ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་ནང་ལོགས་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་སྤེལ་བའི་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2018-04-27 ཡོང་ཁུངས། ངེད་དྲ་བ། རྩོམ་པ་པོ། གཡང་སྒྲོན།
          [ནང་དོན་གནད་བསྡུས།]  དཔྱད་རྩོམ་འདིའི་ནང་དུ་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ནང་ལོགས་ས་ཁུལ་དུ་ཕེབས་ནས་ལོ་བཅོ་ལྔར་བཞུགས་པའི་རིང་ལ།  ཁོང་གིས་ནང་ལོགས་ས་ཁུལ་དུ་དུས་འཁོར་དབང་ཆེན་གནང་བའི་ཆོས་སྤྱོད་རྒྱ་ཆེན་པོ་ལེགས་པར་སྤེལ་བས་སྔུན་བསུས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་དཔྱོད་སྒྲུབ་ལས་ཁུངས་བཙུགས་པ་དང་འཆད་ཉན་སྒྲུབ་མཆོད་སོགས་མཛད་པའི་ཕན་ཡོན་གྱི་སྐོར་རགས་ཙམ་གླེང་པ། 
          [གནད་འགག་མིང་བརྡ།]  ཉེ་རབས་པཎ་ཆེན་སྐུ་ཕྲེང་དགུ་པ། བོད་བརྒྱུད་ནང་བསྟན། ནང་ལོགས་ས་ཁུལ།    
          ཉེ་རབས་དང་དེང་རབས་ཀྱི་ཀྲུང་གོའི་ཆབ་སྲིད་ལ་འགྱུར་བ་སྣ་ཚོགས་ཤིག་བྱུང་བ་དང་སྤྱི་ཚོགས་ལ་དེ་བཞིན་གྱི་གོ་སྐབས་ལེགས་པོ་ཞིག་བསྩལ་ཡོད་ཅིང་། ཉེ་རབས་ཀྱི་བློ་ལྡན་མི་ཉུང་བ་ཞིག་གིས་བོད་བརྒྱུད་ནང་བསྟན་ལ་བརྟེན་ནས་རྒྱ་ནག་ཡུལ་གྱི་ནང་བསྟན་དར་སྤེལ་གཏོང་དགོས་པའི་སྐོར་གྱི་འདོད་ཚུལ་བརྗོད་པ་དང་། ནང་སྒོས་སུ་གསང་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་འདོད་ཀྱི་སྤོབས་པ་རྒྱན་དུ་འཆང་བའི་དགེ་འདུན་པ་རྣམས་ཀྱིས་བོད་ཀྱི་གསང་སྔགས་ཀྱི་ཆོས་དང་ཤར་རྒྱུད་གསང་སྔགས་ཀྱི་ཆོས་མཉམ་བསྲེས་བྱེད་པའི་ཐབས་ལས་རྒྱ་བརྒྱུད་གསང་སྔགས་ཀྱི་ཆོས་ཕུན་ཚོགས་དར་རྒྱས་གཏོང་རྒྱུའི་དམིགས་ཡུལ་བཅངས་ཡོད། སྐབས་དེའི་གནས་ཚུལ་དང་དགོས་མཁོ་དག་གཞིར་བཞག་བྱས་ཏེ་བཤད་ན། གོ་རྨིན་ཏང་གིས་སྲིད་དབང་འཛིན་པའི་སྐབས་སུ་སོག་པོ་དང་བོད་ཡུལ་གྱི་དགེ་འདུན་པ་རྣམས་རིམ་བཞིན་ནང་ལོགས་ས་ཁུལ་དུ་ཕྱིན་ནས་ནང་བའི་བསྟན་པ་སྤེལ་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཆོགས་སྤེལ་བ་དང་།  ནང་ལོགས་ས་ཁུལ་གྱི་དད་ལྡན་པ་རྣམས་ཀྱིས་དེ་ལ་རིས་སུ་མ་ཆད་པར་དད་ཅིང་བཀུར་བར་བརྟེན་ནས་ནང་ལོགས་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བར་སྔ་ན་མེད་པའི་ནུས་པ་ཆེན་པོ་ཐོན་ཡོད། པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ(1883-1937)མཆོག་སྤྱི་ལོ་1923ལོར་ནང་ལོག་ས་ཁུལ་དུ་ཕེབས་ཤིང་།  