གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

འཚོ་གནས་ཀྱི་གདམ་ཀ

སྤེལ་དུས 2018-07-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པ་ཚུལ་ཁྲིམས།
《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས་》 ཞེས་པ་དང་《སྤྱི་འགྲོས་ཤིག་》ཅེས་པ་བཀླགས་རྗེས་ཀྱི་གཤིབ་དཔྱད།
དང་པོ། ཀུན་སློང་།   
          《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས་》ཞེས་པ་ནི་བཀྲ་ཤིས་དཔལ་ལྡན་གྱིས་དུས་རབས་སྔ་མའི་ལོ་རབས་བརྒྱད་བཅུ་པའི་ནང་དུ་བརྩམས་ཤིང་། 《སྤྱི་འགྲོས་ཤིག་》ཅེས་པ་ནི་ཚེ་རིང་དོན་གྲུབ་ཀྱིས་དུས་རབས་འདིའི་དུས་སྟོད་ལ་བརྩམས་པ་རེད།   
བརྩམས་ཆོས་དེ་གཉིས་བརྩམས་པའི་བར་ལ་ཧ་ལམ་ལོ་བཅུ་ཙམ་གྱི་དུས་ཁྱད་ཡོད་མོད་ཀྱང་། བརྩམས་ཆོས་དེ་གཉིས་བར་ལ་དམིགས་བསལ་གྱི་མཐུན་ཕྱོགས་ཤིག་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཀྱང་འདུག དེ་འདྲའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལས་ང་ཚོས་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཐུན་མོང་གི་མཛེས་ཚོར་ཕུགས་འདུན་གྱི་ཆ་ཞིག་རྟོགས་ཐུབ་ལ། དེའི་ཁྲོད་ལས་བོད་ཀྱི་རྩོམ་རིག་གི་འགྱུར་བའི་ཟུར་ཞིག་དང་འཕེལ་རྒྱས་ཀྱི་ཟུར་ཞིག་རྟོགས་ཐུབ་པ་མ་ཟད། བོད་ཀྱི་སྤྱི་ཚོགས་འཚོ་བའི་ནང་གནས་ཀྱི་མིའི་འཚོ་སྟངས་ཤིག་དང་འདུ་ཤེས་འཛིན་སྟངས་ཤིག་ཀྱང་རྟོགས་ཐུབ།   
གཉིས་པ། མཐུན་ཕྱོགས་ཀྱི་གཤིབ་བསྡུར།   
          བཀྲ་ཤིས་དཔལ་ལྡན་གྱི་རྩོམ་གྱི་བརྗོད་བྱ་མི་ཉུང་ཞིག་ཞིང་ཁུལ་གྱི་འཚོ་བ་ཡིན་ཞིང་། ཁོང་ནི་བོད་ཀྱི་ཞིང་པའི་འདས་པ་དང་ད་ལྟར་རྒྱུས་མངའ་ཆེ་ལ།   ཁོང་གིས་དེ་དག་གིས་སྦྱིན་པའི་ཚོར་འདུ་དྲག་པོ་དག་སྒྱུ་རྩལ་གྱི་ལམ་ནས་དྲངས་ཤིང་། ཚེ་རིང་དོན་གྲུབ་ཀྱི་རྩོམ་གྱི་བརྗོད་བྱ་མི་ཉུང་བ་ཞིག་ཀྱང་འབྲོག་ཁུལ་གྱི་འཚོ་བ་ཡིན་ལ་ཁོང་གིས་ས་མཐོའི་འབྲོག་པའི་དགའ་སྐྱོའི་འཚོ་བ་དག་རང་གི་སྨྱུག་རྩེ་ནས་ཐོན་པར་བྱས་ཡོད། ཞིང་འབྲོག་གཉིས་ནི་བོད་ཀྱི་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་གཉིས་ཡིན་ཞིང་། བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་ཀྱང་ས་ཆ་དེའི་སྟེང་དུ་འཚོ་གནས་བྱེད་མཁན་གྱི་མི་དམངས་ཀྱི་འཚོ་བ་འབྲི་རྒྱུར་མཐོང་ཆེན་གནང་ཡོད་ལ། ཁོང་གཉིས་ནི་དེའི་ནང་ནས་དམིགས་བསལ་གྱི་གྲུབ་འབྲས་ཐོན་པའི་རྩོམ་པ་པོ་ཡིན། རྩོམ་པ་པོ་དེ་གཉིས་ཀྱིས་རང་སྐྱེ་འཚར་བྱེད་སའི་ས་ཆ་དེར་དགའ་ཞིང་དུང་ལ། དེ་གའི་འཚོ་བ་ལ་ཉམས་ཞིབ་ཚགས་པོ་དང་དེ་དག་ལས་ཚོར་བ་གཏིང་ཟབ་བྱུང་ཡོད་པ་ནི་ང་ཚོས་ཁོང་ཚོའི་རྩོམ་བཀླགས་ན་རྟོགས་ཐུབ།   
ནང་དོན་གྱི་ཆ་འདྲའི་གཤིབ་བསྡུར།   
          (འདིར་གསལ་བཤད་བྱེད་རྒྱུར་ཁོ་བོས་འདིར་བཤད་པའི་ནང་དོན་གྱི་ཆ་འདྲ་ཞེས་པ་ནི་ཞིང་འབྲོག་གཉིས་བརྗོད་བྱ་གཅིག་པ་རེད་ཟེར་བ་མིན་གྱི་ཞིང་འབྲོག་གཉིས་ཧྲིལ་པོ་གཅིག་ཏུ་རྩིས་ནས་སྤྱིའི་མཚོན་བྱའི་ནང་དོན་གྱི་ཆ་འདྲའི་རངབཞིན་བརྗོད་པ་ཡིན།)བཀྲ་ཤིས་དཔལ་ལྡན་གྱིས་《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས་》ཞེས་པའི་ནང་(གཤམ་ལ་《ཕྱི་ཉིན་གྱི་གནམ་》ཞེས་འབོད་རྒྱུ)བོད་ཀྱི་ཞིང་པའི་ལྷན་སྐྱེས་རྣམ་དག་གི་འདུ་ཤེས་འཛིན་སྟངས་དང་བབ་ཆགས་ཤིང་སྟབས་བདེ་བའི་འཚོ་བ་སྐྱེལ་སྟངས་དག་ཀློག་པ་པོའི་མདུན་དུ་བཤམས་ཡོད། དེའི་ནང་མི་ལོ་དུ་མའི་རིང་གི་བོད་ཀྱི་ཞིང་པས་རང་གི་འཚོ་གནས་དང་རང་རྒྱུད་སྤེལ་གྱི་མ་རྩ་དམ་པ་དེ་ས་ཞིང་ལ་བཅོལ་ཞིང་རང་གི་སེམས་ཁམས་གྱི་རེ་བ་བསྐོང་མཁན་དང་མི་ཆེའི་གཏན་ཚིགས་རིག་པའི་བརྒྱབ་རྟེན་བྱ་ཡུལ་དེ་སངས་རྒྱས་ཆོས་ལུགས་ཀྱི་ལས་དབང་ལ་བཅོལ་མཁན་གྱི་བོད་པ་ཞིག་བཀོད་ཡོད། དུས་མཚུངས་ཚེ་རིང་དོན་གྲུབ་ཀྱི་《སྤྱི་འགྲོས་ཤིག་》(གཤམ་དུ་《སྤྱི་འགྲོས》ཞེས་འབོད་རྒྱུ་)ནང་དུའང་རྩྭ་ཐང་སྟེང་གི་འབྲོག་པའི་དྭངས་གཙང་ལྷད་མེད་ཀྱི་འདུ་ཤེས་འཛིན་སྟངས་དང་མི་ལོ་དུ་མའི་རིང་འབྲོག་པ་རྣམས་ཀྱིས་རང་འཚོ་གནས་དང་རང་རྒྱུད་སྤེལ་གྱི་རྟེན་དེ་རྩྭ་ཐང་དང་ཕྱུགས་ཟོག་ལ་བཅོལ་