གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་ཀྱི་མདའ་གཞུའི་རིག་གནས་སྐོར་ལ་ཅུང་ཟད་གླེང་བ།

སྤེལ་དུས 2018-09-05 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ཚེ་དབང་འཚོ།
           མར་ཁེ་སིས“ངལ་རྩོལ་གྱིས་ཡོད་ཚད་བསྐྲུན་པ་ཡིན”ཞེས་གསུངས་པ་བཞིན་དུ། བོད་མི་རིགས་ཀྱི་མེས་པོ་ཚོས་ཡུན་རིང་གི་ངལ་རྩོལ་ཁྲོད་དུ་ཉམས་མྱོང་གསོག་འཇོག་དང་། རང་བྱུང་ཁམས་ལ་ངོས་འཛིན་ངེས་ཅན་བྱུང་བ་ལས་མཚར་སྡུག་འོད་སྟོང་འབར་བའི་བོད་ཀྱི་རིག་གནས་གསར་ཏུ་བཏོད་ཅིང་། བོད་ཀྱི་རིག་གནས་ཀྱི་བང་མཛོད་ཁྲོད་དུ་མདའ་གཞུས་ཐོག་མཐའ་བར་གསུམ་དུ་གོ་གནས་གལ་ཆེན་ཞིག་ཟིན་ཡོད། མདའ་གཞུ་ནི་གནའ་དེང་གི་དུས་སྐབས་གང་ཞིག་ཡིན་ཀྱང་བོད་མི་དང་བྲལ་ཐབས་མེད་པ་ལྟ་བུ་ཞིག་ཏུ་གྱུར་འདུག་ལ། མདའ་གཞུའི་འཕེལ་རྒྱས་ཀྱི་འགྲོས་ལས་བོད་རང་ཉིད་ཀྱི་ལོ་རྒྱུས་ཀྱི་འཕེལ་འགྲོས་དེའང་མངོན་ལྐོག་གང་རུང་གི་སྒོ་ནས་ཅུང་ཟད་ཅིག་རྟོགས་ཐུབ། འོན་ཀྱང་། དེང་གི་དུས་སུ་མདའ་གཞུའི་རིག་གནས་འདི་ཉམས་རྒུད་དུ་འགྲོ་བཞིན་འདུག་ལ། དེར་གདེང་འཇོག་དང་དོ་སྣང་བྱེད་མཁན་ནི་དེ་བས་ཀྱང་ཉུང་རུ་འགྲོ་བཞིན་མཆིས་པས། འདིའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདོད་ཅིང་། མདའ་གཞུ་ལྟ་བུའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་དག་སྔོག་འདོན་དང་དར་སྤེལ། རྒྱུད་འཛིན་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བར་མཐོང་། དེ་བས་ཕྲན་ཆུང་བདག་གིས་ཀྱང་བོད་ཀྱི་མདའ་གཞུའི་བྱུང་འཕེལ་གྱི་སྐོར་དང་། མདའ་གཞུ་བཟོ་བའི་རྒྱུ་ཆ་དང་བཟོ་ཚུལ་སྤྱིའི་སྐོར། མདའ་གཞུའི་དབྱེ་བའི་སྐོར་བཅས་དབྱེ་བ་གསུམ་དུ་དགར་ནས་དཔྱད་ཁུལ་ཙམ་བགྱིས་ན་གཤམ་གསལ་ལྟར།
དང་པོ། མདའ་གཞུའི་བྱུང་འཕེལ་གྱི་སྐོར།
           དེ་ཡང་མིའི་རིགས་འཕེལ་བའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། བོད་མི་རིགས་འདི་ཉིད་ཀྱང་མི་རིགས་གཞན་དང་འདྲ་བར་སྤྲེའུ་ནས་མིར་འགྱུར་བའི་གོ་རིམ་ཁྲོད་ཐུན་མོང་མཉམ་ལས་ཀྱི་ཐབས་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ངོ་རྒོལ་དང་འཐབ་རྩོད་བྱེད་བཞིན་ཡོད་ལ། རང་ཉིད་ཀྱི་ལྟོ་རྒྱབ་ཀྱི་ཆེད་དུ་རི་དྭགས་སོགས་རྔོན་པའི་ལས་ལ་ཞུགས་པ་རེད། དེ་ཡང་རི་དྭགས་རྔོན་དུས་ཁོང་ཚོས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་རི་དྭགས་རྔོན་བྱེད་ཀྱི་མདའ་གཞུ་དང་གྲི མདུང་སོགས་གསར་གཏོད་བྱས་ཏེ་འཚོ་བའི་རྒྱུན་བསྐྱངས་པ་རེད། དེ་ནི་མིའི་རིགས་ཀྱིས་མདའ་གཞུ་བེད་སྤྱོད་བཏང་པའི་ཐོག་མའི་དུས་ཡིན་ལ། རང་མི་རིགས་ཀྱི་མེས་པོ་རྣམས་ཀྱིས་མདའ་གཞུ་བེད་སྤྱོད་བཏང་པའི་ཐོག་མའི་དུས་ཀྱང་ཡིན་ངེས། དེ་ལ«བཀའ་ཆེམས་ཀ་ཁོལ་མ»ལས“ཕ་ཡང་མི་འདྲ།  མ་ཡང་མི་འདྲ།  སྤུ་དང་མཇུག་མ་མེད་པ།  གདོང་བ་དམར་བ།  ཟས་སུ་ཤ་དམར་བོ་ཟ་བ།  སྐོམ་དུ་ཁྲག་དྲོན་མོ་འཐུང་བ།” 1ཞེས་གསུངས་པ་ལས་སྐབས་དེའི་མི་རྣམས་ཀྱིས་རི་དྭགས་རྔོན་ནས་འཚོ་བ་དེ་གསལ་བོར་ཤེས་ཐུབ་པ་དང་། ཆབ་མདོ་ཁ་རུབ་དང་ལྷ་སའི་ཆུ་གོང་གི་གནའ་ཤུལ་ཀྱི་ཁྲོད་དུ་ཡང་འཇོར་དང་སྟ་རེ། གཤོལ། མདའ་རྩེ།  སྐྲ་གཟེར། མདུང་རྩེ་སོགས་བསྐལ་བ་ཡ་ཐོག་གི་ཐོན་སྐྱེད་འཚོ་བའི་ལག་ཆ་མང་པོ་ཞིག་རྙེད་པ་ལས་ཀྱང་གསལ་པོར་རྟོགས་ཐུབ།  གཞན«བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ»2དུ་“མདའ་འཕེན་ནི་ཁྱབ་བརྡལ་རང་བཞིན་གྱི་འགུལ་བསྐྱོད་རྣམ་གྲངས་ཤིག་རེད།  མདའ་འཕེན་གྱི་ཁུངས་ནི་བསྐལ་བ་ཡ་ཐོག་གི་རྡོ་ཆས་སྤྱོད་པའི་དུས་སྐབས་ཀྱི་སྤྱི་ཚོགས་སུ་རི་དྭགས་རྔོན་པའི་ལག་ཆ་ཡིན་ཞིང་།  རྗེས་སུ་རིམ་བཞིན་ལུས་རྩལ་བྱ་འགུལ་ཞིག་ཏུ་གྱུར་བ་རེད།”ཅེས་པ་ལས་ཀྱང་མདའ་གཞུ་ནི་གདོད་མའི་སྤྱི་ཚོགས་ཀྱི་དུས་སུ་བྱུང་བའི་ཐོན་སྐྱེད་ལག་ཆ་ཞིག་ཡིན་པ་བདེན་དཔང་དང་ར་སྤྲོད་བྱས་ཡོད།
           བོད་ཀྱི་ལོ་རྒྱུས་དེབ་ཐེར་ཀྱི་དབང་དུ་བྱས་ན། མདའ་གཞུ་ནི་མངའ་མཛད་དྲུག་གམ་བཅུའི་དུས་སུ་བྱུང་བར་བཞེད་པ་གཅིག་མཐུན་དུ་བྱུང་བ་དང་།  མངའ་མཛད་གང་གི་སྐབས་དངོས་སུ་བྱུང་བར་ལྟ་ཚུལ་གཉིས་བྱུང་ཡོད་པ་ནི་འདི་ལྟ་སྟེ།
༡ གནོད་སྦྱིན་ནག་པོའི་དུས་སུ་བྱུང་བ།
