ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

ཨ་མདོའི་ཡུལ་སྐད་ལས་འབྲོག་སྐད་ཀྱི་ཁྱབ་ཡུལ་ངོས་འཛིན་དང་དེའི་དམིགས་བསལ་གྱི་ཚིག་ཕྲད་སྦྱོར་ལུགས་འགའ་རོབ་ཙམ་བཤད་པ།

སྤེལ་དུས 2018-05-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་དཔལ་ལྡན།
【ནང་དོན་གནད་བསྡུས།】དཔྱད་རྩོམ་འདིའི་ནང་དུ་རང་རྒྱལ་ནང་ཁུལ་དུ་སྤྱོད་པའི་བོད་ཀྱི་ཡུལ་སྐད་ཆེན་མོ་གསུམ་སྟེ་དབུས་སྐད་དང་། ཁམས་སྐད། ཨ་མདོའི་སྐད་གསུམ་ལས་ཨ་མདོའི་ཡུལ་སྐད་ཀྱི་ནང་གསེས་བྱེ་བྲག་པ་འབྲོག་པའི་ལུང་སྐད་ཀྱི་ཁྱད་ཆོས་དང་དེའི་ཁྱབ་ཡུལ་ངོས་འནི།ན་སྟངས། གཞན་ད་དུང་སྲོལ་རྒྱུན་བརྡ་སྤྲོད་གཞུང་གི་རྣམ་དབྱེའི་ཚིག་ཕྲད་དང་ཚིག་ཕྲད་གཞན་དག་གི་སྦྱོར་ལུགས་དེ་དེང་སྐབས་འབྲོག་པའི་ལུང་སྐད་ཁྲོད་དུ་ཇི་ལྟར་སྦྱོར་བའི་སྐོར་བཅས་རགས་ཙམ་བརྗོད་པར་བྱའོ།།
【གནད་འགག་མིང་བརྡ།】ཨ་མདོ།  ཡུལ་སྐད། ལུང་སྐད། ཚིག་ཕྲད།
            གླེང་གཞི།
            ཡུལ་སྐད་ཅེས་པ་ནི་གནས་ཁྱད་པར་བ་གང་གི་སྐད་ཁྱད་པར་བ་དེ་ལ་གོ་བ་ཡིན་ཏེ། ལྕགས་ཐར་རྒྱལ་གྱིས“ཡུལ་སྐད་ཅེས་པ་ནི་སྐད་ཆ་ཞིག་ལ་ས་གནས་དང་།  དུས་སྐབས།  སྤྱི་ཚོགས་ཀྱི་འགྱུར་བ་བྱུང་སྟེ། ཡི་གེའི་བཀླག་གདངས་དང་། ཐ་སྙད། སྒྲའི་སྦྱོར་ཚུལ་ཅི་རིགས་ཀྱི་ཆ་ནས་ཐུན་མོང་གི་སྐད་ཆ་དང་མི་མཐུན་པའི་ཆ་དེ་ལ་ཟེར”①ཅེས་དང་།  ཡང་སྐལ་བཟང་འགྱུར་མེད་ཀྱི་“ཡུལ་སྐད་ནི་ས་ཁུལ་མི་འདྲ་བར་དར་ཅིང་། སོ་སོའི་བར་དུ་མི་འདྲ་བའི་བར་ཁྱད་ཡོད་པའི་ས་ཁུལ་གྱི་སྐད་ལ་གོ”①ཞེས་པ་ལྟར། མི་རིགས་ཤིག་གི་སྐད་ལ་ཡུལ་སྐད་མི་འདྲ་བ་མང་པོ་ཆགས་པ་དེ་སྤྱི་ཚོགས་འཕེལ་འགྱུར་ལས་བྱུང་བའི་སྣང་ཚུལ་ཞིག་གམ་ཡང་ན་སྐད་རིགས་འཕེལ་འགྱུར་ལས་ཐོན་པའི་འབྲས་བུ་ལྡོག་མེད་ཅིག་ཏུ་འཁུམས། མི་རིགས་ཤིག་གི་ཡུལ་སྐད་ཕན་ཚུན་བར་གྱི་ཁྱད་པར་གཙོ་བོ་དེ་མིང་བརྡ་དང་། གདངས་ཀྱི་ང་རོ། བརྡ་སྤྲོད་ཀྱི་སྒྲིག་གཞི་སོགས་ཀྱི་རྐྱེན་ལ་རག་ལས་ཡོད་ལ། དེ་ལས་ཀྱང་མིང་བརྡ་དང་སྒྲ་གདངས་ཀྱི་ཁྱད་པར་དེ་མངོན་གསལ་ཡིན་པ་དང་།  བརྡ་སྤྲོད་ཀྱི་སྒྲིག་གཞིའི་ཁྱད་པར་དེ་ཅུང་མངོན་ཆུང་ཙམ་དུ་སྣང་།  ཡུལ་སྐད་དམ་ལུང་སྐད་དེ་དག་གིས་ས་གནས་ངེས་ཅན་ཞིག་གི་མི་དམངས་ལ་ཞབས་འདེགས་དང་།  མི་རིགས་སྤྱིའི་སྤྱི་སྐད་ཀྱི་སྒྲིག་གཞི་སོགས་ལ་བརྩི་སྲུང་བྱེད་པ་ཡིན།   
            བོད་ཀྱི་ཡུལ་སྐད་ལ་དབྱེ་ཚུལ་དུ་མ་ཡོད་དེ། རྒྱལ་སྤྱིའི་བོད་རིག་པར་སྨྲ་བ་དག་གིས་བོད་ཀྱི་ཡུལ་སྐད་ལ་དབུས་གཙང་གི་སྐད་དང་། ཁམས་སྐད། ཤར་བའི་སྐད། ཨ་མདོའི་སྐད། ལ་དྭགས་སོགས་རྣམ་པ་ལྔ་རུ་དབྱེ་པ་དང་། ཡང་ན་གཉིས་སུ་དབྱེ་བ། གསུམ་དུ་དབྱེ་བ། བཞི་རུ་དབྱེ་བ་སོགས་མང་དུ་ཡོད། རྒྱལ་ནང་དུ་འདུས་སྡོད་བྱེད་པའི་བོད་རིགས་ཀྱི་ངོས་ནས་བཤད་ན་ཡུལ་སྐད་ཆེ་བ་གསུམ་སྟེ་དབུས་གཙང་སྐད་དང་ཁམས་སྐད། ཨ་མདོའི་སྐད་བཅས་ཡིན། དེ་ལས་འདིར་ཨམ་སྐད་ལས་འབྲོག་སྐད་ཀྱི་ཁྱབ་ཡུལ་དང་ཚིག་ཕྲད་ཀྱི་ཁྱད་ཆོས་རོབ་ཙམ་གླེང་བར་བྱའོ། །  
དང་པོ། ཨ་མདོའི་ཡུལ་སྐད་ལས་འབྲོག་སྐད་ཀྱི་ཁྱབ་ཡུལ་ངོས་འཛིན།
            གཅིག  འབྲོག་སྐད་ཀྱི་ཁྱད་ཆོས།
            བོད་ཀྱི་བརྡ་སྤྲོད་སྨྲ་བ་དག་གིས་ཨ་མདོའི་ཡུལ་སྐད་ལ་ནང་གསེས་སུ་འབྲོག་སྐད་དང་རོང་སྐད། རོང་མ་འབྲོག་གི་སྐད་བཅས་ལུང་སྐད་སྣ་གསུམ་དུ་ཕྱེས་ཡོད་པ་ལས། དེ་རིང་གི་བརྗོད་བྱ་དང་འབྲེལ་བའི་འབྲོག་སྐད་ཀྱི་སྐོར་དེ་ཅུང་ཙམ་དགྲོལ་བར་བྱ་སྟེ། སྤྱིར་འབྲོག་སྐད་ནི་བོད་ཀྱི་འབྲོག་ལས་རྐྱང་རྐྱང་གཉེར་མཁན་གྱི་ས་གནས་སུ་སྤྱོད་པའི་ལུང་སྐད་ཅིག་སྟེ།  དེར་ཡུལ་སྐད་དང་ལུང་སྐད་གཞན་དང་བསྡུར་ན་རང་གི་ཐུན་མིན་གྱི་ཁྱད་ཆོས་འགའ་ཡོད་པ་གཤམ་ལྟར།   
1.སྒྲ་གདངས་ཀྱི་ཁྱད་ཆོས།   
            ངག་ནས་བརྗོད་ཚེ་སྒྲ་ཤུགས་དྲག་ལ་ལྕི་བ། གསལ་ལ་དལ་བ། སྔོན་རྗེས་མགོ་འདོགས་ཅུང་ཚང་བ། སྒྲ་ལྡན་སྒྲ་མེད་དང་། སྲོག་ཆེན་སྲོག་ཆུང་སོགས་སྒྲའི་སྐྱེ་གནས་དང་། སྒྲ་གདངས། སྒྲ་འབྱིན་སྟངས་སོགས་ཅུང་མངོན་གསལ་ཡིན་པ་མ་ཟད། དབུས་གཙང་གི་ཡུལ་སྐད་སོགས་དང་མི་འདྲ་བར་ང་རོ་མེད་པའོ།
            (འདིར་བཤད་པའི་ང་རོ་ནི་རྒྱ་སྐད་དུ་བཤད་པའི声调ལ་དགོས།)   
2.མིང་བརྡའི་ཁྱད་ཆོས།   
            འབྲོག་ལས་སྐོར་གྱི་མིང་བརྡ་ཕུན་སུམ་ཆོགས་པ་དང་། བརྡ་ཪྙིང་ཅུང་མང་བ། ཡུལ་སྐད་དང་ལུང་སྐད་གཞན་དང་བསྡུར་ན་ཞེ་ཚིག་ཉུང་བ། གཏམ་དཔེའམ་ཁ་དཔེ་ཕུན་སུམ་ཚོགས་པ།  མི་རིགས་གཞན་པའི་སྐད་ཀྱིས་ཤུགས་རྐྱེན་ཐེབས་པ་ཅུང་ཉུང་བ་སོགས་ཀྱི་ཁྱད་ཆོས་ལྡན།   
3.བརྡ་སྤྲོད་ཀྱི་ཁྱད་ཆོས།   
