གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

ཙོང་ཁ་རྒྱལ་རབས་ཀྱི་བྱུང་བ་དང་མཐའ་བཞིའི་འབྲེལ་བའི་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2018-09-06 ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ། ཚེ་རིང་དོན་གྲུབ།
དང་པོ། ཙོང་ཁ་རྒྱལ་རབས་ཀྱི་བྱུང་བ་བཤད་པ།
         ཁྲི་ལྡེའི་སྲས་ལྷ་རྒྱལ་བའམ་ཁྲི་གནམ་ལྡེ་དབོན་བཙན་པོ་ནི་ཙོང་ཁ་རྒྱལ་རྒྱུད་ཀྱི་སྲིད་དབང་གི་བཙན་པོའམ་རྒྱལ་ཐོག་དང་པོར་བགྲང་དགོས་ཤིང་། རྒྱའི་ཡིག་ཚང་གཞིར་བཟུང་ན། ཁོང་ནི་སྤྱི་ལོ་997ལོར་སྟོད་མངའ་རིས་ཀྱི་མང་ཡུལ་དུ་སྐུ་འཁྲུངས་པ་དང་། སུམ་པའི་རྒོད་ཚང་མི་ཉག་གི་ཡུལ་དུ་འཁྲུངས་པ། བསམ་ཡས་སུ་འཁྲུངས་པ་སོགས་བཞེད་ཚུལ་མི་མཐུན་པ་མང་། རྒྱལ་སྲས་ལགས་ཙོང་ཁའི་སྲིད་ལ་ཞུགས་པའི་སྐབས་དེར།བྱང་ཕྱོགས་ལྡོང་མི་ཉག་གིས་ཀན་ཅུའི་ཡུ་གུར་བཏུལ་ཞིང་། སྔ་མོའི་དར་གོས་ཚོང་ལམ་གྱི་ཀ་ཀྲོའུ་དང་། ཧྲ་ཀྲོའུ། ཀན་ཅུ། ལེང་ཅུ་སོགས་ཡོངས་སུ་དབང་དུ་བསྡུས་ནས་ནུབ་ཕྱོགས་ཀྱི་ཙོང་ཁའི་སྲིད་དབང་ལ་དམག་གཏད་པ་རེད། སྤྱི་ལོ1035ལོར་མི་ཉག་གིས་མཛོ་མོ་མཁར་ལ་དམག་མི་ཁྲི་གཉིས་དང་ལྔ་སྟོང་ཙམ་དྲངས་ནས་རྒོལ་བ་རྒྱལ་སྲས་ལགས་ཀྱིས་ཕམ་པར་བྱས་མོད། མི་ཉག་རྒྱལ་པོ་ལི་ཡོན་ཧོ་ཡིས་དེའི་དཔུང་རོགས་སུ་དམག་བཏང་སྟེ་མཛོ་མོ་མཁར་བཟུང་ཞིང་གྱི་ཐང་སོགས་ལ་རྒོལ་མགོ་བརྩམས། ཟླ་བ་འགའི་དྲག་འཐབ་ཀྱི་ཁྲོད་ནས་ཙོང་ཁ་རྒྱལ་པོར་རྒྱལ་ཁ་འཐོབ། དམག་འཁྲུག་འདིའི་རྒྱལ་ཁ་ནི་ཙོང་ཁ་རྒྱལ་རབས་ཀྱི་ཆེས་འགག་རྩའི་དུས་སྐབས་སུ་འཐོབ་པའི་རྒྱལ་ཁ་ཞིག་ཡིན་ལ། དུས་དེ་ནས་རྒྱལ་སྲས་ལགས་ཀྱིས་དབུ་ཁྲིད་པའི་ཙོང་ཁ་རྒྱལ་རབས་མཐོ་སྒང་ཤར་རྒྱུད་ཀྱི་སྲིད་སྟེགས་སུ་སླེབ་པ་རེད།
གཉིས་པ། ཙོང་ཁ་རྒྱལ་རབས་དང་མཐའ་བཞིའི་འབྲེལ་བ་བཤད་པ།