ནང་ལོག་ས་ཁུལ་དུ་བཞུགས་ཏེ་ཆོས་སྤྱོད་སྣ་ཆོགས་སྤེལ་ནས་མི་ལོ་བཅོ་ལྔ་འདས་པའི་རིང་ལ་ཕལ་ཆེར་རྒྱལ་ཡོངས་ཀྱི་ཡུལ་གྲུ་ཕལ་མོ་ཆེ་ཞིག་ལ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཡོད་པ་སྟེ། སྔ་ཕྱིར་ནང་སོག་དང་། པེ་ཅིང་། ཧྲན་ཞི།  ནན་ཅིན། ཧྲང་ཧའེ། ཧང་ཀྲོའུ་སོགས་སུ་ཕེབས་ཏེ་ཆོས་ཀྱི་ཁྲིད་བསྐྱངས་ཤིང་བཀའ་ཆོས་གསུངས་ཏེ་སེམས་ཅན་སྨིན་གྲོལ་དུ་བཀོད་པ་དང་།  གཞན་ཡང་ཕྱག་དབང་བསྐུར་བ་དང་།  སྦྱིན་པ་གཏོང་བ།  དུས་འཁོར་དབང་ཆེན་གནང་བ་སོགས་ཆོས་སྤྱོད་སྣ་ཆོགས་སྤེལ་བས།  ཁོང་ལ་ཆོས་ལུགས་ལས་རིགས་ཐད་ནས་སྙན་གྲགས་ཆེན་པོ་ཡོད་པ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་མང་པོ་ཞིག་ཡོད་པ་དེས་བོད་ཀྱི་གསང་སྔགས་དེ་ནང་ལོག་ས་ཁུལ་དུ་དར་སྤེལ་གཏོང་བར་མཐུན་རྐྱེན་ལེགས་པོ་སྦྱར་ཡོད་པ་དང་། དེ་ནི་བོད་རྒྱའི་ཆོས་ལུགས་ལས་རིགས་ཀྱི་རིག་གནས་སྤེལ་རེས་དོན་དུ་གཉེར་བར་ཡར་སྐུལ་བྱེད་པའི་སྟོབས་ཤུགས་ཆེན་པོའི་འབྱུང་ཁུངས་ཉིད་དུ་གྱུར་པས།  ནང་ལོག་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བར་སུས་ཀྱང་ཚབ་བྱེད་མི་ནུས་པའི་ནུས་པ་གལ་ཆེན་ཞིག་ཐོན་ཡོད་པ་རེད།
          དང་པོ། པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་སོག་ཡུལ་དུ་ཆོས་སྤྱོད་སྤེལ་བའི་སྐོར།
          སྤྱི་ལོ1926ལོར་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གིས་སོག་པོའི་ཆི་ཁག་གི་ཝང་དང་གུང་གི་དཔོན་རིགས་གྱིས་གདན་འདྲེན་ཞུས་པ་ཞལ་གྱིས་བཞེས་ནས་ཧྲིན་དབྱང་དུ་ཕེབས་ཤིང་།    སྤྱི་ལོ1928ལོའི་ཟླ4པའི་ནང་དུ་ཏར་ཧན་ཆིན་ཝང་གིས་སྤྱན་འདྲེན་ཞུས་པ་ཞལ་གྱིས་བཞེས་ཏེ་ཝུན་ཏུའུ་ཞེས་བྱ་བའི་རྒྱལ་པོའི་ཆོས་སྡེར་བྱོན་ནས་བཀའ་ཆོས་གནང་བ་དང་། བླ9པའི་ནང་དུ་ཆི་ཧྲོན་ཧུ་ཧོར་ཞེས་བྱ་བའི་དགོན་པར་ཕེབས་པའི་ཚེ།   སོག་པོའི་རྒྱལ་རྒྱུད་དང་སེར་སྐྱ་དག་ཆོས་ཞུ་བར་ཡོང་ཞིང་། དེ་རྣམས་ལས་འགའ་ཞིག་ལ་སྡོམ་པ་འབོག་པར་མཛད་པ་དང་། འགའ་ཞིག་ལ་ཕྱག་དབང་བསྐུར་བ་སྟེ། ཉིན་རེར་དེ་འདྲའི་དད་ལྡན་པ་མང་པོ་ཞིག་རྒྱུན་ཆད་མེད་པར་ཡོང་བ་རེད།
          པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་ནང་ལོགས་ས་ཁུལ་དུ་ཆོས་སྤྱོད་སྣ་ཆོགས་སྤེལ་བའི་སྐབས་སུ།  དུས་འཁོར་དབང་ཆེན་གྱིས་གོ་གནས་ངེས་ཅན་ཞིག་ཟིན་ཡོད་པ་དང་ཆབས་ཅིག  ཤུགས་རྐྱེན་ཆེན་པོ་ཞིག་ཀྱང་བཞག་ཡོད་པ་སྟེ།  ཆོས་རྗེ་འདི་བས་སོག་ཡུལ་དུ་སྔ་ཕྱིར་དུས་འཁོར་དབང་ཆེན་ཐེངས་ལྔར་གནང་བ་རེད།  སྤྱི་ལོ་1928ལོའི་ཟླ4པའི་ཚེས15ཉིན་སོག་པོའི་འགོ་གཙོ་དབྱང་སང་ཆོ་ཡིས་སྦྱིན་བདག་བྱས་ནས་པཎ་ཆེན་རིན་པོ་མཆོག་གིས་ཏར་ཧན་ཆི་ཝུན་ཏུའུ་ཞེས་བྱ་བའི་དགོན་པར་དུས་འཁོར་དབང་ཆེན་གནང་ཞིང་།  པཎ་ཆེན་རིན་པོ་ཆེ་མཆོག་གིས་དུས་འཁོར་དབང་ཆེན་གནང་བ་ལས་དེ་ནི་ཤིན་ཏུ་རྒྱ་ཆེན་པོ་ཞིག་ཡིན་ལ། ཟླ་ཕྱེད་ཙམ་ལ་དུས་འཁོར་དབང་ཆེན་གནང་བ་དང་། དགོན་སྡེ་སོ་སོའི་བླ་མ་དང་དགེ་འདུན་པ་སོགས་སེར་སྐྱ་ཁྲི17ལྷག་དུས་འཁོར་དབང་ཆེན་ལ་ཉན་པར་ཞུགས་ཡོད་ཅིང་། དུས་འཁོར་དབང་ཆེན་ཐེངས་དང་པོ་འཚོགས་ནས་ཅུང་མ་འགོར་བར་ཤར་མོན་གྱི་གྲ་སཱ་ཐུའུ་འགོ་གཅོས་ཀྱང་པཎ་ཆེན་རིན་པོ་ཆེ་མཆོག་སྤྱན་འདྲེན་ཞུས་ནས་གྲ་སཱ་ཁི་ཐུའུ་ཆི་ཞེས་བྱ་བའི་ཡུལ་དུ་དུས་འཁོར་དབང་ཆེན་ཐེངས་གཉིས་པ་གནང་།  ཐེངས་འདིའི་དུས་འཁོར་དབང་ཆེན་ལ་ཞུགས་མཁན་གྱི་དགེ་འདུན་པ་དང་སེར་སྐྱ་མང་ཆོགས་84000ལྷག་ཡོད་ཅིང་།  དེ་ལྟར་དུས་འཁོར་དབང་ཆེན་བསྟུད་མར་ཐེངས་གཉིས་སྤེལ་བར་བརྟེན་ནས་པཎ་ཆེན་རིན་པོ་མཆོག་གི་སྙན་གྲགས་སོག་ཡུལ་ཀུན་ལ་རིས་མེད་དུ་ཁྱབ་པ་རེད།    
          སྤྱི་ལོ1929ལོར་པཎ་ཆེན་རིན་པོ་ཆེ་མཆོག་ནང་སོག་སུའོ་མོན་གྱི་འགོ་གཙོས་གདན་འདྲེན་ཞུས་པ་ཞལ་གྱིས་བཞེས་ཏེ་ཞི་ལིན་ཀའོ་ལི་མོན་གྱི་ཡུལ་དུ་ཕྱག་ཕེབས་ཤིང་། དེ་གའི་པེ་ཙི་དགོན་དུ་དུས་འཁོར་དབང་ཆེན་ཐེངས་གསུམ་པ་གནང་བ་དང་།  ཧ་ལམ་དད་ལྡན་པ་ཁྲི་7ལྷག་ཡོད་པ་རེད། དུས་འཁོར་དབང་ཆེན་གནང་ཚར་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་དེ་གའི་དགོན་སྡེ་ཁག་ཏུ་ཕེབས་ཏེ་ཆོས་གསུངས་ཤིང་། ཞི་ལིན་ཀའོ་ལི་མོན་གྱི་འགོ་གཙོ་ནི་ལྷག་བསམ་རྣམ་དག་ཅན་གྱི་དད་ལྡན་པ་ཟོལ་མེད་པ་ཞིག་ཡིན་པ་དང་། སྤྱི་ལོ1930ལོའི་ཟླ8པའི་ནང་དུ་ཁོང་གིས་ཡང་བསྐྱར་པཎ་ཆེན་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་ཤིང་སྦྱིན་བདག་བྱས་ནས་དུས་འཁོར་དབང་ཆེན་ཐེངས་བཞི་པ་གནང་བ་དང་།  