ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གིས་བོད་ཀྱིས་མི་ཆོས་བསམ་བློར་ཤུགས་རྐྱེན་ཐེབས་ཚུལ་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2018-05-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དཀོན་མཆོག་སྐྱབས།
[ནང་དོན་གནད་བསྡུས།]བོད་དུ་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་དགེ་བ་བཅུའི་ཁྲིམས་ཡང་གཏན་ཕབ་བྱས་པར་མ་ཟད་ལོ་རྒྱུས་ཀྱི་དུས་སྐབས་རེ་རེ་ལ་རྒྱུན་འཛིན་དང་དར་སྤེལ་བྱས་ཡོད།  འདི་དང་མི་ཆོས་གཙང་མ་བཅུ་དྲུག་གིས་བོད་མིའི་བསམ་བློ་དང་ཀུན་སྤྱོད་སོགས་ལ་ཤེས་མེད་ཆོར་མེད་ངང་ཤན་ཤུགས་ཐེབས་ཡོད་པས་འདིར་ཆ་རྐྱེན་ཇི་འདྲ་བ་ཞིག་གི་འོག་ནས་བོད་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་དང་ཁྲིམས་སུ་གཏན་འཁེལ་བྱས་པ་དང་། བོད་མིའི་མི་ཆོས་བསམ་བློ་ལ་ཤུགས་རྐྱེན་ཐེབས་ཚུལ་མཚོན་བྱེད་འགའི་སྒོ་ནས་བརྗོད་ཡོད།
[གནད་འགག་མིང་བརྡ།]དགེ་བ་བཅུ།  མི་ཆོས་གཙང་མ་བཅུ་དྲུག  མི་ཆོས་བསམ་བློ།
དང་པོ། མི་ཆོས་ཀྱི་གོ་དོན་རགས་ཙམ་བཤད་པ།
             ནུབ་ཕྱོགས་ལ་མཚོན་ན་མི་ཆོས་རིག་པ་ཞེས་རིགས་པའི་གཞུང་ལུགས་ཆ་ཚང་བ་ཞིག་དར་ཡོད་ལ། “མི་ཆོས་རིག་པ་ནི་རིན་ཐང་གི་ཚན་རིག་ཡིན་ལ། ཀུན་སྤྱོད་རིན་ཐང་གི་ཚན་རིག་ཡང་ཡིན། ངོ་མ་བཤད་ན། ཀུན་སྤྱོད་བཟང་བོའི་རིན་ཐང་གི་ཚན་རིག་ཡིན། ཀུན་སྤྱོད་བཟང་བོ་ནི་ཀུན་སྤྱོད་ཀྱི་རིན་ཐང་དང་འཚམ་པའི་ཀུན་སྤྱོད་ཀྱི་ཚད་གཞི་ཡིན།  ཀུན་སྤྱོད་བཟང་བོ་གཏན་ཁེལ་བྱ་བྱེད་ཀྱི་ཐབས་ལམ་དང་གཏན་ཁེལ་གྱི་གོ་རིམ།  མངོན་འགྱུར་བྱེད་པའི་ཐབས་ལམ་གྱི་ཚན་རིག་ཡིན། དེ་བས་མི་ཆོས་རིག་པ་གསུམ་དུ་དབྱེ་ཆོག་སྟེ། བྱ་འོས་པའི་མི་ཆོས་རིག་པ་དང་(元伦理学)།  ཚད་གཞིའི་མི་ཆོས་རིག་པ(规范伦理学)། སྤྱོད་བཟང་མི་ཆོས་རིག་པ(美德伦理学)བཅས་སུ་དབྱེ་ཡོད།” ①མི་ཆོས་རིག་པའི་མཚན་ཉིད་ལ་རྩོད་གཞི་མང་མོད་ཡོངས་གྲགས་སུ“མི་ཆོས་རིག་པ་ནི་ཀུན་སྤྱོད་ཀྱི་མཚན་ཉིད་རིག་པ་ཡིན་ལ། ཀུན་སྤྱོད་བཟང་བོ་དང་འབྲེལ་བའི་ཚན་རིག་ཡིན། ཀུན་སྤྱོད་བཟང་བོ་གཏན་འཁེལ་གྱི་གོ་རིམ་དང་གཏན་འཁེལ་གྱི་བརྒྱུད་རིམ།  ད་རུང་མངོན་འགྱུར་བྱེད་པའི་ཚན་རིག་ཅིག་ཡིན”པར་འདོད།①  མི་མང་ཆེ་བས་མི་ཆོས་དང་ཀུན་སྤྱོད་གཉིས་གཅིག་ཡིན་པར་འདོད་ཡོད་ལ། མིང་འདི་གཉིས་ནུབ་ཕྱོགས་ཀྱི་མིང་གི་འབྱུང་ཁུངས་སྟེང་ནས་བཤད་ན་ངོ་མ་དེ་འདྲ་ཡིན་སྲིད།  རྒྱུ་མཚན་ནི“མི་ཆོས་ནི་གནའ་བོའི་གྷི་རིག་གི་སྐད་“ethos”བྱུང་ཞིང་། དོན་ནི་གཤིས་ཀ་དང་དང་གོམས་འདྲིས།  གོམས་སྲོལ་རེད།  “ཀུན་སྤྱོད”ནི་ལ་ཏིང་གི་མིང“mos”ལས་བྱུང་ཞིང་དོན་ནི་སྤྱོད་པ་དང་གོམས་སྲོལ་རེད།   དེ་བས་ནུབ་ཕྱོགས་ལ་མཚོན་ན་ཀུན་སྤྱོད་དང་མི་ཆོས་ཀྱི་མིང་གི་འབྱུང་ཁུངས་ཀྱི་གོ་དོན་གཅིག་ཡིན་ལ། དོན་ནི་ཕྱི་རོལ་གྱི་སྤྱོད་ཚུལ་དང་། གོམས་སྲོལ་ལམ་ནང་གི་གཤིས་ཀ་དང་གཤིས་སྤྱོད་རེད་ལ།  གསལ་པོར་བཤད་ན། དོན་ནི་མི་རྣམས་ཀྱིས་ཇི་ལྟར་བྱས་ན་འོས་འཚམས་ཡིན་པའི་བྱ་སྤྱོད་ཀྱི་ཚད་གཞི་ཡིན།” ② རྒྱ་ནག་གི་མཁས་པ་རྣམས་ཀྱིས“ཀུན་སྤྱོད་ནི་མིའི་བར་གྱི་འབྲེལ་བ་ཇི་ལྟ་བུ་ཞིག་ཡིན་ན་འོས་འཚམ་ཡིན་པར་ཁོ་ནར་གོ་ཞིང་།  མི་ཆོས་ནི་མི་དང་མིའི་དབར་གྱི་འབྲེལ་པ་ཇི་ལྟ་བུ་ཞིག་ཡིན་ན་འོས་འཚམ་ཡིན་པ་འདུས་པར་མ་ཟད་མི་དང་མིའི་དབར་གྱི་འབྲེལ་པ་དོན་དངོས་ཀྱི་སྟེང་ནས་ཇི་འདྲ་ཞིག་ཡིན་པ་ཡང་འདུས”③པར་འདོད།  མི་ཆོས་ཞེས་པ་ལ་དག་ཡིག་གསར་བསྒྲིགས་སུ་མི་ཆོས་ནི་མི་དང་མིའི་ཕན་བདེ་ལ་སེམས་ཁུར་བྱེད་པ་དང་མིའི་མཚན་ཉིད་ལ་བརྩི་འཇོག་བྱེད་པའི་བྱ་སྤྱོད་ཅེས་བརྗོད་ཡོད།《བོད་རྒྱ་ཚིག་མཛོད་ཆེན་མོ》རུ་འཇིག་རྟེན་པའི་བསླབ་བྱའམ་མིའི་ཚུལ་ལུགས་སམ་འཇིག་རྟེན་གྱི་བྱ་བ་ཞེས་བཀོད་ཡོད།   
             བོད་ཀྱི་སྔ་རབས་བསྟན་བཅོས་སུ“གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་།། གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་།། གྲོགས་དང་འགྲོགས་ལུགས་སུ་ལ་འཆོལ་ཡང་རུང་།།  གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན།།”④ཞེས་མི་ཆོས་རྩ་བ་ནི་གཞན་དང་བསྟུན་པ་མི་ཆོས་རྩ་བ་དང་།“མི་ཡི་ཆོས་ལུགས་ལེགས་སྤྱད་ན།།ལྷ་ཡུལ་བགྲོད་པ་ཐག་མི་རིང་།།ལྷ་དང་མི་ཡི་ཐེམ་སྐས་ལ།།འཛེགས་ན་ཐར་བ་གམ་ན་འདུག།”⑤ཅེས་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་དབར་གྱི་འབྲེལ་པ་བརྗོད་པ་བརྒྱུད་མི་ཆོས་ལེགས་པར་སྤྱད་པའི་དགེ་བ་བསྟན་ཡོད་དོ།།
གཉིས་པ། མི་ཆོས་གཙང་མ་བཅུ་དྲུག་གི་རྣམ་གྲངས་འདྲེན་ཚུལ་མི་འདྲ་པ་དང་དགེ་བ་བཅུ་བོ་གཞུང་ལུགས་གང་ལས་བྱུང་བའི་ཁུངས་མདོར་བསྡུས་ཀྱི་སྒོ་ནས་བཤད་པ།