           ང་ཚོར་ཅུང་རྒྱུས་མངའ་ཡོད་པའི་ལོ་རྒྱུས་དེབ་ཐེར་འགའ་ལས་མདའ་གཞུ་ནི་མངའ་མཛད་བཅུའི་དང་པོ་གནོད་སྦྱིན་ནག་པོའི་དུས་རབས་ལ་བྱུང་བར་བཞེད་ཅིང་། འགའ་རེས་གནོད་སྦྱིན་ནག་པོའི་དུས་ནི་མངའ་མཛད་བཅུའི་ཐོག་མ་མིན་པར་འདོད་པ་འང་ཡོད་མོད།  གང་ལྟར་གནོད་སྦྱིན་ནག་པོའི་དུས་སུ་བྱུང་བར་འདོད་པ་ནི་གཅིག་ཏུ་མཐུན་པར་སྣང་། དེ་ལ«ལྡེའུ་ཆོས་འབྱུང་རྒྱས་པ»ལས“དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་། ། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བྱ་བར་བཏགས། ། ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་། །” 3ཞེས་གནོད་སྦྱིན་ནག་པོའི་དུས་སུ་མདའ་གཞུ་གཉིས་ལག་ཆར་བྱུང་བ་བསྟན་པ་དང་།  ཡང«ཆོས་འབྱུང་མཁས་པའི་དགའ་སྟོན»ལས“ལོ་རྒྱུས་ཆེན་མོ་སོགས་ལས་དང་པོར་གནོད་སྦྱིན་ནག་པོས་དབང་བྱས་སྟེ། །  ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །  མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་། །” 4ཞེས་འཁོད་པ་ལས་ཀྱང་གསལ་པོར་རྟོགས་ཐུབ་ལ། སྐབས་དེར་ཚོ་བ་ཁག་བར་ཕན་ཚུན་གཡུལ་འགྱེད་ཀྱི་རྒྱུན་མི་ཆད་པས་མདའ་གཞུ་ནི་སྐབས་དེའི་མཚོན་ཆ་ཡིན་པ་མངོན་གསལ་སྒོས་མཚོན་ཡོད་པ་དང་།  ཕྱིས་འབྱུང་མཁས་པས་བརྩམས་པའི«བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག»དང«བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང»། «བོད་ཀྱི་ལོ་རྒྱུས་སྤྱི་དོན་གཞོན་ནུ་དགའ་བའི་གཏམ་ཕྲེང»སོགས་ཀྱི་ནང་དུ་ཡང་མདའ་གཞུ་ནི་གནོད་སྦྱིན་ནག་པོའི་དུས་བྱུང་བར་འདོད་ཡོད།
༢ མ་སངས་སྤུན་དགུའི་དུས་སུ་བྱུང་བ།
           དེ་ཡང«བཀའ་ཐང་སྡེ་ལྔ»ཡི་རྒྱལ་བོ་བཀའི་ཐང་ཡིག་ལས“དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། །  ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས། །  སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང་། །” 5ཞེས་དང་། ཡང«གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས»ལས“བོད་ཡུལ་མ་སངས་སྤུན་དགུས་དབང་བྱས་ཏེ། །  ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས། །  སྔ་རྟགས་མདའ་མདུང་མཚོན་ཆ་བརྩེ་བ་དང་། །  བཞོན་པ་ཞོན་དང་དངོས་པོ་ཉོ་ཚོང་བྱུང་། །” 6ཞེས་མ་སངས་སྤུན་དགུའི་དུས་མཚོན་ཆའི་བྱེ་བྲག་མདའ་མདུང་བྱུང་བ་བསྟན། མ་སངས་རུས་དགུ་ནི«ལྡེའུ་ཆོས་འབྱུང»སོགས་ལས་མངའ་མཛད་བཅུའི་བདུན་པ་ཡིན་ལ། «བཀའ་ཐང་སྡེ་ལྔ»ལས་མངའ་མཛད་དྲུག་གི་བཞི་བ་ཡིན་པར་འདོད་པས། སོ་སོའི་བཞེད་ཕྱོགས་ལ་མི་མཐུན་པར་སྣང་།
           གོང་གསལ་གྱི་ཆོས་འབྱུང་དང་ལོ་རྒྱུས་ཡིག་ཆ་དག་ལས་མདའ་གཞུ་ནི་མངའ་མཛད་ཀྱི་དུས་རབས་མི་འདྲ་བར་བྱུང་བར་འདོད་པ་ལ།  མངའ་མཛད་ཀྱི་དུས་རབས་དེ་ནི་དུས་ནམ་ཞིག་ལ་བྱུང་བ་རེད་ཟེར་ན།  དེ་ནི་བསྐལ་བ་ཡ་ཐོག་གམ་གདོད་མའི་སྤྱི་ཚོགས་མཇུག་རྫོགས་པ་ནས་རྒྱལ་ཕྲན་སིལ་མ་བཅུ་གཉིས་བར་གྱི་དུས་རབས་དེར་བྱུང་བ་དང་། མངའ་མཛད་ཀྱི་དུས་ནི་ལོ་སྟོང་གསུམ་མམ་སྟོང་ལྔའི་ཡན་དུ་བྱུང་བ་ན།  «ལྡེའུ་ཆོས་འབྱུང་རྒྱས་པ»སོགས་ཀྱི་དབང་དུ་བྱས་ཏེ་མདའ་གཞུ་ནི་གནོད་སྦྱིན་བཙན་གྱི་དུས་སུ་བྱུང་བར་འདོད་ན་བོད་དུ་ཐོག་མར་མདའ་གཞུ་བྱུང་ནས་ཧ་ལམ་ལོ་བརྒྱད་སྟོང་ནས་ལྔ་སྟོང་ཡས་མས་འགོར་ཟིན།  «བཀའ་ཐང་སྡེ་ལྔ»སོགས་ཀྱི་དབང་དུ་བྱས་ནས་མདའ་གཞུ་ནི་མ་སངས་སྤུན་དགུའི་དུས་སུ་བྱུང་བར་འདོད་ན་ད་ལྟའི་བར་ཧ་ལམ་ལོ་ངོ་ལྔ་སྟོང་ལྷག་ཙམ་ནས་བཞི་སྟོང་ཡས་མས་འགོར་ཡོད།
           གོང་གསལ་གྱི་ཆོས་འབྱུང་དག་ཏུ་མདའ་གཞུ་ནི་མངའ་མཛད་བཅུ་འམ་དྲུག་གི་དུས་སུ་བྱུང་བར་འདོད་པ་ནི་མདའ་གཞུ་དེ་ཉིད་དམག་འཁྲུག་གི་སྐབས་སུ་མཚོན་ཆར་བེད་སྤྱོད་བྱས་པའི་དུས་ནམ་ཞིག་ཡིན་པ་གསལ་པོར་མཚོན་པ་ལས། ཐོག་དང་པོར་ཇི་ལྟར་བྱུང་བའི་ཚུལ་ནི་གོང་དུ་བཀོད་པ་བཞིན་དུ་གདོད་མའི་དུས་སུ་རི་དྭགས་རྔོན་བྱེད་ཀྱི་ལག་ཆར་བཀོལ་བ་དེ་ཉིད་རེད་སྙམ་མོ། །
          བོད་ཀྱི་མདའ་གཞུ་ནི་གདོད་མའི་སྤྱི་ཚོགས་སུ་ཐོག་མར་བྱུང་བ་དང་། མངའ་མཛད་བཅུ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་སམ་བཞི་བཅུའི་སྐབས་མཚོན་ཆའི་བྱེ་བྲག་ཏུ་གྱུར་བ་ཡིན་ནའང་། མདའ་གཞུ་འཕེལ་རྒྱས་ཕྱིན་པའི་དུས་སྐབས་ནི་བོད་བཙན་པོའི་དུས་དང་བོད་སིལ་བུར་ཐོར་བའི་རྗེས་སུ་ཡིན་པར་མངོན་ཏེ།  ལོ་ངམ་རྟ་རྫིས་གྲི་གུམ་བཙན་པོར་མདའ་འཕངས་ཏེ་བཀུམ་པ་དང་།  རྩལ་པོ་ཆེ་མི་བདུན་བྱུང་བའི་སྐབས་དབས་རྒོད་ལྡོང་བཙན་གྱིས་མདའ་རྒྱང་མིག་རྒྱང་ལ་འཕེན་ཐུབ་པའི་ཆུ་ཚད་ལ་སླེབས་ཡོད་པ། བཙན་པོའི་དུས་སུ་མདའ་དམག་ཆེད་དུ་བཟོས་ཡོད་པ་སོགས་ལས་མདའ་གཞུའི་སྤྱོད་རྒྱ་ཆེ་རུ་ཕྱིན་ཡོད་པ་མཚོན་ཐུབ་པ་དང་།   «དེབ་ཐེར་དཀར་བོ»ལས“ལི་ཡུལ་གྱི་མཐའ་ཧོང་ཏང་བྱ་བའི་གནས་སུ།  སྔོན་གྱི་ལྷ་ཁང་ཞིག་རལ་ཏུ་གྱུར་བ་གཅིག་གི་རྩིག་པའི་གསེབ་ནས།   བོད་དང་ཡུ་གུར་གྱི་ཡིག་རྙིང་ཤོག་དྲིལ་འཕོན་ཆེན་ཞིག་འཐོན་པའི་གྲས་ཡིན་ལ།……བོད་ཅེས་པར་མགྲོན་སླེབས་ཚེ་གཡག་ཅིག་ཁྲིད་ནས་འོངས་པར།  མགྲོན་པོ་རང་གིས་མདའ་བརྒྱབ་ནས་བསད་དེ་ཤ་འགྱེད་གཏོང་།” 7ཞེས་གསུངས་འདུག་པ་ལ་གཞིགས་ན་སྐབས་དེར་མདའ་གཞུ་འདི་དར་ཏེ་དམངས་ཀྱི་འཚོ་བའི་ཁྲོད་དུའང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་ཤེས་ནུས།