ཞིང་རང་སེམས་ཀྱི་བློ་གཏད་དེ་དཀོན་མཆོག་ལ་བཅོལ་བ་བྲིས་ཡོད། དེའང་འཚོ་སྟངས་ལ་མཆོན་ན་《ཕྱི་གནམ་》ནང་“ཁོ་ཚོས་ལོ་གཅིག་དུས་བཞིར་ཉིན་ལྟར་དེ་ལྟར་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱེད་པ་དང་། ས་ཞིང་གི་དོན་དུ་ས་སློག་ཐེངས་མང་བརྒྱབ། འོན་ཀྱང་སུས་ཀྱང་ལས་ཀ་དེ་དག་ལ་བསུན་སྣང་དང་རེ་ཆད་ཀྱི་རྣམ་པ་སྟོན་པར་མི་བྱེད།”ཅེས་པ་ལྟར་དང་། དེ་བཞིན་བརྩམས་སྒྲུང་ནང་དུ་“སྐལ་བཟང་བཀྲ་ཤིས་” ཀྱིས་“ལུས་གསོག་རྨོ་འདེབས་”དང་“ཐན་འགོག་སད་འགོག་”སོགས་བྱེད་པའི་བརྒྱུད་རིམ་ནང་ཆེས་གདོད་མའི་བྱ་ཐབས་དང་ཆེས་སྟབས་བདེའི་ལག་ཆ་སྤྱད་ལ། ཁོའི་གཤིས་ཀའི་ལྷད་མེད་དྭངས་གཙང་། བབ་ཆགས་དང་འུ་ཐུག་བཅས་ནི་དེ་ལྟ་བུའི་ལྷན་སྐྱེས་དང་གདོད་ཅིང་དག་པ་བྲིས་འདུག   དེ་བཞིན་ཚེ་རིང་དོན་གྲུབ་ཀྱིས་《སྤྱི་འགྲོས་》ནང་དུ་ཁུད་གཞོང་ནས་སྒང་ཐོག་ཏུ་རུ་སྤོ་བ་དང་རི་རྩེ་ནས་ཁུད་གཞོང་དུ་རུ་སྤོ་བའི་“མགལ་མེའི་སྐོར་བ་ལྟ་བུའི་འཚོ་སྟངས་དེ་ནི་《ཕྱི་གནམ་》ནང་གི་སྐལ་བཟང་བཀྲ་ཤིས་དང་ཡོངས་སུ་མཚུངས། ཡང་《ཕྱི་གནམ་》ནང་དུ“ན་ནིང་ཐན་སྐྱོན་ཚབས་ཆེ་བའི་དབང་གིས་ལོ་ཉེས་བྱུང་རྐྱེན་རང་གི་བུའི་གནའ་མ་བསུ་མ་ཐུབ་པས་ཁོའི་སེམས་ནང་དུ་ཡིད་ཐང་ཆད་པ་དང་གནོང་འགྱོད་ཆེན་པོ་བྱུང་། ཁོའི་སེམས་ལ་ལོ་གཅིག་ལོ་ཏོག་ཉེས་ཀྱང་ལོ་ལ་ལོ་ལན་ཡོང་ངེས་སྙམ་པའི་ཁར་ཁོ་ལ་དམིགས་བྱ་ཞིག་ཡོད་པ་ནི་ཇི་ལྟར་ནའང་ལོ་འབྲས་ཀྱི་བསྡུ་བབས་ལེགས་པར་བཏང་སྟེ་རང་གི་བུ་ལ་ངེས་པར་དུ་མནའ་མ་ཞིག་ལེན་ཐུབ་པ་བྱ་རྩིས་ཡོད།”ཅེས་དང་“ཁོའི་བསམ་པའི་ནང་དུ་འདི་ལོ་ངེས་པར་དུ་ལོ་ལེགས་ལེན་ཐུབ་པ་བྱས་ཏེ་བུའི་གཉེན་སྒྲིག་བྱ་ཐུབ་པ་བྱ་རྩིས་ཡོད་”ཅེས་དང་《སྤྱི་འགྲོས་》ནང་དུ་ཁོས་“ངལ་གསོ་ཅུང་ཙམ་བྱས་རྗེས་ཡར་ལངས་ཏེ་ཕྱོགས་གཅིག་ནས་ནོར་ཁྱུ་ཕྱིར་འདེད་པ་དང་། ཕྱོགས་གཅིག་ནས་བུ་ལ་མནའ་མ་ལེན་པའི་ཐད་ལ་བསམ་བློ་གཏོང་ཞོར་ཡོང་སྟེ་ཤེས་མེད་ཚོར་མེད་ངང་ཁོ་ཚང་གི་སྦྲ་ཕུབ་ཡོད་པའི་སྒང་བུར་དེའི་རྩར་སླེབས་”ཞེས་དང་དེའི་ཕྱིར