            སྤྱིར་བོད་ཀྱི་ཡུལ་སྐད་དང་ལུང་སྐད་སོ་སོའི་བར་བརྡ་སྤྲོད་ཀྱི་ཁྱད་པར་མངོན་གསལ་མི་ལྡན་ཕྱིར། འབྲོག་སྐད་ཀྱི་བརྡ་སྤྲོད་ལའང་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་དུ་མེད་མོད། ཡང་བྱེ་བྲག་ཚིག་ཕྲད་སྦྱོར་ཚུལ་སོགས་ཀྱི་ཐད་མི་འདྲ་བ་འགའ་རེ་ཡོད་པ་འོག་ཏུ་གསལ་བོ་བརྗོད་ངེས་པས་འདིར་བསྡུས་པའོ།།  
གཉིས། ཨ་མདོའི་འབྲོག་སྐད་ཀྱི་ཁྱབ་ཡུལ་ངོས་འནི།ན།  
            ཨ་མདོའི་ཡུལ་སྐད་ལས་འབྲོག་པའི་ལུང་སྐད་ཀྱི་ཁྱབ་ཡུལ་ངོས་འནི།ན་བྱེད་སྟངས་ཐད་བོད་ཀྱི་བརྡ་སྤྲོད་སྨྲ་བ་དག་གི་ད་དངས་པ་འདྲ་མིན་སྣ་ཆོགས་སུ་སྣང་སྟེ། ཆོའུ་ཨེ་ཐང(瞿霭堂)གིས་འབྲོག་སྐད་ཁྱབ་ཡུལ་དེ་ཀན་སུའུ་དང་མཚོ་སྔོན་གྱི་ཁུལ་ཡོངས་དང་ཟང་ཆུ།  མཛོད་དགེ་བཅས་ལ་ངོས་འནི།ན་བྱས་ཡོད་པ་དང་།①རྒན་ལྕགས་ཐར་རྒྱལ་དང་སུམ་པ་དོན་འགྲུབ་ཚེ་རིང་སོགས་ཀྱིས་ཀྱང་དེ་ཉིད་ལྟར་བཞག་ཡོད་ཡང་རྒན་སྐལ་བཟང་འགྱུར་མེད་ཀྱིས་འབྲོག་རྩེ་ཁོག  རྨ་ཆུ།  ཞིན་ཧེ། མདོ་ལ། རྐང་ཚ། མདའ་བཞི། པདྨ། རྔ་བ་བོད་རིགས་ཆིང་རིགས་རང་སྐྱོང་ཁུལ་གྱི་འབྲོག་ཁུལ་གྱི་ལུང་སྐད་དེ་འབྲོག་སྐད་དུ་བཞག་ཡོད།② འོན་ཀྱང་་དང་གི་དེ་དག་ཚང་མ་བཀོད་བསྡུར་སྒོས་ཞིབ་ཏུ་བསམ་ཚེ། གཅིག་གྱུར་གྱི་གནད་དོན་ཞིག་ཡོད་པ་ནི་ཚང་མས་སྲིད་འནི།ན“རྫོང”དེ་ལུང་སྐད་སོ་སོའི་དབྱེ་མཚམས་ཐིག་ལྟ་བུར་བྱས་ཡོད་པ་དེ་རེད།  སྤྱིར་རྫོང་ཁག་གཅིག་ཡིན་ནའང་དེ་ལ་ནང་གསེས་སུ་འབྲོག་ཁུལ་དང་རོང་ཁུལ། རོང་མེ་འབྲོག་གི་ཁུལ་བཅས་ཡོད་ལ། སྐད་ལའང་འབྲོག་སྐད་དང་རོང་སྐད །རོང་མ་འབྲོག་གི་སྐད་བཅས་ཀྱི་ཁྱད་པར་ཡོད་པ་གོར་མ་ཆག  དེ་བས་རྫོང་དེ་ལུང་སྐད་སོ་སོར་ཕྱེ་བའི་དབྱེ་མཚམས་ཐིག་ལྟ་བུ་བྱས་ན་ཅུང་མི་འོས་པར་འདོད། གཞན་ད་དུང་ཁམས་ཀྱི་ཁོངས་སུ་གཏོགས་པའི་གསེར་རྟ་དང་ལི་ཐང་དང་བྲག་མགོ རྟའུ་རྫོང་། སེར་ཤུལ། སྡེ་དགེ་སོགས་ཀྱི་འབྲོག་སྐད་ཁ་ཤས་ཤིག་དང་ཨ་མདོའི་འབྲོག་སྐད་གཉིས་གཅིག་པ་ཡིན་མོད། ད་སྔ་ཡན་ཆད་ཀྱི་ཞིབ་འཇུག་པ་སུང་ཀྱང་དེ་གཉིས་ཡུལ་སྐད་གཅིག་གི་ཁོངས་སུ་བསྡུས་མེད་པར།   ཨ་མདོའི་འབྲོག་སྐད་དང་ཁམས་པའི་འབྲོག་སྐད་ཞེས་དགོས་མེད་ཀྱི་བྱེ་བྲག་སོ་སོར་དབྱེ་ཡོད་པ་ནི་སྐད་ཡིག་ཞིབ་འཇུག་པ་དག་གིས་ཆབ་སྲིད་གཙོ་བོར་དམིགས་ཤིང་སྐད་ཡིག་རང་ངོས་ལ་བརྩི་མཐོང་མ་བྱས་པའི་སྐྱོན་ཞིག་ཏུ་མཐོང་སྟེ།  རྒྱུ་མཚན་གཞན་མ་ཡིན་པར་ཡུལ་ལུང་དེ་དག་གི་སྐད་ཀྱི་སྒྲ་གདངས་དང་མིང་བརྡ་སོགས་གང་གི་ཆ་ནས་ཀྱང་ཕན་ཚུན་འདྲ་མཚུངས་སུ་ངེས་ལ། སྲིད་འནི།ན་ས་ཁུལ་གྱི་བགོ་སྟངས་ཙམ་ལ་གཞིགས་ནས་མི་རིགས་ཀྱི་སྐད་ཀྱང་དགོས་མིན་གྱི་ནང་གསེས་སྣ་ཆོགས་ཤིག་ཏུ་བགོ་བཤའ་གཏོང་བའི་ངལ་བ་བྱེད་དོན་མེད་པར་སེམས་སོ།།
            གཤམ་ལ་བོད་ཀྱི་བརྡ་སྤྲོད་སྨྲ་བ་དག་གི་དབྱེ་ལུགས་གཞིར་བཅས་རང་གི་ཤེས་ཆོད་ལྟར་ཁ་གསབ་ཚུལ་གྱིས་ཨ་མདོའི་ཡུལ་སྐད་ལས་འབྲོག་པའི་ལུང་སྐད་ཀྱི་ཁྱབ་ཡུལ་ས་གནས་སྐོར་དེ་རགས་ཙམ་དབྱེ་བར་བྱས་ན། ཨ་མདོའི་འབྲོག་སྐད་ཀྱི་ཁྱབ་གནས་གཙོ་བོ་ནི་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་དུ་འདུ་ལ།   དེ་ལས་མཚོ་སྔོན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཡོངས་དང་། རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་ཡོངས། རྨ་ལྷོ་སོག་རྫོང་ཡོངས། རེབ་་དང་གི་བློན་ཆོས་ཞང་། མགར་རྩེ་ཞང་།  མདོ་བ་ཞང་། ཆུ་ཁོག་ཞང་གི་རྐྱང་ལུང་འབྲོག་བཅས་དང་། གཅན་ཚ་རྫོང་གི་གཅན་ཚའི་ཐང་། མཚོ་ལྷོ་ས་ཁུལ་གྱི་རྩི་་གོར་ཐང་གི་འབྲོག་ཁུལ་དང་། འབའ་རྫོང་གི་ཧུ་པེ་ཞང་། ཞོལ་མ་ཞང་། ཐང་རྒན་གྲོང་རྡལ། འགོ་མ་གྲོང་རྡལ་སོགས། ཆབ་ཆའི་རིག་སྨོན་ཞང་སོགས། ཁྲི་ཀ་རྫོང་གི་ཕྲེང་དམར་ཞང་།  མཚོ་བྱང་ས་ཁུལ་གྱི་རྐང་ཚའི་འབྲོག་ཁུལ། མདོ་ལའི་འབྲོག་ཁུལ། མདའ་བཞི་རྫོང་གི་འབྲོག་ཁུལ། མཚོ་ཤར་ཁུལ་གྱི་ཡ་རྫི་རྫོང་གི་རྐང་ཚ་ཞང་སོགས།   
            ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་རྨ་ཆུ་རྫོང་ཡོངས་དང་།  ཀླུ་ཆུ་རྫོང་གི་འབྲོག་ཁུལ་ཏེ་མ་ངེས་ཞང་དང་མཚོ་ཉིན་ཞང་དང་། ལྷ་མོ་གྲོང་རྡལ་སོགས། བསང་ཆུ་རྫོང་གི་བསང་ཁོག་ཞང་དང་རྒན་གྱ་ཞང་།  ཁོ་ཚེ་ཞང་སོགས།   
            སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་མཛོད་དགེ་རྫོང་། རྐ་ཁོག་རྫོང་། རྔ་བ་རྫོང་གི་སྨེ་རུ་ཡུལ་ཚོ་དང་། སོ་རི་མ་དང་ཁྱོར་རྗེ་མ་ཞང་སོགས། ཟུང་ཆུ་རྫོང་གི་དམུ་དགེ་སོགས་ཀྱི་འབྲོག་ཁུལ། ཆུ་ཆེན་རྫོང་གི་ཁྲོ་སྐྱབས་སོགས་ཀྱི་འབྲོག་ཁུལ་བཅས་ཡིན་ལ། གཞན་དཀར་མཛེས་ཁུལ་གྱི་གསེར་རྟ་རྫོང་གི་ས་ཁུལ་མང་ཆེ་བ་དང་།དེ་མིན་ད་དུང་ལི་ཐང་དང་བྲག་མགོ   རྟའུ་རྫོང་།  སེར་ཤུལ། སྡེ་དགེ་བཅས་ཀྱི་འབྲོག་ཁུལ་གྱི་ལུང་སྐད་སོགས་ཚང་མ་ཨ་མདོའི་འབྲོག་སྐད་དང་གཅིག་མཚུངས་སུ་སྣང་བས་མཁྱེན་དཔྱོད་ཡངས་པ་དག་གིས་ཞིབ་མོ་བློ་ཡིས་དཔྱད་རོགས་ཞུའོ།  །དེ་ལས་གཞན་འདིར་རང་ལ་ཤེས་རྒྱ་དམན་པ་དང་ས་གནས་དངོས་ལ་རྟོག་ཞིབ་མེད་པ་སོགས་ཀྱི་དབང་གིས་མི་འགྲིག་ས་དང་ཞིབ་ཆ་མེད་པ་རྐྱང་རྐྱང་ཏུ་ངེས་པས་ས་གནས་སོ་སོའི་ཤེས་ལྡན་པ་རྣམ་པས་རང་རང་ས་ཆའི་ལུང་སྐད་ལ་དོ་སྣང་སྒོས་ཞིབ་འཇུག་དང་ཁ་གསབ་བྱ་རྒྱུའི་རེ་བ་སྙིང་ནས་ཞུ།
གཉིས་པ།  ཨ་མདོའི་འབྲོག་སྐད་ཁྲོད་ཀྱི་ཚིག་ཕྲད་སྐོར་བཤད་པ།
            ཨ་མདོའི་འབྲོག་སྐད་དེ་སྒྲ་གདངས་དང་མིང་བརྡ་སོགས་ཀྱི་ངོས་ཐད་ནས་ཡུལ་སྐད་དམ་ལུང་སྐད་གཞན་དང་བསྡུར་ན་མངོན་གསལ་གྱི་ཁྱད་ཆོས་འགའ་རེ་ཡོད་པ་་གོང་དུ་བཤད་ཟིན་ལ། དེ་མིན་ད་དུང་བརྡ་སྤྲོད་ཀྱི་ཁྱད་ཆོས་དེ་བོད་སྐད་སྤྱི་ལ་ཡོད་པའི་ཁྱད་ཆོས་ཤིག་ལས་བྱེ་བྲག་ཡུལ་སྐད་སོ་སོའི་བར་དུ་ཁྱད་པར་མངོན་གསལ་མེད་ལ།  ལྷག་ཏུ་ཡུལ་སྐད་བྱེ་བྲག་པ་ནང་ཁུལ་གྱི་བརྡ་སྤྲོད་ཕལ་ཆེར་ཕྱོགས་མཚུངས་སུ་སྣང་མོད། འོན་ཀྱང་བྱེ་བྲག་གི་མི་འདྲ་ས་དང་ལྷག་ཏུ་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་སྦྱོར་ལུགས་དང་མི་མཐུན་པའི་ཆ་སོགས་། སྤྱིར་ཡི་གེ་དང་ཡིག་སྐད་དེ་ཐོག་མའི་ཡུལ་སྐད་གཞིར་བྱས་ནས་བཟོས་པ་དང་། རིམ་བཞིན་གཏན་ཆགས་ཀྱི་སྤྱི་འགྲོས་ལྟ་བུར་ཆགས་པ་ནི་བསྙོན་ཏུ་མེད་མོད། ཡིན་ན་ཡང་ཡུལ་སྐད་དེ་ཡིག་སྐད་དང་བསྡུར་ན་འགྱུར་ལྡོག་ཅུང་སླ་ལ། རང་དབང་གི་རྣམ་པ་ལྟ་བུར་གནས་པས།   དུས་ཀྱི་འཕེལ་འགྱུར་དང་ཕྱི་རོལ་སྤྱི་ཆོགས་ཀྱི་ཤུགས་རྐྱེན་སོགས་ཀྱི་དབང་གིས་ཡུལ་སྐད་དེ་ལུང་སྐད་དུ་མར་གྱེས་པའམ་ཡང་ན་རྣམ་པ་གཞན་ཅན་དུ་གྱུར་བས། ཡུལ་སྐད་དང་ཡིག་སྐད་མི་མཐུན་པའི་སྣང་ཚུལ་བྱུང་བ་ཡིན་ལ། ནང་གསེས་ཀྱི་ཚིག་ཕྲད་སྦྱོར་ལུགས་ཀྱང་དེ་བཞིན་ནོ།།  
            བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་ཚིག་ཕྲད་སྦྱོར་ལུགས་སོགས་ལ་གནའ་དེང་གི་བརྡ་སྤྲོད་སྨྲ་བ་དག་གིས་ཟམ་མ་ཆད་པར་དཔྱད་འཇོག་གང་མང་བགྱིས་ཡོད་པ་ལས།  ཡུལ་སྐད་དད་ལུང་སྐད་སོ་སོའི་ཁྲོད་ཀྱི་ཚིག་ཕྲད་སྦྱོར་ལུགས་སོགས་ལ་ད་སྔ་ཡན་ཆད་དུ་དང་འ་རིས་སངས་རྒྱས་ལགས་ཀྱིས《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》དང་ལྕགས་ཐར་རྒྱལ་གྱིས《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》བཅས་སུ་ཕྱོགས་ཙམ་རེ་བསྟན་ཡོད་པ་ལས།  ཞིབ་ཆའི་སྒོ་ནས་ཞིབ་འཇུག་བྱས་པ་སོགས་གང་ཡང་མ་མཐོང་། སྤྱིར་དེང་གི་སྐད་བརྡ་རིག་པར་ཞིབ་འཇུག་བྱེད་ན་ཡུལ་སྐད་དང་ལུང་སྐད་ནི་མི་གླེང་ཐབས་མེད་ཀྱི་གནད་འགག་ཅིག་དང་། སྐད་རིགས་འཕེལ་འགྱུར་ཀྱི་ཆོས་ཉིད་སོགས་ལ་ཞིབ་འཇུག་བྱེད་པར་དགོས་པ་བླ་ལྷག་ཏུ་ཆེ།   དེར་ཡང་མཁས་དབང་མཁྱེན་རབ་འོད་གསལ་ལགས་ཀྱིས་“རིགས་པའི་གཞུང་ལུགས་ཁོ་ན་གཙོ་བོ་བྱས་ཏེ་ཡུལ་སྐད་ལ་སྣང་ཆུང་བྱེད་པའམ། ཡང་ན་ཡུལ་སྐད་ཁོ་ན་གཙོ་བོར་བྱས་ཏེ་རིགས་པའི་གཞུང་ལུགས་ལ་སྣང་ཆུང་བྱེད་པའི་མཐའ་གཉིས་གང་རུང་དུམ་ལྷུང་བ་ཞིག་དགོས་གལ་ཆེ་སྙམ་”①ཞེས་གསུངས་པ་དེ་བཞིན་ནོ།  །
            དེ་ལས་ཚིག་ཕྲད་ནི་མིང་དང་མིང་ངམ།  ཚིག་དང་ཚིག་གི་གོ་རིམ་བཞིན་དུ་མཚམས་སྦྱར་ནས། ངག་གི་འཕྲེང་བ་སྤེལ་བའམ། ཚིག་མཛེས་པར་བྱེད་པའམ།  དོན་གསལ་བར་བྱེད་པའི་སྒྲ་ཡིན་ཏེ།  དེ་དག་མེད་ཀྱང་གོ་བརྡ་འཕྲོད་པས།  ཚིག་སྦྱོར་དུ་མེད་ཀྱང་རུང་བ་ཞིག”②དང་། དེའི་ནུས་པ་ནི་མིང་དང་ཚིག་གི་མཚམས་སྦྱོར་བ། སྒྲ་དོན་གྱི་ནུས་པ་གསལ་བར་འབྱིན་པ། ཚིག་གི་སྡོད་མཚམས་ཕྱེ་བ་སོགས་ཡིན། བོད་ཀྱི་སྲོལ་རྒྱུན་ཚིག་ཕྲད་སྦྱོར་ལུགས་ལ་མཚོན་ན་གཏན་འཁེལ་གྱི་སྦྱོར་སྟངས་སམ་གཞུང་ལུགས་ཤིག་ཡོད་པ་གཞིར་བྱས།  གཞན་ད་དུང་ཡུལ་སྐད་སོ་སོའི་ཁྲོད་ཀྱི་ཚིག་ཕྲད་སྦྱོར་ཚུལ་སོགས་ལ་མཚོན་ནའང་བྱུང་རྒྱལ་དུ་སྦྱོར་བ་ཞིག་མ་ཡིན་པར།  དེ་ལ་ཡང་རང་གི་ཆོས་ཉིད་དམ་རྩ་དོན་རེ་ཡོད་པས། འདིར་ཆེད་དུ་ཨ་མདོའི་ཡུལ་སྐད་ལས་འབྲོག་སྐད་ཁྲོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་པའི་དམིགས་བསལ་ཅན་གྱི་ཚིག་ཕྲད་སྦྱོར་ལུགས་འགའ་དཔེ་འཇོག་སྒོས་རགས་ཙམ་གླེང་བར་བྱ།
གཅིག   ལ་དོན་གྱི་ཚིག་ཕྲད་སྐོར། 
            སྤྱིར་བོད་ཀྱི་ཡིག་སྐད་ལྟར་ན་ལ་དོན་ལ་ཚིག་ཕྲད་བདུན་ཏེ་སུ་ར་རུ་ཏུ་ན་ལ་དུ་བཅས་ཡིན་ལ།  དེ་དག་གི་སྦྱོར་ཚུལ་ནི། ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལ་པུ །འ་དང་མཐའ་མེད་ར་དང་རུ། ན་ལ་གཉིས་ནི་གང་བདེར་སྦྱོར་བ་ཡིན། འོན་ཀྱང་འབྲོག་པའི་ལུང་སྐད་ཁྲོད་དུ་དེ་ལྟར་ཇི་བཞིན་མི་བརྗོད་པར།  རང་གི་ཁྱད་ཆོས་དང་ལྡན་པའི་ཚིག་ཕྲད་སྦྱོར་ལུགས་ཤིག་ཡོད་པ་གཤམ་ལྟར།   
1 ལ་དོན་གྱི་ཚིག་ཕྲད་སུ། 