             སྤྱིར་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཅེས་ཟེར་སྲོལ་ཡོད་ལ། དེ་ཡང་ལུས་ཀྱི་དགེ་བ་གསུམ་སྟེ་སྲོག་མི་གཅོད་པ་དང་། ལོག་གཡེམ་མི་བྱེད་པ། མ་བྱིན་པར་མི་ལེན་པ། ངག་གི་དགེ་བ་བཞི་སྟེ་རྫུན་མི་སྨྲ་བ། ཕྲ་མ་མི་བྱེད་པ། ངག་ཀྱལ་མི་བྱེད་པ།  ཡིད་ཀྱི་དགེ་བ་གསུམ་སྟེ་བརྣབས་སེམས་མེད་པ། གནོད་སེམས་མེད་པ། ལོག་ལྟ་མེད་པ་བཅས་ཡིན་ལ།“འདིའི་ཁར་མ་ལ་མར་འཛིན་པ། ཕ་ལ་ཕར་འཛིན་པ།  དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ།  རིགས་ཀྱི་རྒན་རབས་བཀུར་བ། བྱས་པ་དྲིན་དུ་གཟོ་བ། གཞན་ལ་ངན་གཡོ་སྤང་བ་སྟེ་མི་ཆོས་གཙང་མ་བཅུ་བཅུ་དྲུག་རུ་འདོད”① གཞན“མི་ཆོས་གཙང་མ་བཅུ་དྲུག་ནི་དཀོན་མཆོག་སྐྱབས་བཟུང་དད་ཅིང་གུས་པས་མཆོད།། ཕ་དང་མ་ལ་དྲིན་བཟོ་བཀུར་བསྟི་བྱ།། དྲིན་ཅན་ཡི་མི་གཅོད་ཅིང་བཟང་ལན་འཇལ།།མཐོན་པོ་རྣམས་ལ་མི་རྒོལ་སྨྲས་ན་ཉན།།ལས་སྤྱོད་ཐམས་ཅད་ཡ་རབས་རྗེས་སུ་འབྲང་།།ཆོས་དང་ཡི་གེར་བློར་འཇུག་དོན་ཤེས་བྱ། རྒྱུ་འབྲས་ཡིད་ཆེས་སྡིག་པའི་ལས་ལ་འཛེམ།།གཞན་ལ་བསམ་ངན་མི་བྱ་ཕན་པ་གདགས།།ཅི་བྱེད་རང་སེམས་དཔང་བཞག་དྲང་པོར་བྱ།།ཟས་དང་ཆང་ལ་ཆོད་འཛིན་ཁྲེལ་འཛེམ་སྐྱེད། ། སྐྱིན་པ་བུ་ལོན་ལ་སོགས་དུས་སུ་གཞལ། ། བྲེ་དང་སྲང་ལ་སོགས་པ་གཡོ་ཟོལ་སྤང་།།མ་བཅོལ་ལས་ལ་དོན་མེད་ཁ་གཏོགས་སྤང་།།རང་ཚུགས་བཟུང་ནས་བསྒྱུར་ཁ་ལྕི་བར་བྱ།མནའ་དང་དམ་བཞག་སྲོག་ལྟར་གཅེས་པར་འཛིན།།དེ་ལ་སོགས་པ་བཀའ་ཡི་དྲིལ་བསྒྲགས་ཏེ།།ཡ་རབས་བཟང་པོའི་ལུགས་ཀྱི་བསྟན་བཅོས་དང་། ། ཕྱི་མར་ཕན་བདེའི་གོ་འཕང་དམ་པ་ལ། ། བོད་འབངས་ཐམས་ཅད་བཀོད་དེ་བདེ་ཞིང་སྐྱིད། །”②ཞེས་བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས་སུ་འཁོད་ཡོད། 《བོད་རྒྱ་ཚིག་མཛོད་ཆེན་མོ་》རུ་ལྷ་དཀོན་མཆོག་གསུམ་ལ་མོས་གུས་སྐྱེད་པ། དམ་པའི་ཆོས་བཙལ་ཞིང་སྒྲུབ་པ། ཕ་མ་ལ་དྲིན་ལན་འཇལ་བ། ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ། རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། ཡུལ་མི་ཁྱིམ་མཚེས་ལ་ཕན་འདོགས་པ། བཀའ་དྲན་ཞིང་སེམས་ཆུང་བ། ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ།  ཡ་རབས་ཀྱི་རྗེས་སྙེག་ཅིང་ཕྱི་ཐག་རིང་བ། ཟས་ནོར་ལ་ཚོད་འཛིན་པ། སྔར་དྲིན་ཅན་གྱི་མི་རྩད་གཅོད་པ། བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ། ཀུན་ལ་ཕྲག་དོག་ཆུང་བ། ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། ངག་འཇམ་ཞིང་སྨྲ་བ་ཉུང་བ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅས་བཅུ་དྲུག་རྩིས་ཡོད། འདི་གཉིས་ལས་དགེ་བ་བཅུ་ནི་སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་ནང་གསེས་ཡིན་ལ། ནང་བསྟན་གྱི་སྒོ་ཐོག་མར་འཇུག་པའི་འདུལ་ཁྲིམས་སྐོར་རེད། 《མདའ་དང་འཕང་》ཞེས་པའི་ནང་“འཕན་ཡུལ་ནི་འདུལ་ཁྲིམས་སྐོར་ཡིན་ལ།      གོང་གསལ་ནང་གསེས་བཞི་པོ་ལས་འགའ་ཞིག་གི་མཚུངས་དཔེ་ནི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནང་རེ་རེ་བཞིན་དྲངས་རྒྱུ་ཡོད་དེ། ཆབ་དཀར་ལ་སངས་རྒྱས་ཆོས་ལུགས་ནང་གསང་སྔགས་དང་། འཕན་ཡུལ་ལ་མདོ། ཞེས་འབོད་པ་ལྟར་རོ།”①ཞེས་བོན་ལ་ཡང་འདུལ་ཁྲིམས་ཡོད་པ་བཤད་ཡོད། དགེ་བ་བཅུ་ནི་ནང་ཆོས་ཀྱི་འདུལ་གཞུང་ཡིན་པ་ཕལ་ཆེར་ཐེ་ཚོམ་ཟ་མི་དགོས་སྟེ་རྗེ་ཙོང་ཁ་པ་ཆེན་པོས་“ལེགས་སྤྱོད་ཉེས་སྤྱོད་འཇུག་པའི་སྒོ་ནི་གསུམ་དུ་ངེས་ལ། སྒོ་གསུམ་གྱི་དགེ་མི་དགེ་ཐམས་ཅད་ལས་ཀྱི་ལམ་བཅུར་མ་འདུས་ཀྱང་། དགེ་མི་དགེ་རྣམས་ཀྱི་ཆེ་ལོང་ངམ་རགས་པ་ཁ་ན་མ་མཐོ་བའི་གཞི་ཤིན་ཏུ་ཆེ་བ་རྣམས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གནད་བསྡུས་ནས་ནག་པོའི་ལས་ལམ་བཅུར་གསུངས་ཤིང་།  དེ་དག་སྤངས་ན་དོན་ཤིན་ཏུ་ཆེ་བའི་གནད་རྣམས་ཀྱང་བཅུར་འདུས་པར་གཟིགས་ནས་དཀར་བོའི་ལས་ལམ་བཅུར་གསུངས།” ② ཞེས་པ་དང་“དགེ་བ་བཅུ་ཞེས་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་ཆེ་ཆུང་ཐུན་མོང་གི་རྩ་བའི་བསླབ་ཁྲིམས་ཤིག་ཡིན་པས་དེ་བཅུའི་ནང་དུ་མ་འདུས་པའི་དགེ་བའི་བསླབ་ཁྲིམས་མེད་ཅེས་ཐག་བཅད་ན་མི་འགྲིག་པ་མེད་དོ།། དེས་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཁྱད་པར་དུ་ 《དགེ་བ་བཅུའི་མདོ》ཞེས་བྱ་བའི་གསུངས་དོན་ནི་མི་དགེ་བཅུ་ཡི་རྣམ་པར་སྨིན་པ་བཟོད་གླགས་མེད་པར་གཟིགས་ནས་དེ་དག་གི་གཉེན་པོར《དགེ་བ་བཅུའི་མདོ》གསུངས་པ་སོགས་ལས་དགེ་བ་དང་མི་དགེ་བའི་ལས་རྣམ་པར་ཕྱེ་བའི་བཀའ་མང་དུ་བརྩལ་བ་དང་།”③ཞེས་པ་སོགས་ལས་ཤེས་ཐུབ་བོ།། མི་ཆོས་གཙང་མ་བཅུ་དྲུག་ནི་ནང་པའི་གཞུང་ལུགས་སྐབས་དེའི་བོད་ཀྱི་སྤྱི་ཆོགས་དང་སྦྱར་བ་ཞིག་ཡིན་པར་སྙམ་མོ།།
གསུམ་པ། དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ནི་བོད་དུ་སངས་རྒྱས་ཆོས་ལུགས་དར་ནས་ཅུང་མ་འགོར་བར་བོད་བཙན་པོའི་རྒྱལ་ཁབ་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་དང་ཁྲིམས་ལུགས་ལྟ་བུར་གྱུར་ཐུབ་པའི་སྐོར་གྱི་དོགས་སློང་།
