གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

གླིང་སྒྲུང་གི་གོ་དོན་དང་ཁྱད་ཆོས་བརྗོད་པ།

སྤེལ་དུས 2018-09-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཅོད་པ་དོན་གྲུབ།
          དེ་ཡང་སྙན་རྩོམ་རིང་མོ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི། རང་རྒྱལ་བོད་རིགས་མི་དམངས་ཐུན་མོང་གིས་བརྩམས་པའི་དམངས་ཁྲོད་ཀྱི་གཏམ་རྒྱུད་རིང་བོ་ཞིག་ཡིན་ཞིང་།   དེའི་ནང་དུ་མི་སྣ་གཙོ་བོ་སྐྱེས་མཆོག་ནོར་བུ་དགྲ་འདུལ་ཁོང་ཉིད་མི་ཚེ་གང་ལ་བཙན་པོར་མི་ཞུམ་པ་དང་། དཀའ་ངལ་དང་ཉེན་ཁ་ལ་མི་འཇིགས་པ། ཧ་ལས་པའི་སྙིང་རུས་དང་ངོ་མཚར་བའི་ནུས་ཤུགས་ལ་བརྟེན་ནས་ཕྱོགས་བཞིའི་དགྲ་བཞི་འདུལ་ཚུལ་དང་།   བཙན་པོ་གཉའ་ནས་གནོན་ཚུལ། གཉོམ་ཆུང་མཐའ་ནས་སྐྱོང་ཚུལ། དབུལ་བོར་སྙིང་རྗེས་སྒོམ་ཚུལ། དགེ་བཅུའི་སོན་བཟང་བཏབ་ཚུལ། མི་དགེ་དུག་གསུམ་བཀག་ཚུལ།  ཡུལ་ཁམས་གཅིག་གྱུར་བྱས་ཚུལ་བཅས་ཀྱི་མཛད་རྗེས་བླ་ན་མ་མཆིས་པ་རྣམས་གསལ་ལེར་མཚོན་པར་བྱེད་པ་བརྒྱུད་ནས།   སྤྲོ་སེམས་འཁོལ་བའི་ངང་དྲང་བདེན་གྱིས་ངན་སྤྱོད་འགོག་པ་དང་། འོད་ཟེར་གྱིས་མུན་པ་སེལ་བའི་རླབས་ཆེན་གྱི་འཐབ་རྩོད་ལ་བསྟོད་གླུ་ལེན་བཞིན་མཆིས།  ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་རྒྱ་ཆེན་པོའི་རྒྱབ་ལྗོངས་འོག  གནའ་རབས་བོད་རིགས་འཕེལ་རྒྱས་ཀྱི་གལ་ཆེ་བའི་ལོ་རྒྱུས་དུས་རིམ་དང་།  སྤྱི་ཚོགས་ཀྱི་རྩ་བའི་སྒྲིག་གཞིའི་འཛིན་སྟངས་མཚོན་པ།  མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་རེ་སྨོན་དང་བླ་ན་མེད་པའི་“་ཕུགས་འདུན་མངོན་འདུག་ཅིང་།  དེ་མིན།  རྙོག་འཛིང་ཆེ་བའི་མི་རིགས་ཀྱི་འབྲེལ་བ་དང་།  རིམ་བཞིན་མི་རིགས་གཅིག་གྱུར་གྱི་ལམ་དུ་འགྲོ་བའི་གོ་རིམ་སོགས་ཀྱང་བརྗོད་ཡོད།  
          གླིང་གེ་སར་རྒྱལ་པོའི་སྒྲུང་གི་སྒྲིག་གཞི་རྒྱ་ཆེ་ལ།   ནང་དོན་ཕུན་སུམ་ཚོགས་པ། དཔེ་དེབ་མང་ཞིང་ལོ་རྒྱུས་རིང་བ། ཡུན་རིང་བོའི་བརྒྱུད་སྤེལ་གྱི་གོ་རིམ་ཁྲོད། རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་བྱུང་བ་ཡིན། གླིང་གེ་སར་རྒྱལ་པོའི་སྒྲུང་དུ་བོད་རིགས་མི་དམངས་ཀྱི་སྤྱང་གྲུང་དང་བློ་གྲོས། རླབས་ཆེ་བའི་གསར་སྐྲུན་གྱི་མཐུ་ནུས་བཅས་འདུས་ཡོད་ལ།  འདི་ནི་བོད་པ་རྣམས་ཀྱི་བློ་གྲོས་སྙིང་བཅུད་དང་ཤེས་བའི་བང་མཛོད་ཡིན།   ད་དུང་གནའ་རབས་བོད་རིགས་དམངས་ཁྲོད་རྩོམ་རིག་གི་ཆེས་མཐོ་བའི་གྲུབ་འབྲས་ཀྱི་ཆུ་ཚད་ཀྱང་མཚོན་ཡོད། གླིང་གེ་སར་སྒྲུང་ནི་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པར་མ་ཟད། ད་དུང་ཕྱོགས་མང་བོའི་ཆ་ནས་རིག་གཞུང་གི་རིན་ཐང་དང་ངོས་འཛིན་གྱི་རིན་ཐང་ཡོད། འདི་ནི་གནའ་རབས་བོད་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་།  མི་རིགས་ཀྱི་ལོ་རྒྱུས།  དཔལ་འབྱོར་དང་རིག་གནས།  གྲལ་རིམ་གྱི་འབྲེལ་བ། མི་རིགས་ཀྱི་འབྲེལ་བ། འདུ་ཤེས་འཛིན་སྟངས། ཀུན་སྤྱོད་ཀྱི་འདུ་ཤེས།  ཡུལ་སྲོལ་གོམས་གཤིས།  ཆོས་ལུགས་དད་མོས་བཅས་ཀྱི་གནད་དོན་ཞིབ་འཇུག་བྱེད་པའི་ཀུན་འདུས་ཀྱི་དཔེ་དེབ་ཅིག་ཡིན།   དེ་ཡང་གནའ་རབས་ཞི་ལཱའི་ལོ་རྒྱུས་སྙན་རྩོམ་རིང་མོ་དང་གནའ་རབས་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་བཅས་ཕུལ་དུ་བྱུང་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་དག་དང་གཅིག་མཚུངས་ཡིན་ཞིང་།   འཛམ་གླིང་རིག་གནས་བང་མཛོད་ཁྲོད་ཀྱི་འོད་མདངས་རྣམ་པར་བཀྲ་བའི་མུ་ཏིག་རྡོག་ཅིག་སྟེ།   རང་རྒྱལ་མི་དམངས་ཀྱིས་མིའི་རིགས་ཀྱི་ཤེས་རིག་ལ་ཕུལ་བའི་རིན་ཆེན་ནོར་བུ་ཞིག་ཀྱང་ཡིན།  
          ལོ་རྒྱུས་སྙན་རྩོམ་རིང་མོ་འདི་བོད་རིགས་དང་སོག་རིགས་མི་དམངས་ཁྲོད་དུ་རིག་གནས་ཀྱི་གོ་གནས་མཐོན་པོར་ཟིན་ཡོད་པ་མ་ཟད། ད་དུང་འཛམ་གླིང་གི་རྒྱལ་ཁབ་མང་པོས་ཀྱང་རྩིས་མཐོང་ཆེན་པོ་གནང་བཞིན་ཡོད།  ད་ལྟ་རྒྱལ་ཁབ་མི་ཉུང་བས་ཆེད་གཉེར་གྱི་ཞིབ་འཇུག་ལས་ཁུངས་བཙུགས་ཤིང་ཆེད་ལས་མི་སྣ་བཀོད་སྒྲིག་མཛད་དེ་སྒྲུང་དཔེ་འདིའི་འཚོལ་སྡུད་དང་དག་སྒྲིག   ཡིག་སྒྱུར། པར་སྐྲུན་ཞིབ་འཇུག་བྱ་བར་ལེགས་གཉེར་མཛད་བཞིན་ཡོད་ཅིང་། ཁོང་རྣམ་པས་གླིང་གེ་སར་སྒྲུང་ནི་འཛམ་གླིང་རིག་གནས་བང་མཛོད་ཁྲོད་དུ་འོད་ཟེར་རབ་ཏུ་འཕྲོ་བའི་རིན་ཆེན་ནོར་བུ་ཞིག་ལ་བརྩིས་པ་ལས་གཞན།  ཡ་གླིང་ལྷོ་མའི་འགྲོ་བ་མིའི་རིགས་ཀྱིས་ཞིབ་འཇུག་བྱེད་པར་ཤིན་ཏུ་ཐོབ་པར་དཀོན་པའི་དཔྱད་གཞིའི་ཡིག་ཆ་ཚད་ལྡན་ཡིན་པ་ཤེས་ཡོད། སྤྱི་ལོ2001ལོའི་ཟླ10ཚེས་17ཉིན་ཧྥ་རན་སེའི་རྒྱལ་ས་པཱ་ལེ་གྲོང་ཁྱེར་དུ་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཚོགས་པའི་ཐེངས31པའི་ཚོགས་ཆེན་སྟེང་གླིང་སྒྲུང་འདི་ཉིད་སྤྱི་ལོ2002ནས2003ལོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཚོགས་པའི་འགོ་འཛིན་རྣམ་གྲངས་སུ་བཀོད་པ་ཡིན་ལ།  དེ་ནི་གླིང་སྒྲུང་སྟོང་ལོའི་རྗེས་དྲན་བྱ་འགུལ་ཀྱང་ཡིན། འདིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱིས་ལོ་རྒྱུས་སྙན་རྩོམ་རིང་མོ་གསར་རྩོམ་གྱི་བློ་གྲོས་ལ་ཁས་ལེན་གང་ལེགས་བགྱིས་པ་གསལ་བཤད་བྱས་ཡོད་པ་དང་།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་བཙུགས་ནས་ལོ་འཁོར50ལྷག་དང་།   ལྷག་པར་དུ་དུས་རབས་གསར་བའི་ལོ་འཁོར20ལྷག་རིང་གི་རང་རྒྱལ་གྱིས་གླིང་སྒྲུང་འཚོལ་སྡུད་དང་། དག་སྒྲིག ཞིབ་འཇུག  པར་སྐྲུན་བཅས་ཀྱི་བྱ་བ་ལ་ཁས་ལེན་གང་ལེགས་བགྱིས་པ་མཚོན་འདུག   
དང་པོ། གླིང་གེ་སར་སྒྲུང་ནི་འཛམ་གླིང་སྟེང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་ལྔའི་སྡོམ་ལས་རིང་།
