཡིག་པར་གཞིའི་ཤོག་ངོས་༦པར་གསལ།   
⑦《བོད་ལྗོངས་ཞིབ་འཇུག་》སྤྱི་ལོ་༡༩༨༧ལོའི་བོད་ཡིག་དུས་དེབ་དང་པོའི་ཤོག་ངོས་༣པར་གསལ།   
⑧《བསྡུས་གྲྭའི་གོ་དོན་བློ་གསལ་འཇུག་ངོགས་》ཞེས་པའི་བོད་ཡིག་པར་གཞིའི་ཤོག་ངོས་༡༦༡པར་གསལ།