             སྔ་རབས་ཀྱི་བཤད་སྲོལ་ལྟར་ན་ལྷ་ཐོ་ཐོ་རི་གཉན་བཙན་སྔོན་ལ་བོད་ཀྱི་ཆབ་སྲིད་ནི་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་བར་བཤད་ལ་དེ་ལས་བོན་ནི་བོད་ཀྱི་གདོད་མའི་ཆོས་ལུགས་སམ་བོད་ཀྱི་ཆེས་ཐོག་མའི་ཤེས་རིག་ཡིན་ལ། བོད་མི་ཀུན་གྱི་ཆེས་ཐོག་མའི་བསམ་བློ་དང་འདུ་ཤེས། སྤྱོད་པ་སོགས་ཀྱི་རྨང་གཞི་ཡང་ཡིན་མོད།  ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་རྒྱ་གར་གྱི་པཎྜི་ཏ་བློ་སེམས་འཚོ་དང་། ལོ་ཙཱ་བ་ལི་ཐེ་སེས་ཙིནྟ་མ་ནིའི་གཟུངས་དང་། སྤང་བཀོང་ཕྱག་བརྒྱ་བ་སོགས་བོད་དུ་ཁྱེར་ཡོང་བ་ལ་གནམ་ནས་བབས་པར་དགོངས་ནས་གཉན་པོ་གསང་པ་ཞེས་བཏགས་ནས་མཆོད་པ་བྱས་པས།  སྲིད་དང་རྒྱལ་པོའི་ཚེ་འཕེལ་བར་གྲགས་ལ། འདི་ནས་བཟུང་དམ་པའི་ཆོས་ཀྱི་དབུ་བཪྙེས་ཞེས་ཡོངས་སུ་གྲགས་པ་ལྟར་ན། དེ་ནི་ཕལ་ཆེར་དུས་རབས་ལྔ་པའི་ནང་ཡིན་པས་བོད་རྒྱལ་སྲོང་བཙན་སྒམ་པོའི་བར་ལ་ལོ་ངོ་ཉིས་བརྒྱ་ལྷག་གིས་ཆོད་ཡོད་པས་ལོ་འདིའི་རིང་རིག་གནས་གསར་པ་ཞིག་དང་ལེན་བྱས་པར་མ་ཟད་དེ་ཡང་བོད་མིའི་ཀུན་སྤྱོད་ཀྱི་ཚད་གཞིར་སོང་བ་ནི་སངས་རྒྱས་ཆོས་ལུགས་དར་བ་དང་འདྲ་བར་སྐབས་དེའི་སྤྱི་ཆོགས་ཀྱི་ཆབ་སྲིད་དང་།  དཔལ་འབྱོར།  ལམ་ལུགས་སོགས་ལ་འབྲེལ་པ་ཡོད་པ་ནི་སྨྲས་མ་དགོས་མོད།  འདིར་ཟུར་དུ་བཤད་དོན་ཡང་འདི་ནི་ནང་ཆོས་བོད་དུ་དར་བའི་ཐོག་མའི་རྣམ་པ་དང་མྱུ་གུ་ལྟ་བུ་ཡིན་པས་ན་འདིར་སྐབས་དེའི་ཀུན་སྤྱོད་དང་མི་ཆོས་ཕྱོགས་ནས་མཐུན་རྐྱེན་ཡོད་པར་འདོད་དེ།  སྐབས་དེར་མཚོན་ན་བོད་ས་གནས་རང་གི་བོན་གྱིས་ཀྱང་རིག་གནས་གཞན་བསྡུ་ལེན་བྱེད་བཞིན་ཡོད་པ་འདྲ་སྟེ།  “དང་པོ་གཉའ་ཁྲི་བཙན་པོའི་གོང་ནས་བོད་དུ་དར་བའི་བོན་ཆོས་དེ་ནི་བོད་ས་གནས་རང་དུ་ཐོག་མར་བྱུང་བའི་བོན་ཆོས་ཡིན་པས་མིང་ལ་བརྡོལ་བོན་ཟེར། ཆོས་ལུགས་དེ་ནི་སྔར་ཡོད་གདོད་མའི་བོན་ལུགས་ཀྱི་བསམ་བློའི་རྨང་གཞིའི་ཐོག་འབྱུང་བ་ལྔའི་ལྷ་དང་། ཡུལ་ལྷ། ཁྱིམ་ལྷ། དགྲ་ལྷ། ཞང་ལྷ་སོགས་ལྷ་རིགས་མི་འདྲ་བ་མང་པོ་ཡོད་པ་དེ་ཚོར་བ་ཕྱུགས་དང་། ར་ལུག ཤྭ་བ་སོགས་བསད་ནས་མཆོད་པ་འབུལ་པ་དང་། མི་ཤི་ཚར་ནས་འདྲེ་ལ་སྐྱེས་པ་ཡོད་པར་མ་ཟད།  ལྷ་འདྲེ་ཤི་ནས་མི་ལ་སྐྱེ་པའང་ཡོད་པས་སྐྱེ་བ་སྔ་ཕྱི་ཡོད་པར་ཁས་ལེན་གྱིན་ཡོད།     དེ་ལ་ལོ་རྒྱུས་ཐོག་བོན་དཀར་བོ་ཟེར་ཞིང་། .......དེ་རྒྱ་གར་ནུབ་ཕྱོགས་ཀྱི་ཏཱ་སིག་བརྒྱུད་ནས་བོད་དུ་འཁྱར་བའི་མུ་སྟེགས་དབང་ཕྱུག་པའི་ལྟ་བ་དེ་དང་སྔར་ཡོད་བོན་པོའི་ཆོས་གཉིས་བསྲེས་ཏེ་རིགས་པའི་གཞུང་ལུགས་ཤིག་གསར་གཏོད་བྱས་པ་དེ་ནི་འཁྱར་བོན་ཟེར་བ་དེ་ཡིན་པ་ལས་བརྡོལ་བོན་མིན། དེ་ནི་ཤི་གསོན་གྱི་རིམ་གྲོའི་སྐབས་ནོར་ཕྱུགས་གྲངས་མེད་གསོད་པའི་དམ་མཆོད་ཀྱི་སྲོལ་ཪྙིང་བ་དེ་བཀག་ནས་དེའི་ཚབ་ཏུ་ཕྱེ་དང་མར་གྱིས་བཅོས་པའི་གླུད་དང་མདོས་གཏོང་བའི་སྲོལ་གསར་པ་ཞིག་ཡིན། སེམས་ཅན་བསད་པའི་དམར་མཆོད་གཞི་རྒྱ་ཆེན་པོ་དེས་བོད་ཀྱི་འབྲོག་ལས་ཐོན་སྐྱེད་ལ་གནོད་སྐྱོན་ཚབས་ཆེན་ཡོང་གི་ཡོད་པ་མཐོང་ནས། རྒྱལ་པོ་སྲོང་བཙན་སྒམ་པོས་བོན་པོའི་ཆོས་ལུགས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་དེ་ཡིན་ཞེས་གསལ།”①ཞེས་པ་ལས་ཤེས་ཐུབ་པ་ནི་ལྷ་ཐོ་ཐོ་རི་གཉན་བཙན་ཡར་སྔོན་ནས་བོན་པོར་མཚོན་ན་ཡང་གཞན་གྱི་རིག་གནས་བསྡུ་ལེན་བྱས་ཏེ་དམར་མཆོད་ཀྱི་ཚབ་མར་སོགས་ཀྱིས་བྱེད་པ་སོགས་བོད་ཀྱི་སྐབས་དེའི་སྤྱི་ཆོགས་འཕེལ་རྒྱས་དང་བསྟུན་ནས་རང་ཉིད་ཀྱི་གཞུང་ལུགས་ལ་བཅོས་སྒྱུར་བྱེད་བཞིན་ཡོད་པར་སྙམ།   གོང་གི་དཔེ་ཆ་དེའི་ནང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གཏེར་མ་ལས་དཔེར་དྲངས་ཡོད་པ་ལས་སྒོ་ཕྱུགས་སོགས་མང་པོ་དམར་མཆོད་བྱེད་པའི་སྲོལ་དེས་བོད་ཀྱི་འབྲོག་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས་བོད་རྒྱལ་ཁྲི་སྲོང་བཙན་གྱིས་བོད་ཀྱི་སྤྱི་ཆོགས་དང་བསྟུན་ཅིང་རང་གི་དབང་བསྒྱུར་གྱི་ཁེ་ཕན་ལ་ཕན་པའི་རིག་གནས་ཤིག་དྲངས་པ་ཡིན་མོད།   མདོར་བསྡུས་ན་སྐབས་དེར་མཚོན་ན་བོད་ཀྱི་གདོད་མའི་བོན་གྱི་རིག་གནས་ཀྱིས་ཀྱང་སྲོག་མི་གཅོད་པ་སོགས་བོན་ཆོས་ཀྱི་ནང་དོན་ལ་བཅོས་བསྒྱུར་བྱས་པས་བོན་ལ་དད་པའི་བོད་མི་རིགས་ལ་མཚོན་ན་ཡང་བསམ་བློའི་རྨང་གཞི་ཞིག་བསྐྲུན་ཡོད་པར་སྙམ།  ཡང་ཅིག་བཤད་ན་ལྷ་ཐོ་ཐོ་རི་གཉན་བཙན་སྔོན་གྱི་བོན་ཆོས་ནི་གཞུང་ལུགས་དང་ལྡན་པ་ཞིག་ཡིན་ན་བོན་ཆོས་ལ་འདུལ་བའི་རྨང་གཞི་ཞིག་ཡོད་པར་མ་ཟད་ལ་ལ་ཞིག་བོད་རྒྱུད་ནང་བསྟན་དང་འདྲ་བའི་ཆའམ་ཡང་ན་ཕན་ཚུན་རེ་གཉིས་གཅིག་མཚུངས་ཡིན་མིན་དོགས་སློང་བྱས་ན་མི་འགྲིག་རྒྱུ་མེད་པར་སྙམ། དེ་མིན་ན་བོད་རིགས་མི་དམངས་ཀྱིས་ཐོན་མི་སམྦྷོ་ཊའི་ནང་ཆོས་བསྒྱུར་མ་ཐག་རང་གི་ཀུན་སྤྱོད་དང་མི་མཐུན་པའི་བསམ་བློ་གསར་པ་ཞིག་ཁྲིམས་ལུགས་སུ་གཏན་ཁེལ་བྱ་དཀའ་བར་སྙམ་མོ།།   
             ཡང་“ཕལ་ཆེར་དུས་རབས་བདུན་པའི་སྐབས་ཙམ་ནས་བཟུང་། བོན་པོའི་ཆོས་ལུགས་ནང་ཕྱི་རྒྱལ་གྱི་ཆོས་ལུགས་སམ་རིག་གནས་རྒྱུ་ཆ་སིམ་འཛུལ་བྱས་པའི་ཚུལ་སྣང་ཞིང་། དེ་དག་ལས་པར་སིག་གི་ཤུགས་རྐྱེན་དེ་བོན་པོའི་འཇིག་རྟེན་ཆགས་ཚུལ་སྐོར་གྱི་ལྟ་བར་ཐེབས་པར་གྲགས། ལྷག་པར་དུ་དུས་རབས་བདུན་པའི་དུས་མཇུག་ཏུ་བོད་བཙན་པོའི་རྒྱལ་ཁབ་ནི་ཤར་གླིང་ནང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ། .......