          བགྲང་བ་སྟོང་ཕྲག་འགའི་སྔོན་གྱི་ཡོ་རོབ་གླིང་གི་རྩོམ་རིག་ལོ་རྒྱུས་སྟེང་།  ཡང་ན་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་། བསམ་བློ་རང་བཞིན་དང་། སྒྱུ་རྩལ་རང་བཞིན། གཏམ་རྒྱུད་རང་བཞིན་བཅས་རབ་ཏུ་ལྡན་པ་དང་། ད་དུང་ཁྱབ་རྒྱ་ཆེ་ཞིང་།  ཤན་ཤུགས་ཆེས་ཆེ་བའི་གནའ་བོའི་ཞི་ལཱའི་ལོ་རྒྱུས་སྙན་རྩོམ་རིང་མོ་〈ཡེ་ལེ་ཡཱ་ཐེ་〉དང་〈ཨའོ་ཏེ་སའེ་〉དེ་མིན་སྙན་གྲགས་ཆེ་བའི་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་〈རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་〉དང་〈མ་ཧཱ་བྷ་ར་ཏ་〉འདི་དག་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་བཞི་ཞེས་མི་རྣམས་ཀྱིས་བསྔགས་བཞིན་ཡོད། འཛམ་གླིང་སྟེང་ཆེས་སྔ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ《ཅི་ཨར་ཅ་མེ་ཧྲི་》གསར་རྙེད་བྱུང་རྗེས། ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་ལྔ་ཞེས་གླེང་བཞིན་གདའ། དེ་ཡང་《ཡེ་ལེ་ཡཱ་ཐེ་》ལ་བསྡོམས་པས་སྒྲུང་དཔེ24དང་སྙན་ངག་གི་རྐང་བ15693ཡོད་ལ།   〈ཨའོ་ཏེ་སའེ་〉ལའང་སྒྲུང་དཔེ24དང་སྙན་ངག་གི་རྐང་བ12110ཡོད། ལོ་རྒྱུས་སྙན་རྩོམ་རིང་མོ་འདི་གཉིས་ནི་ཡོ་རོབ་གླིང་གི་ལོ་རྒྱུས་སྟེང་ཆེས་སྔ་བའི་རྩོམ་རིག་བརྩམས་ཆོས་ཏེ།  བཤད་རྒྱུན་ལྟར་ན་གནའ་བོའི་ཞི་ལཱའི་རླབས་ཆེན་གྱི་ལོང་བའི་སྒྲུང་བ་ཧོ་མས་བརྩམས་པའི་སྟབས་ཀྱིས་མི་ཐམས་ཅད་ཀྱིས“ཧོ་མའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་”ཞེས་འབོད་བཞིན་མཆིས།  
          གནའ་བོའི་རྒྱ་གར་གྱི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་)ཀྱི་དཔེ་དེབ་ཡོངས་ལེའུ་བདུན་དུ་བཀར་ཡོད་ལ།   སྙན་ངག་གི་རྐང་བ24000ཡོད།  རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གཞན་པ་སྟེ་〈མ་ཧཱ་བྷ་ར་ཏའི་〉ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ།  གཏམ་རྒྱུད་ཧ་ཅང་ཆ་ཚང་བའི་སྙན་རྩོམ་རིང་མོ་ཞིག་ཡིན།   དཔེ་དེབ་ཡོངས་ལེའུ18བཀར་ཡོད་ལ།  སྙན་ངག་གི་རྐང་བ་ཁྲི་ཕྲག20ཡོད།  ལོ་རྒྱུས་སྙན་རྩོམ་རིང་མོ་འདི་གཉིས་ཡུན་རིང་བོའི་བརྒྱུད་སྤེལ་གྱི་གོ་རིམ་ཁྲོད།   རྒྱ་གར་རིག་གནས་ཀྱི་འཕེལ་རྒྱས་ལ་གཏིང་ཟབ་སྒོས་ཤན་ཤུགས་ཐེབས་ཡོད་ཅིང་། རྒྱ་གར་མི་དམངས་ཀྱིས་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་གཉིས་ལ“ཆོས་དཔེ”ཞེས་འབོད་བཞིན་ཡོད་པ་དང་།  བགྲང་བྱ་སྟོང་ཕྲག་འགའི་རིང་ལ་བརྒྱུད་སྤེལ་མ་ཉམས་པའི་རླབས་ཆེན་གྱི་སྒྲུང་རྩོམ་ཡང་ཡིན།  
          གནའ་བོའི་པ་པི་ལུན་ཞེས་པའི་རྒྱལ་ཁབ་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་〈ཅི་ཨར་ཅ་མེ་ཧྲི་〉ལ་སྙན་ངག་གི་རྐང་བ་བསྡོམས་པས3000ལྷག་ཡོད།  〈ཅི་ཨར་ཅ་མེ་ཧྲི་〉ནི་མིག་སྔར་མཐོང་པ་ལས་ཆེས་སྔ་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཡིན་མོད།  འོན་ཀྱང་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ཉིད་བདག་གཉེར་བྱས་པ་མི་འདང་སྟབས། ཆ་མི་ཚང་ཞིང་སྒྱུར་ཡིག་ཀློག་འདོན་བྱེད་པར་དཀའ་ངལ་ཡོད།   ད་དུང་ཟུར་ལྟའི་དཔྱད་གཞིའི་ཡིག་ཆ་ཡང་དཀོན་པ་ལས་གཞན།  གསར་རྙེད་བྱུང་བའང་ཅུང་འཕྱི་བ་བཅས་རྒྱུ་རྐྱེན་མང་པོའི་དབང་གིས་འདི་ཉིད་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་གི་ཤན་ཤུགས་ཆེས་ཆེ་བའི་གནའ་བོའི་ཞི་ལཱའི་ལོ་རྒྱུས་སྙན་རྩོམ་རིང་མོ་དང་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གཉིས་ལས་དེ་འདྲའི་གཏིང་ཟབ་པ་ཞིག་མིན།  
          རང་རྒྱལ་བོད་རིགས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་སྒྲུང་ནི་དེང་སྐབས་འཛམ་གླིང་སྟེང་ཆེས་རིང་བའི་དམངས་ཁྲོད་ཀྱི་བརྩམས་ཆོས་ཤིག་ཡིན། ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ཉིད་མི་རྣམས་ཀྱིས་སྔོག་འདོན་དང་། དག་སྒྲིག ཡིག་སྒྱུར། པར་སྐྲུན། ཞིབ་འཇུག་བཅས་ཀྱི་བྱ་བ་ཕྱོགས་ཀུན་ཏུ་དངོས་སུ་འགོ་བརྩམས་པ་ནི་ཀྲུང་གོ་གསར་བ་དབུ་བཪྙེས་པའི་རྗེས་སུ། ལོ་རབས་ལྔ་བཅུ་ནས་དྲུག་ཅུ་བར་ཡིན་ལ། ཁྱད་པར་འཚོལ་སྡུད། མྱུར་སྐྱོབ། དག་སྒྲིག པར་སྐྲུན་བརྒྱུད་དེ་རིན་པོ་ཆེ་ལྟ་བུ་འདི་ཉིད་ལ་མངོན་པར་མཐོ་བའི་རིག་གནས་ཀྱི་གོ་གནས་དང་བསྔགས་བརྗོད་ཀྱི་ཐལ་སྒྲ་ཐོབ་པ་དང་། བོད་རིགས་རང་གི་རྩོམ་རིག་ལོ་རྒྱུས་དེབ་ཐེར་དང་ཀྲུང་གོའི་རྩོམ་རིག་ལོ་རྒྱུས་དེབ་ཐེར་སྟེང་དུ་བཀོད་ཐུབ་པ་བྱུང་ཞིང་།   རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་གནད་ས་དང་རང་རེའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་གི་མྱུར་སྐྱོབ་ཞིབ་འཇུག་རྣམ་གྲངས་ཀྱི་གནད་ཆེ་སའི་ནང་དུ་ཡང་བཀོད་ཡོད།  
          ང་ཚོས་བྱ་བ་འདི་ཉིད་བསྒྲུབས་དང་སྒྲུབ་བཞིན་པའི་བློ་མཐུན་བགྲེས་གཞོན་རྣམས་ཀྱིས་གླིང་སྒྲུང་སྔོག་འདོན་དང་། མྱུར་སྐྱོབ། ཞིབ་འཇུག་བཅས་བརྒྱུད་ནས་གླིང་གེ་སར་སྒྲུང་གི་ཤིང་དཔར་མ་དང་ལག་བྲིས་མའི་སྒྲུང་དཔེ200ལྷག་གསར་རྙེད་བྱུང་ལ།  སྒྲུང་དཔེ་རེར་ཆ་སྙོམས་ཀྱི་སྙན་ངག་གི་རྐང་བ5000བརྩིས་ན་སྤྱི་བསྡོམས་པས་སྙན་ངག་གི་རྐང་བ་བྱེ་བ་གཅིག་གི་ཡན་ལ་སླེབས་འདུག འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་ལས་ཆེས་རིང་བའི་〈མཱ་ཧ་བྷ་ར་ཏ་〉ལ་མཚོན་ན། སྙན་ངག་གི་རྐང་བ་ཉིས་འབུམ་ལས་མེད། འོ་ན་གླིང་སྒྲུང་ནི་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་ལྔའི་སྤྱི་སྡོམ་དང་བསྡུར་ན་ད་དུང་ལྡབ་བཅུ་ཕྲག་འགའ་ལས་རིང་བ་འདི་ནི་འཛམ་གླིང་སྟེང་གི་ཆེད་མཁས་མི་སྣ་བགྲེས་གཞོན་རྣམས་ཀྱིས་ཁས་བླངས་པའི་གྲངས་ཀ་ཡིན།  