1. ཡུ་གུར་དང་འབྲེལ་བ་བྱུང་བའི་སྐོར།
         སྤྱི་ལོ་1035ལོའི་ཙོང་ཁའི་གཡུལ་འགྱེད་ཀྱི་ཡར་སྔོན་དུ། ལྷ་རྒྱལ་བའམ་རྒྱལ་སྲས་ལགས་ནི་སྔ་ཕྱིར་ཙོང་ཁའི་བཙུན་པ་ཀླུ་བརྩེགས་དང་མའོ་ཁྲོན་གྱི་བོན་པོ་ཆེ་ཡིས་བེད་སྤྱོད་ཀྱི་ལག་ཆ་ལྟ་བུར་གནས་ཡོད་པ་ལས་རང་ཚུགས་རང་བདག་གི་སྲིད་སྐྱོང་དཀའ་བའི་གནས་སུ་གྱར་ཡོད་ཀྱང་། ཁོང་ཉིད་འོ་ལྡེ་སྤུ་རྒྱལ་གྱི་གདུང་རྒྱུད་ཡིན་པས་བཙུན་པ་ཀླུ་བརྩེགས་དང་བོན་པོ་ཆེ་ནི་བློན་པོ་དང་རྒྱལ་སྲས་ལགས་ལ་བཙན་པོའི་མཚན་གྱི་གདགས་ཡུལ་དུ་གྱུར་ཡོད། སྤྱི་ལོ་1009ནས་1025བར་བཙུན་པ་ཀླུ་བརྩེགས་དང་མཉམ་དུ་སྲིད་ལ་ཞུགས་པའི་དུས་སྐབས་སུ་རྒྱལ་སྲས་ལགས་ནི་བཙུན་པ་ཀླུ་བརྩེགས་ཀྱི་ཆབ་སྲིད་དམིགས་ཡུལ་མངོན་དུ་འགྱུར་བའི་ལག་ཆར་གྱུར་ཡོད་སྟབས་སྔ་ཕྱིར་རང་ཉིད་ཀྱི་བུ་མོ་གཉིས་ཀ་རྒྱལ་སྲས་ལགས་ལ་ཕུལ་ཞིང་། བྱང་ཕྱོགས་ཀྱི་ཡུ་གུར་དང་མཉམ་འབྲེལ་གྱིས་སུང་བྱང་མར་རྒོལ་བའི་ཕྱིར་དུ་རྒྱལ་སྲས་ལགས་ལ་ཡུ་གུར་གྱི་བཙུན་མོ་ཞིག་ཁབ་ཏུ་བསུ་བའི་ཆབ་སྲིད་ཀྱི་འཐབ་ཇུས་སྤེལ། ཡིན་ཡང་། ཡུ་གུར་བས་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་ལ་གཞིགས་ཏེ་དེ་ཉིད་དང་ལེན་མ་བྱས་པས། ཀླུ་བརྩེགས་ཀྱིས་སུང་བྱང་མས་ཡུ་གུར་དུ་མངགས་པའི་ཕོ་ཉ་བཀག་ཅིང་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་བཅད་པའི་གནས་ཚུལ་བྱུང་ཡོད་ལ། དེ་དང་བསྟུན་ནས་སུང་བྱང་མའི་མཐའི་དཔོན་རིགས་ལ་མུ་མཐུད་དུ་ནུབ་ཕྱོགས་སུ་དམག་གཏོང་མི་འོས་པའི་བརྡ་སྤྲད་ཡོད།ཡིན་ཡང་རྒྱའི་ལོ་རྒྱུས་དེབ་ཐེར་ཁ་ཤས་སུ་ཡུ་གུར་བའི་བློན་ཆེན་མོའོ་ཀུའུ་ཡི་སྲས་མོ་བོད་ལ་གནང་བའི་ཡི་གེ་ཡང་ཡོད་པར་བཤད།