            (l) སྤྱིར་ཡུལ་སྐད་མང་ཆེ་བར་སུ་ཡིག་དེ་རྒྱུན་བཀོལ་དུ་མི་སྣང་ལ།  ལ་ཡིག་ཕུད་པའི་ལ་དོན་གྱི་ཕྲད་གཞན་དག་དེ་རྗེས་རབས་མཁས་པ་དག་གིས་གསར་དུ་བསྣན་ཏེ་དག་སྒྲིག་བྱས་པ་ཞིག་ལས།  སྐད་དུ་སྤྱོད་པའི་ཐོག་མའི་ལ་དོན་གྱི་ཕྲད་ནི་ལ་ཡིག་ཁོ་ན་ཡིན་པར་སེམས།  དེང་སྐབས་ཡུལ་སྐད་མང་ཆེ་བར་ལ་ཡིག་ཁོ་ན་བེད་སྤྱོད་བྱེད་བཞིན་པ་འདི་ནི་དོན་དེའི་སྒྲུབ་བྱེད་རྣལ་མ་ཅིག་ཏུ་ངེས། འོན་ཀྱང་ཨ་མདོའི་འབྲོག་སྐད་དུ་ལ་ཡིག་མི་སྤྱོད་པར་དེའི་དོད་དུ་ཡ་ཡིག་སྦྱར་ནས་ལ་དོན་གྱི་དོན་གསལ་བར་བྱེད་པ་སྟེ།  དཔེར་ན། དབུས་ཡ་འགྱོ(དབུས་ལ་འགྲོ)  རྗེས་ཡ་བསྡད།(རྗེས་ལ་བསྡད།)ཟས་ཡ་རོལ། (ཟས་ལ་རོལ།)  ཁ་ཟས་ཡ་འབྲས་ཉོས།(ཁ་ཟས་ལ་འབྲས་ཉོས།) སྡོད་གནས་ཡ་ཁང་བ་བརྩིགས། (སྡོད་གནས་ལ་ཁང་པ་བརྩིགས།)ལྟ་བུའོ།།འདི་ལ་རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས“ས་མཐའ་ཅན་ལ་དམིགས་ཀྱི་ས་འ་འཇུག་སྟེ། བཀྲ་ཤིས་འ་སྒོར་མོ་སྐྱི་ལྟ་བུའོ།”①ཞེས་གསུངས་མོད། ཨ་མདོའི་ས་ཆ་འགའ་རེ་ནས་འ་སྒྲ་འཇུག་པ་ཡོད་ཀྱང་སྲིད་མོད། འབྲོག་སྐད་མང་ཆེ་བར་ཡ་སྒྲ་འཇུག་ལ། དེ་ཡང་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཏེ། ལ་ཡིག་དང་ཡ་ཡིག་གཉིས་ནི་སྐྱེ་གནས་གཅིག་པས་ཕན་ཚུན་བརྗེ་རེས་བྱེད་ངེས་པ་ཡིན་ལ། བརྡ་ཪྙིང་ཡིག་ཆ་སོགས་སུའང་སྐྱེ་གནས་གཅིག་པའི་ཡི་གེ་ད་དང་ན།  བ་དང་མ་བརྗེ་རས་བྱེད་པ་སོགས་མང་དུ་སྣང་།། ཡང་ཅིག་བསམ་ན་ཡུལ་སྐད་དང་ལུང་སྐད་ནི་བརྗོད་བདེ་འདྲེན་པ་ཤུགས་ཆེ་བས་འདྲེན་སྟངས་འདི་ནི་བརྗོད་བདེའི་དབང་དུ་སོང་བར་གོ་ཡང་མི་ཆོག་མེད་པར་སྣང་།དེ་བས་རྣམ་པ་ཚོས་མུ་མཐུད་དུ་ཞིབ་དཔྱད་གནང་རོགས་ཞུ།  
            (2) ཡང་འཇུག་ས་ཡི་རྗེས་སུ་སུ་དང་ཡ་གང་ཡང་མི་སྦྱོར་བར། མིང་གཞི་རྗེས་འཇུག་རང་སྒྲ་དེ་ཕྲད་ཀྱི་དོད་དུ་ཀློག་པ་ཡིན་ལ།  འདི་ནི་དེང་གི་འབྲོག་སྐད་དུ་ས་དྲག་གི་ནུས་པ་ཉམས་ནས་རྗེས་འཇུག་གི་ཤུགས་ཆེ་རུ་ཕྱིན་པའི་དབང་གིས་ཡིན། དེ་ལ་དཔེར་ན།  བོད་ལྗོངས་ང་སོང་། (བོད་ལྗོངས་ང་སོང་།) སེམས་མ་དྲན།(སེམས་སུ་དྲན།)ལྟ་བུ་དང་། དེ་ལས་གཞན་ཡང་འཇུག་ད་ཅན་གྱི་ཕྲད་ཀྱི་འདྲེན་སྟངས་ཡང་རྗེས་འཇུག་གི་དབང་དུ་འགྲོ་བ་ལས། ད་དྲག་གི་ཐོབ་སྟངས་ལྟར་མ་ཡིན་ཏེ་དཔེར་ན། ཕ་རོལད་ལ་འགྲོ་ལྟ་བུ། དེ་ལྟར་ཐོབ་པའི་རྒྱུ་མཚན་ཡང་ད་དྲག་ཉམས་ཏེ་རྗེས་འཇུག་གི་དབང་དུ་སོང་བས་ཕྱིར་རོ།།   
2 ར་དང་རུ།  
            རྗེས་ཇུག་འ་དང་མཐའ་རྟེན་མེད་མཐར་ར་དང་རུ་གང་རུང་སྦྱོར་ཆོག་པ་དག་ལ།  ར་དང་རུ་བསྡུས་ཏེ་ཐད་ཀར་བརྗོད་ཅིང་སྒྲ་གདངས་ལ་འགྱུར་བ་ཅུང་ཡོད་དེ དཔེར་ན། ནམ་མཁའ་འཕུར།(ནམ་མཁར་འཕུར། ནམ་མཁའ་རུ་འཕུར ) ལྷ་ས(sa) འགྱོ(ལྷ་སར་འགྲོ ལྷ་ས་རུ་འགྲོ།)  ནད་པ(pa)སྨན་བཞིན།(ནད་པར་སྨན་སྦྱིན།)   བཞི་མདོ(do)སོང།(བཞི་མདོ་རུ་སོང་།) རི་རྩེ་བུད།(རི་རྩེར་བུད། རི་རྩེ་རུ་བུད།)ལྟ་བུའོ །སྐད་རིགས་འཕེལ་འགྱུར་གྱི་གོ་རིམ་ནི་གཙོ་བོ་སྟབས་ཇེ་བདེ་ནས་ཇེ་བདེ་འགྲོ་བའི་གོ་རིམ་ཞིག་ཏུ་ངེས་པས།  ར་དང་རུ་ལ་སོགས་པའི་ཕྲད་གང་མང་ཞིག་རིམ་བཞིན་ཁ་རྒྱུན་ནས་དོར་ཏེ་ཚིག་འགྲོས་སྟབས་བདེར་བཏང་བའི་སྣང་ཚུལ་ཞིག་ཏུ་འཁུམས།   
3 རུ་རྐྱང་བ།   རྗེས་ཇུག་འ་དང་མཐའ་རྟེན་མེད་མཐར་རུ་ཁོ་ན་ལས་ར་མི་ཐོབ་པ་དག་ལ་ཚིག་ཕྲད་གི་སྦྱར་ནས་དོན་སྟོན་པར་བྱེད་པ།  དཔེར་ན། དགའ་གི་བཅུག།(དགའ་རུ་བཅུག)   ཁང་པ་སྤོ་གི་སོང་།(ཁང་པ་སྤོ་རུ་སོང་།)  ཟོག་འཚོ་གི་འགྱོ།(ཟོག་འཚོ་རུ་འགྲོ།) དཀའ་གི་བཅུག(དཀའ་རུ་བཅུག)   གཞན་ཡང་མ་འོངས་པ་སྟོན་པའི་ཟོག་འཚོ་ནེ་འགྱོ ཁང་པ་སྤོ་ནེ་འགྱོ་ལྟ་བུ་དག་ལ་ནེ་སྦྱར་ཏེ་སྟོན་པའང་ཡོད་ལ། འདི་ལྟར་སྦྱོར་བའི་རྒྱུ་མཚན་ནི་གི་སྒྲ་དང་ནི་སྒྲ། ར་སྒྲ་སོགས་ནི་འབྲོག་སྐད་ཁྲོད་ཀྱི་ཆེས་ཐོག་མའི་            ཚིག་ཕྲད་ཀྱི་གྲས་སུ་ངེས་ལ།  དེ་དག་འབྲོག་སྐད་ཁྲོད་དུ་རང་དབང་གི་སྤྱོད་རྒྱ་ཤིན་ཏུ་ཆེ་སྟེ། གི་སྒྲ་ནི་ལ་དོན་དང་བྱེད་འབྲེལ། གཞན་དག་གི་ཚིག་མཚམས་སྦྱོར་བ་སོགས་མང་དུ་འཇུག་ལ། ནི་སྒྲ་ཡང་དགར་བ་སྡུད་པ། བསྣན་པ། དམིགས་འཛུགས་སོགས་སྤྱོད་རྒྱ་ཧ་ཅང་ཡངས། ་དང་གི་ནེ་སྒྲ་ནི་ནི་སྒྲ་ལས་བྱུང་བར་མངོན། ར་སྒྲ་ཡང་རྒྱན་སྡུད་དང་འབྱེད་པ། རྒྱུ་མཚན།     ཚེ་སྐབས།  གདམས་ངག་སོགས་སྲོལ་རྒྱུན་བརྡ་སྤྲོད་ལས་དང་སྒྲའི་འཇུག་པ་དང་ཡོངས་སུ་མཐུན།     
4  ཏུ་དང་པུ