སོག་ཡུལ་གྱི་དད་ལྡན་པ་ཁྲི5ལ་ཉེ་བ་ཞིག་འདུས་ཡོད་པ་རེད།  སྤྱི་ལོ་1932ལོར་ཝུའུ་ལན་ཚ་པུའུ་མོན་གྱི་འགོ་གཙོ་ཡོན་ཝང་གིས་པཎ་ཆེན་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་ནས་སའེ་ཡོན་ཧྲིན་པའེ་ལིན་ཞེས་བྱ་བའི་དགོན་དུ་ཕེབས་ནས་དུས་འཁོར་དབང་ཆེན་ཐེངས་ལྔ་པ་གནང་ཞིང་།  ཧ་ལམ་རྒྱ་སོག་གི་དད་ལྡན་པ37000ལྷག་འདུས་ཡོད་པ་དང་།  དེ་ནི་པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་སོག་ཡུལ་དུ་གནང་བའི་མཐའ་མཇུག་གི་དུས་འཁོར་དབང་ཆེན་ཞིག་ཡིན་པར་གྲགས་སོ།
          གཉིས་པ། པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་ནང་ལོག་ས་ཁུལ་དུ་ཆོས་སྤྱོད་སྤེལ་བའི་སྐོར།
          དུས་འཁོར་དབང་ཆེན་ནི་བོད་བརྒྱུད་ནང་བསྟན་ལ་མཚོན་ན་ཆོས་སྤྱོད་ཤིན་ཏུ་གཟབ་རྒྱས་ཤིག་ཡིན་ཞིང་། པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གིས་ནང་ལོགས་ས་ཁུལ་དུ་དུས་འཁོར་དབང་ཆེན་གནང་བའི་སྐབས་སུ་ཤུགས་རྐྱེན་ཆེས་ཆེ་བ་ནི་ཡོངས་གྲགས་སུ་1932ལོ་དང་1934ལོར་པེ་ཅིང་དང་ཧང་ཀྲོའུ་རུ་གནང་བའི་དུས་འཁོར་དབང་ཆེན་གཉིས་ཡིན་པར་གྲགས།   སྤྱི་འོ1932ལོའི་ཟླ10པའི་ནང་དུ་ཏོན་ཆི་རུའེ་(1865-1936)དང་པེ་ཅིང་གི་ནང་བསྟན་ལས་རིགས་ཁག་གི་ཚོགས་པ་སོ་སོས་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གདན་དྲངས་པ་ལྟར་རྒྱལ་ས་པེ་ཅིང་དུ་ཕེབས་ཤིང་། ཟླ10པའི་ཚེས22ཉིན་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གིས་པེ་ཅིང་གནའ་བོའི་ཕོ་བྲང་གི་གོང་མའི་ཡུམ་ཆེན་གྱི་ཕོ་བྲང་དུ་དུས་འཁོར་དབང་ཆེན་ཐེངས་དྲུག་པ་གནང་བ་དང་། དེ་ནི་ངེས་པ་དོན་གྱི་རྒྱ་ཆེ་ཞིང་ཤིན་ཏུ་གཟབ་རྒྱས་ཤིག་ཡིན།  དུས་འཁོར་དབང་ཆེན་དེ་ནི་ཆབ་སྲིད་དང་། སྤྱི་ཆོགས་ཀྱི་ལུགས་སྲོལ་བཅས་དང་འབྲེལ་བ་ཤིན་ཏུ་དམ་ཟབ་ཡོད་པས།  རྒྱལ་ཁབ་ཕྱི་ནང་གི་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་གྱི་དད་ལྡན་པ་རྣམས་པེ་ཅིང་དུ་མ་གྲོས་ངང་གིས་འདུས་ཏེ་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གི་གསུངས་ལ་ཉན་ཞིང་། སྐབས་དེའི་བཀའ་ཆོས་ལ་ཉན་མཁན་གྱི་དད་ལྡན་པ་ཁྲི་10ལ་ཉེ་བ་ཞིག་ཡོད།  ཚེས24ཉིན་བར་དུ་དུས་འཁོར་དབང་ཆེན་བདེ་བླག་ངང་མཇུག་སྒྲིལ་བ་རེད། སྐབས་དེའི་དུས་དེབ་དང་ཚགས་པར་དག་ལས།《རྔམ་ཟིལ་གྱི་སྒྲ་དབྱངས》《威音》དང་།《མཚོ་རླབས་ཀྱི་སྒྲ་དབྱངས》《海潮音》།《ནང་རིག་ཟླ་ཕྱེད་དེབ》 