གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

སྒྲུང་པ་གྲགས་ཅན་ཚེ་རིང་དབང་འདུས།

སྤེལ་དུས 2018-10-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཅོད་པ་དོན་གྲུབ།
           དེ་ཡང་བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་པོ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་དུ་བོད་རིགས་དམངས་ཁྲོད་ཀྱི་སྒྲུང་པ་མཆོག་དམན་ཁྲི་སྟོང་མང་པོའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གསར་རྩོམ་དང་འཛིན་སྐྱོང་འཕེལ་རྒྱས་སུ་བཏང་བ་ཞིག་ཡིན། རང་རེའི་གནའ་རབས་དང་དེང་རབས་ཀྱི་སྒྲུང་པ་རྣམས་ཀྱིས་བོད་རིགས་མི་དམངས་ཀྱི་བློ་རིག་གི་ནུས་རྩལ་དང་བླ་ན་མ་མཆིས་པའི་གསར་གཏོད་ཀྱི་སྙིང་རུས་མཚོན་པར་བྱས་ཡོད་ལ།     ཁོང་རྣམ་པས་གངས་ལྗོངས་མི་རིགས་ཀྱི་དམངས་ཁྲོད་རྩོམ་རིག་ལས་དོན་འཕེལ་རྒྱས་ཡོང་བར་བསུབ་ཐབས་མེད་པའི་རླབས་ཆེན་གྱི་མཛད་རྗེས་བསྐྲུན་ཡོད།  ད་ལྟ་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་མཁས་པ་རྣམས་ཀྱིས་གེ་སར་སྒྲུང་ཞིབ་འཇུག་བྱེད་པའི་བྱ་བ་སྔར་ལས་ཇེ་བཟང་དང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པར་མ་ཟད། གེ་སར་སྒྲུང་གསར་རྩོམ་དང་རྒྱུན་འཛིན་གནང་མཁན་གྱི་སྒྲུང་པ་རྣམས་ཀྱི་རིན་ཐང་ཡང་ངོས་ཟིན་ཏེ་མཐོང་ཆེན་དང་ཞིབ་འཇུག་གནང་བཞིན་མཆིས་པ་འདི་ནི་རྒྱལ་ཁབ་ཕྱི་ནང་དུ་གེ་སར་སྒྲུང་ལ་ཞིབ་འཇུག་བྱེད་པའི་ལས་དོན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པའི་མངོན་རྟགས་ཤིག་རེད། ང་ཚོས་ཕྱིས་སུ་གོམ་གང་མདུན་སྤོས་ཀྱིས་གེ་སར་རྒྱལ་པོའི་སྒྲུང་ལ་བརྟེན་ནས་བོད་གནའ་རབས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམག་དོན། གོམས་སྲོལ། ཆོས་ལུགས་སོགས་ལ་ཞིབ་འཇུག་བྱེད་པར།   ངོ་མཚར་ལྡན་པའི་སྒྲུང་པའི་ཁྲོད་ཀྱི་བསླབ་སྒྲུང་དང་ཐོས་སྒྲུང་། བརྒྱུད་སྒྲུང་། ཐང་སྒྲུང་བཅས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས་པ་ཙམ་དུ་མ་ཟད།   