            རྒྱུན་ལྡན་འབྲོག་སྐད་ཁྲོད་དུ་རྗེས་འཇུག་ག་བ་ད་དྲག་དང་ང་ད་ན་མ་ར་ལ་བཅས་ཀྱི་རྗེས་སུ་སོ་སོར་ཏུ་གོང་དུ་གཉིས་མི་སྦྱོར་བར། མིང་གཞིའི་རྗེས་འཇུག་གི་རང་སྒྲ་དེ་ཕྲད་ཀྱི་དོད་དུ་ཀློག་པ་དང་། ལ་དོན་གྱི་ནང་གསེས་ཀྱི་རྣམ་དབྱེ་སོགས་ཚང་མར་ཁྱབ་མཉམ་དུ་དེ་ལྟར་འཇུག་པ་ཡིན།  འདི་ནི་གཙོ་བོ་མིང་མཐའི་རྗེས་འཇུག་གི་ནུས་པའི་དབང་གིས་སྲོལ་རྒྱུན་བརྡ་སྤྲོད་ཀྱི་ཚིག་ཕྲད་ལས་ཡན་གར་བའི་དམིགས་བསལ་ཅན་གྱི་རྗེས་འཇུག་རང་སྒྲའི་ཚིག་ཕྲད་འདི་དག་བྱུང་བ་ཞིག་དང་།  རྗེས་འཇུག་རང་སྒྲའི་ཚིག་ཕྲད་ཀྱི་འཇུག་པ་ནི་ཡུལ་སྐད་དམ་ལུང་སྐད་ཁྲོད་ཀྱི་ཚིག་ཕྲད་འཇུག་སྟངས་ཀྱི་རྣམ་པ་གལ་ཆེན་ཞིག་ཏུ་ངེས། དཔེར་ན།ཁང་ཐོག་ག་བུད(ཁང་ཐོག་ཏུ་བུད།འདི་ལས་ཕྲད་ཀྱི་ག་དེ་ཝ་སྒྲ་ལྟར་ཀློག་པ་ཡིན་ལ།དེ་ནི་འབྲོག་སྐད་དུག་སྒྲ་དེ་ཝ་སྒྲར་ཀློག་པ་ཤུགས་ཆེ་བས་ཡིན་ལ། རྒྱ་གར་དེ་རྒྱ་ཝར་དུ་ཀློག་པ་ལྟ་བུའོ །)  རྒྱབ་བ་ཁུར(རྒྱབ་ཏུ་ཁུར།)  ནང་ང་འགྱོ(ནང་དུ་འགྲོ)  རི་རྐེད་ད་ཤིང་བཙུགས།(རི་རྐེད་དུ་ཤིང་བཙུགས།) རང་དོན་ན་སོང་།(རང་དོན་དུ་སོང་།) ལམ་མ་འགྱོ།(ལམ་དུ་འགྲོ)  ནང་གསེས་དམིགས་བསལ་བ་ར་དང་ལ་ཡི་མཐའ་ཅན་དག་ལ་རྗེས་འཇུག་ར་ཡིག་དང་ལ་ཡིག་གཉིས་ཀྱི་སྒྲ་མི་ཐོན་པར་ཐད་ཀར་མིང་གཞི་ལས་ཕྲལ་དེ་ཕྲད་ཀྱི་དོད་དུ་ཀློག་པ་དཔེར་ན། ཐུ་ར་བརྒྱུགས།(ཐུར་དུ་བརྒྱུགས།།) གྲ་ལ་ཞུགས།(གྲལ་དུ་ཞུགས།)ལྟ་བུ། གཞན་ལ་དོན་གྱི་ཚིག་ཕྲད་ན་ལ་གཉིས་ཀྱི་འཇུག་སྟངས་དེ་སྲོལ་རྒྱུན་བརྡ་སྤྲོད་ཀྱི་འཇུག་པ་དང་ཕལ་ཆེར་མཐུན་མོད། དེ་ལས་ཨ་མདོའི་འབྲོག་པའི་ལུང་སྐད་ཁྲོད་དུ་ལ་སྒྲ་རྒྱུན་བཀོལ་དུ་མི་སྣང་སྟེ། དཔེར་ན་རྒྱ་ནག་ལ་འགྲོ་ལྟ་བུར་མི་བརྗོད་པར། ་གོང་དུ་བཤད་པ་བཞིན་རྒྱ་ནག་ག་འགྱོ་ཞེས་རྗེས་འཇུག་གི་རང་སྒྲའི་ཤུགས་སུ་ཀློག་པ་དང་། ཡང་རྟ་ལ་ཆས་བྱིན་ཞེས་པར་ཐད་ཀར་ལ་སྒྲ་བསྡུས་ཏེ་རྟ་ཆས་བྱིན་ཞེས་ཀློག་པ་ཡིན།  མདོར་ན་་དང་གི་འཇུག་པ་འདི་དག་ནི་རྗེས་འཇུག་རང་འདྲས་ལ་དོན་གྱི་ནུས་པ་ཐོན་པ་ཡིན།    
གཉིས། འབྲོག་སྐད་ལས་ཨི་ལྡན་གྱི་རྣམ་དབྱེའི་ཚིག་ཕྲད་སྐོར་གྱི་ཁྱད་ཆོས་འགའ།  
            བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དང་ཡིག་སྐད་སོགས་སུ་ཨི་ལྡན་རྣམ་དབྱེའི་ཕྲད་ནི་གི་ཀྱི་གྱི་ཡི་འི་ལྔ་ཡིན་ལ། དེ་དག་གི་ཐོབ་ཐང་ནི། ད་བ་ས་ཀྱི་ག་ང་གི། ན་མ་ར་ལའི་རྗེས་སུ་གྱི།། འ་དང་མཐའ་རྟེན་མེད་མཐར་འི། རྐང་བ་སྐོང་ཚེ་ཡི་འཐོབ་བོ །འོན་ཀྱང་ཡུལ་སྐད་དང་ནང་གསེས་ལུང་སྐད་སོ་སོར་དེ་ལྟར་སྦྱོར་བ་མ་ཡིན་ཏེ། 
1འི་དང་འིས་ཕུད་པའི་བྱེད་འབྲེལ་གྱི་ཚིག་ཕྲད་གཞན་དག  
            བྱེད་འབྲེལ་གྱི་ཕྲད་དེ་རྣམས་འབྲོག་པའི་ལུང་སྐད་ནང་དུ་ཡིག་སྐད་ཇི་བཞིན་མི་སྦྱོར་བར་དེ་དག་གི་དོད་དུ་གི་སྒྲ་གཅིག་པུ་སྦྱོར་བ་ཡིན་ལ། དེ་སྦྱོར་བའི་རྒྱུ་མཚན་ནི་གི་གྱི་ཀྱི་འི་ཡི་ལྔ་ལས་ཆེས་ཐོག་མའམ་གནའ་རབས་བོད་ཀྱི་སྐད་དུ་འབྲེལ་སྒྲ་སྟོན་པའི་ཕྲད་ནི་གི་སྒྲ་གཅིག་པུ་ཡིན་པར་སེམས་ཏེ། གི་སྒྲ་ནི་འབྲོག་སྐད་ཁྲོད་དུ་རང་དབང་རྒྱ་ཁྱབ་ཏུ་སྤྱོད་པ་ཤིན་ཏུ་མང་བའི་ཚིག་ཕྲད་ཅིག་ཡིན་ལ། དེ་དང་གོང་དུ་བཤད་པའི་ལ་དོན་གྱི་ཚིག་ཕྲད་དག་ལས་ལ་སྒྲ་འཇུག་པ་གཉིས་ཕྱོགས་མཚུངས་སུ་སྣང་། གཞན་བོད་ཀྱི་གནའ་རབས་ཡིག་ཚང་སོགས་སུའང་བྱེད་འབྲེལ་ཕྲད་ཀྱི་དང་གྱི་སོགས་ཀྱི་དོད་དུ་གི་སྒྲ་སྦྱར་བ་མང་དུ་ཡོད་དེ་དཔེར་ན། ‘རུ་དཔོན་གྱི་ཞེས་པར་རུ་དཔོན་གི་ཞེས་པ་དང་། རྒོད་ཀྱི་ཞིང་ལ་ཞེས་པར་རྒོད་གི་ཞིང”ཞེས་པ་ལྟ་བུ་དང་།  དེ་དག་གྱི་ཀྱི་གི་གསུམ་ནི་སྡེ་བ་གཅིག་པར་གཏོགས་པའི་ཕན་ཚུན་བརྗེས་པ་ཡིན་ཞེས་རྒན་གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱི་ས《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ》ཏུ་གསུངས་ཡོད།
             (l) འབྲེལ་སྒྲ།  བདེ་སྐྱིད་གི་དཔེ་ཆ།(བདེ་སྐྱིད་ཀྱི་དཔེ་ཆ།) རྒྱབ་གི་ཁུར་བོ།(རྒྱབ་ཀྱི་ཁུར་བོ)གོས་གི་ཁ་མདོག (གོས་ཀྱི་ཁ་དོག)  རྒྱུག་གི་སྐར་གྲངས།(ཡིག་སྐད་དང་མཚུངས།)  མདུང་གི་རྩེ(ཡིག་སྐད་དང་མཚུངས།)   སྔུན་གི་དཀར་ཡོལ།(མདུན་གྱི་དཀར་ཡོལ།)  གནམ་གི་སྐར་མ།(གནམ་གྱི་སྐར་མ།)  གསེར་གི་ཁ་མདོག།(གསེར་གྱི་ཁ་དོག)ཤེལ་གི་སྒོ(ཤེལ་གྱི་སྒོ།) གྱི་གི་ཁ།(གྲི་ཡི་ཁ།)སོགས་ལྟ་བུ།
             (2) བྱེད་སྒྲ། བདེ་སྐྱིད་གི་ཡི་གེ་བྲིས། (བདེ་སྐྱིད་ཀྱིས་ཡི་གེ་བྲིས།)  མདུང་གི་བསྣུན།(མདུངགིས་བསྣུན།)  གྲི་གི་གཏུབ།(གྲུབ་ཡིས་གཏུབ། གྲིས་གཏུབ།)  ཁེམ་གི་ཕྱར་(ཁེམ་གྱིས་ཕྱར།) ཟོག་གི་བརྡུངས།(ཟོག་གིས་བརྡུངས།)ལྟ་བུའོ །དེ་ལྟར་ཡུལ་སྐད་ཁྲོད་དུ་བྱེད་སྒྲའི་ཚིག་ཕྲད་ཀྱི་ས་ཡིག་བོར་ནས་བྱེད་འབྲེལ་གྱི་ཁྱད་པར་སྟོན་མི་ནུས་པར།  བྱེད་འབྲེལ་གྱི་ཁྱད་པར་དེ་གཙོ་བོ་ཚིག་སྔ་ཕྱིའི་བྱ་ཚིག་གིས་སྟོན་པ་ཡིན།  
2 འི་དང་འིས། 
            (l) འི་དང་འིས་གཉིས་ཀྱི་འཇུག་ཚུལ་དེ་ལུང་སྐད་དང་ཡིག་སྐད་ཕལ་ཆེར་གཅིག་པར་སྣང་དེ། དཔེར་ན། ནམ་མཁའི་བྱ། གྱིའི་ཁ།།(གྲིའི་ཁ།) གྱིས་བསྣུན།(གྲིས་བསྣུན།) ལག་པས་བཟུང་།་                                                                                                                                           