         རྒྱལ་སྲས་ལགས་སམ་ལྷ་རྒྱལ་བ་ཉིད་ནི་སྤྱི་ལོ་1065ལོར་གྲོངས་ཤིང་། སྐབས་དེ་ནི་བྱང་ཕྱོགས་མི་ཉག་དང་། ཤར་ཕྱོགས་སུང་བྱང་མ་སོགས་གང་ཡིན་ཡང་སྲིད་ཀྱི་ཁམས་མཐའ་བསྐྱེད་པའི་དུས་སྐབས་ཤིག་ཏུ་འཁེལ་ཡོད། ལོ་དེར་རང་ལོ་སོ་བཞིར་སོན་པའི་དར་ལྡེ་བཙན་ཙོང་ཁའི་བཙན་པོའི་ཁྲི་ལ་བཀོད་ཅིང་། མི་ཉག་དང་སུང་བྱང་མ། ཁྲི་བརྟན་སོགས་ལ་འབྲེལ་ལམ་བཙུགས་ཏེ་རང་ཉིད་ཀྱི་སྲིད་དབང་སྐྱོང་བའི་ལས་ལ་ཞུགས། ཡིན་ཡང་། སྤྱི་ལོ་1072ནས་1073བར་དུ་སུང་བྱང་མས་རྨ་ཆུའི་ལྷོ་རྒྱུད་དུ་དཔུང་བཏེགས་ཤིང་ཙོང་ཁ་རྒྱལ་པོའི་མངའ་ཞབས་སུ་གཏོགས་པའི་ཀ་ཅུ་དང་། ཞི་ཅུ། རྨེ་ཅུ། ཐོ་ཅུ་སོགས་སུ་དམག་འཁྲུག་གི་དུད་རྡུལ་ཀུན་ནས་བསླངས་པས། དམག་དཔོན་ཆེན་མོ་འགོས་ཚང་སོགས་ཀྱིས་སུང་བྱང་མར་ངོ་རྒོལ་དང་རང་ས་སྲུང་སྐྱོབ་ཀྱི་དྲག་འཐབ་མུ་མཐུད་དུ་སྤེལ། དུས་སྐབས་འདི་ཙམ་ལ། དར་ལྡེ་བཙན་གྱིས་རང་ཉིད་ཀྱི་སྲས་གཅིག་པུ་དར་མ་ལྡེ་ལ་མི་ཉག་དང་། ཡུ་གུར་གྱི་བཙུན་མོ་བསུས་ཡོད། ཡིན་ཡང་སྲས་དར་མ་ལྡེ་ཉིད་ཡབ་ཀྱི་སྔོན་ལ་གྲོངས་ཤིང་། ཙོང་ཁའི་སྲིད་ཁྲི་མ་དབང་བས་བཙུན་མོ་འདི་ཉིད་ག་དུས་བསུས་པ་དང་། མཚན་ལ་ཅི་ཟེར་བ་སོགས་ཡིག་ཚང་དུ་བཀོད་པ་ཤིན་ཏུ་ཉུང་བས་ད་ལྟའི་བར་མཇལ་བ་མ་བྱུང་མོད། སྤྱི་1072ལོའི་ཕྱིས་སུ་ཙོང་ཁ་རྒྱལ་རབས་དང་སུང་བྱང་མའི་བར་དུ་དམག་འཁྲུག་གི་དུད་རྡུལ་འཕྱུར་བའི་དུས་སྐབས་ཤིག་ཡིན་པར་ཚོད་དཔག་བྱས་ཆོག
2.མི་ཉག་དང་འབྲེལ་བ་བྱུང་བའི་སྐོར།
         དུས་རབས་བཅུ་གཅིག་པའི་ལོ་རབས་སུམ་ཅུ་བར་ཙོང་ཁ་རྒྱལ་པོས་རང་ཚུགས་ཀྱིས་སྲིད་སྐྱོང་མགོ་ཚུགས་པའི་ཚེ་ན་ཡང་མི་ཉག་གི་འཐབ་ཇུས་ལ་འགྱུར་ལྡོག་མེད་པས་འགལ་བ་མེ་ཆུ་ཁ་སྤྲོད་ཀྱི་ཚུལ་དུ་ཆགས་ཡོད། སྤྱི་ལོ་1032ནས་1065བར་དུ་ཙོང་ཁ་རྒྱལ་རབས་ཀྱི་ཕྱིའི་འགལ་བ་གཙོ་བོ་ནི་མི་ཉག་གིས་ནུབ་ཕྱོགས་སུ་རྒྱ་བསྐྱེད་པའི་ཁ་གཏད་གཞལ་རྒྱུ་དེ་ཡིན། སྤྱི་ལོ་1035ལོར་མི་ཉག་གི་རྒྱལ་པོ་ལི་ཡོན་ཧོ་ཡིས་དམག་མི་ཉིས་ཁྲི་ལྔ་སྟོང་ཙམ་གྱི་དཔུང་བཏེགས་ནས་གྱི་ཐང་མཁར་ལ་སོགས་འཛིན་པར་བརྩམ་པ་ཉིད་ཕྱིར་ཟློག