གསང་བའི་མདུད་བརྒྱ་འགྲོལ་དཀའ་བའི་གཏེར་སྒྲུང་དང་། པྲ་སྒྲུང་། བབས་སྒྲུང་གི་རིགས་ལའང་ཞིབ་འཇུག་གང་ལེགས་བྱས་ཏེ་ཚན་རིག་དང་མཐུན་པའི་སྡོམ་ཚིག་ཅིག་འཇོག་རྒྱུ་ནི་དེ་བས་གལ་འགངས་ཤིན་ཏུ་ཆེ། ང་ཚོ་མཚོ་སྔོན་ཞིང་ཆེན་ལ་མཚོན་ན། ད་ལྟ་འཚོ་གཞེས་སྒྲུང་པ་བརྒྱ་ཕྲག་ལྷག་ཡོད་པའི་ནང་ནས་བབས་སྒྲུང་ཤོད་མཁན་ཚེ་རིང་དབང་འདུས་དང་ཟླ་བ་གྲགས་པ།    གཏེར་སྒྲུང་འབེབས་མཁན་གུ་རུ་རྒྱལ་མཚན།  བསླབ་སྒྲུང་གི་ཁོངས་སུ་གཏོགས་པའི་སྒྲུང་པ་ངག་རིག་སོགས་ནི་སྐད་གྲགས་ཤིན་ཏུ་ཆེ་སྟེ་ཁོང་ཚོས་སྒྲུང་བཤད་ན་རྫོགས་རྒྱུ་མེད་པ་དང་།  བྲིས་ན་བྲིས་མི་ཚར་ཞེས་ཤོད་སྲོལ་ཡོད་པ་ནི་དངོས་འབྲེལ་དོན་ལ་གནས་པ་ཞིག་ཡིན། ང་ཚོས་སྒྲུང་པ་འདི་དག་གི་ལོ་རྒྱུས་དང་། སྒྲུང་པར་གྱུར་པའི་རྒྱུ་རྐྱེན། སྒྲུང་བཤད་པའི་ཁྱད་ཆོས་དག་ལ་ཞིབ་འཇུག་བྱེད་རྒྱུ་ནི་གེ་སར་སྒྲུང་ལ་ཞིབ་འཇུག་བྱེད་པའི་སྔོན་འགྲོའི་ལས་འགན་གཡོལ་ཐབས་མེད་པ་ཞིག་ཡིན་སྙམ།    ཡིན་ནའང་།  འདིར་ཁོ་བོས་ངོ་སྤྲོད་དཔྱད་བརྗོད་ཞུ་བ་ནི་ཁོ་བོ་དང་མི་ལོ་ཧྲིལ་པོ་བཞི་ལྷག་ལས་དོན་མཉམ་སྒྲུབ་ཀྱི་འདྲིས་ཆ་ཡོད་པའི་སྐད་གྲགས་ཅན་གྱི་སྒྲུང་པ་ཚེ་རིང་དབང་འདུས་ཀྱི་སྐོར་ཡིན།      
དང་པོ། སྒྲུང་པ་ངོ་སྤྲོད་པའི་སྐོར།
           དེ་ཡང་སྒྲུང་པ་གྲགས་ཅན་ཚེ་རིང་དབང་འདུས་ནི་1987ལོའི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་སྒྲུང་བཤད་ཚོགས་འདུ་མ་བསྐོངས་གོང་དེར།  ང་ཚོ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་མི་སྣ་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དུ་སོང་ནས་སྒྲུང་པར་བརྟག་དཔྱོད་བྱེད་པའི་སྐབས་སུ་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་སྲིད་གྲོས་ཀྱི་སྤྲུལ་སྐུ་བྱ་འཕེལ་མཆོག་གིས་མཚམས་སྦྱོར་གནང་བར་བརྟེན་ནས་ངོ་ཤེས་པ་ལགས།  