          བོད་སིལ་བུར་ཐོར་རྗེས་གཅིག་གྱུར་གྱི་རྒྱལ་བོ་མེད་པར་གྱུར་བས།  ས་གནས་བཅད་བཟུང་གི་དབང་སྒྱུར་བྱེད་པའི་རྣམ་པར་ཆགས་ཏེ་མངའ་རིས་རྒྱལ་རྒྱུད་དང་ལྷ་སའི་རྒྱལ་རྒྱུད། ཡར་ཀླུང་རྒྱལ་རྒྱུད། ཙོང་ཁའི་རྒྱལ་རྒྱུད་སོགས་མང་དུ་བྱུང་བ་དང་། དེ་དག་ཕན་ཚུན་བར་ལ་དམག་འཁྲུག་རྒྱུན་མི་ཆད་པ་བྱུང་དུས་ཀྱང་མདའ་གཞུ་འདི་ཉིད་རྒྱ་ཆེར་དུ་སྤྱད་པ་རེད།  དེ་ཡང་གླིང་སྒྲུང་འདི་ཉིད་བོད་སིལ་བུར་ཐོར་བའི་རྗེས་སུ་བྱུང་བར་འདོད་པའི་དབང་དུ་བཏང་ན།  «ཧོར་གླིང་གཡུལ་འགྱེད»ལས“གཞུ་ཡ་མཆོག་ཚངས་པ་དཀར་པོས་འཚོས། །  མར་མཆོག་གཙུག་ན་རིན་ཆེན་འཚོས། ། འཆང་བཟུང་གཉེན་ཆེན་སྐུ་ལྷས་འཚོས། ། མདེའུ་སྣེ་གནམ་སྨན་དཀར་མོས་དྲོངས། །  ཧོར་སྡིག་ཤན་པ་རྨེ་རུ་རྩེའི། ། ཀ་ལི་ལག་མཐིལ་ཙམ་ལ་ཧོ་མ་ཡ། །” 8ཞེས་ཚ་ཞང་འདན་མ་བྱང་ཁྲའི་གླུ་སོགས་ལས་སིལ་བུའི་སྐབས་འདིར་དམག་འཁྲུག་གི་དུས་སུ་མདའ་གཞུ་ནི་ཕ་རོལ་གྱི་དགྲ་ལ་རྒོལ་བའི་ལག་ཆ་ཤིན་ཏུ་གལ་ཆེ་ཞིག་ཡིན་པ་ཤེས།  དེང་གི་དུས་སུ་མདའ་གཞུ་ནི་སྐྱེས་པ་ཚོས་མ་གཏོགས་བུད་མེད་རྣམས་ཀྱིས་འཕེན་པ་ཕར་ཞོག་ཐུག་རེས་ཀྱང་བྱེད་མི་རུང་བ་ཡིན་མོད།  «ཧོར་གླིང་གཡུལ་འགྱེད»ལས“བྱེས་སོང་གི་མོ་གཞིས་འབྲུག་མོ་ལ། ། སྐྱིད་སྡུག་ཅི་བྱུང་ཨེ་མཁྱེན་ཏོ། ། ལུས་ཚེ་གོས་དམར་སྨུག་གྱོན་གྱོན་ནས། ། ཁྲབ་འབུམ་མེ་གྱོན་བསམ་ཡིད་ལ་མེད། །  དེ་རིང་མི་གྱོན་ཀ་མེད་རེད། ། མགོ་གཡུ་ཆུང་དྲུག་དཀར་བཏགས་བཏགས་ནས། །  རྨོག་ཁྱུང་གཏོར་ནང་རྫོང་ཡིད་ལ་མེད། ། དེ་རིང་མི་གྱོན་ཀ་མེད་རེད། ། སྐེད་ལི་ཆད་དུང་འཕྲེང་བཅིངས་བཅིངས་ནས། ། འཁོར་གསུམ་བསྐོར་བསམ་ཡིད་ལ་མེད། །  དེ་རིང་མི་བསྐོར་ཀ་མེད་རེད། །  ལག་རིན་ཆེན་གསེར་གདུབ་གོན་གོན་ནས། ། མདའ་གཞུ་འཛིན་བསམ་ཡིད་ལ་མེད། ། དེ་རིང་མི་འཛིན་ཀ་མེད་རེད། །” 9ཅེས་འབྲུག་མོའི་གླུ་སྐད་ལས་སྐབས་འདིར་ཕོ་རྣམས་གཙོ་བྱས། བུད་མེད་ཀྱིས་ཀྱང་མདའ་གཞུ་བཟུང་ནས་དགྲ་འགོག་པ་ལས་སིལ་བུར་ཐོར་བའི་དུས་སྐབས་སུ་མདའ་གཞུ་ནི་དམག་འཁྲུག་གི་སྐབས་སུ་སྤྱོད་སྒོ་ཡངས་པ་མཚོན་ཐུབ།
          གཞན་ཡང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་ནས་དམག་དོན་ལ་སྔར་བཞིན་ཐུགས་ཁུར་གནང་སྟེ་དམག་གི་སྒྲིག་གཞི་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་། དེ་དུས་ཀ་དང་ནས་མ་དང་བར་གྱི་དམག་སྒར་བཅོ་ལྔ་བཙུགས་ཡོད་ཅིང་།  དམག་དཔོན་ལ་མདའ་དཔོན་དང་དམག་ཤོག་ལ་མདའ་ཤོག་ཅེས་མིང་གདགས་པ་ལས་ཀྱང་ དམག་འཁྲུག་གི་ནང་དུ་མདའ་གཞུ་ནི་གོ་གནས་གལ་ཆེན་བཟུང་ཡོད་པ་གསལ་པོར་རྟོགས་ཐུབ། ཡིན་ན་ཡང་སྤྱི་ཚོགས་འཕེལ་བའི་འགྲོས་དང་བསྟུན་ནས་བོད་ཀྱི་མདའ་གཞུའི་སྤྱོད་སྒོ་ལ་ཡང་འགྱུར་ལྡོག་བྱུང་ཏེ་སྔོན་གྱི་མཚོན་ཆ་ནས་ལུས་རྩལ་བྱ་འགུལ་དང་དམངས་ཁྲོད་ཀྱི་རྩེད་མོའི་རྣམ་གྲངས་ཤིག་ཏུ་གྱུར་བ་རེད།  དེ་ལ་«དུང་དཀར་ཚིག་མཛོད»དུ“མདའ་འཕེན་ནི་བོད་རིགས་སྐྱེས་པ་རྣམས་ཀྱིས་དགའ་བོ་བྱེད་པའི་གནའ་དུས་ཀྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན།  དེ་སྔ་ལྷ་ས་ཁུལ་དུ་ཧ་ཅང་དར་ཡོད།  དེ་ནི་རྟ་རྒྱུག་མདའ་འཕེན་དང་མི་འདྲ་ཞིང་མདའ་འཕེན་གྱི་ལུས་རྩལ་འགྲན་པ་ནི་བོད་རིགས་སྐྱེས་པ་ཚོས་གླིང་གཏོང་སྤྲོ་སྐྱིད་གཏོང་དུས་མདའ་འཕེན་གྱི་རྩལ་འགྲན་བསྡུར་བྱེད་ཅིང་། མདའ་ལ་རྒྱང་མདའ་དང་གནམ་མདའ།  དེ་མིན་བུ་ཤུ་སོགས་ཡོད།” 10ཅེས་གསུངས་པ་ནི་དོན་དང་མཐུན་པའི་ལེགས་བཤད་ཁོ་ན་རེད་སྙམ།   གཞན་ཡང«མི་དབང་རྟོགས་བརྗོད»དང«དགའ་བཞི་བའི་རྣམ་ཐར»སོགས་ལས་སྤྱི་ཚོགས་རྙིང་བའི་ནང་བོད་ཀྱི་ས་ཁུལ་ཁག་སོ་སོར་མདའ་འཕེན་འགྲན་བསྡུར་དེ་ལུས་རྩལ་བྱ་འགུལ་གྱི་རྣམ་གྲངས་ཞིག་ཏུ་བརྩིས་ནས་དུས་རྒྱུན་སྤེལ་ཀྱིན་ཡོད་པ་ལས་ཀྱང་མདའ་གཞུ་ནི་མཚོན་ཆ་ཙམ་མ་ཡིན་པར་རྩེད་མོའི་རྣམ་གྲངས་ཀྱི་ལག་ཆ་ཞིག་ཏུ་གྱུར་ཡོད་པ་གསལ་པོར་མཚོན་ཐུབ།
          དེང་གི་དུས་སུ་མདའ་གཞུའི་སྤྱོད་སྒོ་ནི་རྩེད་མོའི་རྣམ་གྲངས་ཁོ་ན་ཞིག་ཏུ་གྱུར་ཏེ། བོད་ཁུལ་ཡོངས་ལ“མདའ་རྩེད”ཅེས་དར་ཁྱབ་ཆེ་ལ།  ཁྱད་པར་དུ་དབུས་གཙང་ཁུལ་གྱི་ཀོང་པོ་ས་ཁུལ་དང་། ཁམས་ཡུལ་གྱི་ཡུན་ནན་བདེ་ཆེན། མདོ་སྨད་ཀྱི་གྲོ་ཚང་དང་དཔའ་ལུང་།  གཅན་ཚ། ཁྲི་ཀ  ཀོས་ནན། ཐུན་ཏེ།  རྔ་བ།  ཀན་ལྷོ་སོགས་སུ་དར་ཆེ་ལ། མཚོ་སྔོན་ཞིང་ཆེན་དུ་ལོ་རེ་བཞིན་ཞིང་ཆེན་རིམ་པའི་མདའ་རྩེད་འགྲན་བསྡུར་རེ་སྤེལ་གྱིན་ཡོད་པ་དང་། ཁྱད་པར་དུ་གཅན་ཚ་རྫོང་ལ༢༠༠༦ལོ་དང༢༠༠༧ལོར་ཞིང་ཆེན་དང་རྒྱལ་ཁབ་རིམ་པས་བསྟུད་མར་“མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་ཕ་ས”དང་“ཀྲུང་གོའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་ཕ་ས”ཞེས་པའི་མཚན་སྙན་བཏགས་པ་ནས་བཟུང་། མདའ་རྩེད་ནི་བོད་ཀྱི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རྩེད་མོ་གལ་ཆེ་ཤོས་སུ་བརྩིས་ནས། དེ་སྔོག་འདོན་དང་དར་སྤེལ། རྒྱུད་འཛིན་དུ་གཏོང་ཆེད་གཅན་ཚ་རྫོང་གཙོ་བྱས་པའི་ཉེ་འཁོར་གྱི་རྫོང་ཁ་ཤས་ཀྱིས་ལོ་རེའི་རྒྱལ་སྟོན་དུས་ཆེན་ལ་མདའ་རྩེད་འགྲན་བསྡུར་རྒྱ་ཆེན་རེ་སྤེལ་གྱིན་ཡོད། གཞན་ཀོང་པོའི་ས་ཆར་བི་ཤུ་སྟེ་སྒྲ་ལྡན་མདའ་མོའི་མཐུན་ཚོགས་བཙུགས་ཡོད་ཅིང་།  ཁོ་ཚོར་མདའ་གླུ་ལེན་པ་དང་མདའ་གཞས་འཁྲབ་པའི་སྲོལ་ཡང་ཆེས་ཆེར་དར་ཡོད་པ་མ་ཟད། ས་ཆ་འདི་དག་ཏུ་མདའ་རྩེད་ནི་ལོ་གསར་དང་དུས་ཆེན་གྱི་སྐབས་སུ་མེད་དུ་མི་རུང་བའི་ལྟད་མོའི་རྣམ་གྲངས་ཤིག་ཏུ་གྱུར་འདུག