དེ་ནས་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལ་རྒྱལ་རབས་གཉིས་ཀྱི་བར་ལ་གཡུལ་གྱི་མེ་ལྕེ་ས་གཞི་འཚིག་པ་ལྟ་བུའམ་དུས་ཀྱི་བདེ་འཇགས་ཆེས་ཆེར་དཀྲོགས་པ་ལྟ་བུ་མ་བྱུང་མོད་མཐའི་མཚམས་སུ་མི་གསོད་རྒྱུ་འཕྲོག་དང་གཡུལ་ས་ཆུང་ངུ་མང་དུ་བྱུང་བའི་གནས་ཚུལ་འདུག་པས་མཐུན་ལམ་གདིང་བའི་གླགས་མེད་པར་གྱུར་ཞིང་། སྤྱི་ལོ་1065ལོ་ནས་སུང་བྱང་མས་ནུབ་འདུལ་སྲིད་བྱུས་ཤིག་སྟེ། མི་ཉག་གི་སྲིད་བརླག་པར་ཙོང་ཁ་རྒྱལ་རབས་ཉིད་ཐོག་མར་བཅོམ་དགོས་པའི་འཐབ་ཇུས་ལག་ཏུ་བསྟར་ཞིང་། རྨ་ཆུའི་ལྷོ་རྒྱུད་ཀྱི་མངའ་རིས་རྒྱ་ཆེན་པོར་སུང་དམག་གི་མཁར་བརྩིགས་ནས་ནང་དཀྲུགས་ཕྱི་འཇོམས་ཀྱིས་དུས་མི་བདེ་བར་གྱུར་བས། ཙོང་ཁ་རྒྱལ་རབས་ཀྱི་ཕྱི་འབྲེལ་སྲིད་ཇུས་ལའང་འགྱུར་ལྡོག་བྱུང་སྟེ་མི་ཉག་དང་མཉམ་འབྲེལ་གྱིས་སུང་བྱང་མར་རྒོལ་བའི་མགོ་བརྩམས།
        སྤྱི་ལོ་1065ལོ་ནི་ཆེས་དམིགས་བསལ་བའི་ལོ་རྒྱུས་ཀྱི་དབྱེ་མཚམས་ཤིག་ཡིན་ཏེ། ཙོང་ཁ་རྒྱལ་རབས་ཀྱི་ཤར་ལྷོའི་མཐའ་མཚམས་དང་འགལ་བ་མང་དུ་ཕྱིན་ཏེ་མཐར་སྤྱི་ལོ་1072ལོ་ནས་ཛ་དྲག་གི་འགལ་བ་བྱུང་བས་གཡུལ་གྱི་གོ་མཚོན་ཡང་ཁ་སྤྲོད་དགོས་པར་གྱུར་བའི་གནས་སྟངས་འོག 1072ལོར་རྒྱལ་སྲས་དར་མ་ལྡེ་ལ་མི་ཉག་པིན་ཁྲང་རྒྱལ་པོའི་གཅུང་མོ་ཁབ་ཏུ་བསུས་ནས་མཐུན་ལམ་བཙུགས།ཡིན་ཡང་དར་ལྡེ་བཙན་དང་བློན་འགོས་ཚང་སོགས་ཀྱིས་སྤྱི་ལོ་1074ལོ་ནས་སུང་བྱང་མར་རྒོལ་བའི་འཐབ་རྩོད་དྲག་ཏུ་སྤེལ་ཡོད་ལ། མི་ཉག་གིས་ཀྱང་སུང་བྱང་མར་གཡུལ་གྱི་སྦྱོར་བ་བཤམས་ཡོད་མོད་དེ་གཉིས་ཀ་མཉམ་འབྲེལ་གྱིས་སུང་བྱང་མར་རྒོལ་བའི་སྣང་ཚུལ་མི་འདུག་ལ། ལྷག་དོན་སྤྱི་ལོ་1081ལོར་མི་ཉག་ནང་ཁུལ་དུ་འགལ་བ་བྱུང་ཞིང་། རྒྱལ་པོ་པིན་ཁྲང་བཙོན་དུ་ཚུད་པས་མི་ཉག་བཟའི་ཆབ་སྲིད་ཀྱི་ཕན་འབྲས་ཉམས་པར་ཚོད་དཔག་བྱ་ཆོག