            (2)འི་ཡིག་དེ་སྔོན་འཇུག་དང་དབྱངས་ཡིག་མེད་པའི་མཐའ་རུ་སྦྱོར་ཚེ་འ་ཡིག་དོར་དེ་དབྱངས་ཡིག་ཐད་ཀར་མིང་གཞིར་སྦྱར་ནས་ཀློག་པ་སོགས་ཀྱི་དམིགས་བསལ་འགའ་རེ་ཡང་ཡོད་དེ། དཔེར་ན། ངི་དཔེ་ཆ།(ངའི་དཔེ་ཆ།)  ཨ་མི་བུ།(ཨ་མའི་བུ)ལྟ་བུ། འོན་ཀྱང་འདི་དག་ཁྱབ་ཡུལ་གྱི་ཤུགས་ཆུང་བའོ།།   
གསུམ། ཚིག་ཕྲད་གཞན་དག་བཤད་པ།     
1 རྒྱན་སྡུད།  
            རྒྱན་སྡུད་ཀྱི་ཚིག་ཕྲད་ཀྱང་ཡང་འང་གསུམ་གྱི་དོད་དུ་རྗེས་འཇུག་རང་སྒྲ་དང་ར་ཡིག་གཉིས་ར་ཚུལ་གྱིས་འཇུག་པ་དང་། རྗེས་འཇུག་ས་ཡི་མཐའ་ཅན་ལ་ཡ་ཡིག་དང་ར་ཡིག་གཉིས་ར་ཚུལ་གྱིས་འཇུག་པ། གཞན་ད་དུང་འ་དང་མཐའ་རྟེན་མེད་མཐར་ར་ཡིག་འཇུག་པ། དཔེར་ན། བཀག་ག་ར་མ་ཁོག་ཐ། (བཀག་ཀྱང་མ་ཁོག)  བཤད་པ་བདེན་ན་ར།(བཤད་པ་བདེ་ན་ཡང་།)བཤད་ད་ར་མི་ཉན་གི(བཤད་ཀྱང་མི་ཉན་གི)  ཞིམ་མ་ར་ཞིམ་གི(ཞིམ་ཀྱང་ཞིམ།)  མཛེས་ཡ་ར་མཛེས་གི(མཛེས་ཀྱང་མཛེས།) བྲོ་ར་འཁྲབ་གླུ་ར་བླངས། (བྲོའང་འཁྲབ་ལ་གླུ་ཡང་བླངས།)ལྟ་བུ་དང་། དེ་ལས་གཞན་ད་དུང་མཐུན་པའི་ཚིག་རྒྱན་སྟོན་པའི་ཕྲད་ལ་ར་ཡིག་གཅིག་པུ་སྦྱར་ནས་སྟོན་འང་ཡོད་དེ་དཔེར་ན་། གཟུགས་ར་དྲང་། གདོང་ར་ཡག་ལྟ་བུ་དང་། ཡང་མི་མཐུན་པའི་ཚིག་རྒྱན་སྟོན་པ་ཚིག་ཕྲད་ལ་ན་ར་སྦྱར་ནས་སྟོན་པ་དཔེར་ན། གཟུགས་མཛེས་ན་ར་གདོང་མི་མཛེས། ཁ་ཡག་ན་ར་ཁོག་བཙོག་ལྟ་བུའོ།། ར་ཡིག་འདི་རྒྱན་སྡུད་ཁོ་ན་ཙམ་མ་ཟད་འབྱེད་སྡུད། རྒྱུན་མཚན། ཚེ་སྐབས། གདམས་ངག་སོགས་འཇུག་པ་མང་ལ། ར་སྒྲ་ནི་གོང་དུབཤད་པ་བཞིན་འབྲོག་སྐད་ཀྱི་ཆེས་སྔ་བའི་ཚིག་ཕྲད་དག་གི་ཁོངས་སུ་གཏོགས་ལ། རྗེས་སོར་རིམ་བཞིན་ཉམས་མོད་འབྲོག་སྐད་དུ་ད་དུང་ཡང་མ་ཉམས་པར་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་དོ།།   
            འབྲོག་སྐད་ཁྲོད་དུ་རྒྱན་སྡུད་ལ་དམིགས་སུ་འཇུག་པའི་ཚིག་ཕྲད་ད་དུང་ཡང་འགའ་རེ་ཡོད་མོད།  འདིར་ཉོག་འགྲོ་བས་བསྡུས་པ་ཡིན་ལ།  གོང་དུ་བཤད་པའི་ཚིག་ཕྲད་འདི་དག་ལས་རྗེས་འཇུག་རང་སྒྲའི་འཇུག་པ་ལས་གཞན་དག་ནི་ལུང་སྐད་ཁྲོད་ཀྱི་ཚིག་སྐྱོག་ངམ་བརྗོད་སྟངས་ཀྱི་དབང་གིས་བྱུང་བ་ཙམ་ལས་རྒྱུ་མཚན་གྱི་གནས་ལུགས་ནི་འདྲེན་པར་དཀའ།   
2 ལྷག་བཅས།  
            ཨ་མདོའི་འབྲོག་སྐད་ཁྲོད་དུ་ལྷག་བཅས་ཀྱི་ཕྲད་ཏེ་དེ་སྟེ་གསུམ་གྱི་དོད་དུ་རྒྱུན་པར་རྗེས་འཇུག་རང་སྒྲར་དབྱངས་ཨི་སྦྱར་ནས་སྟོན་པར་བྱེད་དེ། དེ་ལྟར་ཐོབ་པའི་རྒྱུ་མཚན་ནི་རྗེས་འཇུག་གི་ནུས་པའི་དབང་གིས་རྗེས་འཇུག་གི་རང་སྒྲའི་ཡི་གེ་ཐོན་པ་དང་།   དབྱངས་ཨེ་ཡིག་དེ་སྐྱེ་གནས་གཅིག་པའི་དབྱངས་ཨི་ཡིག་ལ་བརྗེས་པ་ཡིན་ལ།    དེ་ལ་རྒན་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས“གུག་གི་ཨི་ཡིག་དང་འགྲེང་བུ་ཨེ་ཡིག་གཉིས་ནི་བོད་ཀྱི་གནའ་བོའི་ཡིག་ཚང་དུ་རེས་མོས་ཀྱིས་བེད་སྤྱོད་བྱེད་སྲོལ་ཡོད་ཀྱང་གྲངས་ཚད་ཤིན་ཏུ་ཉུང་སྟེ། དཔེར་ན་སྟ་རི་ལ་སྟ་རེ་ཞེས་པ་ལྟ་བུའོ།། ཨི་ཡིག་དང་ཨེ་ཡིག་གཉིས་ཕན་ཚུན་རེས་མོས་བྱེད་པའི་རྒྱུམཚན་ནི་ཡི་གེའི་གནས་མཚུངས་པའི་ཕྱིར་རོ།”①དེ་ལས་འབྲོག་སྐད་ཀྱི་ལྷག་བཅས་སྟོན་ཚུལ་གཤམ་ལྟར། དཔེར་ན། བསྟན་ནི་མཐོང་།(བསྟན་ཏེ་མཐོང་།)    མིག་ཅེར་རི་བལྟས།།(མིག་ཅེར་ཏེ་བསྟས།)  ཚིག་བཤད་དི་གོ(ཚིག་བཤད་དེ་གོ)དངོས་པོ་བཞག་གི་སོང་།(དངོས་པོ་བཞག་སྟེ་སོང་།)མདུང་ངི་བསད།(མདུང་སྟེ་བསད།) བཀབ་བི་བཞག(བཀབ་སྟེ་བཞག)     མཛའ་བརྩེ་བསམ་མི་སོང་བ་ཡིན།(མཛའ་བརྩེ་བསམ་སྟེ་སོང་བ་ཡིན།)སོགས་ལྟ་བུ་ཡིན་ལ། འ་དང་ས་ཡི་འཕུལ་ཅན་དང་མཐའ་རྟེན་མེད་མཐར་ཡི་ཡིག་འཇུག་པ་སྟེ། དཔེར་ན། ལུག་བཤས་ཡི་ཤ་ཟོས།(ལུག་བཤས་ཏེ་ས་ཟོས།)  དགའ་ཡི་གླུ་བླངས། (དགའ་སྟེ་གླུ་བླངས།)  མིག་ཕྱེས་ཡི་རིག(མིག་ཕྱེས་སྟེ་རིག)སོགས་ལྟ་བུ་དང་། ཡང་ཡང་འཇུག་ད་ས་གཉིས་ཀྱི་རྗེས་སུ་རྗེས་འཇུག་གི་དབང་གིས་རྗེས་འཇུག་རང་སྒྲ་འཇུག་པ་ལས་ཡང་འཇུག་གི་དབང་དུ་མི་འགྲོ་སྟེ། དཔེར་ན། ལག་པ་བརྐྱངས་ངི་བཟུང་།(ལག་བརྐྱངས་ཏེ་བཟུང་།) སྨན་པར་བསྟེནད་ནི་ནད་དྲག(སྨན་པར་བསྟེནད་ཏེ་ནད་དྲག)ལྟ་བུ། གོང་གི་འདི་དག་ཚང་མ་མཚམས་སྦྱོར་ལྷག་བཅས་ཡིན་ལ། དམ་བཅའ་དང་གཞན་འདྲེན་ལྷག་བཅའ་ནི་རྒྱུན་ལྡན་ཁ་སྐད་ཁྲོད་དུ་ཚིག་ཕྲད་སྦྱར་ནས་སྟོན་པ་ཕལ་ཆེར་མེད་པར་སྣང་།  
3འབྱེད་སྡུད།  
            འབྱེད་སྡུད་ཀྱི་ཕྲད་དག་ཡུལ་སྐད་དང་ལུང་སྐད་ཁྲོད་དུ་རྒྱུན་པར་བསྐུངས་ཏེ་མི་བརྗོད་པ་ཡིན། དཔེར་ན། དབང་བོ་ལྔ་ནི། མིག  སྣ།  རྣ།  ལྕེ། ལུས།(དབང་བོ་ལྔ་སྟེ།མིག་གམ། སྣའམ།རྣ་བའམ། ལྕེའམ། ལུས་བཅས་སོ། །)   ལྟ་བུ་དང་། གཞན་ད་དུང་ད་སྒྲ་དང་ར་སྒྲ་སྦྱར་ནས་སྟོན་པ་ཡང་ཡོད་དེ་དཔེར་ན། དབང་བོ་ལྔ་ནི། མྱིག་ར། སྣ་ར།རྣ་ར། ལྕེ་ར། ལུས་ཞེས་པ་ལྟ་བུ་དང་། ཡང་དབང་པོ་ལྔ་ནི།  མྱིག་ད།  སྣ་ད།  རྣ་ད།  ལྕེ་ད།  ལུས་ཞེས་པ་ལྟ་བུ་ཡིན་ལ། སྐབས་འདིའི་ད་སྒྲ་ནི་དང་སྒྲ་ལས་བྱུང་བ་ཡིན་ལ། ར་སྒྲ་ནི་་གོང་དུ་བཤད་པ་བཞིན་ནོ།།