དེའི་སྐབས་ཀྱི་སངས་རྒྱས་ཆོས་ལུགས་ནི་བོད་བཙན་པོའི་རྒྱལ་ཁབ་ནང་དུ་ངོ་མཚར་ལྡན་པའི་གསང་པ་ཞིག་ཏུ་བརྩིས་ནས་བཞག་པ་ལས་དེ་ཡོངས་སུ་དང་ལེན་ཁྱབ་སྤེལ་བྱས་མེད། དེའི་སྐབས་ཀྱི་བོན་ལ་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐད་ཀར་ཕོག་ཡོད་ལ། བོན་གྱིས་ཀྱང་རྒྱ་གར་གྱི་ཆོས་ལུགས་ནང་གི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་མེད་སྐོར་གྱི་ལྟ་བ་དག་ལ་ཡིད་སྨོན་བྱས་རྗེས། ལྟ་བ་དེ་དག་གི་འབྱུང་ཁུངས་ལ་མ་དཔྱད་པར་ཐད་ཀར་གོང་དུ་བླངས་ཡོད། སྐབས་དེ་ཤེད་ཀྱི་བོན་ནི་མངལ་ཆགས་པའི་དུས་མཚམས་ཀྱི་གོ་རིམ་ལྟ་བུར་སླེབས་ཡོད་ཅིང་དེ་ཡི་དུས་སུ་བོན་གྱིས་བོད་ཀྱི་བཙན་པོ་རྣམས་ལྷའི་རང་བཞིན་དུ་བརྩིས་ནས་དང་མོས་བྱེད་པ་དང་། ཡུལ་ལྷ་གསོལ་བ། པར་སིག་གི་འཇིག་རྟེན་ཁམས་ཆགས་ཚུལ་གྱི་ལྟ་བ་དང་ལེན།  རྒྱ་གར་གྱི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱིའི་ལྟ་བ་རྣམས་བོན་ལུགས་དང་མཉམ་བསྲེས་བྱས་པའི་བོན་གྱི་གྲུབ་མཐའ་ཞིག་གྲུབ་ཡོད།”①ཞེས་པ་འདིས་བོན་རང་ངོས་ནས་སྐབས་དེའི་རིག་གནས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ནང་གཞུང་མང་པོ་བསྒྱུར་པ་ནི་བོད་མི་རིགས་ཀྱིས་ནང་ཆོས་དང་ལེན་བྱེད་ཐུབ་པའི་རྒྱུ་རྐྱེན་ཞིག་ཡིན་པར་སྙམ།    
             བོད་བཙན་པོའི་སྐབས་ཀྱི་བསྟན་བཅོས་སུ་འདོད་པའི་ཏུན་ཧོང་གཏེར་ཡིག་ནང་གི་“ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་”ལས་སྐབས་དེའི་ཀུན་སྤྱོད་ཀྱི་ཚད་གཞི་རེ་གཉིས་ཤེས་ཐུབ་ལ། བསྟན་བཅོས་འདིར་ནང་ཆོས་ཀྱི་ཤན་ཤུགས་ཐེབས་ཡོད་མེད་དང་། ཤུགས་རྐྱེན་ཇི་འདྲ་ཐེབས་ཚུལ་སོགས་བཤད་དཀའ་བས་འདི་ནི་བོད་བཙན་པོའི་སྐབས་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་ལྟ་བུར་བཞག་ན་ཡང་མི་འགྲིག་རྒྱུ་མེད་པར་སྙམ།  འདིར་དེ་ལས་དཔེ་ཞིག་དྲངས་ན་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོའི་》ནང་དུ་བདེ་བའི་ངོས་འཛིན་སྐོར་བྲིས་ཡོད་པ་ནི་རྩོམ་འདིའི་ཉིང་བཅུད་དུ་སེམས། རྒྱུ་མཚན་ནི་རྩོམ་འདིའི་མགོ་བརྩམས་མ་ཐག་འདིའི་སྐོར་གླེང་མོལ་བྱས་པ་དང་གཅིག གཉིས་ནས་མི་སུ་ཡིན་རུང་བདེ་བ་ལས་སྡུག་བསྔལ་མི་འདོད་པས་རྩོམ་འདིའི་ནང་གི་ནུ་བོ་ས་ཆ་གཞན་དུ་འགྲོ་དོན་ཡང་བདེ་བ་ལས་མེད་པས་ཕུ་བོས་སྦ་གསང་མེད་པར་རང་གིས་བདེ་བར་བཟུང་བའི་ངོས་འཛིན་དེ་ནུ་བོར་བཤད་ཡོད་ལ་འདི་ནི་སྐབས་དེའི་ཆེས་སྤྱིར་བཏང་གི་མི་ཞིག་གི་ལྟ་ཚུལ་ཡིན་མོད།  ང་ཚོས་ད་ལྟ་བལྟས་ན་ཡང་དེའི་རོ་ཅུང་ཙམ་ཡང་མ་ཉམས་པར་རང་ལ་བློ་བསྐྱེད་སྟེར་ཐུབ་བོ། དེ་ཡང་དྲི་བ་དང་པོར།   ནུ་ན་རེ། མྱིར་སྐྱེས་བ་ལ།  གང་བདེ་ན་བདེ་བའི་མཆོག་ཡིན། ཕུ་ན་རེ།  སེམས་བདེ་ན་བདེ་བའྀ་མཆོག་ཡིན།། སེམས་མྱི་བདེ་ན།། གཞན་ཆི་བདེ་ཡང་བདེ་བ་མ་ཡིནོ། ཞེས་མིར་སྐྱེས་པ་ལ་སེམས་བདེ་ན་ད་གཟོད་བདེ་བའི་མཆོག་ཡིན་པ་བསྟན་ཡོད་པ།  དྲི་བ་གསུམ་པར། ནུ་ན་རེ། དགོས་པ་ལ་མ་སྟོར་བ་བྱ་བ་གང་།། ཕུ་ན་རེ། ཡོངས་ནི་དགོས་པ་ལ་སྟོར་བར་བྱ་བ་གཆིག་གྱང་མེད།། དེའི་ནང་ན་མཆོག་བདམས་ན།།(སྲོག) ཁྲིད་ཉིས་མ་སྟོར་པར་བྱ་འོ། ཞེས་སྤྱིར་དགོས་པའི་ནང་བརླག་འོས་པ་གཅིག་ཀྱང་མེད་མོད་མཆོག་ཏུ་གྱུར་བ་བདམས་ན་སྲོག་དང་ཁྱིམ་སྲིད་གཉིས་མ་བརླག་པར་བྱའོ་ཞེས་མིའི་སྲོག་དང་ཁྱིམ་སྲིད་ནི་མཆོག་ཡིན་པ་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཏེ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་མ་ཡིན་པ་ང་ཚོས་ཤུགས་ནས་གོ་ཐུབ་བོ། འདིས་བོད་བཙན་པོའི་སྐབས་སུ་མིའི་ཚེ་སྲོག་ནི་རིན་ཐང་མེད་པ་ཞིག་ཏུ་བརྩིས་པ་ཡང་ཏུན་ཧོང་གཏེར་ཡིག་ནང་གི་རི་དྭགས་བདས་པའི་སྐོར་གྱི་ཁྲིམས་ལས་མི་གཡག་འོག་ཏུ་ཚུད་པ་འགྲམ་གྱི་མིས་བསྐྱབས་ན་བྱ་དགའ་དང་མ་བསྐྱབས་ན་ཆད་པ་དང་སྟོང་འཇལ་བའི་སྣང་ཚུལ་འདིས་ཀྱང་བོད་མི་རིགས་ཀྱིས་སྔ་མོ་ནས་ཚེ་སྲོག་གི་རིན་ཐང་གལ་ཆེན་དུ་བཟུང་ཡོད་པ་ཤེས་ཐུབ་པར་སྙམ་མོ། གོང་གི་འདི་དག་ལས་ང་ཆོར་བློ་བསྐྱེད་ཐེབས་པ་ནི་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་བོད་བཙན་པོའི་རྒྱལ་ཁབ་ཀྱི་ཁྲིམས་སུ་གཏན་ཁེལ་ཐུབ་པ་ནི་སྐབས་དེའི་བོད་མིའི་བསམ་བློ་དང་སྤྱི་ཆོགས་སོགས་ལ་འབྲེལ་པ་ཆེན་པོ་ཡོད་པ་ཤེས་ཐུབ་བོ།།   
བཞི་པ། ཀུན་སྤྱོད་འདིས་བོད་མིའི་བསམ་བློ་ཀུན་སྤྱོད་དང་སྤྱི་ཚོགས།    སྐྱེ་ཁམས་ཁོར་ཡུག་སོགས་ལ་ཐེབས་པའི་ནུས་པའི་སྐོར་བརྗོད་པ།
             ཀུན་སྤྱོད་དམ་ཁྲིམས་ལུགས་ཀྱི་རྣམ་པ་འདིས་བོད་མིའི་བསམ་བློར་ཕྱོགས་སྒོ་མོ་ནས་ཤུགས་རྐྱེན་ཐེབས་ཡོད་པས་རེ་རེ་བཞིན་འགོད་ན་གཅིག་ནས་མང་དྲགས་པ་དང་གཉིས་ནས་ང་ཆོས་ནམ་རྒྱུན་མཐོང་ཀྱིན་འདུག་པས་དགོས་པ་ཆེར་མེད་པས་འདིར་མཚོན་བྱེད་དུ་གྱུར་པ་འགའ་བརྗོད་པར་བྱའོ།།   
གཅིག སྲོག་མི་གཅོད་པའི་ཕྱོགས་ནས་བཤད་པ།   
             ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་སྔོན་དུ་སྲོག་མི་གཅོད་པ་འདི་ཁྲིམས་སུ་གཏན་འཁེལ་བྱས་པ་བརྒྱུད་ད་ལྟའི་བར་བོད་མིའི་བསམ་བློ་དང་ཀུན་སྤྱོད་ལ་ཤན་ཤུགས་ཐེབས་ཡོད་དེ། འདིའི་སྲོག་ཟེར་པ་ཡང་མི་ལུས་རིན་པོ་ཆེ་གཅིག་པུར་མི་གོ་བར་མར་གྱུར་སེམས་ཅན་ཐམས་ཅད་ཅེས་ཐང་གི་འབའ་འབུ་གྲོག་མ་ནས་གནམ་གྱི་བྱ་བྱིའུ་སོགས་དབུགས་འབྱིན་རྔུབ་བྱེད་པའི་ཚེ་སྲོག་ཐམས་ཅད་ལ་གོའོ། འདིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནུས་པ་ངེས་ཅན་ཞིག་ཐོན་ཡོད་དེ།  རི་དང་ནགས་ཚལ། སྤང་ལྗོངས་སོགས་སུ་གནས་པའི་རི་དགས་དང་སྲོག་ཆགས།  ཆུ་ཕྲན།  ཆུ་བོ་སོགས་སུ་གནས་པའི་ཉའི་རིགས་སུ་གྱུར་པ་སོགས་ཀྱི་ཚེ་སྲོག་མི་གཅོད་པས་སྐྱེ་ཁམས་ཁོར་ཡུག་ལ་གནོད་རྐྱེན་མ་ཐེབས་སྟབས། ད་ལྟ་འདེ་འཛམ་གླིང་འདིར་ཧ་ཅང་དཀོན་པའི་རྩྭ་དང་རྩི་ཤིང་། རི་དྭགས།  སྲོག་ཆགས་ཀྱི་རིགས་ཤིན་ཏུ་མང་ཞིང་ཁོར་ཡུག་གི་མཁའ་དབུགས་སོགས་གཙང་ཞིང་རི་སྡེ་དང་དགོན་པ་རུ་མི་དང་རི་དྭགས་སོགས་མཉམ་དུ་འཚོ་བ་རོལ་བ་ནི་ད་ལྟ་ཡང་ང་ཚོའི་མིག་ལམ་དུ་དུས་རྒྱུན་མཐོང་ཀྱིན་འདུག་པས་དེང་སྐབས་རྒྱལ་སྤྱིའི་སྟེང་དུ་ས་སྒང་འདིའི་སྟེང་ཁོར་ཡུག་ལ་གཙང་བཙོག་གི་དྲི་མའི་མ་གོས་པའི་གནས་གཅིག་པུ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད། དེ་བས་བོད་རང་ཉིད་ལ་མཚོན་ན་ལོ་རྒྱུས་ཀྱི་འཕེལ་རྒྱས་ཁྲོད་དུ་ནད་ཡམས་དང་ཆུ་ལོག  ས་འགུལ་སོགས་རང་བྱུང་ཁམས་ཀྱི་གནོད་རྐྱེན་བཟོས་པ་ཉུང་བའི་ས་ཁུལ་ཅིག་ཀྱང་རེད།   “སྲོག་གཅོད་པ་ནི་སྡིག་ལས་སམ་བྱ་བ་ངན་པ་ཞིག་ཏུ་བརྩིས་ཏེ་སྲོག་གཅོད་ཀྱི་སྒོ་སྡོམ་པར་བྱས་ནས་སེམས་ཅན་མང་པོ་མི་གསོད་པ་དང་རང་བྱུང་ཁམས་ཀྱི་རྩི་ཤིང་སོགས་ཀྱང་སྲུང་སྐྱོང་ཐུབ་པ་ནི།  བོད་ཀྱི་མིས་སེམས་ཅན་སྲོག་ཆགས་ཚེ་ཐར་ཏུ་གཏོང་བའི་མི་ཚད་རང་བྱུང་ཁམས་ཀྱི་རྩི་ཤིང་སོགས་དཔེར་ན་ཤིང་ཚེ་ཐར་དུ་གཏོང་སྲོལ་ཡོད་པ་བཞིན་ནོ །”①གཞན་བོད་མིའི་བསམ་བློའི་ཁྲོད་དུ་ཤན་པ་དང་རྔོན་པ་སོགས་མི་ངན་པར་བརྩི་ཞིང་མཐོང་ཆུང་བྱེད་པས་ཤན་པ་དང་རྔོན་པར་འབྲེལ་འདྲིས་བྱེད་པ་ཉུང་པའམ་གཉེན་མི་སྒྲིག་པ་ལྟ་བུ(ལ་ལས་རྒྱ་གར་གྱི་རིགས་རུས་དབྱེ་སྟངས་ཀྱི་ཤན་ཞུགས་པར་འདོད།)  ཡང་སྲོག་མི་གཅོད་པའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་མ་ཡིན་ནམ། ཡང་ཉའི་རིགས་ཀྱི་ཤ་མི་ཟ་བ་ནི་སྡིག་པའི་ལས་ལ་འཛེམ་པ་མིན་པར་ཆེས་ཐོག་མའི་འགྲེལ་བཤད་ནི་ཉ་ནི་ཀླུའི་རིགས་ཡིན་པས་ཉ་ཤ་མི་ཟ་བར་བཤད། ཉའི་ཁོག་ཏུ་ཉ་ཕྲུག་མང་པོ་ཡོད་པས་ཉ་ཤ་ཟས་ན་སྡིག་པ་ཆེ་བའི་སྐོར་ནི་ནང་ཆོས་བོད་ལ་དར་རྗེས་ཀྱི་བཤད་སྲོལ་ཡིན་པར་འདོད་པ་ཡང་ཡོད་དོ།།   
གཉིས། ལོག་ལྟའི་སྐོར་ནས་བཤད་པ།   
             དགེ་བ་བཅུ་ཡི་ཡིད་ཀྱི་མི་དགེ་བ་སྟེ་ལོག་ལྟ་ཡི་ལྟ་བས་བོད་ཀྱི་རིག་གནས་ཀྱི་འཕེལ་རྒྱས་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཡོད་པར་སྙམ་སྟེ།  འདིའི་ནང་དོན་རྒྱ་ཆེ་བས་ཕྲན་གྱིས་བཤད་དཀའ་མོད་ལོ་རྒྱུས་ལ་ཕྱིར་མིག་རེ་བལྟས་ན་འདིའི་དགེ་སྐྱོན་མང་པོ་ཞིག་མཐོང་བས་འདིར་བསམ་ཚུལ་ཙམ་བརྗོད་ན། ལོག་ལྟ་འདི་ནི་སངས་རྒྱས་ཆོས་ལུགས་པ་ཞིག་གི་ངོས་ནས་བཤད་ན་སྐྱབས་འགྲོ་ལྟ་བུ་ཡིན་པས་སུ་ཞིག་ནང་པ་ལ་ཞུགས་པའི་ཆ་ནས་མུ་སྟེགས་ལ་སོགས་གྲུབ་མཐའ་གཞན་གྱི་ལྟ་བ་རྒྱུད་འཆར་བ་ལོག་ལྟ་རུ་འདོད་ལ། འདུལ་ཁྲིམས་སུ་བཞག་པ་ཡང་རྒྱུ་མཚན་དེ་ལ་ཐུག་པར་སྙམ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་བོ་བརྒྱད་བཞི་སྟོང་གསུངས་པས་ཉོན་མོངས་ཀྱི་རྩ་བ་གཅོད་པ་ནི་སངས་རྒྱས་ཆོས་ལུགས་གཅིག་པུ་ལས་མ་འདས་པས། སྐྱབས་སུ་སོང་རྗེས་ནང་ཆོས་ཀྱི་འདུལ་ཁྲིམས་སྲུང་དགོས་ལ། འདུལ་ཁྲིམས་ཀྱི་ཐོག་མའམ་རྩ་བ་ནི་དགེ་བ་བཅུ་ཡིན། ལོག་ལྟ་མེད་པ་ནི་སྒྲུབ་པ་ཉམས་ལེན་གྱི་ཁྲོད་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན་པར་སྙམ། ལོག་ལྟ་ལ་ཡང་རྒྱུ་འབྲས་མེད་པར་ལྟ་བ་དང་། རྟག་ཆད་དུ་ལྟ་བ་གཉིས་སྟེ། དེ་ལ་ཡང་དགེ་བ་ལ་ཕན་ཡོན་དང་། སྡིག་པ་ལ་ཉེས་པ་མེད་དོ་སྙམ་པ་ནི་རྒྱུ་འབྲས་མེད་པར་ལྟ་བ་ཡིན། རྟག་ཆད་དུ་ལྟ་བ་ནི་མུ་སྟེགས་པ་སྟེ། དེ་ལ་སྤྱིར་ལྟ་ལོག་སུམ་བརྒྱ་དྲུག་བཅུའམ། ལྟ་ངན་དྲུག་བཅུ་རྩ་གཉིས་སོགས་སུ་དབྱེ་ཡང་བསྡུས་ན་རྟག་ཆད་དུ་ལྟ་བུ་གཉིས་སུ་འདུ་ཞེས་《ཀུན་བཟང་བླ་མའི་ཞལ་ལུང་》དུ་གསུངས། བོད་དུ་ནང་ཆོས་དར་བ་ནས་བཟུང་དང་མགོར་བོན་པོ་ལོག་ལྟ་དང་སིལ་བུ་ཐོར་བའི་རྗེས་སུ་གྲུབ་མཐའ་དང་གྲུབ་མཐའ་བར་ནས་ཕན་ཚུན་ལ་ལྟ་བ་ཡང་དག་མིན་པར་བཟུང་ནས་མི་དགོས་པའི་མི་ཤི་རྟ་འགྱེལ་དང་འཁྲུག་རྩོད་གང་མང་བྱུང་། 《ཀུན་བཟང་བླ་མའི་ཞལ་ལུང་》དུ“འཇིག་རྟེན་དུ་བདེ་སྡུག་དང་ལེགས་ཉེས་སྣ་ཚོགས་སུ་སྣང་བ་ཡང་ངོ་བོ་ཉིད་ཀྱིས་དེ་ལྟར་བྱུང་བ་ཡིན་གྱིས། སྔོན་གྱི་ལས་དང་། ཚེ་སྔ་མ་དང་། སྐྱེ་བ་ཕྱི་མ་ལ་སོགས་པ་ནི་མེད་དོ་ཞེས་འདོད། དེ་དག་གི་གཞུང་ལ་བདེན་པར་བཟུང་ནས་དེའི་རྗེས་སུ་ཞུགས་པའམ།   མིན་ཀྱང་རང་བཞིན་དུ་རྒྱལ་བའི་བཀའ།   བླ་མའི་ལུང་། མཁས་པའི་གཞུང་ལུགས་གང་ཡང་མི་བདེན་ནོ་སྙམ་དུ་ཐེ་ཚོམ་དང་།  སྒྲོ་སྐུར་བྱེད་པ་ཐམས་ཅད་ཀྱང་ལོག་ལྟ་ཡིན་ནོ།”①ཞེས་པ་བཞིན་རྒྱལ་བའི་བཀའ་དང་བླ་མའི་ལུང་། མཁས་པའི་གཞུང་ལུགས་སོགས་ལ་ཐེ་ཆོམ་བྱེད་པ་སོགས་ཀྱང་མི་ཉན་པས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་“ཪྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།། གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།། ངོ་མཚར་ཐམས་ཅད་ཐན་ལྟས་ཉིད་དུ་བསྒོམས།།ཆོས་ཀྱི་རྒྱལ་ཁམས་ཏྲི་བྷོ་ཊ་ཡི་སྲོལ།། འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ།།”ཅེས་གསུངས་པ་བཞིན་རིག་གནས་གསར་པ་དང་ལྟ་བ་གསར་པ་ནི་བདུད་ཀྱི་འཕྲུལ་དུ་བསམ་པ་བཞིན་ནོ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ཀྱང་དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟགས་ལ་ང་ཡི་བཀའ།།བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་སྟོན་པའི་ཁོང་གི་བཀའ་ལ་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་གསུམ་གྱིས་རྣམ་པར་དག་པས་བརྟག་དཔྱད་བརྒྱུད་ནས་ཚད་མར་གྱུར་ཚེ་བླང་བར་བྱ་འོས་གསུངས་མོད་འོན་ཀྱང་བོད་དུ་སྟོན་པའི་བཀའ་ཕར་ཞོག    ཐ་ན་བླ་མའི་བཀའ་དང་ལུང་ལ་དོགས་སློང་མཛད་མི་ཉན་པ་དགེ་འདུན་ཆོས་འཕེལ་གྱི་བླ་བྲང་དགོན་པའི་ལོ་རྒྱུས་ལས་ཤེས་ཐུབ་ལ། རྒྱལ་བའི་བཀའ་ལ་ནོར་འཁྲུལ་གྱི་ཆ་སྤུ་ཙམ་ཡང་མེད་མོད་ལག་ལེན་བྱེད་པའི་གོ་རིམ་ཁྲོད་ཕྱོགས་གང་མང་གི་ཤན་ཤུགས་ཀྱི་དབང་གིས་ཤན་ངན་པ་འདྲ་ཐེབས་ཡོད་པར་སྙམ། ང་ཚོས་བོད་མི་རིགས་ཀྱི་འཕེལ་རྒྱས་ཆེད་དུས་རབས་དང་བསྟུན་ནས་ལྟ་བ་དང་རིག་གནས་གསར་པ་ངེས་པར་དུ་དང་ལེན་བྱ་དགོས་སོ།།   
གསུམ། རྫུན་སྤོང་བའི་སྐོར་ནས་བཤད་པ།
             བོད་མི་རིགས་ནི་སྨྲ་བ་ཉུང་ཞིང་ལས་ལ་བརྩོན་པ། གཞུང་དྲང་ཞིང་དྲང་བདེན་ལ་དགའ་བའི་མི་རིགས་ཤིག་ཡིན་པས། ད་ལྟའི་དུས་འདིར་མི་རིགས་གཞན་གྱིས་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད། བོད་མིའི་ཁ་དཔེར།  མི་དྲང་མོ་མདའ་འདྲ་འདྲ། བུ་རྒོད་པོ་སྟག་འདྲ་འདྲ། ཞེས་བུ་དང་དཔའ་བོ་ཅིག་མིན་ན་མི་དྲང་མོ་ཅིག་ཡིན་དགོས་པར་བཤད་ལ། མི་དྲང་མོ་ལ་མི་རིགས་སུ་དང་སུ་ཞིག་ཡིན་རུང་། རྒྱལ་ཁབ་གང་དང་གང་ཞིག་ཡིན་རུང་། མི་རྒྱུད་གང་ཞིག་ཡིན་རུང་དགའ་བསུ་བྱེད་ངེས་རེད། དེ་བས་འདིས་ཐོག་མ་དེ་ཡང་རྫུན་སྤོང་བ་དེ་ཡིན།  བོད་དུ་ནང་ཆོས་མ་དར་བའི་སྔོན་གྱི་སྤྱི་ཚོགས་སུ་རྫུན་སྤོང་གི་ཚད་ཇི་འདྲ་ཞིག་ཡིན་པ་ང་ཆོས་རྟོགས་དཀའ་མོད། བོད་དུ་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་བོད་མིའི་རྫུན་སྤོང་བའི་ཚད་ཇེ་ཉུང་ལ་སོབ་བས་བོད་མི་ཕན་ཚུན་འབྲེས་འདྲིས་ཁྲོད་ཕ་རོལ་བ་ལ་རློམ་སླ་བས་ཁ་དཔེར་ཡང་། བོད་ཚིག་ཐོག  རྒྱ་ཡིག་ཐོག་ཟེར་པ་ལས་ཀྱང་ཤེས་ཐུབ་བོ །འདི་ལ་ཡང་རྫུན་ཕལ་བ་དང་།རྫུན་ཆེན་པོ་དང་།མི་ཆོས་བླ་མའི་རྫུན་དང་གསུམ་ཏུ་དབྱེ།  རྫུན་སྤོང་ནས་ཅི་ཞེ་ན་བདེན་པར་སྨྲ་དགོས་སོ།། 
བཞི། དཀོན་མཆོག་གསུམ་ལ་མོས་གུས་སྐྱེད་པ།   
             དང་ཐོག་གི་བོད་མིའི་བོན་པའི་བསམ་བློ་སྟེ་ལྷ་ཀླུ་སོགས་ལ་དད་མོས་བྱེད་པ་ནས་བཟུང་དཀོན་མཆོག་གསུམ་ལ་དད་མོས་དང་སྐྱབས་སུ་འཛིན་པ་ནི་བོད་མིའི་བསམ་བློའི་འགྱུར་ལྡོག་ཆེན་པོ་ཞིག་རེད། བསམ་བློ་འདིས་བོད་མིའི་ཕྱོགས་ཐམས་ཅད་ལ་ཤན་ཤུགས་ཐེབས་པ་ནི་དགེ་འདུན་མཐོང་ན་མགོ་སྒུར་སྒུར་དང་གུས་གུས་བྱམས་བྱམས། གང་ལྟར་སྟོན་པའི་མནའ་བཟའ་གྱོན་མཁན་ཅིག་ཡིན་ཚེ་བཟང་ངན་གང་ལ་ཡང་མི་བལྟ་བར་ལེགས་པའི་ཆ་རུ་དགོངས་ཅིང་། སྐྱོན་གྱི་དྲི་མ་དང་བྲལ་བས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་གྲྭ་བ་ལ་མཛུབ་མོ་བཙུགས་ན་མཛུབ་མོ་གཅོད་པ། མིག་སྡང་གི་བལྟས་ན་མིག་འབྲས་ལེན་པ། ཡར་དཀོན་མཆོག་ལ་མཆོད་པ་དང་མར་སྤང་བོ་ལ་སྦྱིན་པ་ཞེས་དུས་རྒྱུན་དུ་ཁ་ནས་མ་ཎི་འདོན་འདོན་བྱེད་ཀྱིན་ཡོད།དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་ནི་ནང་པ་དང་ཕྱི་རོལ་པའི་ཁྱད་པར་འབྱེད་ཕྱེད་ཡིན་ལ། སྐྱབས་སུ་སོང་ན་ནང་པ་དང་མ་སོང་ན་ཕྱི་རོལ་པ་ཡིན་པས་སྐྱབས་འགྲོའི་དབྱེ་བ་དང་སྐྱབས་སུ་འགྲོ་ཚུལ། བསླབ་བྱ་དང་ཕན་ཡོན་སོགས་གཞུང་གཞན་ནས་ཤེས་པར་བྱའོ།  །བོད་བཙན་པོའི་སྐབས་སུ་ནང་ཆོས་བོད་མིའི་ཀུན་སྤྱོད་ཀྱི་ཚད་གཞིར་བཞག་པ་དེས་སངས་རྒྱས་ཆོས་ལུགས་དར་བར་སྲིད་གཞུང་ནས་རྒྱབ་སྐྱོར་ཐོབ་ཡོད་པ་ཤེས་པས།འདི་ཡང་བོད་དུ་ནང་ཆོས་དར་ཐུབ་པའི་རྒྱུ་རྐྱེན་ཞིག་ཡིན་པར་སྙམ།     
ལྔ། ཕ་མར་དྲིན་ལན་འཇལ་བ།
             ལུགས་འདིའི་སྔོན་དུ་བོད་རིགས་ནི་ཅི་འདྲ་ཡིན་པ་བཤད་མི་ཐུབ་མོད། འོན་ཀྱང་ལུགས་འདིས་རྗེས་རབས་ཀྱི་མི་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་དེ། ཚང་མས་ཤེས་གསལ་ལྟར་རང་རིགས་ནི་མི་རིགས་གཞན་དང་བསྡུར་ན་རང་གི་ཕ་མར་བརྩེ་ཞིང་གུས་བཀུར་ཆེ་བའི་མི་རིགས་ཞིག་རེད།བོད་ཀྱི་ཁ་དཔེར་སྔ་དྲོ་ཕ་མའི་ཡིན་ལ།ཕྱི་དྲོ་བུ་ཕྲུག་གི་ཡིན།ཟེར་སྲོལ་ཡོད་པ་བཞིན་ཕ་མ་རྣམས་ལོ་རྒས་དུས་བུ་བུ་མོ་རྣམས་ཀྱིས་གཉོར་སྐྱོང་ལེགས་པོ་བྱ་ལ།  དེ་ཡང་གཙོ་བོ་གཞུང་ལུགས་ཨ་མའི་བུ་ཕྲུག་ཟླ་དགུ་ཞག་བཅུའི་རིང་ཁུར་བའི་ངལ་དང་མངལ་ནས་སྐྱེས་དུས་ཀྱི་ན་ཟུག་དང་། སྔུག་བསྔལ་སོགས་བརྗོད་པ་བརྒྱུད་གཉོར་སྐྱོང་བྱ་དགོས་པ་བསྟན་ཡོད།  
དྲུག རིགས་མཐོ་བ་དང་རྒན་པར་བཀུར་བསྟི་ཆེ་བ།  
             འགྲོ་བ་མིའི་ཡ་ཐོག་གི་སྤྱི་ཚོགས་ནང་དུ་མི་དང་མིའི་དབར་གྱི་འབྲེལ་བ་ནི་ཕན་ཚུན་འདྲ་མཉམ་ཡིན་ལ། སྒེར་དབང་ལམ་ལུགས་བྱུང་བ་ནས་བཟུང་མི་དང་མིའི་དབར་ལ་བྲན་གཡོག་སོགས་ཀྱི་དབྱེ་བ་བྱུང་ནས་བཀུར་བསྟི་ལམ་ལུགས་ཀྱང་རིམ་བཞིན་བྱུང་ངོ་། །བོད་བཙན་པོའི་རྒྱལ་རབས་སྐབས་སུ་འདིའི་རྣམ་པ་ཡོད་པ་གསལ་བོར་མཐོང་ཐུབ་པར་མ་ཟད་རིགས་ཀྱི་དབྱེ་བ་ཡང་ཤིན་ཏུ་ཞིབ། སྐབས་དེ་འདྲའི་སྤྱི་ཚོགས་ནང་དུ་ལམ་ལུགས་འདི་སྔོན་ཐོན་ཞིག་ཡིན་ཀྱང་སྲིད་མོད་ད་ལྟའི་སྤྱི་ཚོགས་ནང་མི་དང་མིའི་དབར་ཕན་ཚུན་འདྲ་མཉམ་ཡིན་པས་རིགས་རུས་སོགས་ལ་བལྟ་མི་དགོས་མོད། ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད་ད་རུང་ལྷག་འཕྲོ་ལུས་ཡོད་པས་གཉེན་སྒྲིག་ཁྲོད་དུ་ད་རུང་རིགས་རུས་ཀྱི་ལྟ་བ་ཡོད་པ་ཚང་མས་མཐོང་ལམ་དུ་གྱུར་བའོ། ། རྒན་པར་བཀུར་བསྟི་བྱེད་པའི་སྲོལ་འདི་ཡང་གནའ་སྔ་མོ་ནས་དར་ཞིང་བོད་ཀྱིས་ཕྱོགས་གང་ས་གང་དུ་དར་བས་སྲོལ་བཟང་པོ་ཞིག་ཡིན་པས་ངེས་པར་དུ་དུས་རབས་གསར་བའི་ནང་དུ་ཡང་རྒྱུན་འཛིན་དང་དར་སྤེལ་བྱས་ན་འགྲིག་པར་སྙམ།  