        སྤྱི་ལོ1087ལོར་བཙན་པོ་ཨ་རྒོད་ཀྱིས་མི་ཉག་དང་མཉམ་འབྲེལ་སྒོས་སུང་བྱང་མར་དམག་བཏེགས་ཏེ་རང་ས་སླར་གསོར་བརྩོན་ཡོད་མོད་ཀྱང་ཙོང་ཁའི་དམག་སྤྱི་འགོས་ཚང་སོགས་སུང་གིས་བཟུང་ཞིང་གསབ་ཏུ་མེད་པའི་གོད་ཆག་ཐེབས། དེའི་ཕྱི་ལོ་སླར་ཡང་སུང་བྱང་མ་དང་མཐུན་ལམ་བཙུགས་ཤིང་། ཕྱིས་སྤྱི་ལོ1092མི་ཉག་གིས་གཉེན་འབྲེལ་གྱི་རེ་བ་བཏོན་པ་དང་ལེན་བྱས་མེད། དེ་ནས་སུང་བྱང་མའི་གོང་མ་སུང་ཀྲེ་ཙུང་གིས་སླར་ཡང་ནུབ་འདུལ་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ་ཙོང་ཆུའི་རྒྱུད་དུ་གཡུལ་བཤམས་པས་རང་ས་ཤོར་བའི་བཙན་པོ་དག་གིས་སྔ་རྗེས་སུ་སུང་ལ་མགོ་བཏགས་ཤིང་། ཙོང་ཁ་རྒྱལ་རབས་ཀྱི་ཆེས་མཐའ་མའི་བཙན་པོ་ཤེས་རབ་ལུང་བཙན་ནམ་ལུང་བཙན་ཆུང་བ་མི་ཉག་ཏུ་བྲོས་ཤིང་། མི་ཉག་གིས་ཁོར་རང་སྲིད་བསྐྱར་གསོའི་རོགས་རམ་བྱས་ཡོད་ཀྱང་དུས་སྐབས་འདི་ནས་འོ་ལྡེ་སྤུ་རྒྱལ་བའི་གདུང་རབས་ལས་གྱེས་པའི་ཁྲི་ལྡེའི་རྒྱུད་ཀྱི་རྒྱལ་རབས་དེའི་གཅིག་གྱུར་གྱི་ཆབ་སྲིད་སླར་ཡང་འཕེལ་བའི་རྔོ་མ་ཐོགས་པར་སྲན་ཕུང་གྱང་ལ་གཏོར་བའི་དཔེ་རུ་གྱུར་བ་རེད།
3.སུང་བྱང་མ་དང་འབྲེལ་བ་བྱུང་ཚུལ།
        ཙོང་ཁའི་བཙན་པོ་ལྷ་རྒྱལ་བའམ་རྒྱལ་སྲས་ནི་1008ལོ་ནས་1032བར་དུ་སྔ་ཕྱིར་བཙུན་པ་ཀླུ་བརྩེགས་དང་བོན་པོ་ཆེ་སོགས་ལ་མཉམ་འབྲེལ་གྱིས་རྨ་ཆུ་དང་ཙོང་ཆུའི་རྒྱུད་དུ་སྲིད་ལ་ཞུགས་ཤིང་། སྐབས་དེ་ཤེད་དུ་སུང་གིས་སྔ་ཕྱིར་ཁོང་ལ་མཚན་གནས་བསྩལ་ཡོད་ལ། ཙོང་ཁ་རྒྱལ་རབས་ཀྱི་དཔོན་རིགས་དག་གིས་ཀྱང་སུང་བྱང་མའི་གོང་མར་སྐྱེས་བཏེགས་ཏེ་གཅིག་ནས་དཔལ་འབྱོར་འཚོལ་སྒྲུབ་དང་གཉིས་ནས་མཛའ་མཐུན་གྱི་འབྲེལ་བར་ཤུགས་བསྣན་ཡོད། ཙོང་ཁ་རྒྱལ་པོའི་སུང་དང་མཉམ་འབྲེལ་གྱིས་མི་ཉག་ལ་རྒོལ་བའི་རེ་བ་སུང་བྱང་མས་དང་ལེན་མ་བྱས་ལ། 