          ངེད་ཅག་གིས་རྒྱུས་ལོན་བྱས་པ་ལྟར་ན།  གེ་སར་སྒྲུང་རྒྱལ་ཡོངས་སུ་ཁྱབ་སྤེལ་ཆེ་བའི་ཞིང་ལྗོངས་གཙོ་བོ་སྟེ། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ།  སི་ཁྲོན།  ཡུན་ནན་བཅས་སུ་འཚོལ་སྡུད་བྱས་པའི་གླིང་སྒྲུང་ལག་བྲིས་མ་དང་ཤིང་དཔར་མ་བསྡོམས་པས་སྒྲུང་དཔེ289ལྷག་ལ་སླེབས་ཡོད་ཅིང་།  གལ་སྲིད་སྒྲུང་དཔེ་རེར་ཡིག་འབྲུ་ཉིས་འབུམ་ལ་བརྩིས་པ་ན།     སྒྲུང་དཔེ200ལ་སྤྱི་བསྡོམས་པས་ཡིག་འབྲུ་ས་ཡ་བཞིའི་ཡན་ལ་སླེབས་འདུག གཞན་ཡང་སྒྲུང་བའི་བློ་ནས་བཤད་པའི་སྒྲུང་དཔེ་བསྡོམས་བརྩིས་རགས་ཙམ་བགྱིས་ན།   སྒྲུང་བ་ཚོས་བཤད་ཤེས་པ་དང་འབྲི་ཤེས་པའི་སྒྲུང་དཔེ་སྟེ། བོད་ལྗོངས་ནག་ཆུའི་བུད་མེད་སྒྲུང་བ་གཡུ་སྨན་གྱིས་རྫོང་ཆེན18དང་རྫོང་ཆུང18བཤད་ཤེས།   སྒྲུང་བ་རྒན་པ་གྲགས་པས་སྒྲུང་སྣ42བཤད་ཤེས། བོད་ལྗོངས་ནག་ཆུའི་སྒྲུང་བ་ཚེ་རིང་དགྲ་འདུལ་གྱིས་སྒྲུང་དཔེ63བཤད་ཤེས།  མཚོ་སྔོན་གྱི་སྒྲུང་བ་སྐད་གྲགས་ཅན་ཚེ་རིང་དབང་འདུས་ཀྱིས་སྒྲུང་སྣ120བཤད་ཤེས་པ་དང་།  མཚོ་སྔོན་མགོ་ལོག་ཁུལ་གྱི་སྒྲུང་བ་གུ་རུ་རྒྱལ་མཚན་གྱིས་སྒྲུང་སྣ112འབྲི་ཤེས་པ།  མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་སྒྲུང་བ་ཟླ་བ་གྲགས་པས་སྒྲུང་སྣ།152བཤད་ཤེས།   ཚེ་རིང་བསོད་ནམས་ཀྱིས་སྒྲུང་སྣ་158བཤད་ཤེས།   ཁོ་ཚོས་བཤད་པའི་གླིང་གེ་སར་སྒྲུང་ནི་འཕེལ་རྒྱས་བྱུང་དང་འབྱུང་བཞིན་པའི་འཛམ་གླིང་སྟེང་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་པ་བསྙོན་དུ་མེད།  
གཉིས་པ། གླིང་གེ་སར་རྒྱལ་པོའི་སྒྲུང་ནི་དར་ཁྱབ་ཆེས་ཆེ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན།
          བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་གནའ་ནས་ད་བར་དུ་དར་ཁྱབ་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན།  བོད་ཀྱི་ཁ་དཔེར་བོད་མི་རེའི་ཁ་ནས་སྒྲུང་རེ་ཟེར་བ་འདི་སྤྱིར་སྒྲོ་བཏགས་ཀྱི་གྲུབ་ཆ་ཅུང་མང་ན་ཡང་འདི་ལས་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་མི་དམངས་ཁྲོད་དུ་དར་ཁྱབ་ཀྱི་རྒྱ་ཁྱོན་ཤིན་ཏུ་ཆེ་བ་གསལ་བཤད་གང་ལེགས་གནང་འདུག  
          གླིང་གེ་སར་རྒྱལ་པོའི་སྒྲུང་གི་སྒྲུང་པ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་གསར་རྩོམ་མཁན་དང་སྒྲོག་སྤེལ་མཁན། རྒྱུན་འཛིན་མཁན་བཅས་ཡིན། ཁོང་རྣམ་པའི་གསར་རྩོམ་དང་སྒྲོག་སྤེལ་རྒྱུན་འཛིན་བཅས་མེད་ཞེ དེ་རིང་གི་དར་རྒྱ་ཆེ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་མཐོང་རྒྱུ་མེད་ཅེས་བརྗོད་ཀྱང་ཆོག དེ་བཞིན་དུ་གནའ་རབས་དང་དེང་རབས་ཀྱི་བོད་རིགས་མི་དམངས་རྣམས་ཀྱང་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་ཁ་སྐོང་མཁན་དང་སྒྲོག་སྤེལ་མཁན་ཀྱང་ཡིན་ཟེར་ཆོག་ཆོག་གོ། གལ་སྲིད་མི་དམངས་མང་ཚོགས་ཀྱིས་མི་རབས་དུ་མར་རྒྱུན་འཛིན་དང་སྒྲོག་སྤེལ། དེ་མིན་ཁོ་ཚོའི་སྲུང་སྐྱོབ་དང་འཕེལ་རྒྱས་མེད་ན། གླིང་སྒྲུང་འདི་མི་རབས་ནས་མི་རབས་བརྒྱུད་མི་ཐུབ་ལ། དར་ཁྱབ་འདི་འདྲ་ཆེན་པོ་ཞིག་ཀྱང་ཡོད་ཐབས་མེད། ད་ལྟ་རང་རེའི་བོད་རིགས་ས་ཁུལ་ཡོངས་སུ་ས་ཁྱབ་རྡོ་ཁྱབ་དང་ཕལ་ཆེར་བོད་པ་ཚང་མས་རྟོགས་ཐུབ་པའི་སྒྲུང་རྩོམ་ཞིག་ཏུ་གྱུར་བའང་གནད་འགག་ནི་བརྒྱུད་སྤེལ་གྱི་ཁྱབ་རྒྱ་མ་ཉམས་གོང་དུ་འཕེལ་བ་དང་། སྒྲུང་རྩོམ་རིང་མོ་འདིར་ཡིད་དབང་འཕྲོག་པའི་ནུས་ཤུགས་ལྡན་པ།     མི་དམངས་ཀྱིས་སྒྲོག་སྤེལ་རྒྱུན་མ་ཆད་པ་བཅས་ཀྱི་རྐྱེན་མ་ཡིན་ནམ། འདིར་སྒྲུང་བའི་གསར་རྩོམ་དང་མི་དམངས་ཀྱི་སྒྲོག་སྤེལ།  སྒྲུང་རྩོམ་རིང་མོའི་ཡིད་དབང་འཕྲོག་པའི་ནུས་ཤུགས་བཅས་ཡོད་པས་ན།   ད་གཟོད་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བཞུར་རྒྱུན་མི་ཆད་པའི་རྨ་འབྲི་རིང་མོའི་རྒྱུན་ཇི་བཞིན་དུས་གཏན་དུ་ལང་ལོང་དུ་འཕྱུར་ཐུབ་པ་ལགས།  
          གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་ཀྱི་ས་ཁུལ་དུ་དར་ཁྱབ་ཀྱི་རྒྱ་ཁྱོན་ཆེ་བ་མ་ཟད།  ད་དུང་རྒྱལ་ནང་གི་མི་རིགས་གཞན་པ་ལའང་དར་ཁྱབ་ཅུང་ཆེ། དེང་སྐབས་ང་ཚོས་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན།  དར་ཁྱབ་ཀྱི་ཡུན་རིང་བ་དང་རྒྱ་ཁྱོན་ཆེ་བ་ནི་སོག་རིགས་ས་ཁུལ་ཡིན།   འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ལས་བསྟན་དོན། གླིང་གེ་སར་རྒྱལ་པོའི་སྒྲུང་ནི་དུས་རབས་བཅོ་བརྒྱད་ནས་བཅུ་དགུ་བར་ནང་སོག་ས་ཁུལ་དུ་ཁྱབ་པ་ཡིན་ལ།   ས་དེར་ཁྱབ་པ་ནས་བཟུང་།  ས་དེའི་སོག་པོ་འབངས་མི་གླིང་གེ་སར་རྒྱལ་པོའི་སྒྲུང་བཤད་པར་ཧ་ཅང་དགའ་སྤྲོ་སྐྱེས་པ་མ་ཟད།  ད་དུང་བརྒྱུད་སྒྲོག་ཁྲོད་འཐུས་ཇེ་ཚང་དང་ཁ་སྣོན་བརྒྱབ་སྟེ། རིམ་བཞིན་སྐོར་ཞིག་ཁོང་ཚོའི་སྒྲུང་གཏམ་དུ་གྱུར་ཡོད་པའང་ཁས་ལེན་དགོས། ད་དུང་རང་རྒྱལ་གྱི་ཧོར་རིགས་དང་། འཇང་རིགས།  པའེ་རིགས། ཡུས་ཀུའུ་རིགས། ཟ་ལར་རིགས་བཅས་ཀྱི་ཁྲོད་དུའང་དར་ཁྱབ་ཀྱི་རྒྱ་ཁྱོན་ཅུང་ཆེ།   ཁོ་ཚོའི་སྒྲུང་གཏམ་གྱི་བྱུང་རིམ་དང་མི་སྣ་གཙོ་བོ་ལ་འགྱུར་ལྡོག་མེད་ཅིང་།  གླིང་གེ་སར་རྒྱལ་པོའི་སྒྲུང་གི་སྔར་གྱི་རྣམ་པ་མང་ཆེ་བ་སོར་བཞག་བྱས་ཡོད།  གཞན་ཡང་ཀྲུང་གོའི་མངའ་ཁོངས་ཀྱི་གྲངས་ཉུང་མི་རིགས་ཁྲོད་དུ་དར་ཁྱབ་ཆེ་བ་ལས་གཞན། རང་རྒྱལ་མཐའ་སྐོར་གྱི་རྒྱལ་ཁབ་སྟེ། མོང་གོལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། འཇར་པན། ཨུ་རུ་སུའི་པུའུ་ལེ་ཡ་ཐེ་ས་ཁུལ། ཇོ་མོ་གླང་མའི་ལྷོ་འགྲམ་གྱི་རྒྱ་གར། ནེ་པ་ལ། ཕ་ཁེ་སི་ཐན། འབྲུག་ཡུལ། འབར་མ། འབྲས་ལྗོངས་བཅས་རྒྱལ་ཁབ་མང་པོར་ཡང་དར་ཁྱབ་ཅུང་ཆེ།  ང་ཚོས་རྒྱུས་ལོན་བྱས་པ་ལྟར་ན།  