            དེ་ལས་གཞན་འབྱེད་སྡུད་ཀྱི་ཕྲད་རྣམས་དྲི་བ་སྟོན་པར་འཇུག་སྐབས།  སྲོལ་རྒྱུན་བརྡ་སྤྲོད་ནང་བཞིན་གམ་སོགས་མི་ཞུགས་པར་རང་སྒྲའི་རྗེས་འཇུག་རྐྱང་བའི་སྟོན་པའང་ཡོད་དེ་དཔེར་ན། ཡོད་ད་མེད།(ཡོད་དམ་མེད།) ཟོས་ཡ་མ་ཟོས།(ཟོས་སམ་མ་ཟོས།)  སོང་ངམ་མ་སོང་། (སོང་ངམ་མ་སོང་།)ལྟ་བུའོ།  
4 འབོད་པའི་སྒྲ།  
            ཡིག་སྐད་ཁྲོད་དུ་འབོད་པ་གསལ་བྱེད་ཀྱི་སྒྲ་ལ་ཀྱེ་དང་ཀྭ་ཡེ། ཝ་ཡེ་སོགས་ཡོད་མོད། འོན་ཀྱང་ལུང་སྐད་ཁྲོད་དུ་སྒྲ་དེ་དག་མི་སྤྱོད་པར། འབྲོག་པའི་ལུང་སྐད་ཁྲོད་དུ་ཆགས་པའི་འབོད་པ་གསལ་བྱེད་ཀྱི་སྒྲ་ལ་ཨ་རོག་དང་ཨ་རོ།ཨ་ཧ་ཧ།  ཧིན་སོགས་སྤྱོད་ལ།  འབོད་པའི་སྒྲ་མཚོན་བྱེད་ལ་ཡུལ་སྐད་དང་ལུང་སྐད་མི་འདྲ་བར་འབོད་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད་དེ། ཁམས་ཡུལ་ཤུལ་སྐད་ཀྱི་ཁོ་རེ་དང་མོ་རེ་ལྟ་བུ་དང་། ཨ་མདོའི་རོང་སྐད་ཀྱི་ཨ་ལེ་དང་ཨ་ཙི་ལྟ་བུ་ཉམས་སྣ་ཆོགས་མཚོན་པའི་འབོད་པའི་སྒྲ་ཕུན་སུམ་ཚོགས་པ་ཞིག་ཡོད་པས།  འདིའི་སྐོར་ལ་ཆེད་དམིགས་ཞིབ་འཇུག་རེ་བྱས་ན་ཡང་རིན་ཐང་ཆེན་པོ་ཡོད་པར་འདོད།   
5དེ་སྒྲ།   
            ཡུལ་སྐད་ཁྲོད་ཀྱི་དེ་སྒྲ་རྒྱུན་བཀོལ་དུ་མི་སྦྱོར་བར་དེའི་དོད་དུ་དུ་སྒྲ་སྦྱར་ནས་དོན་སྟོན་པ་དེ་དཔེར་ན། དུ་བཞིན་དུ་བྱོས།(དེ་བཞིན་དུ་བྱོས།)  དུམ་བཤད།(དེ་མ་བཤད།) དུ་ངི་རེད།(དེ་ངའི་རེད།)  མི་དུ་སུ་རེད།(མི་དེ་སུ་རེད།) དུ་དུས་ང་ལོ་ཆུང་ནི་རེད།(དེ་དུས་ང་ལོ་ཆུང་ནི་རེད།)དུ་དུས་ང་ཚོ་མཉམ་དུ་འགྲོ(དེ་དུས་ང་ཚོ་མཉམ་དུ་འགྲོ)   ལྟ་བུ་སོགས་ཡོངས་ཁྱབ་བརྡ་སྤྲོད་དུ་བསྟན་པའི་དེ་སྒྲའི་འཇུག་པ་དགུ་འབྲོག་སྐད་ཁྲོད་དུའང་ཕལ་ཆེར་ཡོད་མོད། འོན་ཀྱང་དེ་དག་སྟོན་བྱེད་ཀྱི་ཕྲད་དུ་དེ་སྒྲ་མི་འཇུག་པར་དུ་སྒྲ་འཇུག་པ་གོང་དུ་བཀོད་པའི་དཔེ་ནང་བཞིན་ཡིན། དེ་ལྟར་འཇུག་པའི་རྒྱུ་མཚན་ནི་ཕྲད་ཀྱི་དབྱངས་ཡིག་ཨེ་དེ་ཨུ་རུ་གྱུར་བ་ཡིན་ལ། དེ་ནི་གཙོ་བོ་བརྗོད་བདེའི་དབང་དུ་གྱུར་བ་ཡིན།           
གསུམ་པ། མཇུག་བསྡུ་བའི་གཏམ།
            གོང་དུ་བཤད་པའི་དམིགས་བསལ་གྱི་ཚིག་ཕྲད་དག་ལས་གཞན་འབྱུང་ཁུངས་དང་ནི་སྒྲ། དགག་སྒྲ།   བདག་སོགས་ཀྱི་འཇུག་པ་སྲོལ་རྒྱུན་བརྡ་སྤྲོད་དང་ཕལ་ཆེར་མཐུན་པས་འདིར་རེ་རེ་བཞིན་བཤད་པའི་ངལ་བ་མི་བྱ་སྟེ། དེ་ལྟར་བོད་ཀྱི་ཡོངས་ཁྱབ་བརྡ་སྤྲོད་དམ་སྲོལ་རྒྱུན་བརྡ་སྤྲོད་ཀྱི་སྦྱོར་བ་དང་མི་མཐུན་པའི་འབྲོག་པའི་ལུང་སྐད་ཁྲོད་ཀྱི་དམིགས་བསལ་ཅན་གྱི་ཚིག་ཕྲད་འགའི་སྦྱོར་ཚུལ་རགས་ཙམ་བཤད་མོད། འོན་ཀྱང་ཞིབ་ཕྲའི་ནང་གསེས་དང་བྱེ་བྲག་གི་དམིགས་བསལ་གྱི་འཇུག་པ་སོགས་ཤིན་ཏུ་མང་ལ། འདིར་རེ་རེ་བཞིན་དྲང་ན་ཉོག་འགྲོ་བའི་དབང་གིས་རགས་རིམ་གྱི་སྒོ་ནས་སྤྱིར་བཏང་གི་འཇུག་ཚུལ་ཙམ་སྟབས་བདེར་བཀོད་པའོ།།   
            གོང་དུ་བརྡ་སྤྲོད་གཞུང་དུ་བསྟན་པའི་རྣམ་དབྱེའི་ཚིག་ཕྲད་དང་ཚིག་ཕྲད་གཞན་དག་གི་སྐོར་དེ་དེང་སྐབས་འབྲོག་པའི་ལུང་སྐད་ཇི་ལྟར་སྦྱོར་བའི་སྐོར་གོང་དུ་རགས་རིམ་ཙམ་བཤད་པ་ནང་བཞིན་ཡིན་མོད། ཞིབ་ཏུ་བསམ་ན་འབྲོག་སྐད་ཁྲོད་དུ་སྤྱོད་བཞིན་པའི་ཚིག་ཕྲད་གཞན་དག་ཀྱང་ཧ་ཅང་མང་སྟེ། དམུ་དགེ་ཚང་གིས《བློ་གསལ་དགའ་སྟོན》 ①དུ་བསྟན་པའི་ཁོ་ན་དང་། ཉིད། འབའ། ཙམ། ལ་ལ། ཀུན་སྒྲ། འདི་སྒྲ།  ཤོག་སྒྲ། འུ་སྒྲ། ཡ་སྒྲ་དང་། གཞན་ད་དུང་དུ་སྒྲ། ཟིག་སྒྲ། ཟེར་སྒྲ། ང་སྒྲ། ག་སྒྲ།  ར་སྒྲ།  ཆི་སྒྲ།  གི་སྒྲ།  ན་སྒྲ། ནེ་སྒྲ་སོགས་དང་། མ་ཟད་དི་ན། མིན་ཚད་པོ།  དེའི་མི་ཚད། མིན་ད། མི་ཚད།  རུང་། ན་ར། སོགས་ཐུན་མིན་གྱི་ཕྲད་མང་དུ་ཡོད་ལ། ཡོད་པ་ལས་ཀྱང་ཕྲད་དེ་དག་རེ་རེར་དོན་ཐུན་མིན་གང་ཞིག་སྟོན་པའི་ནུས་པ་དང་ལྡན། ཚིག་ཕྲད་དེ་དག་ནི་གནའ་བོའི་དུས་ཀྱི་བོད་སྐད་དམ་ཡང་ན་དུས་ཡུན་ཅུང་སྔ་བའི་དུས་སྐབས་ཀྱི་སྐད་ལུགས་དག་མ་ཉམས་རྒྱུན་ཆགས་སུ་གནས་པ་ཞིག་གམ། ཡང་ན་སྐད་རིགས་འཕེལ་འགྱུར་ཀྱི་གོ་རིམ་ཁྲོད་ནས་རིམ་གྱིས་ཆགས་པ་ཞིག་དང་བབས་བསྟུན་སྒོས་ཆགས་པ་ཞིག་རེད།   