1016ལོའི་ཟླ3པར་བཙུན་པ་ཀླུ་བརྩེགས་ཀྱིས་རང་ཉིད་ཀྱི་བཙན་པོའི་མཚན་གནས་ལ་སུང་བྱང་མས་ཁས་ལེན་འཐོབ་པའི་རེ་བ་ཞུས་ཀྱང་འདོད་དོན་མ་འགྲུབ་པས་རྨ་ཆུའི་ལྷོ་རྒྱུད་དང་སུང་རྒྱལ་རབས་བྱང་མ་དང་སུམ་མདོའི་དམག་འཁྲུག་བྱུང་ཡོད།
        སྤྱི་1065ལོར་ལྷ་རྒྱལ་བ་ལགས་གྲོངས་ཤིང་སྲས་དར་ལྡེ་བཙན་ཙོང་ཁ་རྒྱལ་རབས་ཀྱི་སྲིད་ཁྲིར་ཕེབས། དུས་སྐབས་དེ་དང་མཚུངས་པར་ཙོང་ཁའི་ཆབ་སྲིད་པས་ཆེས་དོ་སྣང་བྱ་དགོས་པའི་མི་ཉག་དང་སུང་རྒྱལ་རབས་བྱང་མ་གཉིས་ཀྱི་གོང་མར་ཡང་འགྱུར་ལྡོག་བྱུང་ཡོད། དེ་ནི་རྒྱལ་རབས་གསུམ་གྱི་འགྱུར་སྐྱེན་པའི་ཕྱི་འབྲེལ་ལ་སྔར་ལས་ཀྱང་གཏན་འཇགས་མིན་པའི་རྣམ་པ་ཞིག་ཆགས་ཤིང་། སུང་བྱང་མའི་གོང་མ་སུང་ཧྲིན་ཙུང་གིས་སྔ་མའི་ལྟོས་བཅས་ཀྱིས་བག་འཁུམ་པའི་ཆབ་སྲིད་འཐབ་ཇུས་ལ་འགྱུར་བ་བཏང་བ་མ་ཟད། ཝང་ཨན་ཧྲི་ཡིས་མཚོན་པའི་ལུགས་བསྒྱུར་ཕྱོགས་ཁག་གི་དཔོན་རིགས་ཀྱི་བེད་བཏོན་ནས་རྨ་ཆུའི་ལྷོ་རྒྱུད་ཀྱི་རྨེ་ཅུ་དང་། ཐེ་ཅུ། ཐོ་ཅུ། ཞི་ཅུ། ཀ་ཅུ་སོགས་བདག་བཟུང་གིས་མི་ཉག་ལ་རྒོལ་བའི་སྦྱོར་བ་བརྩམས།དེ་ནི་ཙོང་ཁ་རྒྱལ་རབས་ལ་མཚོན་ན་གོད་ཆག་ཅིག་གི་སྔ་ལྟས་ཡིན་པས། དེ་ལྟ་བུའི་གནས་བབ་ལས་ཐར་དགོས་ན་གཅིག་ནས་རང་ཉིད་ཀྱི་སྟོབས་ཤུགས་ཆིག་སྒྲིལ་གྱིས་སུང་བྱང་མའི་དམག་དཔུང་འགོག་དགོས་ལ། གཉིས་ནས་བྱང་ཤར་གྱི་མི་ཉག་ལ་མཐུན་ལམ་མི་འཛུགས་ཐབས་མེད་དུ་ཆགས་ཡོད། དེ་བས་ཙོང་ཁ་རྒྱལ་བོ་དར་ལྡེ་བཙན་གྱིས་གཅིག་ནས་ཀ་ཅུའི་བློན་མུ་འབྲུག་དང་། བློན་འགོས་ཚང་སོགས་ཀྱིས་དཔུང་ཚན་ཆེན་པོ་བཏེགས་ནས་ཞི་ཅུའི་ཐ་པེ་གྲོང་ནས་སུང་བྱང་མའི་ཞི་དྲག་ཟུང་སྦྲེལ་གྱི་སིམ་འཛུལ་ལ་རྒོལ་བའི་གཡུལ་བཀྱེས་པ་དང་། གཉིས་ནས་རང་གི་སྲས་དར་མ་ལྡེ་ལ་ཕྱོགས་ཀྱི་བཙུན་མོ་བསུས་མོད་རང་ཉིད་ལ་ཕན་པའི་གྲུབ་འབྲས་ལོན་དཀའ་པར་གྱུར་བས་སླར་ཡང་སུང་བྱང་མ་དང་མཐུན་ལམ་བཙུགས།
        དར་ལྡེ་ཙན་1083ལོར་གྲོངས་རྗེས་ཙོང་ཁའི་སྲིད་ཁྲི་ནི་ཨ་རྒོད་ལ་དབང་བར་གྱུར་ཅིང་། རང་ཉིད་ཀྱི་སྟོབས་ཤུགས་དང་ཤེ་མོང་ལ་བརྟེན་ནས་1073ལོ་ནས་སུང་བྱང་མས་འཕྲོག་པའི་མངའ་རིས་སླར་གསོའི་འཐབ་ཇུས་བཀོད་དེ། མི་ཉག་དང་མཛའ་འབྲེལ་སླར་གསོས་པ་དང་། སྤྱི་ལོ་1087ལོ་ཡས་མས་སུ་རྨ་ཆུའི་ལྷོ་རྒྱུད་ཀྱི་བོད་འབངས་དག་ལ་སྐུལ་སློང་གིས་དམག་ཤུགས་ཆིག་སྒྲིལ་གྱི་དཔུང་བཏེགས་ནས་སུང་བྱང་མར་ཛ་དྲག་གི་གཡུལ་བཀྱེས་མོད་མཐར་ཕམ། དེ་བས་སླར་ཡང་སུང་བྱང་མ་དང་འབྲེལ་བ་ལེགས་འཛུགས་བྱས་ཤིང་། སུང་བྱང་མར་རང་གི་མངའ་རིས་སུ་དམག་མི་འདེགས་པའི་རེ་བ་ཞུས་ཤིང་ལན་དུ་མར་ཕོ་ཉ་མངགས་ཤིང་གོ་ཐོབ་དང་ལེན་བྱས། སྤྱི་ལོ་1096ལོར་ཨ་རྒོད་གྲོངས་པས་ཁོའི་སྲས་ཤ་འབྲུག་བཙན་སྲིད་ཁྲིར་བསྐོས་པ་ཡིན་མོད། ཙོང་ཁ་རྒྱལ་རབས་ཀྱི་ཆིག་སྒྲིལ་སྟོབས་ཤུགས་ཆག་ཆེ་ཉམས་རྒུད་དུ་གྱུར་ཡོད་པས་བཀས་ས་རྒྱ་མི་ཆོད་པར་གྱུར། 1099ལོར་སུང་བྱང་མས་དམག་བཏེགས་ཏེ་ཙོང་ཆུའི་རྒྱུད་དུ་སླེབ་ཅིང་། ཤ་འབྲུག་བཙན་གྱིས་རྒྱལ་སྲིད་བསྐྱུར་ནས་རབ་ཏུ་བྱུང་ཞིང་། དེའི་འབངས་དང་བློན་འགའ་ཤས་ཀྱིས་སྔ་ཕྱིར་ལྷ་རྒྱལ་བའི་གཅེན་བཀྲ་ཤིས་གཡུང་དྲུང་གི་ཚ་བོ་ལུང་བཙན་དང་ཤེས་རབ་ལུང་བཙན་གཉིས་སྲིད་ལ་བསྐོས་ཀྱང་། སུང་བྱང་མས་ཙོང་ཆུའི་རྒྱུད་དུ་དཔུང་བཏེགས་ཤིང་། སྤྱི་ལོ་1104ལོར་བསླེབས་དུས་གྱི་ཐང་མཁར་བཟུང་ནས་ལོ་ངོ་བརྒྱ་ཙམ་གྱི་རིང་ལ་མཐོ་སྒང་གི་ཤར་ཕྱོགས་སུ་ཚུགས་པའི་ཙོང་ཁ་རྒྱལ་རབས་ཀྱི་སྲིད་བརླག་པ་རེད། 