འབྲུག་ཡུལ་གྱི་རྒྱལ་ཁབ་དཔེ་མཛོད་ཁང་ཁོ་ནས་ཀྱང་འཚོལ་སྡུད།  དག་སྒྲིག་པར་སྐྲུན་བྱས་པའི་བོད་ཡིག་གི་གླིང་གེ་སར་སྒྲུང་དཔེ31ཡོད།  1905ལོར་འཇར་མན་གྱི་ཆོས་པ་ཧྥོ་ལན་ཁེས་ལ་དྭགས་ཀྱི་བུ་མོ་ལོ་བཅུ་དྲུག་ཅན་ཞིག་གིས་བཤད་པའི་གེ་སར་སྒྲུང་ཟིན་བྲིས་བཀོད་པ་དེ།  རྒྱ་གར་དུ་པར་སྐྲུན་བྱས།  སྒྲུང་དཔེ་མིང་ལ་〈ལ་དྭགས་ཀྱི་གེ་སར་སྒྲུང་〉ཟེར།  དཔེ་ཆ་འདིར་བོད་ཡིག་གི་མ་ཡིག་དང་དབྱིན་ཇིའི་སྐད་ཀྱི་སྒྱུར་མ་ཡོད་པ་ལས་གཞན།  ད་དུང་མཚམས་སྦྱོར་གྱི་རྩོམ་ཡིག་ཀྱང་བྲིས་འདུག  དེ་ལས་གཞན།  གླིང་གེ་སར་སྒྲུང་དབྱིན་ཇི་དང་འཇར་པན། ཧྥ་རན་སི། ཨུ་རུ་སུ། འཇར་མན།  མོང་གོལ།  རྒྱ་གར་སོགས་ཀྱི་ཡི་གེར་བསྒྱུར་ནས་སྒྲུང་དཔེ་རིགས་མི་འདྲ་བ150ལྷག་པར་སྐྲུན་གནང་འདུག་པ་དང་།  ཞིབ་འཇུག་གི་ཆེད་རྩོམ300ལྷག་འགྲེམ་སྤེལ་བྱས། ད་དུང་ཨོ་གླིང་གི་རྒྱལ་ཁབ་མང་བོ་ལའང་དར་ཁྱབ་ཡོད་ལ། ཕལ་ཆེར་རྒྱལ་ཁབ་སུམ་ཅུ་ལྷག་གི་བོད་རིག་པ་ཞིབ་འཇུག་ཆེད་ལས་མཁས་པས་གླིང་སྒྲུང་འཚོལ་སྡུད་དང་། དག་སྒྲིག ཡིག་སྒྱུར། པར་སྐྲུན། ཞིབ་འཇུག་བཅས་ཀྱི་བྱ་བ་སྒྲུབ་བཞིན་ཡོད་ལ།  གྲུབ་འབྲས་ཀྱང་ཅུང་ལེགས་པ་བླངས་ཡོད།  ཞིབ་འཇུག་ཆེད་ལས་མཁས་པ་གྲགས་ཅན་ཕ་ལ་མི་(ཨུ་རུ་སུ་)དང་། ཕ་ཐ་ཉིང་(ཨུ་རུ་སི)།  ཧྥ་ལན་ཁེ་ཏ་ཝེ་ཉེ་ཨེར་(ཧྥ་རན་སུ་)ཧྲེ་ཐེ་ཨན་(ཧྥ་རན་སུ་)ཚེ་ཏ་མུའུ་ཏིང་སུའུ་ལན་(མོང་གོལ་)བཅས་སྐོར་ཞིག་བྱུང་ཡོད།   འདི་དག་ཐམས་ཅད་ལས་གསལ་བོར་རྟོགས་ཐུབ་པ་ནི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་འདི་རྒྱལ་ནང་དུ་དར་ཁྱབ་ཀྱི་རྒྱ་ཁྱོན་ཆེ་བ་མ་ཟད།    ད་དུང་འཛམ་གླིང་སྟེང་ལ་སྐྱོད་བཞིན་པའི་སྒང་ཡིན།   
གསུམ་པ། གླིང་གེ་སར་རྒྱལ་པོའི་སྒྲུང་ནི་རྣམ་པ་གསོན་པོའི་ཚུལ་དུ་ཡོད་པའི་སྙན་རྩོམ་རིང་མོ་ཞིག་ཡིན།
          ལོ་རྒྱུས་སྙན་རྩོམ་རིང་མོའི་རིགས་པའི་གཞུང་ལུགས་ངོས་ནས་བཤད་ན།  ལོ་རྒྱུས་སྙམ་རྩོམ་རིང་མོ་གང་ཡིན་ཀྱང་ཚང་མ་མི་རིགས་ཤིག་གི་བྱིས་པའི་དུས་སྐབས་སུ་གྲུབ་པ་ཡིན་ལ།  ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ལ་མཚོན་ན་ངག་རྒྱུན་ནམ་ཡང་ན་ལོ་རྒྱུས་ཀྱི་དུས་ཚོད་གལ་ཆེན་བརྗོད་བྱར་གྱུར་བའི་གནའ་རབས་དམངས་ཁྲོད་ཀྱི་དོན་བརྗོད་སྙན་ངག་རིང་བོ་ཡིན་ཞིང་སྙན་ངག་གི་སྐད་ཆར་སྦྱར་ནས།  མི་རིགས་སོ་སོའི་འཇིག་རྟེན་ཆགས་ཚུལ་དང་།  མིའི་རིགས་ཀྱི་འབྱུང་ཁུངས།  དེ་མིན་མི་རིགས་གནས་སྤོར་གྱི་ངག་རྒྱུན་བཅས་བཀོད་ཡོད་པ་ལས་གཞན།   གཞན་མི་རིགས་སོ་སོ་གྲུབ་པ་དང་འཕེལ་རྒྱས་གྱི་གོ་རིམ་ཁྲོད་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྒྱལ་ཁ་བླངས་པའི་དཔའ་བོའི་བྱས་རྗེས་ལ་བསྟོད་གླུ་ལེན་པ་དེ་ལགས།   
          མ་རྩ་རིང་ལུགས་ཀྱི་དུས་སྐབས་ལ་སླེབས་པས་ན།  ལོ་རྒྱུས་སྙན་རྩོམ་རིང་མོ་འདི་གྲུབ་པའི་སྤྱི་ཚོགས་ཀྱི་རྨང་གཞི་མེད་པར་གྱུར་ལ།  ཡོ་རོབ་ཀྱི་མཁས་པ་ཆེན་པོ་ཧེ་ཀོ་ཨེར་(黑格尔)གྱིས“མ་རྩ་རིང་ལུགས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་དེ་བརྩམས་སྒྲུང་རིང་གྲས་ཀྱིས་ཚབ་བྱས”ཞེས་གསུང་།  འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་ཡུས་ཀུའུ་(雨果)གསུང་དོན།   “ལོ་རྒྱུས་སྙན་རྩོམ་རིང་མོ་ནི་མཐའ་མཇུག་གི་མངལ་གྲོལ་བའི་ཁྲོད་དུ་མེད་པར་གྱུར་ལ།”“འཛམ་གླིང་དང་སྙན་ངག་གི་དུས་རབས་གཞན་པ་ཞིག་འགོ་བརྩམས་པ་ཡིན”ཞེས་གསུངས།  ཡིན་ཡང་། བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་མི་དམངས་ཁྲོད་དུ་བགྲང་བྱ་སྟོང་ཕྲག་གཅིག་རིང་ལ་དར་ཁྱབ་སོང་བ་དང་།    ད་དུང་མི་ཡུལ་དུ་གསོན་པོར་གནས་ཡོད་པའི་ངོ་མཚར་བའི་ལོ་རྒྱུས་སྙན་རྩོམ་རིང་མོའང་ཡིན།  ངེད་ཅག་གིས་གསར་རྙེད་བྱུང་བའི་འཚོ་བཞེས་གནང་བཞིན་པའི་མིང་དུ་གྲགས་པའི་གླིང་སྒྲུང་གི་དམངས་ཁྲོད་ཀྱི་སྒྲུང་བ་རྣམ་པས།  ད་དུང་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་རྒྱུན་ཆད་མེད་པར་བཤད་པ་དང་།  རྒྱ་ཆེ་རུ་གཏོང་བ་དང་།  འཕེལ་རྒྱས་སུ་གཏོང་བཞིན་མཆིས།   ལོ་རྒྱུས་སྙན་རྩོམ་རིང་མོའི་ནང་དོན་ཐད་དུ་བོད་ཀྱི་ལོ་རྒྱུས་སྟེང་གི་འདས་ཟིན་པའི་གཏམ་རྒྱུད་དང་།   འབྱུང་བཞིན་པའི་དེང་རབས་ཀྱི་གཏམ་རྒྱུད།   མ་འོངས་རྗེས་དཔག་གི་གཏམ་རྒྱུད་བཅས་མང་པོ་གསར་སྣོན་བགྱིས་འདུག  ད་དུང་ངེད་ཅག་གིས་ཆེད་ལས་མི་སྣ་སྐོར་ཞིག་བཀོད་སྒྲིག་མཛད་ནས་སྒྲུང་བས་བཤད་པའི་སྒྲུང་སྒྲ་ཕབ་པ་དང་། ཟིན་བྲིས། དག་སྒྲིག་བཅས་གནང་སྟེ་སྒྲུང་དཔེ་གསར་བ30ལྷག་པར་སྐྲུན་བས།     ཚང་མའི་ཤེས་གསལ་ལྟར།  དམངས་ཁྲོད་ཀྱི་སྒྲུང་བ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་གསར་རྩོམ་མཁན་དང་། སྒྲོག་སྤེལ་མཁན། རྒྱུན་འཛིན་མཁན་ཡིན་ཞིང། ཁོང་ཚོས་མི་རབས་ནས་མི་རབས་བར་ངག་ཐོག་གི་གསར་རྩོམ་དང་རྒྱུན་ཆད་མེད་པའི་བརྒྱུད་སྒྲོག་མེད་ཚེ།  དེ་རིང་གི་སྒྲུང་དཔེ་རྩ་ཆེན་འདི་དག་ཀྱང་ཡོད་མི་སྲིད།  
          ངེད་ཅག་གིས་ལོ་འཁོར20ལྷག་རིང་ལ་སྒྲུང་བའི་གནས་ཚུལ་ལ་རྒྱ་ཆེན་པོས་ཡོངས་ཁྱབ་ཀྱིས་ཞིབ་བཤེར་ཐེངས་མང་པོར་བརྒྱུད་ནས།  བོད་ཁུལ་ཡོངས་ཀྱི་གླིང་གེ་སར་རྒྱལ་པོའི་སྒྲུང་གི་སྒྲུང་བའི་གནས་ཚུལ་ཕལ་ཆེར་རྒྱུས་ལོན་བྱུང་ཡོད། རྒྱལ་ཡོངས་ནས་བཤད་ན། སྒྲུང་ཁག་གཅིག་ནས་གཉིས་ཀྱི་ཡན་བཤད་ཤེས་པའི་སྒྲུང་བ100ལྷག་ཡོད་པ་དང་། དེ་དག་ལས་སྒྲུང་ཁག་བརྒྱ་ཡན་བཤད་ཤེས་པའི་སྒྲུང་བ5ཡོད།  སྒྲུང་བ་འདི་དག་ལས་དགུང་ལོ་བརྒྱད་ཅུར་སོན་པའི་རྒན་པ་ཡོད་ལ། སྐྱེ་ལོ་ཉི་ཤུ་ཅན་གྱི་ན་གཞོན་ཡང་ཡོད། ཡུན་རིང་ཕྱུགས་འཚོ་བའི་འབྲོག་པ་ཡོད་ལ།   དགོན་པར་ཆོས་འདོན་པའི་དགེ་འདུན་པའང་ཡོད།  ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་སྐྱེས་པ་ཡོད་ལ།   ཁྱིམ་ལས་ལ་བྲལ་མེད་ཀྱི་བུད་མེད་ཀྱང་ཡོད།  སྒྲུང་བ་ཕོ་མོ་མང་བོ་དང་རྒན་གཞོན་མང་བོ་འདི་དག་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་གི་དཔྱད་གཞིའི་ཡིག་ཚ་གསོན་པོ་”ཡིན་ཞེས་བརྗོད་་ཀྱང་ཆོག  
          འདིར་ངེས་པར་དུ་བརྗོད་འོས་པ་ཞིག་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་དུ་གསར་དུ་རྙེད་པའི་ལོ་བཅུ་བཞི་ཅན་གྱི་བུ་ཆུང་སྒྲུང་མཁན་ཞིག་ཡོད་པ་དེ་ཡིན།  ཁོང་གིས་གླིང་གེ་སར་རྒྱལ་པོའི་སྒྲུང་ཁག་གསར་བ་བཅུའི་ཡན་ཆད་བཤད་ཤེས་ཤིང་བཤད་པར་ཆུ་བོའི་རྒྱུན་དང་མཚུངས་སོ། །འདི་ནི་དངོས་གནས་ངོ་མཚར་བ་ཞིག་མིན་ནམ།   ལོ་བཅུ་བཞི་ལ་སོན་པའི་བྱིས་པས་མགོ་རྔ་ཚང་བའི་སྒྲུང་ཁག་བཅུ་ཡན་བཤད་ཤེས་པ་འདི་ནི་འཛམ་གླིང་སྟེང་ནའང་ཧ་ཅང་དཀོན་པོ་ཞིག་ཡིན་པ་མ་ཟད།   མི་རྣམས་ངོ་མཚར་བ་དང་ཧ་ལས་དགོས་པ་ཞིག་ཀྱང་རེད། དེར་བརྟེན། གླིང་གེ་སར་རྒྱལ་པོའི་སྒྲུང་ནི“རྣམ་པ་གསོན་པོའི་”ཚུལ་དུ་གནས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་ཏེ། བཤད་ནས་རྫོགས་རྒྱུ་མེད་པ་དང་། བྲིས་ནས་ཚར་རྒྱུ་མེད་པ། བླངས་ནས་རྫོགས་རྒྱུ་མེད་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ།  འདི་ནི་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་ལྔ་དང་མི་མཚུངས་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ཡིན།  ངེད་ཅག་གིས་རྒྱུས་ལོན་བྱས་པའི་དཔྱད་གཞི་ཡིག་ཆ་ལས་གསལ་བ་ལྟར་ན།  འཛམ་གླིང་ན་མིང་དུ་གྲགས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་《ཅི་ཨར་ཅ་མེ་ཧྲེ་》དང་〈ཡེ་ལེ་ཡཱ་ཐེ།〉 〈ཨའོ་ཏེ་སཱའེ།〉〈མ་ཧཱ་ལྷ་ར་ཏ།〉〈རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་〉བཅས་ལྔ་བོ་ནི“འགུལ་མེད་ཀྱི་རྣམ་པ”དང་།  ཡང་ན་ཤི་བའི་རྣམ་པའི་ཚུལ་དུ་གནས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཡིན།   དེ་དག་ལོ་རྒྱུས་སྟེང་འཚོལ་སྡུད་དང་། དག་སྒྲིག པར་སྐྲུན་བརྒྱུད་རྗེས་འགུལ་མེད་གཏན་ཁེལ་བྱས་ཟིན་པས་ཕྱིས་སུ་སྒྲུང་བ་གསར་བ་དང་། གཏམ་རྒྱུད་གསར་བ། པར་གཞི་གསར་བ།  ངག་རྒྱུན་མི་གཅིག་པ་བཅས་རྙེད་མ་བྱུང་།  འདི་ལས་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་ལྔ་ནི“འགུལ་མེད་ཀྱི་རྣམ་པ”ཡིན་ཞེས་བརྗོད་པ་བདེན་དཔང་གང་མང་བྱས་འདུག གཞན་ཡང་། རང་རྒྱལ་གྱི་མིང་དུ་གྲགས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་〈ཅིང་གར་〉དང་〈མཱ་ན་སི་〉ཡང་གོང་དུ་བརྗོད་པ་དང་གཅིག་མཚུངས་ཡིན། སྒྲུང་རྩོམ་དེ་དག་འཚོལ་སྡུད་དང་། དག་སྒྲིག   པར་སྐྲུན་བྱས་རྗེས།   སྒྲུང་དཔེ་གསར་བ་རྙེད་མ་བྱུང་། ཡིན་ཡང་། རང་རྒྱལ་གྱི་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་དེ་འདྲ་མ་ཡིན་ཏེ། ཡིད་འཛིན་གྱི་ནུས་པ་ཁྱད་དུ་འཕགས་པའི་གནའ་དེང་དམངས་ཁྲོད་ཀྱི་སྒྲུང་བ་དེ་དག་གིས།   དུས་རབས་དང་། ས་ཁུལ། ལས་གནས།   སྒྲུང་བཤད་ཀྱི་རྣམ་པ་བཅས་གཅིག་མཚུངས་མིན་པའི་སྒོ་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་དཔེ་བརྒྱ་ལྷག་ངག་ཐོག་ནས་གསར་རྩོམ་བྱས་ཏེ།  སྒྲུང་གཏམ་རྒྱུན་མ་ཆད་པར་རྒྱ་ཆེ་རུ་གཏོང་བ་དང་འཕེལ་རྒྱས་སུ་བཏང་།   ད་དུང་དུས་རབས་མི་གཅིག་པའི་དམངས་ཁྲོད་རིག་གནས་པ་དང་དགོན་པའི་དགེ་འདུན་པ་མང་པོས་རང་འགུལ་གྱིས་སྒྲུང་བའི་ངག་ཐོག་ནས་བཤད་པའི་གཏམ་རྒྱུད་རྣམས་ཡི་གེར་བཀོད་པ་དང་། ལས་སྣོན་དང་དག་བཅོས་བཅས་མེད་དུ་མི་རུང་བའི་བྱ་བ་གང་ལེགས་བསྒྲུབས།  
          ཕྲན་གྱིས་བསམ་པར། “རྣམ་པ་གསོན་པོའི་”ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ཉིད་ལ།  གསར་རྩོམ་མཛད་མཁན་གྱི་བོད་མི་དམངས་གནས་པ་དང་།  མི་རབས་དང་མི་རབས་ཀྱི་སྒྲུང་བ་རྣམས་བཞུགས་ཚེ།    གླིང་སྒྲུང་འདི་དུས་ནམ་ཡིན་ཡང“འགུལ་མེད་ཀྱི་རྣམ་པ”འབྱུང་མི་སྲིད་ལ།  ད་དུང་མི་རབས་ནས་མི་རབས“གསོན་པོར་”བརྒྱུད་ཐུབ། འདི་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་སྟེ། ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ཉིད་གཞན་དང་མི་མཐུན་པའི་ཁྱད་ཆོས་གཙོ་བོ་ཞིག་གོ།  
བཞི་པ། ལོ་རྒྱུས་སྙན་རྩོམ་རིང་མོའི་བརྗོད་བྱ་གཙོ་བོ།
          གླིང་གེ་སར་རྒྱལ་པོའི་སྒྲུང་ནི་ཚིག་སྦྱོར་བདེ་ཞིང་གསོན་ཉམས་ལྡན་པ་ལ་བརྟེན་ནས།  གླིང་གེ་སར་རྒྱལ་པོ་མཆོག་གིས་གླིང་གི་དཔའ་རྟུལ་སུམ་ཅུ་གཙོ་མཛད་པའི་གླིང་དམག་བརྒྱད་ཁྲི་བཞི་སྟོང་སྣ་ཁྲིད་ནས་ཕྱོགས་བཞིའི་དགྲ་བཞི་བཏུལ་བ་དང་རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབ་པ།    རྫོང་ཕྲན་གྲངས་མེད་དབང་དུ་བསྡུས་ཏེ། མི་དམངས་ཀྱི་བདེ་སྐྱིད་དང་རང་དབང་གི་ཆེད་དུ་འབད་འབུངས་ལྷོད་མེད་བགྱིས་པའི་གཏམ་རྒྱུད་ངོ་མཚར་བ་ཞིབ་འབྲི་གནང་ཡོད།  གླིང་གེ་སར་རྒྱལ་པོའི་སྒྲུང་ལས་འདི་ལྟར་གསུངས་ཡོད་དེ།  “དེ་ཡང་ལྷོ་འཛམ་གླིང་ཕྱོགས་བཞིའི་བདུད་ཆེན་གྱི་དབང་དུ་སོང་ནས།   མགོ་ནག་སྐྱེ་རྒུ་ཐམས་ཅད་སྡུག་བསྔལ་གྱི་མུན་པར་ཚུད། སློབ་དཔོན་པད་མས་ལྷ་ཕྲུག་ཐོས་པ་དགའ་འཐབ་རྩོད་འབྱུང་བའི་ཁ་ནོན། གླིང་རུའི་བསྟན་པའི་སྲོག་ཤིང་ལ་མངགས། གེ་སར་མཆོག་གིས་ཕྱོགས་བཞིའི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་ཕབ་སྟེ། མགོ་ནག་མི་ཡུལ་ལ་བདེ་སྐྱིད་ཉི་མ་ཤར་བ་ལྟར་མཛད་”ཅེས་བྲིས་འདུག མདོར་བསྟན་ན། གེ་སར་མཆོག་མི་ཡུལ་དུ་བྱོན་པའི་དམིགས་ཡུལ་ནི་བཙན་པོ་གཉའ་ནས་གནོན་པ། གཉོམ་ཆུང་མཐའ་ནས་སྐྱོང་བ། ཁམས་གསུམ་བདེ་ལ་འགོད་རྒྱུ་འདི་ཡིན་ཞིང་།   དེ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་བརྗོད་བྱ་གཙོ་བོ་ཡང་ཡིན་ཟེར་ཆོག  དེའི་ཕྱིར་《བདུད་འདུལ་)ནང་དུ་གེ་སར་མཆོག་གིས་གསུང་དོན། “ང་འགྲོ་དྲུག་འདྲེན་པའི་བླ་མ་ཡིན། ། མུན་པ་སེལ་བའི་སྒྲོན་མེ་ཡིན། །དགྲ་དགུ་འཇོམས་པའི་དཔའ་བོ་ཡིན། ། མགོན་ཨོ་རྒྱན་པདྨའི་རྒྱལ་ཚབ་ཡིན། ། བན་ཤཱཀྱའི་བསྟན་པ་སྤེལ་མི་ཡིན། །”ཞེས་བརྗོད་ཡོད།  
ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ཡིག་ཚོགས་ཆེ་ཞིང་སྒྲུང་ཁག་ཧ་ཅང་མང་ནའང་བཙན་པོ་གཉའ་ནས་མནོན་པ་དང་གཉོམ་ཆུང་མཐའ་ནས་སྐྱོང་བའི་བརྗོད་བྱ་གཙོ་བོ་འདི་ཧ་ཅང་མངོན་གསལ་ཡིན་པ་མ་ཟད།  ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་མགོ་མཇུག་བར་གསུམ་དུ་ཁྱབ་འདུག  ལོ་རྒྱུས་སྙན་རྩོམ་རིང་མོ་ནང་དུ་ཐེངས་མང་པོར་གེ་སར་མཆོག་ནི“མགོ་ནག་བོད་ཀྱི་སྐྱབས་མགོན”དང་“གེ་སར་མཆོག་གི་ལས་དོན་ནི་མགོ་ནག་བོད་མི་ཐམས་ཅད་ཀྱི་བདེ་སྐྱིད་ཆེད་དུ་ཡིན”ཞེས་གླེང་འདུག  དེ་ཡང་གེ་སར་མཆོག་ནི་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་པ་དང་། ཁོང་ཉིད་དགུང་ལོ་ཆུང་བའི་དུས་སུ་མནར་སྡུག་གང་མང་མྱངས་པའི་དབང་གིས་བཙན་པོ་གཉའ་ནས་གནོན་པ་དང་།  གཉོམ་ཆུང་མཐའ་ནས་སྐྱོང་རྒྱུ་ནི་མི་ཚེ་གང་བོའི་མི་ཕྱེད་པའི་དམ་བཅའི་ཚིག་ཏུ་གྱུར་ཡོད།  ཁོང་ཉིད་ཀྱི་ཕྱིའི་སྐྱེ་གཟུགས་ཁྱད་དུ་འཕགས་ཤིང་ཐབས་ལ་མཁས་པ། དགྲ་ལྷ་ཝེར་མས་སྡོངས་གྲོགས་མཛད་པ་དང་།    ཁྱད་པར་གོང་མ་ལྷས་བཀའ་བཀོད་གནང་བཞིན་མཆིས།  དེ་ཡང་རྒྱའི་<ཐང་སུན་བླ་མའི་རྣམ་ཐར་>ནང་གི་སུན་བུའུ་ཁོང་ལགས་དང་མཚུངས་པར་སྤྲུལ་སྒྱུར་གྱི་མཐུ་ནུས་ཤིན་ཏུ་ལྡན།     རྒྱའི་བརྩམས་སྒྲུང་གྲགས་ཅན་〈རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་〉ནང་གི་ཐབས་ཤེས་ཟུང་ལ་མཁས་པའི་ཀྲུའུ་ཀོ་ལིའང་ལྟ་བུའི་མཁྱེན་པའམ་སྔོན་ཤེས་ཀྱི་བློ་རིག་ལྡན།  ཁོང་ཉིད་ལ་ཞི་དྲག་གཉིས་ཀ་འཛོམས་པ་མ་ཟད།    ད་དུང་རྒྱལ་ཁབ་དང་འབངས་ལ་གཅེས་པ། བདག་པས་གཞན་གཅེས་ཀྱི་ཀུན་སློང་བླ་ན་མ་མཆིས་པ། མདོར་ན། ཁོང་ཉིད་ཀྱི་མི་ཚེ་གང་བོར་གཡུལ་འགྱེད་ལན་བརྒྱར་ཞུགས་པ་དང་རང་ལུས་ཕངས་མེད་དུ་གཏོང་བའི་དམིགས་ཡུལ་འབའ་ཞིག་སྟེ།   དགྲ་བོ་མ་ལུས་རྨེག་མེད་བཅོམ་སྟེ་འབངས་མི་ཐམས་ཅད་སྐྱིད་པའི་བདེ་ལ་འགོད་རྒྱུ་དེ་ཡིན། ཁོང་ཉིད་རང་ལ་བྱམས་པ་དགྲ་ལ་སྡང་བ། ཕྱིའི་བཙན་འཛུལ་ལ་མཐའ་གཅིག་ཏུ་རྒོལ་བ་དང་།  རང་ཉིད་ཀྱི་མངའ་ཁོངས་སྲོག་བསྡོས་ཀྱིས་སྲུང་སྐྱོབ་བགྱིད་པ།    དུས་ནམ་ཡང་རྒྱལ་གཅེས་རིང་ལུགས་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ།  གེ་སར་མཆོག་རྟ་རྒྱུག་འགྲན་བསྡུར་བགྱིས་ནས་གླིང་གི་རྒྱལ་པོའི་གསེར་ཁྲི་མཐོན་པོར་མངའ་གསོལ་རྗེས།   ཁོར་ཡུག་གི་རྒྱལ་ཁབ་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་དམག་དྲངས་ནས་འཁྲུག་རྐྱེན་སློང་བ་དང་རེ་ངན་བཅངས་ནས་ཉམ་ཆུང་གླིང་གི་ཡུལ་ཁམས་བཙན་བཟུང་བྱེད་འདོད་ཆེ།    
          གེ་སར་མཆོག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབངས་མི་བདེ་སྐྱིད་ཀྱི་འཚོ་བ་སྲུང་སླད། ཕྱིར་བཤོལ་ཏིལ་ཙམ་ཡང་མི་བྱེད་པར་དཔའ་ངར་ཆེར་སྐྱེད་ཀྱིས་དགྲ་སྡེ་ཡོད་ཚད་དང་ཤི་གསོན་ཀྱི་འཐབ་འཛིང་མཛད།  དེ་འདྲའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་རྒྱལ་གཅེས་རིང་ལུགས་ཀྱི་ཐུགས་དགོངས་“མཚོན་པ་འདི་ཡང་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་འཕེལ་རྒྱས་ཀྱི་འགྲོ་ལམ་སྟེང་ཕུན་སུམ་ཇེ་ཚོགས་དང་།   ལོ་ངོ་སྟོང་ཕྲག་འགར་ཡང་ཉམས་པ་མེད་པའི་རྩ་བའི་རྒྱུ་རྐྱེན་ཞིག་ཡིན་པ་གདོན་མི་ཟའོ།།   
ལྔ་པ། གླིང་སྒྲུང་གི་གཞན་དང་མི་མཚུངས་པའི་མི་སྣའི་གཟུགས་བརྙན་བཞེངས་སྐྲུན།
          དེ་ཡང་གླིང་སྒྲུང་གི་མི་སྣའི་སྣང་བརྙན་མང་པོ་བཞེངས་སྐྲུན་ཐད་དུ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཡོད།   སྤྱིར་འཛམ་གླིང་སྟེང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་གང་ཡིན་ཡང་།   དཔེ་མཚོན་གྱི་དོན་སྙིང་ལྡན་པའི་མི་སྣའི་སྣང་བརྙན་འགའ་དང་། ཡང་ན་མང་པོ་ཞིག་བཞེངས་སྐྲུན་བྱས་ཡོད། དཔེར་ན། ཞི་ལཱའི་ལོ་རྒྱུས་སྙན་རྩོམ་རིང་མོའི་ཨ་ཅ་མོད་ནུང་(阿伽门农)དང་། ཨ་ཁ་ལིའུ་སི་(阿喀琉斯)ཨའོ་ཁོ་ཐུའོ་ཨེར་(奥可托耳)ཨའོ་ཏེ་ཞིའུ་སི་(奥德修斯)རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་རཱ་མ་ཎ་(罗摩)དང་ཞི་ཏུའོ་(悉多)བཅས་ལ་མཚོན་ན་ཚང་མ་ཁྱད་ཆོས་ལྡན་པའི་དཔེ་མཚོན་མི་སྣ་ཡིན།   ཡིན་ནའང་བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་སྒྱུ་རྩལ་གྱི་རིན་ཐང་དང་གོང་གསལ་གྱི་ཕྱིའི་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་དང་བསྡུར་ན་གླིང་སྒྲུང་ལ་འབུར་དུ་ཐོན་པའི་རིན་ཐང་གཙོ་བོ་ནི་མི་སྣ་གྲངས་མེད་སོ་སོའི་ཕྱིའི་གཟུགས་བརྙན་གྱི་ཞིབ་འབྲི་དང་ནང་སེམས་ཁམས་ཀྱི་འགྱུར་བའི་ཁྱད་ཆོས་མངོན་གསལ་བཞེངས་སྐྲུན་བགྱིད་ཡོད་པ་དེ་ལགས།   འབྲེལ་ཡོད་ཀྱི་ཆེད་ལས་མཁས་པས་བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན།  ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་དུ་ལྷ་ཡུལ་ཁམས་ནས་མི་ཡུལ་ཁམས་དང་། ཀླུའི་ཕོ་བྲང་ནས་དམྱལ་བའི་ཁམས་བཅས་ནས་སྒྱུ་རྩལ་གྱི་སྣང་བརྙན3000ལྷག་འདི་འདྲའི་མང་པོ་ཞིག་བཞེངས“་སྐྲུན་བྱས་ཡོད་པ། ཀྲུང་གོའི་རྩོམ་རིག་ལོ་རྒྱུས་སྟེང་། ཡང་ན་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་དུའང་ཉིན་མོའི་སྐར་མ་བཞིན་མཐོང་རྒྱུ་ཧ་ཅང་དཀོན།  ད་དུང་མི་སྣའི་སྣང་བརྙན་མི་ཉུང་བ་ཞིག་བཞེངས་སྐྲུན་བྱས་པ་ཧ་ཅང་ལེགས་འགྲུབ་བྱུང་ཡོད། དཔེར་ན། དྲང་ཕྱོགས་ཀྱི་མི་སྣ་གེ་སར་རྒྱལ་པོ། འབྲུག་མོ།  རྒྱ་ཚ། འདན་མ། སྲས་དགྲ་ལྷ་རྩེ་རྒྱལ། ཨ་སྟག་ལྷ་མོ། མི་ཆུང་ཁ་བདེ། ནེའུ་ཆུང་། མེ་བཟའ་བཅས་དང་ལྡོག་ཕྱོགས་ཀྱི་མི་སྣ་ཧོར་གུར་དཀར་དང་བདུད་ཀླུ་བཙན། འཇང་ས་དམ། མོན་ཤིང་ཁྲི། ཁྲོ་ཐུང་བཅས་ཞིབ་འབྲི་བྱས་པ་མངོན་སུམ་ལྟར་སྣང་བ་དང་། དངོས་གནས་གསོན་ཉམས་ལྡན་པ་ཞིག་རེད། དེ་ཙམ་མ་ཟད་ཉི་ཟླ་སྐར་གསུམ་དང་རི་རྡོ་རྩི་ཤིང་།   འདབ་ཆགས་རི་དྭགས་བཅས་པའང་ཞིབ་འབྲི་བྱས་པ་ལེགས་འགྲུབ་བྱུང་ཡོད། འདི་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་འདི་མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་སྒྱུ་རྩལ་གྱི་བང་མཛོད་ཡིན་པ་་གསལ་བཤད་གང་མང་བྱས་ཡོད།  