           ཕུལ་དུ་བྱུང་བའི་སྒྲུང་པ་ཚེ་རིང་དབང་འདུས་ཀྱི་ཕ་ཡུལ་ནི།   མཚོ་ནུབ་ཁུལ་གོར་མོ་གྲོང་ཁྱེར་གདང་ལ་ཞང་གི་རུ་ཁག་གཉིས་པ་ཡིན་ཞིང་།   སྐབས་དེར་ཁོང་དགུང་ལོ་ང་ལྔའི་མཐར་ཟིན་པ་དང་ཡི་གེ་གཏན་ནས་མི་ཤེས།  ཁྱིམ་མི་ཆེ་ཆུང་བཞི་ཡོད།  1987ལོར་མཚོ་སྔོན་པོའི་འགྲམ་དུ་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་སྒྲུང་བཤད་ཚོགས་འདུ་ཐེངས་དང་པོའི་སྟེང་ཁོང་ཉིད་གདན་ཞུ་བས་པ་དང་སྒྲུང་བཤད་འགྲན་སྡུར་བརྒྱུད་ནས་བྱ་དགའ་ཨང་དང་པོ་ཐོབ་ལ།    སྒྲུང་པའི་མཚན་སྙན་ཡང་སྐབས་དེ་ནས་བཟུང་སླར་ཡང་འཛིན་མའི་ཁྱོན་ཀུན་ཏུ་ཁྱབ། ལོ་དེ་ནས་བཟུང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གིས་ཁོང་རང་གདན་འདྲེན་ཞུས་ནས་སྒྲུང་བཤད་དུ་བཅུག  ཁོང་རང་ཉིད་ཀྱིས་བཤད་པ་ལྟར་ན།  ཁོས་སྒྲུང་སྣ་མི་གཅིག་པ་ཆིག་བརྒྱ་ཉི་ཤུ་ལྷག་བཤད་ཤེས་ཟེར། ལོ་འདི་འགའི་རིང་ལ་ཁོང་གིས་འཇིག་རྟེན་ཐོག་ཁྱབ་མ་མྱོང་བའི་གེ་སར་སྒྲུང་བཅུ་གཅིག་བཤད་པ་དང་ད་ལྟ་སྒྲར་ཕབ་ཟིན་པ་ནི།《ཨ་སྟག་ཤ་རྫོང་》དང་། 《ཐོག་གླིང་གཡུལ་འགྱེད།》《ཕྱི་གླིང་གཡུལ་འགྱེད།》《གནམ་ཐེའུ་གཏེར་རྫོང་།》《བཀྲ་ཤིས་སྨོན་ལམ་ལྔ།》《མེ་མོ་ཤེལ་རྫོང་།》《མུ་མེན་མཆོང་རྫོང་།》《དུང་དཀར་སྟག་རྫོང་།》《སྒ་སྡེ་ཤེས་རབ་ཁྲོ་རྫོང་》བཅས་ཡིན་ལ་སྒྲ་ཐག697ལྷག་ཡོད། དེ་དག་ལས་《ཐོག་གླིང་གཡུལ་འགྱེད།》《བཀྲ་ཤིས་སྨོན་ལམ་ལྔ།》《ཕྱི་གླིང་གཡུལ་འགྱེད།》《ཨ་སྟག་ཤ་རྫོང་།》《དུང་དཀར་སྟེག་རྫོང་》ལྔ་ནི་ད་ལྟ་ཡི་གེར་བཀོད་ནས་དག་སྒྲིག་ཀྱང་བྱས་ཟིན་ལ།《ཐོག་གླིང་གཡུལ་འགྱེད་》ཞེས་པ་དེ་མི་རབས་བཞི་ལ་སྒྲུང་དཔེ་འབྲི་བའི་ལོ་རྒྱུས་ལྡན་པའི་རྒན་པོ་བུ་ཐུབ་དགའ་ཕ་བུ་གཉིས་ཀྱིས་དཀའ་ཚེགས་འོ་བརྒྱལ་ལ་མ་འཛེམས་པར་དག་སྒྲིག་གནང་བ་ཡིན་ཞིང་།  ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་གེ་སར་སྒྲུང་ལ་ཞིབ་འཇུག་གནང་མཁན་གྱི་འབྲེལ་ཡོད་མཁས་པ་མང་པོ་གདན་དྲངས་ཏེ་ཞིབ་བསྡུར་བྱས་པ་བརྒྱུད་ནས་རྒན་པོ་བུ་ཐུབ་དགས་དག་སྒྲིག་གནང་བའི་སྒྲུང་དཔེ་དེར་གདེང་འཇོག་ཚད་མཐོན་པོ་གནང་། དེ་ལས་གཞན་ད་དུང་སྒྲུང་ཁག་བཞི་ན་ནིང་མཚོ་སྔོན་ཞིང་ཆེན་གྱི་པར་སྐྲུན་འཆར་གཞིའི་ནང་བཞག་སྟེ་ད་ལོ་ཟླ་བཅུ་བའི་སྔོན་ལ་དངོས་སུ་པར་སྐྲུན་བྱ་རྒྱུ་ཐག་གཅོད་བྱས་ཡོད་ལ། ང་ཚོའི་འཆར་བཀོད་ལའང་ད་ལོ་ནས་བཟུང་ཚེ་རིང་དབང་འདུས་ཀྱིས་བཤད་པའི་སྒྲུང་གཅིག་རེ་ལོ་རེར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱ་རྒྱུ་བྱས་ཏེ། ད་ལྟ་《ཐོག་གླིང་གཡུལ་འགྱེད་》དང་《བཀྲ་ཤིས་སྨོན་ལམ་ལྔ།》《ཨ་སྟག་ཤ་རྫོང་》 