1099ན་ས1104ལོའི་བར་དུ་ཙོང་ཁའི་སྲིད་ཁྲིར་བཞུགས་པའི་བཙན་པོ་ཐ་མ་ལུང་བཙན་ཆུང་བའམ་ཤེས་རབ་ལུང་བཙན་མི་ཉག་ལ་བྲོས། དེ་ནས་ལོ་ངོ་འགའི་བར་དུ་ཙོང་ཆུ་དང་རྨ་ཆུའི་རྒྱུད་དུ་སུང་བྱང་མའི་དབང་བསྒྱུར་ལ་ངོ་རྒོལ་གྱི་འོས་ལངས་བྱུང་ཡང་གཅིག་གྱུར་གྱི་སྲིད་དབང་ཞིག་བྱུང་མེད། ཡིན་ཡང་སུང་བྱང་མས་ཙོང་ཆུའི་འབབ་རྒྱུད་དུ་གནས་པའི་ཙོང་ཁ་རྒྱལ་རབས་བརླག་མོད་ཀྱང་། འཐབ་ཇུས་ཀྱི་ཕུགས་སུ་གྱུར་བའི་མི་ཉག་གི་སྲིད་དབང་བརླག་པའི་དམིགས་ཡུལ་མངོན་དུ་འགྱུར་ཐུབ་མེད།
        མདོར་ན། དུས་རབས་བཅུ་གཅིག་པར་སྟོད་ཀྱི་མངའ་རིས་རྒྱལ་རབས་དང་མཚུངས་པར་སྨད་ཙོང་ཁའི་ཡུལ་ཆེན་ནས་ཡུ་གུར་དང་། མི་ཉག ཁྲི་བརྟན། སུང་རྒྱལ་རབས་བྱང་མ་སོགས་ལ་སྲིད་འབྱོར་རིག་གསུམ་གྱི་འབྲེལ་བ་མང་དུ་བྱུང་ཡོད། ཚུལ་དེ་དག་བོད་རང་གི་ལོ་རྒྱུས་ཡིག་ཚང་དུ་བཀོད་པ་ཆེས་དཀོན་མོད། རྒྱའི་ཡིག་ཚང་དུ་འཁོད་པའི་ཡི་གེ་དག་ལ་ཟུར་བལྟས་ལེབ་མཐོང་གི་འགྲེལ་བཤད་གནང་རྒྱུ་ནི་ཤིན་ཏུ་གལ་ཆེར་མཐོང་ཞིང་། ཙོང་ཁ་རྒྱལ་རབས་ཀྱི་ཕྱི་འབྲེལ་སྲིད་བྱུས་མཐའ་དག་ནི་རྒྱལ་རབས་རང་ཉིད་གནས་པའི་ཆེད་སྤེལ་བའི་རང་ཚུགས་ཀྱི་སྲིད་ཀྱི་སྦྱོར་བ་ཡིན་པ་ངེས་རྒྱུ་ཤིན་ཏུ་གཙོ་བས་ཕྲན་གྱིས་རི་བོང་གིས་རི་བོ་ཁུར་དུ་བླངས་ནས་དེའི་བྱེ་བྲག་ཏུ་གྱུར་བ་དགྲ་ཟུན་གྱི་འབྲེལ་བའི་སྐོར་སྤྱི་བམ་པ་ཞིག་གླེང་བ་ནི་མཁས་པའི་གཏམ་དུ་ནི་ག་ལ་འགྱུར་མོད་རང་དང་བློ་ཁ་མཚུངས་པ་རྣམས་ཀྱིས་དགོངས་འཆར་སྩོལ་རོགས་ཞུ། །  
◆ ཚེ་རིང་དོན་གྲུབ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2015ལོའི་ཞིབ་འཇུག་སློབ་མ་ཡིན།
◆ རྩོམ་འདི་ནི་བོད་ལྗོངས་སློབ་ཆེན་གྱི་ཕུལ་བྱུང་ཞིབ་འཇུག་སློབ་མ་བསྐྱེད་སྲིང་གི་ཐེབས་རྩའི་རྣམ་གྲངས་ཨང་རྟགས་2015-GSP-097ཡིན།