          ད་དུང་གླིང་གེ་སར་རྒྱལ་པོའི་སྒྲུང་འདི་དམངས་ཁྲོད་དུ་བརྒྱུད་སྤེལ་གྱི་རྣམ་པ་ནི་ལག་བྲིས་མ་དང་ཤིང་དཔར་མ།  སྒྲུང་བའི་ངག་ཐོག་ནས་བརྒྱུད་པ་ལས་གཞན།   མདོ་དབུས་ཁམས་གསུམ་གྱི་མང་ཚོགས་རང་གིས་མ་སྐུལ་དང་བླངས་ཀྱིས་“གེ་སར་ཟློས་གར་ཚོགས་པ”དང་།  “གེ་སར་སེང་འབྲུག་སྟག་རྩེ་ཕོ་བྲང་”དེ་མིན“གེ་སར་རིག་གནས་ལྟེ་བ”དང“གེ་སར་སྒྱུ་རྩལ་ཁང་”བཅས་“་གསར་དུ་བཙུགས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ཉན་སྤྲོའི་ཟློས་གར་འཁྲབ་པ་དང་སྒྲུང་གླུ་ལེན་པ་མ་ཟད། གེ་སར་ལ་འབྲེལ་ཡོད་ཀྱི་ཟངས་སྐུ་དང་། ཤིང་སྐུ། འཇིམ་སྐུ། དེ་མིན། ཐང་ག་ལྡེབས་རིས་བཅས་བཞེངས་འབྲི་གནང་སྟེ། གླིང་གེ་སར་རྒྱལ་པོའི་འཕྲིན་ལས་ཡུལ་ཕྱོགས་ཀུན་ཏུ་སྤེལ་བཞིན་མཆིས།  གླིང་གེ་སར་རྒྱལ་པོའི་སྒྲུང་གི་བརྒྱུད་སྒྲོག་གི་རྣམ་པ་གཙོ་བོ་ནི་ངག་ཐོག་ནས་བརྒྱུད་པ་དང་། ཤིང་དཔར་མ། ལག་བྲིས་མ། བོད་ཀྱི་ཟློས་གར། རི་མོ། གླུ་གར། བརྙན་འཕྲིན་བཅས་བརྒྱུད་སྒྲོག་གི་རྣམ་པ་མང་པོ་མཆིས། མདོར་ན། དམངས་ཁྲོད་ཀྱི་སྒྲུང་བ་རྣམ་པས་ངག་ཐོག་ནས་བརྒྱུད་སྒྲོག་བྱེད་པའི་རྣམ་པ་འདི་ཀུན་ལས་གཙོ་བོ་ལས་གཙོ་བོ་ལགས།    
དྲུག་པ། གེ་སར་རྒྱལ་པོའི་རུས་རྒྱུད་ཀྱི་འབྱུང་ཁུངས་དང་འཁྲུངས་འདས་ཀྱི་སྐོར།
          བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བྱུང་བ་བརྗོད་པའི་སྙན་རྩོམ་རིང་མོའི་མི་སྣ་གཙོ་བོ་གླིང་གེ་སར་རྒྱལ་པོ་མཆོག་ནི་ལྷ་སྒྲུང་ནང་གི་སྟོང་བའི་གང་ཟག་ཅིག་ཡིན་ནམ།  ལོ་རྒྱུས་སྟེང་གི་དངོས་ཡོད་མི་སྣ་ཞིག་ཡིན་པ་ནི་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་མི་སྣ་ཀུན་གྱིས་དུས་ཡུན་རིང་བོར་རྩོད་གླེང་རྫོགས་རྒྱུ་“མེད་པར་བྱེད་པའི་གནད་དོན་ཞིག་ཡིན་ལ།   ཐེངས་རེ་རེའི་རིག་གཞུང་ཞིབ་འཇུག་གྲོས་ཚོགས་སྟེང་དུ་ཆེད་མཁས་མི་སྣ་ཀུན་གྱིས་ཐུགས་ཁུར་གནང་བཞིན་པའི་གལ་འགངས་ཆེ་བའི་གནད་དོན་ཞིག་ཀྱང་ཡིན།  འདི་ཕྱོགས་སུ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམ་པར་བཞེད་པ་མི་མཐུན་པ་འདི་དག་ཡོད་དེ།   ཆེད་ལས་མཁས་པ་སྐོར་ཞིག་གི་བསམ་པར།  གེ་སར་ཞེས་པའི་སྒྲ་དང་རོ་མའི་རྒྱལ་ཆེན་ཁད་ས(恺撒)ཡི་སྒྲ་གཉིས་འབྲེལ་བ་ཉེ་བར་བརྟེན།   གེ་སར་མཆོག་ནི་རྒྱལ་ཆེན་ཁད་ས་ཞེས་པ་གཞིར་བཟུང་ནས་སྒྱུ་རྩལ་གྱི་གཟུགས་བརྙན་བཞེངས་སྐྲུན་བྱས་པའི་ལྟ་ཚུལ་བཏོན།   ཕྱི་གླིང་བའི་ལྟ་ཚུལ་འདི་ཆེས་སྔ་བ་ནི་ཧྥ་རན་སུའི་ཆེད་ལས་མཁས་པ་ཧྲི་ཐེ་ཨེན་གྱིས་བཏོན།  ཁ་ཅིག་གིས་གེ་སར་ལྷ་ཁང་ལ་ཀོན་ཡུན་ཁྲང་ལྷ་ཁང་ཞེས་འབོད་པ་དང་ཀོན་ཡུན་ཁྲང་གི་སྐུ་བརྙན་ཡང་་་བཞེངས་ཡོད་སྟབས། གེ་སར་མཆོག་ནི་ཀོན་ཡུན་ཁྲང་དང་གཅིག་མཚུངས་ཡིན་པར་འདོད་པའི་ལྟ་ཚུལ་འདི་ནི་སྐུ་ཞབས་རེན་ནའེ་ཆང(任乃强)སོགས་ཀྱིས་བཏོན།  ཡང་བོད་པའི་མཁས་པ་ལ་ལས་གེ་སར་རྒྱལ་པོ་དེ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་ཡིན་པར་འདོད་ལ།    ལྟ་ཚུལ་འདི་རྒྱུན་འཛིན་བགྱིད་པའི་ཆེད་ལས་མཁས་པས་བསམ་པར། གེ་སར་མཆོག་གི་གཏམ་རྒྱུད་གཙོ་བོ་དང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མཛད་རྗེས་གཙོ་བོ་དང་ཁྱད་པར་ཆེན་པོ་མ་མཆིས་པས་དང་། ལོ་རྒྱུས་སྙན་རྩོམ་རིང་མོ་ནང་དུ་བརྗོད་པའི་གེ་སར་མཆོག་དང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གཉིས་ནི་མི་གཅིག་དོན་གཅིག་ཡིན་པར་གསུངས།   མི་ཁ་ཅིག་གིས་གེ་སར་མཆོག་ནི་སུང་རྒྱལ་རབས་སྐབས་ཀྱི་བོད་ཀྱི་རྒྱལ་རབས་རྗེས་མ་ཙོང་ཁའི་རྒྱལ་པོའམ་རྒྱལ་སྲས་ཡིན་པར་འདོད། ད་དུང་བོད་ཀྱི་མཁས་པ་ལ་ལས་གེ་སར་མཆོག་ནི་ཟི་ཁྲོན་ཞིང་ཆེན་གྱི་སྡེ་དགེའི་གླིང་ཚང་རྒྱལ་པོའི་མེས་པོ་ཡིན་པར་འདོད་ལ།  ལྟ་ཚུལ་འདི་ནི་བོད་ཡོངས་ལ་དར་ཁྱབ་ཤིན་ཏུ་ཆེ།  གང་ལྟར་ཀྱང་།    གེ་སར་མཆོག་ནི་ལྷའམ་ཡང་ན་མི་ཡིན་པའི་གནད་དོན་འདི་ལ་མི་རྣམས་ཀྱིས་སྤྱི་མཐུན་གྱི་སྡོམ་ཚིག་འགོད་མ་ཐུབ།  
          གེ་སར་མཆོག་གི་རུས་རྒྱུད་ཀྱི་འབྱུང་ཁུངས་དང་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་དང་།  དེ་མིན་ལྷ་དང་མི་ཡིན་པའི་གནད་དོན་ཐད་དུ་གཤམ་གྱི་ལྟ་ཚུལ་འདི་དག་ལ་ཁོ་བོའི་མོས་པ་དང་འདོད་པ་ཅུང་མཐུན་པ་བྱུང་འདུག  