《佛学半月刊》དང་ 《སྤྱི་བསྒྲགས་ཆེན་མོ》 《大公报》སོགས་དུས་དེབ་དང་ཚགས་པར་རྣམས་ཀྱི་སྟེང་དུ་འབྲེལ་ཡོད་ཀྱི་གསར་འཕྲིན་མང་པོ་ཞིག་བཀོད་ཡོད་པ་མ་ཟད། ད་དུང་《དུས་འཁོར་དབང་ཆེན་གྱི་དགོངས་དོན་སྙིང་བོར་དྲིལ་བ》ཞེས་བྱ་བ་པར་དུ་བཏབ་ནས་ག་ས་ཀུན་ཏུ་བཀྲམས་པ་རེད།
          སྤྱི་ལོ1934ལོར་ཧང་ཀྲོའུ་གྲོང་ཁྱེར་གྱི་ལས་རིགས་ཁག་གིས་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གདན་འདྲེན་ཞུས་ནས་ལིན་དབྱིན་དགོན་པར་(灵隐寺)ཕེབས་ཏེ་དུས་འཁོར་དབང་ཆེན་ཐེངས་བདུན་པ་གནང་ཞིང་། དད་ལྡན་པ་ཁྲི་བདུན་ཡོང་ཡོད་ཅིང་། དེ་ནི་གོ་རྨིན་ཏང་གི་ཐོག་མའི་སྲིད་འཛིན་ཁྱབ་ཁོངས་ཀྱི་མི་སྣ་གལ་ཆེན་ཏོན་ཆི་རུའེ་དང་།  ཏའེ་ཅི་ཐོད། ཁྲུའུ་མེན་དབྱི་སོགས་ཀྱིས་མཐུན་རྐྱེན་ལེགས་པར་སྦྱར་ནས་གནང་བའི་དུས་འཁོར་གྱི་དབང་ཞིག་ཡིན་པས། དེ་ལ་གོ་རྨིན་ཏང་སྲིད་གཞུང་གི་ཀྲུའུ་ཞི་ལིན་སེང་གིས་བསྟོད་པའི་མེ་ཏོག་སྟོར་བ་རེད།  བོད་ཀྱི་གསང་བ་སྔགས་ཀྱི་ཆོས་སྤྱོད་རྒྱ་ཆེན་པོ་དེ་ལ་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཚགས་པར་དང་དུས་དེབ་རྣམས་ཀྱིས་གདེང་འཇོག་ལེགས་པོ་བྱས་ཤིང་། ཧྲང་ཧའེ་ཡི་《ནང་རིག་ཟླ་ཕྱེད་དེབ》《佛学半月刊》ཀྱིས་ད་དུང་དུས་འཁོར་དབང་ཆེན་གནད་བསྡུས་ཤིག་ཀྱང་པར་དུ་བཏབ་པ་རེད།  གོང་དུ་སྨོས་མ་ཐག་གི་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་ལྟེ་བ་ཉིད་དུ་གྱུར་པའི་གྲོང་ཁྱེར་ཆེན་མོ་རྣམས་སུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྔ་ཕྱིར་དུས་འཁོར་དབང་ཆེན་གནང་བས། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་དང་།   ཉེ་རབས་དང་དེང་རབས་ཀྱི་གསང་སྔགས་བསྟན་པའི་རིག་གནས་དེ་ཡང་བསྐྱར་སྔ་ན་མེད་པའི་དར་སྤེལ་གཏོང་བར་མཐུན་རྐྱེན་ལེགས་པོ་སྦྱར་ཡོད་པ་རེད། 
          གསུམ་པ། པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་ནང་བསྟན་དཔྱོད་སྒྲུབ་ལས་ཁུངས་བཙུགས་ཚུལ།    
          པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གིས་ནང་ལོག་ས་ཁུལ་དུ་གསང་སྔགས་འཆད་སྤེལ་དང་དབང་གནང་བ་མ་ཟད།   ད་དུང་རིམ་གྱིས་རྒྱ་ནག་ཡུལ་གྱི་ནང་བསྟན་སློབ་གླིང་དང་ནང་བསྟན་ཚོགས་པའི་ནང་དུ་རྒྱུད་པ་གྲྭ་ཚང་བཙུགས་ཏེ།  ཆེད་དུ་གསང་སྔགས་ཀྱི་བསླབ་གཞི་དང་ནང་དོན་ཐད་ལ་ཞིབ་འཇུག་བྱས་ནས་ནང་ལོག་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་ལ་སློབ་གཉེར་བྱེད་པའི་ཚ་རླབས་རྒྱས་པ་རེད།  པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་སྐུ་ངལ་ལ་མ་འཛེམ་པར་ཆོས་སྤྱོད་སྤེལ་བའི་ལས་སུ་ཞུགས་ཤིང་ཡུལ་རྣམས་སུ་ཕེབས་ཏེ་ཆོས་གསུངས་པ་མ་ཟད་ད་དུང་ཐུགས་རབ་ཏུ་དགྱེས་པའི་ངང་ནང་བསྟན་དཔྱོད་སྤྲུབ་ལས་ཁུངས་བཙུགས་པ་དང་། སྔ་ཕྱིར་ཧྲང་ཧའེ་ཡི་བྱང་ཆུབ་སེམས་བསྐྱེད་སློབ་ཚོགས་དང་ཧྲང་ཧའེ་ཡི་སོག་བོད་སློབ་གླིང་ཡང་དབུ་བརྙེས་ཡོད་པ་རེད།
          སྤྱི་ལོ1934ལོར་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་ཝུའུ་ཐའེ་ཁྲེང་དང་།  ཝང་དབྱི་ཐེན་དང་། ཏོན་ཆི་རུའེ་དང་། ཞུས་ཞའོ་ཐན་དང་།    ཧྲིག་ཡའེ་ཧྲེང་དང་།  ཁྲིན་ཡོན་པའེ་སོགས་ཀྱིས་གདན་འདྲེན་ཞུས་ནས་ཧྲང་ཧའེ་ཡི་བྱང་ཆུབ་སེམས་བསྐྱེད་སློབ་ཆོགས་སྒྲིག་འཛུགས་བྱས་ཤིང་།  ལོ་དེའི་ཟླ7པའི་ཚེས8ཉིན་བྱང་ཆུབ་སེམས་བསྐྱེད་སློབ་ཚོགས་ཀྱི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་ཡོད་པ་རེད།  དེར་པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་བློ་བཟང་རྒྱལ་མཚན་དང་ལི་ཅང་ཡུས་རྣམ་གཉིས་སྐུ་ཚབ་ཏུ་བསྐོས་ཏེ་ཆེད་མངགས་ཀྱིས་སྔ་ཕྱིར་སྒོར4000ཡི་ཞལ་འདེབས་རོགས་སྐྱོར་གནང་བ་དང་།  སྤྱི་ལོ་1935ལོའི་ཟླ11པའི་ཚེས12ཉིན་བྱང་ཆུབ་སེམས་བསྐྱེད་སློབ་ཆོགས་ཀྱིས་ཧྲང་ཧའེ་ནང་བསྟན་དྲི་མེད་ལས་དོན་ཁང་(上海佛教净业社)གཡར་ནས་སློབ་ཆོགས་འཛུགས་པའི་ཚོགས་ཆེན་འཚོགས་ཤིང་།   པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་ནན་ཅིན་དུ་བཅའ་སྡོད་བྱས་ཡོད་པའི་དོན་གཅོད་ཁང་གི་འགོ་འཛིན་ཀྲུའུ་ཧྥུའུ་ནན་འཐུས་ཚབ་བྱས་ནས་ཚོགས་ཆེན་དུ་ཞུགས་པའི་ཆེད་མངགས་མཛད་པ་དང་། ཆོགས་ཐོགས་ཏུ་འཐུས་མི་ཡོངས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་གིས་སློབ་ཚོགས་ཀྱི་ཚོགས་གཅོའི་འགན་བཞེས་དགོས་པའི་འདེམས་ཤོག་འཕངས་ཤིང་། སློབ་ཆོགས་དེར་ལས་འཛིན་པ་བརྒྱ་ལྷག་ཡོད་ལ། བོད་ལྗོངས་ཀྱི་དགེ་བའི་བཤེས་གཉེན་གདན་འདྲེན་ཞུས་ཏེ་བོད་ཀྱི་བསྟན་བཅོས་བསྒྱུར་བ་དང་། དབང་ལུང་ངག་གི་རྒྱུན་སྤེལ། སློབ་ཚོགས་འདིས་གཞི་ཁྱོན་ཧ་ཅང་ཆེ་བའི་བྱེད་སྒོ་སྤེལ་བ་དེ་བོད་རྒྱའི་ནང་བསྟན་ཆོས་ལུགས་ལས་རིགས་ཁག་གིས་ཐུན་མོང་སྒོས་མདོ་སྔགས་ཐད་ལ་ཞིབ་འཇུག་བྱེད་ས་ཞིག་ཏུ་གྱུར་ནས།  རྒྱུད་སྡེ་དེ་ཉིད་ནང་ལོག་ས་ཁུལ་དུ་དར་སྤེལ་གཏོང་བའི་ཤུགས་རྐྱེན་རྒྱ་ཆེར་བཏང་ཡོད་པ་རེད།    