《སྒ་སྡེ་ཤེས་རབ་ཁྲོ་རྫོང་།》 《གནམ་ཐེའུ་གཏེར་རྫོང་》སོགས་དངོས་སུ་པར་སྐྲུན་བྱས།  
           1989ལོར་པེ་ཅིན་དང་ཁྲིན་ཏུའུ་སོགས་གྲོང་ཁྱེར་དུ་སྐོང་འཚོགས་བྱས་པའི་རྒྱལ་སྤྱིའི་གེ་སར་རིག་གཞུང་གྲོས་ཚོགས་ཐེངས་དང་པོ་དང་ངོ་མཚར་ཅན་གྱི་སྒྲུང་པར་མཚན་སྙན་གནང་བའི་ཚོགས་ཆེན་བཅས་ཚོགས་འདུ་ཆེ་ཆུང་མང་པོར་ཁོང་ཕེབས་ཞུགས་ཀྱིས་སྒྲུང་བཤད་པ་དང་མཚམས་སྦྱོར་བྱས་པ་བརྒྱུད་ནས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱི་མིག་མཐོང་དང་རྣ་ཐོས་སུ་གྱུར་པར་མ་ཟད། ཁོང་གིས་བཤད་པའི་ཁ་སྒྲུང་ནི་བརྒྱུད་རིམ་ལྡན་ཞིང་བརྗོད་དོན་ཆ་ཚང་ལ་རྗོད་ཚིག་སྙན་ཞིང་ཡིད་འགུག་གི་ནུས་པ་ལྡན་པ།   རིག་གཞུང་གི་རིན་ཐང་དང་རྩོམ་རིག་གི་རིན་ཐང་མཐོན་པོ་ཡོད་པ་མཐོང་བས། འདི་ནི་རྒྱལ་ཁབ་ཀྱི་གཅེས་ནོར་ཞིག་རེད་ཅེས་གདེང་འཇོག་གནང་བ་དང་། དེ་མིན་འབྲེལ་ཡོད་གོང་རིམ་ལས་ཁུངས་དང་འགོ་ཁྲིད་པའི་གཟིགས་སྐྱོང་འོག   1988ལོར་ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་མཚོ་སྔོན་ཡན་ལག་ཚོགས་པའི་རྒྱུན་ལས་ཨུ་ཡོན་དང་།  མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དང་། 1990ལོར་ཁོང་རང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་གྲས་སུ་བླངས་ཏེ།  མཐོ་རིམ་ལག་རྩལ་པའི་ཐོབ་ཐང་ཡང་གནང་བ་དང་།  སྤྱི་ལོ2003ལོར་དམངས་ཁྲོད་རྩོམ་རིག་ཚོགས་པའི་མཚན་འཛིན་ཀྲུའུ་ཞིར་ཡང་བདམས་པ་རེད།      
གཉིས་པ། སྒྲུང་པའི་ལམ་དུ་བགྲོད་པའི་བརྒྱུད་རིམ་གྱི་སྐོར།
           སྒྲུང་པ་ཚེ་རིང་དབང་འདུས་ལགས་ཀྱི་ཐོག་མའི་ཕ་ཡུལ་བོད་ལྗོངས་ནག་ཆུའི་ཨ་མདོ་སྟོད་མ་ཡིན་ཞིང་།  སྐབས་དེར་ཁྱིམ་ལ་ཕ་མ་གཉིས་དང་མིང་སྲིང་བསྡོམས་པས་བཅུ་གཅིག་ཡོད་པའི་ནང་།  ཁོང་ཆུང་ཤོས་ཡིན།  ཁོང་རང་ལོ་བརྒྱད་ལ་སོན་པའི་ལོ་དེར།  