་“ཁོས་ཁ་འདོན་འདོན་བཞིན་མུ་མཐུད་བུ་ལ་མནའ་མ་ལེན་པའི་སྐོར་ལ་བསམ་བློ་བཏང་།”ཞེས་སོགས་ལས་ས་གཞི་འདིའི་སྟེང་གཅིག་ནས་ཕ་མེས་ཡང་མེས་བརྒྱུད་ནས་“སྐལ་བཟང་བཀྲ་ཤིས་”དང་“ཁོ་”བྱུང་ལ་ཁོ་གཉིས་ཀྱིས་ཀྱང་རང་ཉིད་བརྒྱུད་དེ་ཕྱི་རབས་པ་རྣམས་ས་གཞི་འདིའི་སྟེང་ལ་འཚོ་བཅུག་འདོད་ཀྱི་འདོད་བློ་བསྟན་ཡོད། འདོད་བློ་དེ་གཅིག་བྱས་ན་གླེང་རིན་མེད་པ་ཞིག་ཡིན་སྲིད་ལ་གཅིག་བྱས་ན་རླབས་ཆེ་བའི་འདོད་བློ་ཞིག་ཀྱང་ཡིན་ངེས།   
          དེ་བཞིན་རྩོམ་ཡིག་དེ་གཉིས་ནང་གི་གཙོ་བོའི་མི་སྣ་ཟུང་གིས་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་བརྒྱུད་དེ་“བོང་གླང་ལ་རིལ་སྒྱེ་བཀལ་”ལ་“གཡག་རྒན་ལ་གླང་སྒ་བསྟད་”ནས་བསྐྱོད་ཡོད་ཅིང་“ཀོ་བས་གཡོག་པའི་སྒམ་”དང་“ལྕི་བ་སྐྱེལ་བྱེད་ཀྱི་སླེ་པོ།” “རང་བྱུང་གི་ཐབ་རྡོ་”དང་“ཛ་ལའི་མེ་འོད་”སོགས་གདོད་ཅིང་རྙིང་ལ་སྟབས་བདེ་ཞིང་ཚགས་མི་ལེགས་པའི་འཚོ་ཆས་དེ་དག་བྲིས་པ་འདྲ་ཞིང་མཚུངས། 《སྤྱི་འགྲོས་》ནང་“ཁོ་གཉིས་ཀྱིས་སྦྲ་འབུབ་སྐབས་ཆུང་མས་སེམས་ཆུང་མ་བྱས་པར་སློག་པའི་འདབ་ཀ་མཆོད་སྒྲོམ་དང་ཐོགས་ནས་དེ་ས་ལ་སྒྱེལ་དུ་བཅུག་པ་མ་ཟད། སྟོན་སྐུ་ལི་མ་དེའང་དབུ་ཞབས་ལྡོག་བཞིན་མར་ལྷུང་ཡོང་བས་མོ་རེ་ཞིག་ཧང་སངས་སོང་ལ་དངངས་འཚུབ་ངང་བཛྲསཏེ། བཛྲསཏེ་ཞེས་བཟླ་བཞིན་འདུག་པ་ལ་ཁོས་འགྲམ་ལྕག་ཚ་ཐག་ཆོད་པ་བྱིན།” མཚམས་འདིར་མོས་འགྲམ་ལྕག་ཞུས་པ་ལ་ཡ་ལན་མི་སྤྲོད་པ་མ་ཟད། འགྲམ་ལྕག་ཞུས་པ་ལ་ཚོར་སྣང་ཙམ་ཡང་མེད། དེ་ནི་མི་དེ་དག་གིས་རང་གི་དད་ཡུལ་ལ་བཅངས་པའི་ལྷད་མེད་ཀྱི་ཞེན་ཆགས་མཚོན་ལ་དེ་ནི་ས་མཐོའི་མི་རིགས་འདིས་རང་འཚོ་གནས་སྐབས་རྟག་ཏུ་སྟབས་བདེའི་འཚོ་ཆས་དང་མཉམ་དུ་རྟོག་དཀའ་བའི་སེམས་ཁམས་ཀྱི་བློ་གཏད་བཅོལ་ས་ཞིག་འཚོལ་ཞིང་གནས་ཡོད་པ་དེ་ཡིན། དེའང་“ཁོ་”དང“སྐལ་བཟང་བཀྲ་ཤིས་”གཉིས་ཀྱི་བསམ་བློའི་ཞིང་ཁམས་ཀྱི་སྐྱབས་བཅོལ་ཡུལ་ཡིན་ལ་ས་མཐོའི་མི་རིགས་འདི་ཡི་སྐྱབས་བཅོལ་བྱ་ཡུལ་ཡིན་པ་བསྟན་ཡོད། འོ་ན་དེ་ལྟ་བུའི་ཆ་འདྲ་དེ་འདྲ་ཡོང་དགོས་དོན་ཅི་ཡིན་ཟེར་ན་དེ་ལ་ལན་མི་ཉུང་བ་ཞིག་ཡོད་མོད།འོན་ཀྱང་ཁོ་བོས་བལྟས་ན་དེ་ནི་སྟེས་དབང་ཞིག་མིན་ལ་ལད་མོ་བྱས་པ་ཞིག་དེ་བས་མིན། དེ་ནི་གཅིག་ནས་མི་རྣམས་ཀྱིས་ས་མཐོ་འདིའི་སྟེང་དེ་ལྟར་འཚོ་གནས་བྱས་ལ་དེ་ལྟར་རྒྱུད་ཀྱང་སྤེལ་བ་ཡིན་པས་དེས་རྩོམ་པ་པོ་དེ་གཉིས་ལ་ཐུན་མོང་གི་མཐོང་སྣང་ཞིག་ཆགས་པ་རེད།   
          འོ་ན་དེ་ལྟར་བརྩམས་པ་ལ་རིན་ཐང་ཅི་ཡོད་ཟེར་ན་དེའི་རིན་ཐང་ནི་ད་ཡོད་ལས་མ་འོངས་པ་ཆེ་བ་ཡོད། དེའང་ད་ཡོད་ཀྱི་རིན་ཐང་ནས་བཤད་ན་ང་ཆོས་ཀྱང་དེ་ལྟར་མཐོང་བཞིན་ཡོད་ལ་མྱང་བཞིན་ཡོད་པས་དེའི་སྒྱུ་རྩལ་གྱི་རིན་ཐང་ཡང་དངོས་ཡོད་བཞི་གྲུབ་བམ་མཐོང་སྣང་ཞིག་ཀློག་པ་པོའི་མིག་མདུན་ལ་བཀྲམ་ནས་དེས་ང་ཚོར་ཚོར་སྣང་ཞིག་དང་འཚོ་གནས་བྱ་སྟངས་ཤིག་མཐོང་ཐུབ་པ་བྱུང་བ་དེ་ཡིན། འོན་ཀྱང་མ་འོངས་པའི་སང་ཉིན་ལ་“སྐལ་བཟང་བཀྲ་ཤིས་”དང“ཁོའི་”འཚོ་བ་དེ་ལྟར་སྐྱེལ་མི་སྲིད་ལ་ཁོ་གཉིས་དང་ཁོ་གཉིས་འདྲ་བའི་མི་དེ་དག་དེ་ལྟ་བུའི་སྟབས་བདེའི་《སྤྱི་འགྲོས་》ཤིག་དང་སྟབས་བདེའི་“སང་ཉིན་”ཞིག་ལ་བརྟེན་ནས་བསྡོད་དུ་མེད། རྒྱུ་མཚན་ནི་མིའི་རིགས་འགྱུར་བ་འགྲོ་བཞིན་ཡོད་ལ་ས་མཐོ་འདིའང་འགུལ་བཞིན་ཡོད། མ་འོངས་པའི་སང་ཉིན་ཞིག་ལ་ས་གཞི་ཐམས་ཅད་དུ་ཞགས་ཀྱིས་འཁྲིགས་ཤིང་རྩྭ་ཐང་ཐམས་ཅད་ལྡིར་སྒྲས་ཁེངས་ཚེ“སྐལ་བཟང་བཀྲ་ཤིས་”དང་“ཁོ་”ལ་དེ་འདྲའི་“སྤྱི་འགྲོས་”ཀྱི་འཚོ་བ་ཞིག་སྐྱེལ་རྒྱུ་མེད་ཅིང་དེ་འདྲའི་“སང་ཉིན་”ཞིག་ཀྱང་སྒུག་ལོང་མེད་པས་དེ་དུས་《སྤྱི་འགྲོས་》དང་《ཕྱི་གནམ》གྱིས་གཞི་ནས་རང་ངོས་ཀྱི་རིན་ཐང་མངོན་ངེས་ལ་རིན་ཐང་དེ་ནི་རྩོམ་ཡིག་དེ་གཉིས་ཀྱི་མཐར་གཏུགས་ཀྱི་རིན་ཐང་ཡིན་པར་མཐོང་།   
གསུམ་པ། ཐུན་མོང་མ་ཡིན་པའི་རྩོམ་སྟངས་ཁྱད་ཆོས།