གཉིས་པ། མདའ་གཞུའི་ལས་སྣོན་གྱི་རྒྱུ་ཆ་དང་དེའི་བཟོ་ཚུལ་སྤྱིའི་སྐོར།
          སྤྱིར་མདའ་གཞུ་ནི་ཚང་མས་མཐོང་ཆོས་སུ་གྱུར་བའི་དངོས་པོ་རང་ག་བ་ཞིག་ཡིན་ཀྱང་། དེ་ཉིད་བཟོ་བའི་ཚེ་འབྲེལ་ཡོད་ཀྱི་རྒྱུ་ཆ་ངེས་ཅན་ཞིག་འཛོམས་དགོས་པ་མ་ཟད། བཟོ་རྩལ་ཡང་གཞན་དང་མི་འདྲ་བའི་ལག་རྩལ་ངེས་ཅན་ཞིག་འཛོམས་དགོས་སྟབས་དེ་ཉིད་བཟོ་ཤེས་མཁན་ཧ་ཅང་ཉུང་། དེ་བས་གཤམ་དུ་མདའ་གཞུ་ལས་སྣོན་བྱེད་པར་རྒྱུ་ཆ་གང་དག་ཚང་དགོས་མིན་དང་དེ་ཉིད་ཇི་ལྟར་བཟོ་དགོས་ཚུལ་གྱི་ཐད་ལ་རྒན་པོ་རྣམས་ཀྱི་བཤད་རྒྱུན་གཞིར་བཟུང་ནས་ངོ་སྤྲོད་རགས་ཙམ་བགྱིས་ན།
༡ མདའ་གཞུ་ལས་སྣོན་གྱི་རྒྱུ་ཆ།
          མདའ་གཞུ་ལ་རིགས་ཀྱི་དབྱེ་བ་མང་བོ་ཞིག་ཡོད་པ་དེ་བཞིན་དུ་དེ་དག་ལས་སྣོན་བྱེད་པའི་རྒྱུ་ཆའང་མང་པོ་ཞིག་འཛོམས་དགོས་པ་ཡིན།  མདའ་བཟོ་པའི་རྒྱུ་ཆ་ལ།  འཛེར་བས་མ་བཟུང་བའི་གསོམ་ཤིང་དང་། དྲང་ཤིང་མཉེན་འགུགས་ལྡན་པའི་གསར་སྐྱེས་ཀྱི་སྐྱེར་བ།  རྒོད་སྒྲོ་དང་ཁྲ་སྒྲོ།  གླག་སྒྲོ།  འུག་སྒྲོ་སོགས་འདབ་ཆགས་ཀྱི་སྒྲོ་དང་།  དཀར་སེར་དམར་ལྗང་སྔོ་སྟེ་དར་ཚོན་སྣ་ལྔའི་གོས་དར།  མདེའུ།  སྤྱིན། གྲོ་ཤུན།  གསོ་མ་སོགས་དང་། གཞན་ལྟོང་བཟོ་བར་རང་ཉིད་ཀྱི་ཆ་རྐྱེན་ལ་དམིགས་ནས་གསེར་དང་དངུལ། ཟངས། དུང་། གཡུ། ལྕགས་སོགས་ཀྱང་སྤྱོད་ཚུལ་ཡོད།
          གཞུ་བཟོ་བའི་རྒྱུ་ཆ་ལ་འབྲོང་རྭ། དགོ་རྭ། ཤྭ་རྭ།  ཚ་རི། དྲ་མ་ལྡན།  སྨྱུག་མ། ཁྱི་དང་སྤྱང་ཀི་སོགས་ཀྱི་ཀོ་བ།  རྣོ་སྐུད་དམ་ཟངས་སྐུད་ཕྲ་མོ་སོགས་དགོས། ལག་ཆ་ལ་སག་བརྡར་དང་ལེན་ཆེ་ཆུང་། སྦུ་གུ།  གྲི།  མེ་ཐུར།  ཁེ་གྲི  ཐོ་ཆུང་།  སོག་ལེ་སོགས་དགོས་སོ། །
          བྱིས་པའི་མདའ་གཞུ་བཟོ་བ་ལ་ད་དུང་དེ་ཕོའི་སྒྲོ་དང་སྐྱ་ཀ་ཁྲ་མོའི་སྒྲོ།  བལ་སྐུད་སོགས་དགོས།  དེང་སང་ལྕགས་མདའ་ལྕགས་གཞུའི་རིགས་ནི་དར་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་མོད།  དེ་གཉིས་དར་ནས་ཡུན་རིང་འགོར་མེད་པའི་ཁར་བཟོ་རྩལ་ཡང་ཤེས་མཁན་དཀོན་པས་དེ་དག་ཚང་མ་ས་གཞན་ནས་ཉོས་པ་རེད།
༢ མདའ་གཞུ་བཟོ་ཚུལ་སྤྱིར་བསྟན་པ།
          དེང་གི་ཆར་བོད་དུ་སྲོལ་རྒྱུན་གྱི་མདའ་གཞུ་དང་དེང་རབས་ཀྱི་མདའ་གཞུ་གཉིས་ཀ་དར་ཡོད་ཀྱང་།  མིག་སྔར་བོད་ལ་དེང་རབས་ཀྱི་མདའ་གཞུ་སྟེ་ལྕགས་ལས་གྲུབ་པའི་མདའ་གཞུ་ཐོན་སྐྱེད་བྱེད་པའི་ནུས་པ་མེད་པས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཐད་ནས་གླེང་བར་བྱའོ། ། དེ་ཡང་སྲོལ་རྒྱུན་ནས་མགོ་བརྩམས་ན་བྱིས་པའི་དུས་ཀྱི་མདའ་གཞུ་བཟོ་ཚུལ་དང་དར་མའི་དུས་ཀྱི་མདའ་གཞུ་བཟོ་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་དེ།  བྱིས་པའི་དུས་ཀྱི་མདའ་གཞུ་ནི་ཤིང་མདའ་ཤིང་གཞུ་ཡིན་པ་ལས་རྭ་གཞུ་དང་ལྕགས་མདའ་ལྕགས་གཞུ་སོགས་མེད་ལ་བཟོ་ཚུལ་ཡང་སྟབས་བདེ་ཡིན།  བྱིས་པའི་མདའ་ལ་ཨ་མདོའི་ཁ་སྐད་དུ་སྐྱ་ཙེ་ཟེར་ཞིང་། ཙེ་ཞེས་པ་ནི་ཆུང་ངུའི་དོན་ཡིན། དེ་ཡང་མདའ་བཟོ་པ་ལ་ཐོག་མར་མདའ་ཤིང་གི་ཤུན་པགས་གཞོགས་པ་དང་། དེ་ནས་ལྟོང་བཟོ་བར་རྒྱུ་ཆ་ལྕགས་དང་འགྱིག་སོགས་ཆེད་དུ་སྤྲོད་མི་དགོས་པར་མདའ་ཤིང་གི་འགོ་ནས་ཐད་ཀར་དུ་ཉག་ཤོ་ཞིག་བཏོད་པས་ཆོག  ལྟོང་གི་མར་སོར་གཉིས་ཀྱི་མཚམས་ནས་མདའ་ཤིང་ཉིས་གཤགས་བྱས་ཏེ་དེའི་བར་དུ་སྒྲོ་ལེགས་པར་བཙིར་བའམ་སྦྱར་ཏེ་བཟོས་ཤིང་།  མདའ་སྣེར་མདེའུ་མི་སྤྲོད་པར་ཐད་ཀར་དུ་མདའ་ཤིང་གི་སྣེ་མོ་གཞོགས་ནས་མདེའུའི་ཚབ་བྱེད་པས་ཆོག  སྐྱ་ཙེ་ལ་སྒྲོ་ཉིས་བསྟོད་དང་སུམ་བསྟོད་ཅེས་རིགས་གཉིས་ཡོད་པ་ལས་གོང་དུ་བཤད་པ་ནི་སྒྲོ་ཉིས་བསྟོད་ཅན་ཡིན། སྒྲོ་སུམ་བསྟོད་ཅན་གྱི་རིགས་ནི་སྒྲོ་མང་ཉུང་གི་ཐད་ནས་མ་གཏོགས་སྒྲོ་ཉིས་བསྟོད་ཅན་དང་བཟོ་ཚུལ་མཚུངས་ཏེ།  སྒྲོ་བསྟོད་སྐབས་མདའ་ཤིང་གཤགས་མི་དགོས་པར་སྤྱིན་གྱིས་སྒྲོ་གསུམ་ལེགས་པར་སྦྱོར་དགོས།