          སྤྱི་ལོ1934ལོའི་ཟླ4པའི་ནང་དུཔཎ་ཆེན་རིན་པོ་ཆེས་སློབ་གསོ་པུའུ་ལ་བོད་སོག་སློབ་གླིང་འཛུགས་དགོས་པའི་སྐོར་གྱི་ཞུ་ཡིག་ཕུལ་ཞིང་།  བོད་ཀྱི་རིག་གནས་དར་རྒྱས་སུ་གཏོང་རྒྱུ་ནི་བོད་བཅོས་སྐྱོང་ལེགས་པར་བྱེད་པར་རྔོ་ཐོགས་པའི་བྱ་བ་གལ་ཆེན་ཞིག་སྟེ།  སློབ་གླིང་གིས་སོག་བོད་ཀྱི་ན་གཞོན་རྣམས་ལེགས་པར་སྐྱོང་རྒྱུ་དང་། རྒྱ་བོད་རིག་གནས་ཕན་ཚུན་སྤེལ་རེས་བྱེད་པ་དམིགས་གཞི་ཉིད་དུ་བྱས་ཐོག་སོག་བོད་སློབ་གླིང་འཛུགས་རྒྱུ་དེ་ནི་ནང་ལོག་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་རིག་གནས་དར་ཁྱབ་གཏོང་བའམ་ཕན་ཚུན་སྤེལ་རེས་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་དགོངས་པ་རེད།
          པཎ་ཆེན་རིན་པོ་ཆེ་མཆོག་གིས་ནང་བསྟན་དཔྱོད་སྒྲུབ་ལས་ཁུངས་འཛུགས་པའི་ལས་ལ་རབ་ཏུ་དགྱེས་པའི་ཁར། ནང་ལོག་ས་ཁུལ་གྱི་ནང་བསྟན་ཆོགས་པ་དང་ཐུན་མོང་སྒོས་ནང་བའི་བསྟན་པ་དར་སྤེལ་གཏོང་བའི་སྐོར་གྱི་བགྲོ་གླེང་གནང་བའི་ལས་ལ་ཡང་རྩེ་གཅིག་གིས་གཞོལ་བ་རེད།  སྤྱི་ལོ་1925ལོའི་དགེ་སློབ་རྣམས་ལ་མཇལ་ཁ་གནང་ཞིང་།  གསང་སྔགས་ཀྱི་སྒྲུབ་སྦྱོང་བྱེད་ཚུལ་དང་། གསུང་རབ་ལ་རིགས་པས་དཔྱད་དེ་ཉམས་སུ་ལེན་ཚུལ། འདུལ་ཁྲིམས་ཚུལ་བཞིན་དུ་སྲུང་དགོས་ཚུལ་ལ་སོགས་པའི་ནང་དོན་སྐོར་ཕྲ་ཞིང་ཞིབ་པའི་ངང་གསུངས་གནང་བ་རེད། སྤྱི་ལོ1934ལོའི་ཟླ3པའི་ནང་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་ལའོ་ཅ་ལུང་གིས་སྤྱན་འདྲེན་ཞུས་པ་བཞིན་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐོག་མ་དང་ཐ་མའི་དུས་ཀྱི་གནས་ཚུལ་རྣམས་ལེགས་པར་གསུངས་པས།  ཁོང་རིན་པོ་ཆེ་ནི་ཉེ་རབས་ཚུན་གྱི་ནང་ལོག་ས་ཁུལ་དུ་བོད་ས་གནས་ཀྱི་ཆབ་སྲིད་དང་ཆོས་ལུགས་དར་རྒྱས་ཕྱིན་པའི་བརྒྱུད་རིམ་འཐུས་ཤོར་མེད་པར་གསུངས་པའི་བོད་ཀྱི་ཆོས་སྲིད་འཛིན་སྐྱོང་བྱེད་པའི་བླ་མ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ཡིན།            