          གོང་དུ་ཁོ་བོས་རྩོམ་དེ་གཉིས་འབྱུང་དུས་ཀྱི་ལོའི་ཁྱད་པར་གླེང་བའི་རྒྱུ་མཚན་ཡང་གཅིག་ནས་རྩོམ་དེ་གཉིས་ལ་ཆ་འདྲ་བ་ཡོད་པའི་རྒྱུ་མཚན་གསལ་རྟོགས་དང་གཉིས་ནས་རྩོམ་དེ་གཉིས་ལ་སོ་སོར་ཁྱད་ཆོས་ཡོད་པ་རྟོགས་ཕྱིར་ཡིན། དེ་ལྟའི་དུས་ཁྱད་ལས་ཕྱོགས་གཞན་ཞིག་ལས་བོད་ཀྱི་བརྩམས་སྒྲུང་འཕེལ་རྒྱས་ཀྱི་ཟུར་ཞིག་ཀྱང་མངོན་པར་སེམས། དང་ཐོག་ང་ཚོས་རྩོམ་དེ་གཉིས་ཀྱི་གཞི་ཁྱོན་ལས་ཁྱད་ཆོས་མཐོང་བ་སྟེ་《ཕྱི་གནམ་》ལ་ཡིག་འབྲུ་ཁྲི་གཅིག་ལ་ཉེ་བ་ཡོད་ཅིང་《སྤྱི་འགྲོས་》ལ་ཡིག་འབྲུ་ཉིས་སྟོང་ལྷག་ཙམ་ལས་མེད། འོན་ཀྱང་མཚོན་པའི་བརྗོད་བྱའི་ཁྱོན་ལ་མཚོན་ན་《སྤྱི་འགྲོས་》ཀྱི་གཤོང་ཚད་དེ་བས་ཆེ་བ་ཡོད། དེའི་རྒྱུ་མཚན་ནི་སྔ་མས་མངོན་སུམ་མཐོང་སྣང་དག་ཞིབ་ཅིང་ཕྲ་བ་བྲིས་པ་སྟེ་དེའང་དགུན་དཔྱིད་དབྱར་སྟོན་དུས་བཞིའི་ནང་ལ་“སྐལ་བཟང་བཀྲ་ཤིས་”ཀྱིས་ཇི་ལྟར་ལུས་བསགས་པ་དང་ཆུ་བཏང་བ། ཞིང་རྨོ་བ་དང་རྩྭ་བཀོག་པ། གནོད་འཚེ་འགོག་པ་སོགས་ཞིབ་ཅིང་ཕྲ་བ་བྲིས་པ་དང་། མཐོ་གནམ་གྱི་ཁྱད་ཆོས་དང་དམའ་ས་གཞིའི་འགྱུར་ལྡོག་བར་ཆར་ཆུའི་འབབ་ལུགས་བཅས་གསལ་རྗེན་དུ་བྲིས་པས་དེས་རྩོམ་ཡིག་གི་གཞི་ཁྱོན་ཆེ་རུ་སོང་བ་ཡིན། དེ་ལྟར་བྲིས་པས་ཀློག་པ་པོ་རྣམས་ལ་སོ་ནམ་པ་རྣམས་ཀྱིས་ཇི་ལྟར་བྱས་ནས་ལོ་གཅིག་དུས་བཞིར་དཀའ་བ་སྤྱད་དེ་ལོ་ལེགས་ཀྱི་འབྲས་བུ་སྨིན་པར་བརྩོན་པ་བསྐྱེད་པ་བསྟན་ལ་ལོ་གཅིག་དུས་བཞིའི་ནང་གི་ཞིང་པའི་འཚོ་བ་སྐྱེལ་སྟངས་མངོན་མཚོན་བྱས་པས་ཀློག་པ་པོར་གསོན་ཉམས་དོད་ཅིང་གཟུགས་སྣང་དོད་པའི་ས་མཐོའི་ཞིང་པའི་ཁ་ས་དང་དེ་རིང་མཐོང་ཐུབ་པ་དང་བག་ཆགས་གཏིང་ཟབ་དང་ཚོར་སྣང་དྲག་པོ་སྟེར་ཐུབ་པ་བྱུང་ཡོད། དེ་ནི་དོན་དུ་སྲོལ་རྒྱུན་གྱི་དངོས་ཡོད་རིང་ལུགས་ཀྱི་རྩོམ་སྟངས་སྤྱད་ནས་བྲིས་པ་ཞིག་ཡིན།   
          《སྤྱི་འགྲོས་》ནང་དེ་ལྟར་མ་ཡིན་ཏེ་སྐྱས་རུ་སྤོ་ཐེངས་ཁ་ཤས་ཤིག་གིས་ས་མཐོའི་འབྲོག་པའི་འཚོ་སྟངས་མངོན་མཚོན་བྱས་ཤིང་། དེའི་ནང་ན་སོ་དར་བའི་འབྲོག་པ་ཕོ་མོ་གཉིས་གློ་བུར་དུ་“ཁྱོད་ཀྱི་ཟ་འགྲམ་གཉིས་ཀ་ན་སེ་བེ་ཆགས་པ་”དང་།”“ཁྱོད་ཀྱི་མགོ་སྐྲའང་སེར་བོར་འགྱུར་ལ་”ཡང་“སྐྱེས་པ་ནས་ཁ་ངོ་བཀྲུ་མ་མྱོང་བའི་བྱིས་པ་སྣབས་ལུགས་དེ་དེ་མ་ཉིད་དུ་“ཁོ་”ལ་བཀོད་པ་གཏོང་མཁན་གྱི་བདག་པོར་གྱུར་བ་མ་ཟད