          བྱིས་པའི་གཞུ་ནི་རྒྱུ་ཆ་ཤིང་དྲ་མ་ལྡན་དང་། ཚ་རི། སྐྱེར་བ་སོགས་མཉེན་འགུགས་སླ་བའི་ཤིང་རིགས་ཀྱིས་བཟོས་པ་ཡིན།  ཤིང་གཞུ་ལ་དང་པོའི་དུས་ན་རྐྱོང་སྐུམ་གྱི་མཉེན་ཤུགས་ལྡན་མོད། ཤིང་སྐམ་རྗེས་མཉེན་འགུག་གི་ནུས་པ་ཏོག་ཙམ་མ་གཏོགས་མེད་པས་ལོ་རྗེས་མར་ཡང་བསྐྱར་བཟོ་བ་ནི་ཕལ་ཆེར་རྒྱུན་ཆགས་སུ་གྲུབ་འདུག  གཞུ་ནི་གཞུ་ཤིང་ལེགས་པར་གཞོགས་རྗེས་ཡ་མཆོག་མ་མཆོག་གི་སྣེ་མོའི་སོར་གང་གི་མཚམས་ནས་གཞུ་ཐིག་འཐེན་སའི་ཤུར་བཏོད་ནས་གཞུ་ཐིག་འཐེན་པ་ཡིན་ལ།  གཞུ་ཐིག་གི་རྒྱུ་ཆར་བལ་སྐུད་ལས་བྱས་པ་ཅུང་མང་། དམངས་ཁྲོད་ངག་རྒྱུན་དུ་བྱིས་པ་རྣམས་ཀྱིས“དྲ་མ་ལྡན་གྱི་གཞུ་ཞིག ། སྨག་ག་ཐེ་ལེའི་མདའ་ཞིག ། སྐྱ་ཀ་ཁྲ་མོའི་སྒྲོ་ཞིག ། ”ཅེས་ལེན་སྲོལ་ཡོད་པ་ལས་མདའ་གཞུ་བཟོ་བར་རྒྱུ་ཆ་གང་དག་དགོས་པ་ཡང་གསལ་བོར་རྟོགས་ཐུབ།  དྲ་མ་ལྡན་གྱི་གཞུ་ནི་འཇམ་ཞིང་མཉེན་ལ་དམར་ནག་ཡིན་པས་གཞུ་ཤིང་མང་པོའི་གྲས་ནས་ཆེས་ལེགས་ཤོས་དང་། སྨག་ག་ཐེ་ལེ་ནི་གཞུང་རྟ་དྲང་བའི་ཤིང་རིགས་ཞིག་ཡིན་པ་དང་། དེ་ཉིད་གསར་སྐྱེས་ཡིན་དུས་འཛེར་བ་སོགས་མེད་པས་མདའ་ཤིང་བཟོ་བའི་རྒྱུ་ཆ་ལེགས་པོ་ཞིག་ཡིན།  དེ་བས་དྲ་མ་ལྡན་གྱི་གཞུ་དང་སྨག་ག་ཐེ་ལེའི་མདའ་གཉིས་ཀ་ཚང་ན་བྱིས་པ་རྣམས་ཧ་ཅང་དགའ་པོ་བྱེད་བཞིན་ཡོད།
          དར་མའི་མདའ་གཞུ་ནི་བྱིས་པའི་མདའ་གཞུ་ལས་ཁྱད་པར་ཆེན་པོ་ཡོད་ཅིང་མདའ་གཞུ་བཟོ་བ་ལ་ལག་རྩལ་ངེས་ཅན་ཞིག་དགོས་པས་མདའ་མཁན་ཉུང་ལ་གཞུ་མཁན་ཡང་ཉུང་།  དེང་སྐབས་ལོ་ལོན་རྒན་པོའི་གྲས་སུ་ཡང་མདའ་གཞུ་བཟོ་ཤེས་མཁན་རེ་འགའ་མ་གཏོགས་མེད་པས། དར་མ་ཚོའི་ཁྲོད་དུ་མདའ་གཞུ་བཟོ་ཤེས་མཁན་དཀོན་པ་ནི་རིགས་པས་བསྒྲུབས་ཐུབ་བོ། །  མདའ་མཁན་གྱིས་མདའ་ཤིང་གི་རྒྱུ་ཆ་གྲ་སྒྲིག་གང་ལེགས་བྱས་རྗེས་མདའ་ཤིང་གི་སྣེ་ཕྲ་ས་ནས་གཞུ་ཐིག་གི་ཚད་དང་རན་པའི་ཉག་ཤོ་ཞིག་བཏོད་པ་ལ་ལྟོང་ཟེར།  ལྟོང་གི་མར་སོར་གཉིས་ཀྱི་མཚམས་སུ་མདའ་ཤིང་གཤགས་མི་དགོས་པར་ཁྲ་དང་གླག རྒོད་དང་འུག་པ་སོགས་གང་རུང་གི་སྒྲོ་ལེགས་པར་དྲས་ནས་སྦྱོར་དགོས་པ་དང་། དེའི་རྗེས་སུ་ཡང་ཁེ་གྲི་རྣོན་པོས་སྒྲོ་དེ་རྣམས་ལེགས་པོར་དྲས་ནས་ཇེ་ལེགས་སུ་གཏོང་བ་འམ་ཡང་ན་ལྕགས་ཐུར་དྲང་མོ་ཞིག་ངར་དུ་བཅུག་སྟེ་སྒྲོ་དེ་རྣམས་སྙོམས་པར་བྱེད་པ་ཡིན་ལ། མདའ་ཤིང་གི་ཕྱོགས་གསུམ་ལ་སྒྲོ་གསུམ་སྦྱར་བ་ལ་སུམ་བསྟོད་དང་། ཕྱོགས་བཞི་བོར་སྒྲོ་བཞི་སྦྱར་བ་ལ་བཞི་བསྟོད་ཅེས་པའི་མིང་འདོགས་སྲོལ་ཡང་ཡོད། དེང་གི་ཆར་ང་ཚོས་མཐོང་ཆོས་སུ་གྱུར་པ་ལ་སྒྲོ་སུམ་བསྟོད་དང་བཞི་བསྟོད་ལས་དེའི་ཡན་གྱི་མདའ་མོ་མཐོང་རྒྱུ་མི་འདུག  དེ་ཡང་མདའ་མོའི་སྟེང་དུ་སྒྲོ་གསུམ་མམ་བཞི་སྦྱར་བ་ནི་མདའ་མོའི་འཕུར་ཤུགས་ཆེ་རུ་གཏོང་བའམ་ཡང་ན་མདའ་མོ་དྲང་ཐད་དུ་འཕུར་ཐུབ་པའི་ཆེད་དུ་སྦྱར་བ་རེད་སྙམ། སྒྲོ་བསྟད་ཚར་རྗེས་མདའ་མོ་མིག་ལ་མཛེས་པའི་ཆེད་དུ་མདའ་མོའི་སྟེང་དུ་གྲོ་ཤུན་དཀྲིས་པའི་སྲོལ་ཡོད་ལ། དེ་ཡང་གྲོ་ཤུན་ཟེར་བ་ནི་སྟག་པའི་ཤུན་པ་སྲབ་བུར་ཆུ་ནང་དུ་ལེགས་པོར་བཙོས་པ་དེ་ལ་ཟེར་ཞིང་། བཙོས་ཚར་རྗེས་དེའི་སྟེང་དུ་སྤྱིན་ཉུང་ཙམ་བསྐུས་ཏེ་སྒྲོའི་གཤམ་འོག་དང་མདེའིའུ་གོང་མཚམས་སུ་གསེག་ནས་དཀྲིས་དགོས། མཛེས་ཆས་དཀྲིས་སྲོལ་དེ་ཡང་གསོམ་མདའ་མ་གཏོགས་མདའ་གཞན་ལ་དཀྲིས་པའི་སྲོལ་མེད།  ཆེས་མཇུག་མཐར་སྔར་ནས་བརྡུང་ཡོད་པའི་མདེའུ་སྤྲོད་དགོས་པ་དང་མདེའུ་ལ་རིལ་རིལ་ཅན་དང་གླིང་བཞི་ཅན་སོགས་སྣ་ཁ་མང་པོ་ཡོད།
          ད་ལྟའི་དུས་འདིར་གཞུ་བཟོ་མཁན་ཧ་ཅང་དཀོན་པས་ཇི་ལྟར་བཟོ་དགོས་ཚུལ་ལ་གསལ་ཐག་ཆོད་པའི་ལན་ཞིག་མེད་མོད།  མདའ་གཞུ་ལ་ཆ་རྒྱུས་ཟབ་མོ་ཡོད་པའི་རྒན་པོ་དག་གིས་གཞུ་མཁན་གྱིས་ཆེད་དུ་འབྲོང་རྭ་དང་ཤྭ་རྭ།  དགོ་བའི་རྭ་སོགས་བཙོས་ཏེ་གཞུའི་རྣམ་པ་ལེགས་པར་བསྒྲིགས་རྗེས་བར་དུ་རྟ་ལ་སོགས་པའི་སྒལ་རྩ་བཞག་སྟེ་རྐྱོང་སྐུམ་ལྡན་པའི་སྒོ་ནས་བཟོ་དགོས་པར་བཤད།  གཞུ་ལ་གྲུབ་སྟངས་ཀྱི་ཆ་ནས་དཀྱིལ་གྱི་ལག་པ་འཇུ་བྱེད་ལ་འཆང་བཟུང་དང་དེའི་སྟོད་ཀྱི་ཆ་ལ་ཡ་མཆོག་དང་སྨད་ཀྱི་ཆ་ལ་མ་མཆོག  ཡ་མཆོག་དང་མ་མཆོག་གི་སྣེ་གཉིས་ཀྱི་གཞུ་ཐིག་སྤྲོད་ས་ནས་སོར་ལྔ་དྲུག་ཙམ་གྱི་ནང་ངོས་སུ་གཞུ་ཐིག་འཁེལ་སའི་ཤིང་སྲ་མོ་ཞིག་སྤྲད་ཡོད་པ་དེ་ལ་མཐེབ་རྭ་ཟེར། གཞུ་ཐིག་ནི་ཁྱི་དང་སྤྱང་ཀི་སོགས་ཀྱི་ཀོ་བ་ཕྲ་མོར་དྲས་ནས་བྱེད་དགོས་ལ།  དུས་ཚིགས་དང་ཚ་གྲང་གི་ཁྱད་པར་ལ་བརྟེན་ནས་དགུན་ཁར་སྤྱོད་པའི་གཞུ་ལ་དགུན་གཞུ་དང་། དབྱར་ཁར་སྤྱོད་པའི་གཞུ་ལ་དབྱར་གཞུ་ཞེས་ཟེར་སྲོལ་ཡོད། དེང་རབས་ཀྱི་ལྕགས་གཞུ་ལ་དེ་འདྲའི་ཁྱད་པར་མེད།  དགུན་གཞུ་ནི་དབྱར་གཞུ་ལས་སྲབ་ཅིང་ཅུང་རྙི་མོ་ཡིན་དགོས།  སྲོལ་རྒྱུན་གྱི་གཞུ་ལ་རྭ་གཞུ་དང་ཤིང་གཞུ་གཉིས་ཡོད་པ་ལས་དར་མ་རྣམས་རྭ་གཞུ་མ་གཏོགས་ཤིང་གཞུ་མི་སྤྱོད།  དབྱིབས་ཀྱི་ཆ་ནས་ཡར་མཆོག་མར་མཆོག་གཉིས་ཅུང་བཀུག་པ་དང་འགོ་རྔ་གཉིས་སུ་མཐོ་གང་ལྷག་ཡར་མར་ལ་བསྲིངས་ཏེ་ཉམས་དང་ལྡན་པར་བཟོ་དགོས་ཤིང་། གཞུའི་ཡ་མཆོག་དང་མ་མཆོག་བཟོ་སྐབས་སུ་རྭ་མི་གཅིག་པར་སྲ་རྙི་ཤོར་ཡོད་པས་དུས་རྒྱུན་མདའ་འཕངས་ཚར་རྗེས་གཞུ་ཐིག་ལྷོད་ཡོད་མེད་སོགས་བདག་གཉེར་དོ་དམ་ལ་མཉམ་འཇོག་གནང་རྒྱུ་གལ་ཆེ་བར་འཛིན།  གཞུའི་ཕྱི་ངོས་སུ་མདོག་སྣ་གཅིག་བྱུགས་ཏེ་མིག་ལ་མཛེས་པ་ཞིག་ཏུ་བཟོ་དགོས།