            བོད་ཀྱི་སྤྱི་སྐད་ལས་དོན་ལ་གཞེས་བྱེས་རིགས་མཐུན་ཚང་མས་ཐུགས་ཁུར་གྱི་ཚ་རླབས་འཕྱུར་བཞིན་པའི་སྒང་འདིར།  ཡུལ་སྐད་དམ་ལུང་སྐད་སོ་སོ་ནི་ཧ་ཅང་ཉམས་ཆུང་པའི་ཚུལ་དུ་གྱུར་དང་འགྱུར་བཞིན་ཡོད་མོད།  འོན་ཀྱང་དྲང་མོ་བློ་ལ་འཇུས་ཏེ་ཞིབ་འདང་རེ་བརྒྱབ་ན་བོད་ཀྱི་ཡུལ་ཕྱོགས་སོ་སོའི་ཡུལ་སྐད་དང་ལུང་པ་སོ་སོའི་ལུང་སྐད་ནི་བོད་སྐད་ཕུན་སུམ་ཆོགས་པ་མཚོན་པའི་རྒྱུ་ཉག་གཅིག་དང་། བོད་ཀྱི་སྐད་རིགས་དེ་ཉིད་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་བྱེད་པའི་ལས་དབང་ཀྱང་ཡུལ་སྐད་སོ་སོར་བཅོལ་ལོས་དགོས་འདོད། བོད་ལ་སྤྱི་སྐད་ཅིག་དགོས་པ་ནི་ཁ་ཚ་དགོས་གཏུག་གི་དོན་ཞིག་ཡིན་པ་བདེན་མོད། འོན་ཀྱང་ཐལ་ཆེ་བའི་སྒོ་ནས་སྤྱི་སྐད་བརྩོན་ཏེ། ཡུལ་སྐད་དང་ལུང་སྐད་སོ་སོར་སྣང་མེད་དུ་དོར་ན། འབྱུང་འགྱུར་གྱི་ལམ་ཁ་ནས་བོད་སྐད་འདི་ཡང་སྐད་རིགས་གཞན་ཞིག་གི་བྲན་གཡོག་ཏུ་མི་འགྱུར་བའི་ངེས་པ་ནི་ཅི་ནས་ཀྱང་མ་མཆིས་སོ། །ཡང་སྐད་རིགས་ཞིབ་འཇུག་གི་ངོས་ཐད་ནས་བལྟས་ནའང་འདྲ་སྟེ།  སྐད་རིགས་ནི་ཐོག་མའི་གཅིག་གྱུར་གྱི་རྣམ་པ་ནས་རིམ་བཞིན་བྱེ་བྲག་དུ་མར་གྱེས་པ་དང་།  རིམ་བཞིན་རྣམ་པ་གཞན་ཅན་དུ་འགྱུར་བ་སོགས་ནི་སྐད་རིགས་འཕེལ་རྒྱས་ཀྱི་རྒྱུན་ལྡན་གྱི་ཆོས་ཉིད་ཙམ་དུ་ཟད་པས། དེས་ན་མི་རིགས་གང་ཞིག་གི་སྐད་ལ་ཞིབ་འཇུག་གམ་ཟབ་ཞུགས་བྱེད་ཚེ།  མི་རིགས་དེའི་ཡུལ་ལུང་སོ་སོ་ན་སྤྱོད་བཞིན་པའི་ཕུན་སུམ་ཚོགས་པའི་ཡུལ་སྐད་དམ་ལུང་སྐད་དེ་དག་ནི་ཆེས་ཐོག་མ་དང་མཐའ་མའི་ཁ་གཏོད་ས་གཙོ་བོ་དེའོ།། དེ་ལྟར་བསམ་ན་བོད་ལ་སྤྱི་སྐད་ཅིག་ཆགས་པར་བརྩོན་ལེན་བྱེད་པའི་ཞོར་ལ་ཡུལ་སྐད་དང་ལུང་སྐད་སོ་སོའང་སྣང་མེད་དུ་མི་དོར་བར་རྒྱུན་སྐྱོང་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ་བའི་ལས་ཤིག་ཏུ་འདོད།
            མི་རིགས་གཞན་པ་སྟེ་ཏའེ་རིགས(傣族)དང་ཡུ་རིགས(彝族)སོགས་ལ་མཚོན་ལ་ཆེད་དུ་རང་མི་རིགས་ཀྱི་ཡུལ་སྐད་དང་ལུང་སྐད་ལ་ཞིབ་འཇུག་བྱེད་མཁན་ཡོད་ལ། ཡོད་པ་ལས་ཀྱང་ཞིབ་འཇུག་གི་དེབ་སོགས་མང་དུ་པར་སྐྲུན་བྱས་ཏེ་འབྲས་བུའང་མི་དམན་པ་བླངས་ཡོད། འོན་ཀྱང་རང་ཅག་བོད་ལ་མཚོན་ན་གཞན་གྱི་རིག་གནས་ལ་ཞེན་ཞེན་གྱིས་འཇུག་པ་ལས་རང་མི་རིགས་ཀྱི་ཡུལ་སྐད་སོགས་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ཤིན་ཏུ་ཉུང་བ་འདི་ནི་ཅི་ནས་ཀྱང་བློ་ཕམ་ཆེ་བའི་གནས་ཤིག་ཏུ་ཟད།   
            དེ་ལྟར་བོད་སྐད་རྒྱ་མཚོ་ཆེན་མོའི་འཇིངས་ལས་ཨ་མདོའི་ཡུལ་སྐད་ཁྲོད་ཀྱི་འབྲོག་པའི་ལུང་སྐད་ཀྱི་ཁྱབ་ཡུལ་ངོས་འཛིན་དང་། བོད་ཀྱི་ཡོངས་ཁྱབ་བརྡ་སྤྲོད་དམ་སྲོལ་རྒྱུན་བརྡ་སྤྲོད་ཀྱི་སྦྱོར་བ་དང་མི་མཐུན་པའི་འབྲོག་པའི་ལུང་སྐད་ཁྲོད་ཀྱི་དམིགས་བསལ་ཅན་གྱི་ཚིག་ཕྲད་འགའི་སྦྱོར་ཚུལ་གྱི་ཕྱོགས་ཙམ་བཤད་པ་འདིས་ཀྱང་བོད་ཀྱི་ཡུལ་སྐད་ཞིབ་འཇུག་གི་ཞིང་སར་གཤིན་པོར་སྨན་པའི་ཆུ་ཐིགས་ཕྲ་མོ་ཙམ་རེ་གཏོར་ཐུབ་པའི་ལྷག་བསམ་ལ་འཇུས་ཏེ་བྲིས་པ་དགེའོ།།
            རྩོམ་པ་པོ་ངོ་སྤྲོད།  
            བཀྲ་ཤིས་དཔལ་ལྡན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2008ལོའི་བོད་ཀྱི་སྐད་བརྡ་དང་རྩོམ་རིག་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན། 
            ①ལྕགས་ཐར་རྒྱལ། 《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་2000ལོར་པར་དུ་བསྐྲུན། ཤོག་ངོས་28ན་གསལ།
            ①སྐལ་བཟང་འགྱུར་མེད།  མི་རིགས་དཔེ་སྐྲུན་ཁང་གིས་2002ལོར་པར་དུ་བསྐྲུན། ཤོག་ངོསlན་གསལ།
            ①ཆེའུ་ཨེ་ཐང་། 《བོད་ཀྱི་སྐད་དང་ཡི་གེ》  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1996ལོར་པར་དུ་བསྐྲུན། ཤོག་ངོས115ན་གསལ།
            ②སྐལ་བཟང་འགྱུར་མེད།  《བོད་ཀྱི་ཡུལ་སྐད་སྤྱི་བཤད།》 མི་རིགས་དཔེ་སྐྲུན་ཁང་གིས་2002ལོར་པར་དུ་བསྐྲུན།  ཤོག་ངོསl73ན་གསལ།
            ①མཁྱེན་རབ་འོད་གསལ། 《སུམ་ཅུ་བའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ།》  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1986ལོར་པར་དུ་བསྐྲུན།  ཤོག་ངོས་22ན་གསལ།
            ②དཔའ་རིས་སངས་རྒྱས། 《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།》 མི་རིགས་དཔེ་སྐྲུན་ཁང་གིས་2010ལོར་པར་དུབསྐྲུན། ཤོག་ངོས་255ན་གསལ།
            ①དཔའ་རིས་སངས་རྒྱས། 《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།》མི་རིགས་དཔེ་སྐྲུན་ཁང་གིས་2010ལོར་པར་དུ་བསྐྲུན།  ཤོག་ངོས་48ན་གསལ།
            ①གོ་ཤུལ་གྲགས་པ་འབྱུང་གནས། 《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།》 མི་རིགས་དཔེ་སྐྲུན་ཁང་གིས་2009ལོར་པར་དུ་བསྐྲུན།  ཤོག་ངོས64ན་གསལ།
            ①གོ་ཤུལ་གྲགས་པ་འབྱུང་གནས། 《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།》 མི་རིགས་དཔེ་སྐྲུན་ཁང་གིས་2001ལོར་པར་དུ་བསྐྲུན།  ཤོག་ངོས་50ན་གསལ།
            ① དམུ་དགེ་བསམ་གཏན། 《བློ་གསལ་དགའ་སྟོན།》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་2006ལོར་པར་དུ་བསྐྲུན།  ཤོག་ངོས70-92ན་གསལ།