བདུན། ཅི་བྱེད་རང་སེམས་དཔང་བཞག་དྲང་པོར་བྱ། 
             འགན་འཁུར་ནི་མི་རང་ཉིད་ཀྱིས་མི་གཞན་དང་། སྤྱི་ཚོགས་ལ་འཁུར་བའི་ཀུན་སྤྱོད་ཀྱི་འགན་འཁྲི་ཡིན་ལ།  བསམ་པ་བཟང་བོ་ནི་རང་གིས་རང་གི་བྱ་སྤྱོད་ལ་ཁུར་བའི་ཀུན་སྤྱོད་ཀྱི་འགན་ཁུར་དང་རང་གིས་རང་ལ་(སྤྱོད་ལམ།  བྱ་སྤྱོད། རྣམ་འགྱུར།)ཀུན་སྤྱོད་ཀྱི་གདེང་འཇོག་ཡིན། བསམ་པ་བཟང་པོ་ནི་མིའི་ཤེས་བྱ་དང་འཚོ་བ་རོལ་སྟངས་ཐམས་ཅད་ཀྱིས་ཐག་བཅད་པ་ཡིན། བྱ་བ་ཅི་དང་ཅི་བྱེད་ཀྱང་ངེས་པར་དུརང་གི་སེམས་དཔང་བོར་བཞག་སྟེ་བསྒྲུབས་འོས་སམ་མི་འོས་ཞེས་རང་སེམས་དཔང་བོར་འཇོག་རྒྱུ་གལ་ཆེའོ། ། དེ་བས་བྱ་བ་ཅི་ཞིག་བསྒྲུབ་ཀྱང་རང་གི་སྤྱོད་པ་ཚུལ་དང་མཐུན་པ་ཞིག་ཡིན་ལ།“བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།།བསམ་པ་ངན་ན་ས་དང་ལམ་ཡང་ངན།། དེ་ཕྱིར་བསམ་པ་དག་ལ་རག་ལས་པས།། རྟག་ཏུ་བསམ་པ་བཟང་ལ་བརྩོན་པར་བྱ།།ཞེས་གསུངས་པ་ལྟར་གྱི་བོད་ཀྱི་རིག་གནས་མཆོག་གི་ལེགས་ཆ་ལས་འཕྲོས་པའི་སེམས་ཅན་ཐམས་ཅད་ལ་བརྩེ་བའི་སེམས་བཟང་བོ་དེས་ལུས་ཅན་ཡོངས་ལ་འདྲ་མཉམ་དུ་ཁྱབ་པར་བྱ་བ་དང་། སྤྱོད་པའི་ཕྱོགས་ནས་ཆོས་དང་འཇིག་རྟེན་གྱི་ལས་རྒྱུ་འབྲས་ཚུལ་བཞིན་སྒྲུབ་པའི་ངང་ནས་ཡ་རབས་ཀྱི་བྱ་བ་ལ་ཕྱོགས་པ་དེ་ཡིན།མདོར་ན་འཇིག་རྟེན་འདིར་འཚོ་བ་ནི་བདག་ཁོ་ནའི་དོན་མིན་པར་སེམས་ཅན་གཞན་ལ་ཕན་པའི་ལས་སྒྲུབ་པ་གཙོ་བོར་འཛིན་པའོ།”①ཞེས་གསུངས་པ་ལྟར་རོ། །         
ལྔ་པ། ལོག་གཡེམ་སྐོར་བཤད་པ།
             ལྷ་ཆོས་དགེ་བ་བཅུ་ལས་ལོག་གཡེམ་ནི་ཁྱིམ་པའི་ཁྲིམས་ཡིན་ཏེ། སྨད་འཇལ་དང་བྱི་ཆད་ཅེས་པ་ནི་ལོག་གཡེམ་འགོག་པའི་ཁྲིམས་ལ།  “ལོག་གཡེམ་དེའི་ཉེས་པ་ཆེ་ཤོས་གཞན་གྱི་སྡོམ་པ་གཏོང་བའི་རྐྱེན་བྱས་པ་དང་། གཞན་ཡང་རང་གིས་ཁུ་བ་བསྲུང་བ་དང་། གཞན་གྱིས་བདག་པ་དང་། གླ་རྔན་སྤྲད་ཚར་བ། རང་དབང་ཡིན་ཀྱང་ཉིན་མོ་དང་། བསྙེན་ནས་སྲུང་བ་དང་། ན་བ་དང་སྦྲུམ་མ་དང་།མྱ་ངན་གྱིས་ནོན་པ་དང་།ཟླ་མཚན་ཡོད་པ་དང་།བང་མ་སང་བ་དང་།དཀོན་མཆོག་གི་རྟེན་ཡོད་སར་བསྒྲོད་ཡོད་པ་དང་། ཕ་མ་དང་རིགས་ཀྱིས་སྲུང་བ་དང་། མ་སྨིན་པའི་གཞོན་ནུ་མ་དང་།ཁ་དང་བཤང་ལམ་ལ་སོགས་པར་བསྒྲོད་པ་སྟེ། ཡུལ་དུས་གནས་སྐབས་ཀྱི་སྒོ་ནས་ལོག་གཡེམ་གྱི་རྣམ་པ་ཐ་དད་པ་ཉམས་སུ་མྱོང་བའོ །”①ཞེས་གསུངས་པ་ལྟར་དང“ལོག་གཡེམ་ནི་མིའི་ལུས་ལ་གནོད་འཚེ་གཏོང་བའི་ཉེས་པ་ཆེན་པོར་བརྩི་ཞིང་བཙན་པོའི་སྐབས་ཀྱི་ཁྲིམས་ཡིག་ཏུ་བྱི་བྱས་པའི་ཡན་ལག་གི་བྲན་བཅད་ནས་ཡུལ་གཞན་དུ་སྤྱུགས། རྒྱལ་པོའི་བཙུན་མོ་སོགས་རིམ་གྲས་མཐོ་བའི་བུད་མེད་ལོག་གཡེམ་བྱས་པའི་ཉེས་ཆད་དུ་ཡན་ལག་གཅོད་འབྲེག (རྡེའུ་ཆོས་འབྱུང་ནང་།  བྱི་འཇལ་སྣང་བཅད་པ་དང་།  མིག་དབྱུང་བ་ཞེས་གསལ)གིས་ཚུལ་མཐར་སྤྱུགས་པ་སྟེ་རྒྱང་འབུད་དུ་གཏོང་བ་དང་།   ཐ་ན་སྲོག་གི་ཉེས་ཐེག་གཅོད་ཀྱིན་ཡོད།”①གཞན་ཡང་བདག་པོ་ཡོད་པའི་བུད་མེད་ལ་བཙན་ཤེད་ཀྱིས་ལོག་གཡེམ་བྱེད་པ་དང་བུད་མེད་སྐྱེས་པ་ཅན་གྱིས་སྐྱེས་པ་གཞན་བཙལ་ཏེ་ཕོ་མོའི་འབྲེལ་བ་བྱུང་ན་བདག་པོར་བྱི་ཆད་ཅེས་གུན་གསབ་ཀྱི་དངོས་པོ་སྤྲོད་དགོས་པའི་ཐོག་ཁྲིམས་སར་སྨད་འཇལ་གྱི་ཉེས་པ་ཡང་གསོན་ཐང་མཐོ་དམའི་བབས་ལ་བལྟས་ཏེ་འཇལ་དགོས་ལ་འདིའི་སྐོར་ནི་ཁྲིམས་གཞན་གྱི་ནང་བཀོད་པ་ཧ་ཅང་ཉུང་ལ།རང་རྒྱལ་ལ་མཚོན་ན་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་གང་གི་ནང་དུ་ཡང་གཏན་འཁེལ་མ་བྱས་པར་ཀུན་སྤྱོད་ཀྱི་ཚད་གཞིར་བཞག་ཡོད། འོན་ཀྱང་འདིས་ད་ལྟའི་སྤྱི་ཆོགས་ཀྱི་ནང་དུ་གནད་དོན་མི་ཉུང་བ་ཞིག་བསྐྱལ་ཡོང་གི་ཡོད།  འདིར་མི་ཆོས་གཙང་མ་བཅུ་དྲུག་དང་དགེ་བ་བཅུ་ལས་མཚོན་བྱེད་ཙམ་བཤད་པའོ།།  
དྲུག་པ། སྲོལ་རྒྱུན་འདིའི་དགེ་སྐྱོན་སྐོར་ལ་རང་གི་ལྟ་ཚུལ་ཙམ་བརྗོད་པ།   
             ཚང་མས་ཤེས་གསལ་ལྟར་སྔ་རབས་ཀྱི་སྲོལ་གང་ཞིག་ཡིན་རུང་སྐབས་དེའི་སྤྱི་ཚོགས་ནང་གནས་པའི་དགོས་པ་ཡོད་པ་བཤད་མི་དགོས་པ་ཞིག་རེད་མོད། འོན་ཀྱང་སྲོལ་གང་འདྲ་ཞིག་ཡིན་རུང་སྤྱི་ཆོགས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་བསྟུན་ནས་ངང་ངམ་ཤུགས་ཀྱིས་འགྱུར་བཞིན་ཡོད།ད་ལྟའི་སྤྱི་ཚོགས་ནང་ཡང་ངེས་པར་དུ་སྙིགས་དོར་བཅུད་ལེན་བྱ་དགོས་མོད་གང་བཟང་དང་གང་ངན་མི་རེ་རེའི་ལྟ་ཚུལ་ཀྱང་མི་གཅིག་པས། ངེས་པར་དུ་སྤྱིའི་རིན་ཐང་གི་ཆ་ནས་གནའ་བཟང་དེང་སྤྱོད་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན་པར་སྙམ། “དེ་རིང་བལྟས་ན་འདས་པའི་ལོ་རྒྱུས་ཀྱི་ནང་དུ་བཅུ་ཕྲག་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱིས་བོད་ཀྱི་སྤྱི་ཆོགས་ཡར་རྒྱས་་གོང་འཕེལ་གཏོང་བ་ལ་ནུས་པ་མི་དམན་པ་ཞིག་བཏོན་