          བཞི་པ། མཇུག་བསྡུ་བའི་གཏམ།
          གོ་མིན་ཏང་གིས་སྲིད་དབང་འཛིན་པའི་དུས་སྐབས་སུ།  པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་ནང་ལོག་ས་ཁུལ་དུ་ཕེབས་ནས་ཉེ་རབས་ཀྱི་བོད་བརྒྱུད་ནང་བསྟན་དེ་ནང་ལོག་ས་ཁུལ་དུ་དར་སྤེལ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་མི་སྣ་ཞིག་ཡིན་པའི་ཆ་ནས། དུས་མཚུངས་སུ་ནང་ལོག་ཀྱི་དགེ་འདུན་པ་རྣམས་དང་མཉམ་དུ་དགེ་འདུན་འདུ་ཚོགས་བསྡུས་པ་དང་།  ནང་བསྟན་ཚོགས་པ་འཛུགས་གཉེར་གནང་བ་སོགས་ཀྱིས་ནང་ལོག་ས་ཁུལ་དུ་རྒྱུད་སྡེ་དར་སྤེལ་བཏང་ཞིང་།  ནང་བསྟན་གྱི་སྒྲུབ་པ་ཉམས་ལེན་བྱེད་སྟངས་དང་། དེ་མིན་ད་དུང་བོད་ཀྱི་ས་གནས་་ཆོས་ལུགས་དང་ལོ་རྒྱུས་འཕེལ་རྒྱས་སྐོར་གྱི་སློབ་ཁྲིད་གནང་སྟེ། བོད་ས་གནས་དང་ནང་ལོག་བར་གྱི་རིག་གནས་ཤེས་རྟོགས་དང་འབྲེལ་འདྲིས་ལམ་བུ་འཛུགས་གཉེར་གནང་ཡོད་ཅིང་།  མན་སོག་ས་ཁུལ་དུ་ཕེབས་ནས་ཝེ་ཡུལ་གྱི་མཐའ་མཚམས་མང་ཆོགས་ཀྱི་བློ་ཁ་བསྒྱུར་བ་སོགས།  ཆབ་སྲིད་ཉག་ཕྲ་བའི་དུས་སུ་ནང་བསྟན་ཆོས་ལུགས་ཀྱི་གོང་བུར་སྒྲིལ་ཤུགས་འབུར་དུ་ཐོན་པར་བྱས་པ་རེད།

རྩོམ་པ་པོ་ངོ་སྤྲོད།
གཡང་སྒྲོན། (1979-)  སྐྱེས་ཡུལ་བོད་ལྗོངས་ལྷ་ས།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཡིན།
དཔྱད་གཞིའི་ཡིག་རིགས།    
1.《པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་ནང་ལོག་ས་ཁུལ་དུ་ཆོས་སྤྱོད་སྤེལ་བ་དང་ཕྱིར་བོད་ཡུལ་དུ་ཕེབས་པར་བཀག་འགོག་བྱས་པའི་སྐོར་གྱི་ཡིག་ཚགས་བདམས་བསྒྲིགས》ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་གཉིས་པ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བསྒྲིགས། 1992ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པར་དུ་བཏབ།
2.《པཎ་ཆེན་མཆོག་ཤར་ཕྱོགས་སུ་ཕེབས་པའི་ཚུན་གྱི་ལོ་བཅོ་ལྔའི་རིང་གི་དོན་ཆེན་རེའུ་མིག》ཁྲིན་ཝུན་ཅན་གྱིས་བརྩམས། 1985ལོར་ཧྲང་ཧའེ་ཡི་ཆོས་འཁོར་ཆེན་མོའི་དཔེ་དེབ་ཅུས་ཀྱིས་པར་དུ་བཏབ།
3.《པཎ་ཆེན་ཨེར་ཏི་ནེའི་རྣམ་ཐར》 ཡཱ་ཧན་ཀྲང་གིས་བརྩམས། 2001ལོར་ཧྭ་ཝུན་དཔེ་སྐྲུན་ཁང་གིས་པར་དུ་བཏབ། 
4. 《དུང་དཀར་ཚིག་མཛོད་ཆེན་མོ།》དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།