། ཁོ་པའང་ཕར་གྱུར་པ་བྲིས་ཡོད། དེ་ལྟའི་དུས་ཀྱི་འཕུར་མཆོངས་ཆེན་པོ་དེ་འདྲ་《ཕྱི་གནམ་》ནང་དུ་མཐོང་རྒྱུ་མེད་ཅིང་། དེ་ནི་རྩོམ་ཡིག་དེ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཐོན་སའི་གནད་དེ་ཡང་ཡིན། གནད་དེ་ལས་ལོ་བཅུའི་རིང་བོད་ཀྱི་བརྩམས་སྒྲུང་འཕེལ་རྒྱས་ཆེན་པོ་བྱུང་བའི་ཕྱོགས་ཤིག་ཀྱང་མཐོང་ཐུབ་པར་སེམས། དེའང་གོང་ལ་བཤད་པ་ལྟར་《ཕྱི་གནམ་》ནི་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་ཅིང་སྲོལ་རྒྱུན་ལྟར་འབྲི་སྐབས་ང་ཚོས་རྒྱུན་དུ་སྒྲིག་གཞི་གོ་རིམ་ལྡན་པ་དང་བྱུང་རིམ་ཁ་གསལ་བ་མི་སྣ་གསོན་ཉམས་ལྡན་པ་དགོས་པས་བཀྲ་ཤིས་དཔལ་ལྡན་གྱིས་རེ་བ་དེ་དག་མ་ལུས་པར་བསྒྲུབས་ཡོད། 《སྤྱི་འགྲོས་》ནི་དེ་འདྲ་མ་ཡིན་ཏེ་དེ་ནི་དེང་རབས་རིང་ལུགས་ཀྱི་བག་ཆགས་ཟབ་མོ་ལྡན་པའི་ངང་བྲིས་པ་སྟེ་སྐྱས་རུ་སྤོ་ཐེངས་གཅིག་ལ་ན་གཞོན་གཉིས་རྒན་ཁོག་ཏུ་འགྱུར་བ་དང་སྐྱས་རུ་སྤོ་ཐེངས་གཅིག་ལ་བྱིས་པ་དམར་འབྱར་ཞིག་“ཁོའི་”བདག་པོར་འགྱུར་བ་ལྟ་བུའི་དུས་ཚོད་ཀྱི་བར་བརྒལ་ཆེན་པོ་དེ་འདྲ་དེང་རབས་རིང་ལུགས་ཀྱི་བྱུང་རིམ་ནང་མཐོང་ཐུབ། མཁས་པ་ཞིག་གིས་དེང་རབས་བརྩམས་སྒྲུང་གི་བྱུང་རིམ་སྐོར་གསུངས་སྐབས་“དེང་རབས་བརྩམས་སྒྲུང་གི་བྱུང་རིམ་དེ་སྲོལ་རྒྱུན་བྱུང་རིམ་ལྟར་མ་ཡིན་པར་བྱུང་རིམ་དེ་གཏན་འཇགས་སུ་གནས་པའི་དུས་ཚོད་དང་ཡུལ་གྱི་འདུ་ཤེས་ལས་བརྒལ་ཏེ་ཐོད་བརྒལ་ལམ་འབྲེལ་མི་ཆགས་པར་སྣང་བའི་ཁྱད་ཆོས་ལྡན་”ཞེས་གསུངས་པ་ལྟར་《སྤྱི་འགྲོས་》ནང་གི་དུས་ཚོད་ལ་དེ་ལྟ་བུའི་བར་བརྒལ་དང་འབྲེལ་མི་ཆགས་པའི་ཁྱད་ཆོས་ལྡན་པས། དེ་ནི་《ཕྱི་གནམ་》གྱི་རྩོམ་སྟངས་ལས་འཕེལ་རྒྱས་ཕྱིན་པའི་མཚོན་རྟགས་ཤིག་ཡིན། 《སྤྱི་འགྲོས་》ཀྱི་མཇུག་ཏུ་“དབྱངས་རྟ་དེས་ཁོ་ཡང་གཉིད་དུ་བཅུག ཁོས་མུ་མཐུད་ཁྱིམ་གྱི་ཅ་ལག་འགའ་བོ་ཕར་བསྒྲིགས་ཚུར་བསྒྲིགས་བྱས་ཀྱང་རང་བློར་བབས་པ་ཞིག་ནམ་ཡང་མ་བྱུང་། ཁོ་ཚང་གི་ཕྱུགས་ཟོག་འགའ་བོ་གཞན་གྱི་ས་ཐོག་ཏུ་ཤོར་བ་དང་། ཁོ་རྗེས་སུ་སོང་ནས་གཞན་གྱི་གྲི་ཁར་ཤི་ནའང་ཁོའི་བུས་དགྲ་ཤ་རྩོད་མ་ཐུབ་པ་མ་ཟད། རོ་ཡང་ཕྱིར་མ་ལོན། ཁོས་རེ་བ་ཡོད་ཚད་ཚ་བོར་བཅོལ་བ་དང་ཚ་བོ་ཁྲིད་ནས་ལྷ་སའི་ཇོ་བོ་མཇལ་དུ་འགྲོ་བཞིན་པ་སོགས་འབྲེལ་མི་ཆགས་པའི་རྨི་ལམ་མུ་མཐའ་མེད་པའི་སྣེ་ལ་འཇུས་སོང་།”ཞེས་དེ་དངོས་ཡོད་རེད་དམ་རྨི་ལམ་རེད། འབྲོག་ཁུལ་དུ་རྩྭ་ས་རྩོད་གླེང་དང་དེའི་ཁྲོད་དུ་ཤ་འཁོན་ལེན་རེས་ཀྱི་ལོ་རྒྱུས་ཤིག་བཞག་ཡོད་དམ་མེད། ལྷ་སའི་ཇོ་བོ་མཇལ་རྒྱུ་དེ་མགོ་ནག་ནང་བསྟན་པ་ཞིག་གི་སྙིང་གཏིང་གི་འདུན་པ་རེད་དམ་མ་རེད།  དེ་ལྟའི་མངོན་སུམ་དང་རྨི་ལམ་འདྲིས་ཤིང་ཕུགས་བསམ་དང་དངོས་ཡོད་འདྲེས་ལ་འདས་པའི་ཁ་ས་དང་མ་འོངས་པའི་སང་ཉིན་འདྲེས་ནས་རྫོགས་མཐའ་མེད་པའི་མགལ་མེའི་སྐོར་བ་ཞིག་མུ་མཐུད་རྒྱག་བཞིན་པ་བསྟན་ཡོད། དེ་ནི་དེང་རབས་བརྩམས་སྒྲུང་གསར་རྩོམ་བྱ་ཐབས་ལེགས་པར་སྤྱད་ཅིང་སྤེལ་བས་དེས་བོད་ཀྱི་བརྩམས་སྒྲུང་ལ་གསོན་ཤུགས་གསར་པ་ཞིག་ཀྱང་སྦྱིན་པར་བྱས་ཡོད།   
          མདོར་ན། བརྩམས་སྒྲུང་དེ་གཉིས་ཀྱི་མཚོན་བྱའི་ནང་དོན་ཐད་ཆ་འདྲ་བའི་རང་བཞིན་ཐོན་ལ་སྒྱུ་རྩལ་མཚོན་སྟངས་ཐད་རྦད་དེ་ཐ་དད་དུ་གྱུར་བའི་སྣང་ཚུལ་དེས་ང་ཚོར་གཅིག་ནས་“སྲོལ་རྒྱུན་”ཞིབ་འབྲིའི་དཔེ་མཚོན་ཞིག་མཐོང་ཐུབ་པ་བྱུང་ལ་གཉིས་ནས་དེང་རབས་རིང་ལུགས་ཀྱི་བག་ཆགས་ཞུགས་པའི་བོད་ཀྱི་བརྩམས་སྒྲུང་གི་བརྩམས་བྱ་ཞིག་ཀྱང་མཐོང་ཐུབ་པ་བྱུང་ཡོད།    
མཇུག་བསྡུ།   
          《ཕྱི་གནམ་》ལ་དཔྱད་བརྗོད་བྱེད་མཁན་ཁ་ཅིག་གིས་ཟེར་ན་དེ་ནི་བོད་ཀྱི་ཞིང་པའི་རྗེས་ལུས་ལ་ཁ་བརྡུང་བཏང་བ་དང་མ་འོངས་པའི་འཚོབ་གསར་པར་རེ་ལྟོས་བྱེད་པ་བསྟན་ཡོད་ཟེར།   ཡང་《སྤྱི་འགྲོས་》ལ་དཔྱད་བརྗོད་བྱེད་མཁན་གྱིས་ཟེར་ན་དེ་ནི་བོད་ཀྱི་འབྲོག་པའི་གདོད་མའི་འཚོ་བ་སྐྱེལ་སྟངས་ལ་ཟུར་ཟ་བྱས་ཡོད་ཟེར།   བཀྲ་ཤིས་དཔལ་ལྡན་དང་ཚེ་རིང་དོན་གྲུབ་ཀྱིས་དེ་ལ་བསྟོད་སྨད་ཅི་ཡིན་གྱི་ཐད་ཀའི་རྣམ་འགྱུར་བསྟན་མེད།   
(《བོད་ལྗོངས་སློབ་ཆེན་རིག་དེབ་》2004ལོའི་དུས་དེབ་དང་པོའི་ཐོག་འཁོད།)