ཡོད་པ་ནི་སྨོས་མ་དགོས་ཤིང་། འབྱུང་འགྱུར་ལ་དེ་སྔ་ལས་ལྷག་པའི་ནུས་པ་འཐོན་དགོས་ན་འབྱུང་འགྱུར་གྱི་འགྲོ་བ་མིའི་རིགས་ཀྱི་འཕེལ་འགྱུར་ལ་འཚམ་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཆོགས་པ་རྣམས་འཛིན་སྐྱོང་སྤེལ་བའི་རྣམ་པ་གསར་བ་ཞིག་གི་ལམ་དུ་རིམ་པར་ཆགས་པ་ནི་ཧ་ཅང་གལ་ཆེ་བར་སྙམ། དེ་ལྟར་བྱེད་པ་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ལའང་དུས་རབས་ཀྱི་འཕེལ་འགྱུར་དང་འབྱུང་འགྱུར་འཛམ་གླིང་གི་དགོས་མཁོར་བསྟུན་པའི་སྙིགས་དོར་བཅུད་ལེན་དང་། གནའ་བཟང་དེང་སྤྱོད་ཀྱི་ལྟ་བ་ཡང་དག་པ་ཞིག་གི་སྒོ་ནས་རང་གི་རིག་གནས་ཀྱི་ལེགས་ཆ་ཐམས་ཅད་མུ་མཐུད་དུ་རྒྱུན་འཛིན་བྱས་ཏེ་ཅི་ནུས་ཀྱིས་རྒྱ་ཆེར་དར་སྤེལ་གཏོང་དགོས།”①ཞེས་པ་བཞིན་བོད་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་གྱུར་བའི་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ལེགས་པའི་ཆ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་སྐྱོན་གྱི་ཆ་ཡོད་ན་གཟབ་ནན་སྒོས་སྙིགས་དོར་བཅུད་ལེན་བྱ་རྒྱུ་གལ་ཆེ་བར་སྙམ་མོ།།                                                                 
                 རྩོམ་པ་པོ་ངོ་སྤྲོད།  དཀོན་མཆོག་སྐྱབས། (1983- ) སྐྱེས་ཡུལ་ཨ་མདོ་རེབ་་གོང་དང་།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2008ལོའི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན། 
             ①王海明著:  《伦理学原理》  北京大学出版社, 2005年第 2版第  l 页.
             ②王海明著: 《伦理学原理》 北京大学出版社, 2005年第2版 第88页.
             ③王海明著: 《伦理学原理) 》 北京大学出版社, 2005年第2版 第89页.
             ④འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་བརྩམས། 《མི་ཆོས་གནད་ཀྱི་ཕྲེང་བ》
             ⑤སློབ་དཔོན་ཀླུ་སྒྲུབ་ཀྱིས་བརྩམས།  《ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ་ཞེས་བྱ་བ་བཞུགས་སོ།》
             ①གཙོ་སྒྲིག་འགན་ཁུར་བ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། 《བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས།》  བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ་1983ལོར་པར་དུ་བསྐྲུན།
             ②གཙོ་སྒྲིག་འགན་ཁུར་བ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།  《བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས།》བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་ནས་བསྒྲིགས།  སྤྱི་ལོ་1983ལོར་པར་དུ་སྐྲུན།
             ①མཁར་རྨེའུ་བསམ་གཏན། 《མདའ་དང་འཕང་།》 ཀྲུང་གོའོ་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2006ལོར་པར་དུ་བསྐྲུན།  ཤོག་ངོས་246ནས247ན་གསལ།
             ②རྗེ་ཙོང་ཁ་པ་ཆེན་མོ།  《བྱང་ཆུབ་ལམ་རིན་ཆེན་མོ།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1987ལོར་པར་དུ་བསྐྲུན།
             ③ཁུ་བྱུག།  《སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད།》མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2002ལོར་པར་དུ་བསྐྲུན།  ཤོག་ངོས་294ནས་295ན་གསལ།
             ①དུང་དཀར་བློ་བཟང་འཕྲིན་ལས། 《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་སྐོར་བཤད་པ།》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ2004ལོར་པར་དུ་བསྐྲུན། ཤོག་ངོས12ནས13ན་གསལ།
             ①མཁར་རྨེའུ་བསམ་གཏན། 《མདའ་དང་འཕང་།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2007ལོར་པར་དུ་བསྐྲུན།  ཤོག་ངོས་256ན་གསལ། 
             ①ཁུ་བྱུག  《སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད།》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ2002ལོར་པར་དུ་བསྐྲུན།  ཤོག་ངོས་220ན་གསལ། 
             ①རྫ་དཔལ་སྤྲུལ། 《ཀུན་བཟང་བླ་མའི་ཞལ་ལུང་།》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1989ལོར་པར་དུ་བསྐྲུན། ཤོག་ངོསl73ནསl74ན་གསལ།
             ①ཁུ་བྱུག 《བོད་ཀྱི་རིག་གནས་ལས་འཕྲོས་པའི་བསམ་སྤྱོད་གོམ་གཤིས་སྐོར་གྱི་ལྟ་ཚུལ་འགའ་གླེང་བ་དུས་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ།།》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་པར་མ།
             ② རྫ་དཔལ་སྤྲུལ། 《སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1989ལོར་པར་དུ་བསྐྲུན།  ཤོག་ངོས་166ན་གསལ།
             ①བསོད་ནམས་ཚེ་རིང་གིས་རྩོམ་སྒྲིག་བྱས། 《སྔ་རབས་བོད་ཀྱི་སྲིད་ཁྲིམས།》མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ2004ལོར་པར་དུ་བསྐྲུན། ཤོག་ངོས32ན་གསལ།
             ①ཁུ་བྱུག 《བོད་ཀྱི་རིག་གནས་ལས་འཕྲོས་པའི་བསམ་སྤྱོད་གོམས་གཤིས་སྐོར་གྱི་ལྟ་ཚུལ་འགའ་གླེང་བ་དུས་ཀྱི་ཕོ་ཉ་ཞེས་བྱ་བཞུགས་སོ།》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་པར་མ།