གསུམ་པ། མདའ་གཞུའི་དབྱེ་བའི་སྐོར།
          མདའ་ལ་རྒྱུ་ཆ་དང་སྒྲོ་དང་ལྟོང་སོགས་ཀྱི་ཆ་ནས་དབྱེ་བ་མང་པོ་ཞིག་ཡོད་པ་ནི«བྱེ་རིའི་བྱུར་རྫོང»ལས་“སྟག་དོང་ནང་ནས་མདའ་གཅིག་ལེན། ། སྨྱུག་མདའ་གླག་སྒྲོ་ཁྲག་འཐུང་ལེན། ། དུག་མདའ་ངར་མའི་མདེའུ་རྩེ་འཛུགས། །  ལྕགས་ནག་ཕ་བོང་འུར་གྱིས་བཤིག ། གཟིག་ཤུབས་ནང་ནས་གཞུ་གཅིག་ལེན། །  རྭ་གཞུ་གནམ་ལྕགས་ཐོག་འབབ་ལེན། ། གོ་ཆེན་རྒྱུན་བུའི་མཉེན་ལ་འགུགས། ། དེ་སྐྱེན་པོ་བུ་ཡི་འཕེན་ལུགས་རེད། །” 11ཅེས་ལུ་གུ་དཀར་པོའི་གླུ་དང་། «འཇང་འདུལ»ལས“གཡས་ཀྱི་མདའ་མོ་དངུལ་ལྟོང་མ། ། གསེར་དང་གཡུ་ཡི་མདའ་མོ་གཉིས། ། ཤིང་མདའ་རྩི་ཐུང་གསུམ་པོ་འདི། །  ཀླུ་མདའ་རྩི་ཐུང་བཞི་པོ་འདི། ། དུང་མདའ་རྩི་ཐུང་ལྔ་པོ་འདི། ། དེ་རིང་མི་འཕེན་ཀ་མེད་རེད། ། ཁྱོད་ཉོན་དང་ཞུ་རྒྱུ་འདི་འདྲ་ཡོད། ། མདའ་དངུལ་ལྟོང་དགྲ་ལྷའི་ཐོག་ལ་འཕེན། ། མདའ་གསེར་ལྟོང་འདན་མའི་ཐོག་ལ་འཕེན། ། དུང་ལྟོང་སེང་སྟག་སྟེང་ལ་འཕེན། ། ཤིང་མདའ་ཤན་པའི་སྟེང་ལ་འཕེན། ། གཡུ་ལྟོང་འཛམ་གླིང་སྟེང་ལ་འཕེན། ། རྩི་ལྟོང་རྣམ་ཤེས་འཕེན་ལ་སོང་། ། མདའ་མགོ་མདེའི་ཡི་རྣམ་ཤེས་དྲོངས། །” 12ཞེས་གེ་སར་རྒྱལ་པོའི་གླུ་སོགས་ལས་མདའི་དབྱེ་བ་དང་རྒྱུ་ཆ་སོགས་གསལ་པོར་བཀོད་ཡོད་པ་བཞིན་དུ། དམངས་ཁྲོད་དུའང་མདའ་ཤིང་གི་སྒོ་ནས་མདའ་ལ་ལྕགས་མདའ་དང་། གསོམ་མདའ། སྐྱེར་མདའ། སྨྱུག་མདའ་སོགས་སུ་དབྱེ་བ་དང་། མདའ་སྒྲོའི་སྒོ་ནས་མདའ་ལ་རྒོད་སྒྲོ་མ་དང་། གླག་སྒྲོ་མ། འུག་སྒྲོ་མ། ཁྲ་སྒྲོ་མ་ཞེས་སུ་དབྱེ་བ། མདའི་ལྟོང་གི་སྒོ་ནས་མདའ་ལ་གསེར་ལྟོང་མ་དང་། དངུལ་ལྟོང་མ། ཤིང་ལྟོང་མ་སོགས་དབྱེ་བ་མང་པོ་ཡོད།
          གནའ་བོའི་ལྕགས་མདའ་དེ་རིགས་མཐོང་ཡུལ་དུ་མ་གྱུར་བས་གང་འདྲ་ཞིག་ཡིན་པ་མི་ཤེས། དེང་སྐབས་སྤྱོད་བཞིན་པའི་ལྕགས་མདའ་ནི་ལུས་རྩལ་བྱ་འགུལ་གྱི་སྐབས་སུ་སྤྱོད་པ་དེ་དམངས་ཁྲོད་དུ་དར་བ་ཡིན་པར་འདོད།  དེ་ནི་རྒྱུ་ལྕགས་ལས་གྲུབ་ཅིང་ཡང་ལ་མཉེན་འགུགས་ལྡན་ཞིང་འགྱིག་སྒྲོ་ལེབ་མོ་སུམ་བསྟོད་བྱས་ཡོད།  གསོམ་མདའ་ནི་འཛེར་བས་མ་བཟུང་བའི་གསོམ་ཤིང་གཞོགས་པ་ལས་བཟོས་པ་ཡིན།  བོད་ཁུལ་དུ་གསོམ་ཤིང་ནི་ཤིང་ལེགས་གྲས་སུ་བརྩི་སྟབས་སྔོན་ཆད་གསོན་མདའ་ནི་བོད་དུ་བཀོལ་སྤྱོད་བྱེད་པ་ཆེས་མང་བོ་ཡིན།  སྐྱེར་མདའ་ནི་མདའ་ཤིང་སྐྱེར་བ་ཡིན། སྐྱེར་བ་ནི་ལུས་ཧྲིལ་བོར་ཚེར་མས་གང་ཡོད་པས་ན་མདའ་བཟོ་དགོས་ཚེ་ངེས་པར་དུ་གསར་སྐྱེས་ཧ་ཅང་དྲང་ཞིང་མཉེན་པ་ཡིན་དགོས།  སྨྱུག་མདའ་ནི་ཤིང་གི་མདའི་ཁྲོད་དུ་དེང་སྐབས་བཀོལ་སྤྱོད་བྱེད་པ་ཆེས་མང་བ་དེ་ཡིན་ལ། དེ་ནི་ངེས་པར་དུ་སྨྱུག་མ་ཚིགས་དྲུག་ཅན་གྱིས་བཟོ་དགོས་པར་བཤད།
          མདའ་ཤིང་གི་རྒྱུ་ཆ་དེ་དག་ལ་རྒོད་ཀྱི་སྒྲོ་བསྟད་ཡོད་པ་ནི་རྒོད་སྒྲོ་མ་དང་།  གླག་སྒྲོ་བསྟད་ཡོད་པ་ནི་གླག་སྒྲོ་མ།  འུག་སྒྲོ་བསྟད་ཡོད་པ་ནི་འུག་སྒྲོ་མ། ཁྲ་སྒྲོ་བསྟད་ཡོད་པ་ནི་ཁྲ་སྒྲོ་མ་ཞེས་ཟེར་སྲོལ་ཡོད།  མདའ་ལ་སྒྲོ་དེ་དག་བསྟོད་སྲོལ་ཡོད་པ་ནི་དམངས་གླུ་ལས།  “ཁྲ་སྒྲོ་གླག་སྒྲོ་རྒོད་སྒྲོ་གསུམ། །  འདི་སྐྱེས་ས་མི་གཅིག་ཁ་ཁ་རེད། །  མདའ་ལི་མའི་འགོ་ནས་སྤུན་ཞིག་བསྒྲིགས། །”ཞེས་ལེན་སྲོལ་ཡོད་པ་ལས་ཤེས་ཐུབ་ལ།  སྒྲོ་དེ་དག་བསྟོད་པ་ནི་འདབ་ཆགས་དེ་ཚོས་འཕུར་རྩལ་གྱི་ཁྱད་ཆོས་ལ་བརྟེན་པ་ཡིན་ཏེ།  རྒོད་སྒྲོས་བསྟད་པའི་མདའ་ནི་རྒྱང་ཆོད་པ་དང་།  ཁྲ་སྒྲོས་བསྟད་པའི་མདའ་ནི་མྱུར་བ་དང་འཕུར་སྐྱེན་པ།  གླག་སྒྲོས་བསྟད་པའི་མདའ་ནི་ཤུགས་ཆེ་བར་བཤད་སྲོལ་ཡོད།  དེ་ཡང་གླིང་སྒྲུང་དུ་འུག་སྒྲོ་མ་ནི་གླིང་སེང་ཆེན་གྱིས་ཧོར་གུར་དཀར་བཀྲོངས་པའི་དུས་མཚན་མོར་སླེབས་པ་དང་ཉག་ཕྲན་ཀུན་གྱིས་གུར་དཀར་གསོད་པར་རྩོད་པ་བྱས་པ་དང་། མཐར་གླིང་སེང་ཆེན་གྱིས་འུག་སྒྲོ་མ་བཏང་ནས་བསད་པས་རྗེས་སུ་དེ་ལ་དྲན་གསོའི་ཚུལ་དུ་མདའ་མོར་འུག་སྒྲོ་བསྟོད་པ་རེད་ཅེས་པའི་བཤད་སྲོལ་ཞིག་གྲགས་ཤིང་།  དམངས་ཁྲོད་ངག་རྒྱུན་དུའང་དེ་འདྲའི་བཤད་སྲོལ་ཡོད། གང་ལྟར་བོད་ཡུལ་དུ་འུག་སྒྲོ་མའི་མདའ་འདི་ཅུང་དར་ཆེ།
          མདའི་ལྟོང་ལ་གསེར་དང་དངུལ།  གཡུ། དུང་། ཟངས། ལྕགས། ཤིང་སོགས་རྒྱུ་ཆ་སྣ་ཚོགས་ཀྱིས་བཟོ་སྲོལ་མཆིས་ཡང་དེང་སྐབས་རྒྱུགས་ཆེ་ཞིང་རྒྱུན་དུ་སྤྱོད་པ་ནི་ཤིང་གི་ལྟོང་ཡིན།  ལྕགས་མདར་འགྱིག་གི་ལྟོང་མ་གཏོགས་ཤིང་སོགས་བྱེད་སྲོལ་མེད་པར་འདོད།