          དེ་ཡང་གླིང་གི་མི་རྒྱུད་ནི་བོད་མིའུ་གདོང་དྲུག་གི་ནང་ཚན་ལ་དཀར་པོ་ལྡོང་དང་། ནག་པོ་ལྡོང་། ཁྲ་བོ་ལྡོང་། སྨུག་པོ་ལྡོང་བཅས་ལས་སྨུག་པོ་ལྡོང་གི་རིགས་རྒྱུད་ཡིན་ཏེ།  དེ་ལ་〈བོད་མིའུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་〉ལས། ང་དང་ང་ངོ་མ་ཤེས་ན། རུས་ཆེན་སྨུག་པོ་ལྡོང་གི་རྒྱུད། དབང་ཐང་གོང་མ་གནམ་ནས་ཐོབ། ང་དཔོན་ཆུང་ཇོ་རུ་ཟེར་བ་ཡིན། ཞེས་ཟེར་བ་ལས་གཞན།  གླིང་གི་མི་རྒྱུད་ནི་ལྡོང་གི་རིགས་རྒྱུད་ཡིན་ཞེས་པ་ཡང་ལྡོང་ར་ཁྲ་རྒན་པོ་ལ་བུ་གསུམ་སྐྱེས་པ་སྟེ། ཆེ་བ་ལ་ཆོས་འཕེལ་ནག་པོ་ཟེར། འབྲིང་བ་ལ་ཆོས་ལ་འཕེལ་ཟེར།  ཆུང་བ་ལ་བླ་མ་འཕེལ་ཟེར་།  འཕེལ་པོ་ཐོགས་པའི་བུ་གསུམ་དུ་གྲགས། ཁོང་རྣམས་ཀྱིས་རྨ་ཆུ་རིང་མོའི་སྟོད་སྨད་བར་གསུམ་དུ་གཞི་བཟུང་ནས་འཚོ་བཞུགས་གནང་བར་མི་རྒྱུད་རིམ་གྱིས་མང་དུ་འཕེལ་ནས་སྡེ་བ་ཆེ་ཆུང་མང་བོར་ཆགས་ཤིང་།  གླིང་ཆེ་རྒྱུད་ཟེར་བ་བུ་ཆེ་བ་དེའི་རྒྱུད་པ་དང་གླིང་འབྲིང་རྒྱུད་ཟེར་བ་བུ་འབྲིང་བ་དེའི་རྒྱུད་པ་ཡིན།  གླིང་ཆུང་རྒྱུད་ཟེར་བ་བུ་ཆུང་བ་དེའི་རྒྱུད་པ།   སྐབས་དེར་ལྡོང་ཆོས་འཕེལ་ནག་པོ་ལ་མ་མི་གཅིག་པའི་བུ་གསུམ་སྐྱེས་ནས་ལྡོང་གི་མི་རྒྱུད་རབ་ཏུ་འཕེལ་ཞིང་། དེར་སྡེ་ཤོག་ཆེ་ལ་བཙན་ཕྱུག་འཛོམས་པས་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་།   སྨུག་པོ་ལྡོང་གི་མི་རྒྱུད་འབྲོག་སྡེ་ཆེན་པོ་འདི་ལ་གླིང་རུ་ཞེས་ཐོགས་པའི་རྒྱུ་མཚན་བཙན་ཕྱུག་འཛོམས་པས་ཡུལ་ཁམས་རྣམས་སུ་སྙན་གྲགས་དང་ལབ་གླེང་ཤིན་ཏུ་ཆེ་བ་བྱུང་སྟབས། མིང་ལ་གླེང་རུ་ཞེས་ཐོགས་ནའང་ཕྱིས་སུ་ཡི་གེ་འགྱུར་ནས་གླིང་རུ་ཞེས་གྲགས་པ་བྱུང་ཞེས་《གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས་》ལས་གསལ།  དེར་ཡང་སྨུག་པོ་ལྡོང་ལས་མཆེད་པའི་གླིང་གི་བུ་རྒྱུད་སྒ་སྐྱ་ལོ་ཟེར་བས་བྱང་བཟའ་ཟེར་བ་བག་མར་བླངས་པ་ལ་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་འཁྲུངས། དེ་གེ་སར་མཆོག་གི་བཙུན་མོ་བྱས།  གླིང་གི་སེང་བློན་ཟེར་བས་རྒྱ་བཟའ་ལྷ་སྐྱིད་སྒྲོལ་མ་དང་འགོག་བཟའ་གཉིས་བག་མར་བླངས།   དེར་རྒྱ་བཟའ་ལ་དཔའ་ཆེན་རྒྱ་ཚ་ཞལ་དཀར་འཁྲུངས།    འགོག་བཟའ་ལ་གླིང་རྗེ་གེ་སར་མཆོག་འཁྲུངས།  འཁྲུངས་ཡུལ་ནི་ཁམས་ཀྱི་སྐྱིད་སོས་ཡག་གི་ཁ་མདོ་ཡིན་པར་འདོད།  རྒྱུ་མཚན་ནི།   ས་སྐྱིད་སོས་ཡག་གི་ཁ་མདོ་ན་སྔོན་ཆད་གེ་སར་ལྷ་ཁང་ཞིག་བཞེངས་ཡོད། ལྷ་ཁང་ནང་ན་གླིང་གེ་སར་གྱི་ཁྲབ་རྨོག་དང་མདའ་གཞུ། སྒ་མཐུར་སྲབ་གསུམ། ཞྭ་ལྷམ་ན་བཟའ་སོགས་དངོས་པོ་མང་པོ་ཡོད་པར་མ་ཟད།  ད་དུང་གེ་སར་དང་རྒྱ་ཚ་ཞལ་དཀར་གཙོ་བྱས་པའི་གླིང་གི་དཔའ་རྟུལ་སུམ་་་ཅུའི་འབག་སྐུ་དང་རྫོང་ཆེན་བཅོ་བརྒྱད། རྫོང་ཆུང་སོགས་ཀྱི་ལོགས་རིས་ཀྱང་བྲིས་ཡོད།  ས་སྐྱིད་སོས་ཡག་གི་ཁ་མདོའི་གེ་སར་ལྷ་ཁང་གི་དཀར་ཆག་ན་ལྷ་ཁང་འདི་གནའ་སྔ་མོར་གེ་སར་སྐུ་འཁྲུངས་སའི་ས་མིག་ཏུ་བཞེངས་པ་ཡིན་ནོ་ཞེས་བྲིས་ཡོད་པར་གྲགས། <འཁྲུངས་གླིང་མེ་ཏོག་ར་བ་〉ལས། ས་སྐྱིད་སོས་ཡག་གི་ཁ་མདོ་རེད། །ཆུ་གཉིས་འབབ་སྒྲ་ལྷུང་ལྷུང་གྲགས། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། སྤང་གཉིས་བལ་སྟན་བཏིང་འདྲ་ཡིན། །བྲག་སྦལ་བ་འདྲ་བའི་རྩ་བ་རེད། །ཅེས་གསལ་བོར་བྲིས་ཏེ་གེ་སར་མཆོག་གི་འཁྲུངས་ཡུལ་བསྟན་པ་རེད།  
          གླིང་རྗེ་གེ་སར་རྒྱལ་པོ་འཁྲུངས་པའི་ལོ་ཚིགས་ལ་ད་ལྟ་མཁས་པ་རྒན་་གཞོན་མང་པོར་བཞེད་ཚུལ་མི་འདྲ་བ་མང་ཡང་ངེད་ཅག་གིས་ཞིབ་ཏུ་བརྟགས་་ན།  《མདོ་སྨད་ཆོས་འབྱུང་》ལས།  དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་གེ་སར་རྒྱལ་པོས་དབང་བསྒྱུར། དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་(སྤྱི་ལོ་1000)དང་ཆུ་སྦྲུལ(སྤྱི་ལོ993)ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་བོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླངས་བྱང་ཆུབ་འདྲེ་བཀོད་དང་།  སྨི་ཏི་ཛྙཱན་ཀིརྟི་སྤྱན་དྲངས་ཏེ་ཆོས་ཞུས་པ་དང་གཙུག་ལག་ཁང་བཞེངས་པར་བཤད་པས་ཀྱང་ཤེས་ནུས་ཞེས་གླིང་གེ་སར་རྒྱལ་པོ་ནི་རབ་བྱུང་དང་བོ་ཚུགས་མ་ཐག་པའི་སྔོན་གྱི་ལྕགས་བྱིའམ་ཆུ་སྦྲུལ་ལ་འཁྲུངས་པར་འདོད།. དེ་ཡང་ཁམས་བདུད་འཇོམས་སྐུ་ཕྲེང་གཉིས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དགོངས་པ་ལྟར་ན། སངས་རྒྱས་མྱ་ངན་ལས་འདས་རྗེས1 332ལོར་བོད་རྒྱལ་སྲོང་བཙན་སྒམ་པོ་སྐུ་འཁྲུངས།  སྤྱི་ལོ1038ལོར་གླིང་རྗེ་གེ་སར་རྒྱལ་པོ་སྐུ་འཁྲུངས། ལོ་འདིར་ཙོང་ཁའི་རྒྱལ་པོ་ཁྲི་ནམ་ལྡེའུ་བཙན་དགུང་ལོ42དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དགུང་ལོ14དང་མར་པ་ལོ་ཙཱ་བ་དགུང་ལོ2ལ་སོན།  ཁམས་བདུད་འཇོམས་རིན་པོ་ཆེའི་བཞེད་པ་འདི་དང་སྔ་མའི་ཆུ་སྦྲུལ་དང་བསྡུར་ན་ལོ་ངོ་ཞེ་ལྔ་ལས་མེད།  སྒྲུབ་བྱེད་འདིའི་ཁུངས་བཙན་ལ་གེ་སར་རྒྱལ་པོ་འཁྲུངས་པའི་ལོ་ཚིགས་བདེན་དཔང་བྱས་པ་མ་ཟད།  ད་དུང་གེ་སར་མཆོག་ནི་ལྷ་སྒྲུང་གི་སྟོང་བའི་མི་སྣ་མིན་ལ།   མིང་དང་རུས་ཡོད་པའི་ལོ་རྒྱུས་ཀྱི་དངོས་ཡོད་མི་སྣ་ཡིན་པ་བདེན་དཔང་གང་མང་བྱས།  
          རང་རྒྱལ་གྱི་མིང་དུ་གྲགས་པའི་གླིང་གེ་སར་སྒྲུང་གི་ཆེད་ལས་མཁས་པ་སྐུ་ཞབས་འཇམ་དཔལ་རྒྱ་མཚོའི་བསམ་པར།  གེ་སར་མཆོག་ནི་ལོ་རྒྱུས་ཀྱི་མི་སྣ་དང་།   ལྷག་པར་དུ་ཙོང་ཁའི་རྒྱལ་པོ་དང་གླིང་ཚང་རྒྱལ་པོའི་མེས་པོ་མིན་ལ།  དེ་ནི་མི་རབས་ནས་མི་རབས་ཀྱི་བོད་རིགས་མི་དམངས་ཏེ།    ལྷག་པར་དུ་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་མཁས་ཅན་རྣམས་ཀྱིས་གསར་བཟོ་མཛད་པའི་་རླབས་ཆེ་བའི་སྒྱུ་རྩལ་གྱི་དཔེ་མཚོན་ཏེ་བོད་རིགས་མི་དམངས་ཡིན་ལ།   སྐྱེ་སྟོབས་ཀྱི་ཤེས་རབ་ལྡན་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དག་གིས་གསར་བཟོ་མཛད་པ་ཡིན། དོན་སྙིང་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། གེ་སར་མཆོག་གི་སྙིང་སྟོབས་ཀྱིས་བོད་རིགས་མི་དམངས་ཀྱི་སྙིང་སྟོབས་མཚོན་ཡོད་ཅེས་་གསུངས། ལྟ་ཚུལ་འདི་ནི་གོང་གསལ་གྱི་ལྟ་ཚུལ་འགའ་དང་རྩ་བ་ནས་མི་མཐུན་མོད། འོན་ཀྱང་བདག་གི་བསམ་པར། ཁོང་གི་ལྟ་བ་འདི་ནི་ལོ་རྒྱུས་སྙན་རྩོམ་རིང་མོའི་གཞུང་ལུགས་དང་ཀུན་ནས་མཐུན་པས་ན།  ལོ་རྒྱུས་སྙན་རྩོམ་རིང་མོར་ཞིབ་འཇུག་མཛད་མཁན་གྱི་བོད་རིགས་མཁས་པ་རྣམས་ཀྱིས་ངེས་པར་དུ་མཐོང་ཆེན་བྱ་དགོས་པའི་གནད་གལ་ཆེན་ཞིག་ཡིན་པར་སྙམ་མོ། །