          མདའ་ལ་རྒྱུ་ཆ་སོགས་ཀྱི་སྒོ་ནས་དབྱེ་བ་ལས་གཞན་ད་དུང་བྱེད་ལས་ཀྱི་སྒོ་ནས་འཕྲིན་མདའ་དང་དུག་མདའ། གཡང་མདའ། དམེ་མདའ། ཟོར་མདའ། ཚེ་མདའ། མདའ་མོ་སོགས་སུ་དབྱེ་ཆོག་སྟེ། འཕྲིན་མདའ་ནི་གླིང་གེ་སར་རྒྱལ་པོས་བདུད་ཡུལ་ནས་ཧོར་གུར་དཀར་རྒྱལ་པོར་ཕྱག་མདའ་ཐོག་རྒོད་འཕུར་ཤེས་བཏང་སྟེ་བཀའ་ལུང་བསྐུར་བ་སོགས་«གླིང་སྒྲུང་»ལས་མང་དུ་མཐོང་རྒྱུ་ཡོད་ལ། «དེབ་ཐེར་དཀར་བོ»ལས“དམག་བསྡུ་ཚེ་གསེར་གྱི་མདའ་ཚུན་བདུན་ཅན་ཞིག་སྔོན་དུ་རྫོངས། (དེང་སང་ཡང་དཔོན་ཁག་གཞུང་དོན་དུ་ཕྱོགས་ཐོན་སྐབས་མདའ་ཡིག་གཏོང་མུས། དམག་ཁྲིམས་བཙན་ཞིང་གོ་མཚོན་ཤིན་ཏུ་བཟང་།)” 13ཞེས་འཁོད་པ་ལས་མདའ་ནི་ཕན་ཚུན་བར་དུ་ཡི་གེ་སྐྱེལ་བྱེད་ཀྱི་ཕོ་ཉ་ལྟ་བུར་གྱུར་ཡོད།
          དུག་མདའ་ནི་མདེའུ་རྩེ་དང་སྒྲོ་ལ་དུག་རྫས་བྱུགས་ནས་བཟོས་པའི་མདའ་ཞིག་ཡིན་པར་གླིང་སྒྲུང་དུ་མཐོང་རྒྱུ་ཡོད་པ་དང་། སྔོན་དམག་འཁྲུག་གི་སྐབས་སུ་བཀོལ་རྒྱ་ཆེ་བའི་མཚོན་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། དེང་རབས་ཀྱི་དུག་རྫས་འཕུར་མདའ་དང་ཆ་འདྲ་བ་ཞིག་རེད་སྙམ།
          གཡང་མདའ་ནི་རྒྱུན་ལྡན་གྱི་རྩེད་མདའ་འམ་ཡང་ན་དེ་ལས་ཅུང་ཆེ་ལ་བཟོ་དབྱིབས་ལེགས་ཤིང་སྐེད་དུ་དར་ཚོན་སྣ་ལྔ་བཏགས་ཡོད་ཅིང་། ཁྱིམ་ཕུག་དང་ལབ་ཙེ་སོགས་ཀྱི་ཐོག་ཏུ་འཛུགས་པའི་སྲོལ་ཡོད་པ་དང་། གཡང་འབོད་ཀྱི་ཆོ་གའི་སྐབས་སུ་ཡང་དགོས་ཤིང་དེ་ནི་བཀྲ་ཤིས་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་ཞིག་ཡིན་པར་འདོད།
          དམེ་མདའ་ནི་མདའ་རྩེད་འགྲན་པའི་སྐབས་སུ་སྟབས་མ་ལེགས་པར་མི་ལ་ཕོག་ནས་རྨས་སྐྱོན་སོགས་ཀྱི་གནས་ཚུལ་བྱུང་ཚེ། བཙན་ཁང་དུ་བཞག་སྟེ་བཀོལ་སྤྱོད་མི་བྱེད་པའི་མདའ་དེའི་རིགས་ལ་ཟེར་བ་དང་། དེ་ནི་རྗེས་སུ་གནས་ཚུལ་དེ་འདྲ་མི་འབྱུང་བའི་སྔོན་འགོག་གི་རྟེན་འབྲེལ་ལམ་ཐབས་ལམ་ཞིག་ཡིན།
          ཟོར་མདའ་ནི་སྔོན་གྱི་དུས་སུ་གྲུབ་ཆེན་པའི་ཟོར་འཕེན་བྱེད་ཀྱི་ལག་ཆའི་བྱེ་བྲག་རས་ཐུམ་ནང་པད་ཁ་བསྒྲིལ་ཏེ་དེ་ལ་མཐུ་དང་སྔགས་བརྒྱབ་ནས་མེ་འབར་བཞིན་དུ་ཁ་གཏད་ཀྱི་སྒོ་འགྲམ་མམ་ཕྱོགས་ལ་འཕེན་སྲོལ་ཡོད་པའི་མདའ་ཞིག་ལ་ཟེར་ཞིང་། དེ་ནི་སྔོན་ཆད་དྲག་པོའི་ལས་ལ་སྤྱོད་པའི་གྲུབ་ཆེན་པ་དག་མ་གཏོགས་མི་ཕལ་བས་འཕེན་སྲོལ་མེད་པར་སྙམ།
          ཚེ་མདའ་ནི་མི་གང་ཞིག་ཚེ་ཟད་པ་ལ་རང་བཞིན་གྱིས་ཟད་པ་དང་བར་ཆད་ཀྱི་ཟད་པ་རིགས་གཉིས་སུ་ཡོད་པ་ལས། ཕྱི་མ་སྟེ་བར་ཆད་ཀྱིས་ཟད་པ་ལ་བླ་གཟའ་སྲོག་བླུའི་ཆོ་ག་བསྒྲུབས་ནས་ཚེ་བསྲིངས་བའི་ཚེ་བཀོལ་སྤྱོད་བྱེད་པ་ཞིག་ཡིན།
          མདའ་མོ་ནི་མོ་རྒྱག་སྐབས་སུ་བཀོལ་བའི་མོ་བའི་ལག་ཆའི་རིགས་ཤིག་ཡིན་ཞིང་། གླིང་སྒྲུང་དུ་ཧོར་གྱི་མོ་མ་དུང་མགོས་མདའ་དཀར་ནག་ཁྲ་གསུམ་གྱི་མོ་ལུང་ལ་བརྟེན་ནས་མོ་བརྒྱབ་པའི་ཚུལ་སོགས་མང་པོ་ཡོད་ཅིང་དུས་ད་ལྟ་འང་དམངས་ཁྲོད་དུ་གོམས་སྲོལ་དེ་དག་མཐོང་རྒྱུ་ཡོད།
          གཞུ་ལ་ཡང་དེ་བཟོ་བའི་རྒྱུ་ཆའི་སྒོ་ནས་དབྱེ་ན་རྭ་གཞུ་དང་ཤིང་གཞུ། ལྕགས་གཞུ་བཅས་གསུམ་ཡོད་པ་ལས། རྭ་གཞུ་ལ་ཤྭ་རྭ་དང་དགོ་རྭ། འབྲོང་རྭ་གསུམ་ཡོད་པ་དང་། རྭ་གཞུ་ཡིན་ན་གཞུ་ཐིག་ལ་རྣོ་སྐུད་ཕྲ་མོ་འམ་འབྲེང་བ་ཕྲ་མོ་རྒྱག་དགོས། དེ་ལ་དམངས་གླུའི་ཁྲོད“གཞུ་ཡ་མཆོག་ཤྭ་རྭ་དཀར་པོ་རེད། །  གཞུ་མ་མཆོག་འབྲོང་རྭ་སྨུག་པོ་རེད། །  གཞུ་ཐིག་ཟངས་སྐུད་ཕྲ་མོ་རེད། །  མདའ་ལི་མ་བསྟོད་རྒྱུ་རྒོད་སྒྲོ་རེད། །  མདའ་སིར་སྒྲ་གྲགས་ན་ཉམས་རེ་དགའ། ། ”ཞེས་དང་། “ཤྭ་རྭ་དགོ་རྭ་འབྲོང་རྭ་གསུམ། ། སྐྱེས་ས་མི་གཅིག་ཁ་ཁ་རེད། ། གཞུ་མཆོག་དཀར་ཁུག་ནས་སྤུན་ཞིག་བསྒྲིགས། ། ”ཞེས་དང་། “ཡང་འབྲོང་རྭ་སྨུག་པོ་གཞུ་ལ་བཀུག ། གཞུ་ཡ་མཆོག་སྲ་མོར་ཕ་འདང་བཞག ། གཞུ་མ་མཆོག་རྙི་མོར་མ་འདང་བཞག ། གཞུ་ཐིག་ཕྲ་མོར་སྤུན་འདང་བཞག །”ཅེས་པ་སོགས་ལས་ཀྱང་གསལ་པོར་རྟོགས་ཐུབ།
          ཤིང་གཞུ་ལ་ཡང་ཚ་རིའི་གཞུ། དྲ་མ་ལྡན་གྱི་གཞུ། སྨྱུག་གཞུ་སོགས་ཡོད་པར་བཤད་ལ། དེ་ནི་གནའ་བོའི་དུས་སུ་བཀོལ་སྤྱོད་ཀྱི་རྒྱ་ཧ་ཅང་ཆེ་སྲིད་ཀྱང་དེང་གི་དུས་སུ་བྱིས་པ་རྣམས་རྩེད་མོ་རྩེ་བའི་སྐབས་སུ་སྤྱོད་པ་ལས་དར་མ་རྣམས་ཀྱི་མདའ་རྩེད་སོགས་ཀྱི་སྐབས་སུ་སྤྱོད་སྲོལ་མེད།
          ལྕགས་གཞུ་ནི་དུས་སྔ་མོ་ཞིག་ནས་བོད་དུ་དར་ཁྱབ་ཆེ་བར་མངོན་ཏེ།  དེ་ཡང་དམངས་ཁྲོད་ཀྱི་ངག་རྒྱུན་དུ་ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་འུ་དུམ་བཙན་བཀྲོངས་བྱེད་ཀྱི་གཞུ་ནི་ལྕགས་གཞུ་ཡིན་པར་གྲགས་ལ། བཤད་རྒྱུན་དེ་ཉིད་བདེན་དུ་མཆིས་ན་བོད་ཀྱི་ལྕགས་ག་གཞུ་ནི་བཙན་པོའི་སྐབས་སུ་དར་ཁྱབ་ཆེ་བར་ངོས་འཛིན་བྱས་ཆོག དེང་གི་ལྕགས་གཞུ་ནི་ཚན་རིག་ལག་རྩལ་གོང་དུ་འཕེལ་བ་དང་བསྟུན་ནས་འདྲ་མིན་མང་བོ་ཡོད་ཀྱང་བྱེ་བྲག་བོད་སྐད་དུ་ལྕགས་གཞུ་ཞེས་སྤྱི་མིང་ཙམ་ལས་ཐ་དད་ཀྱི་མིང་མེད་པར་སྣང་། དེང་རབས་ཀྱི་ལྕགས་གཞུ་ནི་རྒྱུ་ལྕགས་ལས་གྲུབ་པ་ཡིན། དེར་མིག་སྔར་ངས་མཐོང་བ་ནི་རིགས་གཉིས་ཡོད་པ་ལས་གཅིག་ནི་རྭ་གཞུ་ཤིང་གཞུ་སོགས་དང་དབྱིབས་ཕལ་ཆེར་འདྲ་ཞིང་།  གཅིག་ནི་ལུས་རྩལ་བྱ་འགུལ་ཁྲོད་ཆེད་དུ་བཀོལ་བཞིན་པའི་གཞུ་དེ་རེད།  དེར་གཞུའི་སྣེ་མོ་གཉིས་ན་འཁོར་ལོ་ཡོད་ཅིང་གྲུབ་ཚུལ་ཡང་ཅུང་རྙོག་འཛིང་ཅན་ཞིག་ཏུ་སྣང་།
མཇུག་བསྡུ་བའི་གཏམ།
          དེ་ཡང་མི་རིགས་གཞན་གྱི་མདའ་གཞུའི་བྱུང་བ་བརྗོད་དུས་གདོད་མའི་སྤྱི་ཚོགས་ལ་གཏུགས་པ་བཞིན་དུ་བོད་ཀྱི་མདའ་གཞུའི་བྱུང་བ་ཡང་གདོད་མའི་སྤྱི་ཚོགས་ལ་གཏུགས་དགོས་པར་སེམས། གང་ལེགས་ཤེ་ན། འགྲོ་བ་མི་རིགས་ཀྱི་གདོད་མའི་འཚོ་བ་རོལ་སྟངས་ནི་ཡོངས་སུ་མཐུན་པས་དེ་ལྟར་བརྗོད་ཆོག་པར་སྙམ། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མདའ་གཞུའི་རྣམ་གྲངས་དང་བཟོ་དབྱིབས། དེ་བཞིན་ནུས་པ་སོགས་ཀྱི་ཐད་ལའང་རིམ་བཞིན་འགྱུར་བ་ཕྱིན་ཡོད་པ་ནི་ང་ཚོས་རིགས་པས་དེད་ཆོག་ལ། དོན་དངོས་ལས་ཀྱང་ཤེས་རྟོགས་བྱུང་ཐུབ། མདའ་གཞུ་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས་བོད་གདོད་མའི་དུས་ཀྱི་རི་དྭགས་རྔོན་པའི་རིག་གནས་དང་། བཙན་པོའི་དུས་ཀྱི་དམག་དོན། དེང་གི་དུས་ཀྱི་མདའ་རྩེད་སོགས་ལ་ཡང་ཞིབ་འཇུག་བྱེད་པར་རིན་ཐང་ངེས་ཅན་ཞིག་ལྡན་པར་མ་ཟད། ད་དུང་བོད་ཀྱི་ཐུན་མོང་མ་ཡིན་པའི་བཟོ་རྩལ་དང་མཛེས་དཔྱོད་ཀྱི་ལྟ་བ། བོད་མིའི་འགྲན་རྩོད་ཀྱི་སེམས་ཁམས་སོགས་ལ་ཡང་ཞིབ་འཇུག་བྱེད་པར་དོན་སྙིང་ངེས་ཅན་ཞིག་ལྡན་པར་སྙམ། སྤྱིར་ན་མདའ་གཞུ་ནི་རོང་འབྲོག་དང་མཐའ་དབུས་ཀྱི་ཁྱད་པར་གང་ཡང་མེད་པར་བོད་ཁམས་ཀུན་ལ་དར་རྒྱས་ཆེ་བའི་རིག་གནས་གལ་ཆེན་ཞིག་ཡིན་མོད། ད་ལྟའི་དུས་སུ་བོད་ཀྱི་རོང་ཁུལ་མ་གཏོགས་འབྲོག་ཁུལ་དུ་མི་དར་བ་དང་། མཐའ་མཚམས་ས་ཁུལ་མ་གཏོགས་ཡུལ་དབུས་སུ་མ་དར་བའི་རྒྱུ་རྐྱེན་གང་ཡིན་གྱི་ཐད་ལ་ཞིབ་འཇུག་བྱས་ཡོད་པ་ཞིག་མཐོང་ཆོས་སུ་མ་གྱུར་པས། ཕྱིས་འབྱུང་གི་མཁས་པ་རྣམས་ཀྱིས་དེའི་ཕྱོགས་སུ་ཞིབ་འཇུག་བྱ་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་།
          ཁོ་མོ་ནི་རིག་པའི་རྨང་གཞི་ཞན་ཞིང་ཤེས་རྒྱ་དང་མཐོང་རྒྱ་ཆུང་བ། རྩོམ་ཡིག་འབྲི་བའི་ཉམས་མྱོང་མེད་པ་བཅས་ཀྱི་དབང་གིས་འདིར་འབྲི་ཁུལ་བགྱིས་པའི་རྩོམ་ཡིག་འདིའི་ནང་དུ་ཚིག་སྐྱོན་དང་། དོན་སྐྱོན། བསྐྱར་ཟློས་བྱས་པ་སོགས་ཀྱི་སྐྱོན་ཆ་མི་ཉུང་བ་ཞིག་ལྡན་ངེས་པས་ན།  གཟུར་གནས་དཔྱོད་ལྡན་དག་གིས་དགོངས་འཆར་ལྷུག་པོར་སྩོལ་བའི་རེ་བ་ཞུའོ། །
ལུང་ཁུངས།
     1«བཀའ་ཆེམས་ཀ་ཁོལ་མ»། ཇོ་བོ་རྗེ་ཨ་ཏི་ཤས་གཏེར་ནས་བཏོན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༧ལོའི་ཟླ༩པར་པར་ཐེངས་དང་པོ་དཔར་པའི་ཤོག་གྲངས་༥༠སྟེང་གསལ།
     2«བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ»། རྡོ་རོང་ཚེ་རིང་དོན་གྲུབ་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༡ལོར་པར་དུ་བསྐྲུན་པའི་ཤོག་གྲངས་༨༥༨སྟེང་གསལ།
     3«ལྡེའུ་ཆོས་འབྱུང་རྒྱས་པ»། མཁས་པ་ལྡེའུ་ཡིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༡༩༨༧ལོའི་ཟླ༦པར་པར་ཐེངས་དང་པོ་དཔར། ཤོག་གྲངས༢༢༤སྟེང་གསལ།
     4«ཆོས་འབྱུང་མཁས་པའི་དགའ་སྟོན»། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོའི་ཟླ༡པོར་པེ་ཅིན་དུ་པར་ཐེངས་དང་པོ་དཔར། ཤོག་གྲངས༨༢སྟེང་གསལ།
     5«བཀའ་ཐང་སྡེ་ལྔ»། གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན།  རྡོ་རྗེ་རྒྱལ་བོས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས༡༩༨༦ལོའི་ཟླ་བཅུ་གཉིས་པར་པེ་ཅིན་དུ་པར་ཐེངས་དང་པོ་དཔར། ཤོག་གྲངས༡༡༣སྟེང་གསལ།
     6 «གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས»། དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༡༩༨༨ལོར་པར་དུ་བསྐྲུན། ཤོག་གྲངས༨༢སྟེང་གསལ།
     7,13«དེབ་ཐེར་དཀར་བོ»། དགེ་འདུན་ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༧ལོའི་ཟླ༡པོར་པེ་ཅིན་དུ་པར་ཐེངས་བཞི་བ་དཔར། རིམ་བཞིན་ཤོག་གྲངས༣༨ནས༤༥པ་དང༤༦སྟེང་གསལ།
     8,9«ཧོར་གླིང་གཡུལ་འགྱེད»། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༠ལོར་པར་དུ་བསྐྲུན། ཤོག་གྲངས༧༨པ་དང༣༩༨སྟེང་གསལ།
     10«དུངད་དཀར་ཚིག་མཛོད»། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༢ལོར་པར་དུ་བསྐྲུན། ཤོག་གྲངས༡༡༣༦སྟེང་གསལ།
     11«བྱེ་རིའི་བྱུར་རྫོང»། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༣ལོར་པར་དུ་བསྐྲུན། ཤོག་གྲངས༡༧༢སྟེང་གསལ།
     12«འཇང་འདུལ»། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༩ལོའི་ཟླ༡༢པར་པར་ཐེངས་དང་པོ་དཔར། ཤོག་གྲངས༧༢སྟེང་གསལ།