གར་ཡོང་ཆ་མེད་ཀྱི་ཇག་ཚོགས་སྐོར་ཞིག་ཁོ་ཚོའི་ས་ཁུལ་དུ་ཐོན་ཏེ་སྙིང་རྗེ་མེད་པའི་འཕྲོག་བཅོམ་བྱས་ནས་རྟ་ནོར་ལུག་གསུམ་དེད་པ་མ་ཟད། ཁོང་གི་ཕ་རྒན་དང་མ་རྒན་ཕུ་བོ་ཆེ་བ་གཉིས་ཇག་ཚོགས་དང་འཐབ་པའི་སྐབས་སུ་ཚེ་སྲོག་ཤོར།  དེ་ནས་བཟུང་སྔོན་གྱི་རྒྱུ་ནོར་ཟས་གསུམ་འཛོམས་པའི་ཁྱིམ་ཚང་སྐྱིད་ཅིང་བདེ་བ་དེ་རིམ་གྱིས་ཟས་རིགས་གོན་ཆས་མི་འདང་བའི་ཁྱིམ་ཚང་དབུལ་ཕོངས་ཤིག་ཏུ་གྱུར་པར་བརྟེན། མཐའ་མཇུག་མིང་སྲིང་རྣམས་ཀྱང་རང་ཡུལ་དང་ཁ་བྲལ་ནས་སོ་སོར་འཚོ་ལམ་འཚོལ་དུ་མི་འགྲོ་ཀ་མེད་བྱུང་ཞིང་། ཤུལ་ན་ལོ་ན་རྒས་པའི་ཨ་ཡས་རྒན་མོ་དང་རང་མགོ་མི་ཐོན་པའི་ཚེ་རིང་དབང་འདུས་གཉིས་ལུས། སྟབས་མ་ལེགས་པར་ལོ་དེ་ཕྱི་ལོར་ཁོང་གི་ཨ་ཡས་རྒན་མོ་ཡང་བཀྲེས་སྐོམ་གྱིས་མནར་ཁར་བཅོས་ཐབས་མེད་པའི་ནད་ཀྱིས་མནར་ཏེ། མཐའ་མར་འཇིག་རྟེན་འདི་དང་གཏན་དུ་བྲལ་བར་གྱུར། ལོ་ན་དགུ་ལས་མ་སོན་པའི་སྒྲུང་པ་ཚེ་རིང་དབང་འདུས་ཕ་མ་མིང་སྲིང་མེད་པའི་དྭ་ཕྲུག་ཏུ་གྱུར་ཏེ་ཅི་བྱ་ཐབས་མེད་ཀྱི་གནས་སུ་ལྷུང་པའི་སྐབས།  ཁོང་གི་ཡིད་ལ་མ་རྒན་འཆི་ཁར་ང་རང་ཤི་རྗེས་བུ་ཁྱོད་གངས་ཏི་སེ་སོགས་བོད་གངས་ཅན་གྱི་གནས་འགངས་ཆེན་དག་ལ་མཇལ་སྐོར་དུ་སོང་སྟེ་སྡིག་བཤགས་དང་གསོལ་འདེབས་བྱོས་དང་དཀོན་མཆོག་གསུམ་གྱིས་ཁྱོད་ལ་ཐར་བའི་ལམ་ཞིག་གནང་ངེས་ཡིན་ཞེས་གསུངས་པ་གསལ་ལེར་ཤར་ཏེ།  བློ་ཐག་རྦད་ཆོད་ཀྱིས་ཕ་ཡུལ་དང་ཁྱིམ་གཞིར་ཁ་བྲལ་ནས་རྒྱང་རིང་ལྷ་ལྡན་གྲོང་ཁྱེར་དང་། གཞིས་ཀ་རྩེ། ལྷོ་ཁ།  ཆབ་མདོ།  རྒྱལ་རྩེ།  སྟོད་མངའ་རིས་སོགས་ཀྱི་ས་ཁུལ་རྒྱུས་མེད་དུ་འཁྱམས་ཏེ་ཟས་སློང་ཞོར་དུ་གནས་འགངས་ཆེན་ར་ས་འཕྲུལ་སྣང་དང་།  སེ་འབྲས་དགེ་གསུམ། གཙང་བཀྲ་ཤིས་ལྷུན་པོ། ས་སྐྱ། བསམ་ཡས། རྭ་སྒྲེང་། སྲས་མཁར་དགུ་ཐོག་དྭགས་པོ་ཤེལ་གྱི་སྒྲུབ་ཕུག  ཞྭ་སེར་བསྟན་པའི་བདག་པོ་རྗེ་ཙོང་ཁ་པའི་སྒྲུབ་ཕུག་བཅས་ལ་སྒོ་གསུམ་གུས་པས་མཇལ་སྐོར་ཞུས་ཤིང་།  དེ་ནས་གནས་ཁྱད་འཕགས་ཅན་གངས་ཏི་སེའི་མདུན་དུ་སླེབས་ནས་ཟློག་མེད་དད་པས་བརྐྱང་ཕྱག་འཚལ་ནས་སྐོར་བ་བཅུ་གསུམ་ཚང་རྗེས་མ་ཕམ་གཡུ་མཚོར་བསྐོར་བ་བརྒྱབ་པ་སོགས་བྱས་མཐར་ཡུད་ཙམ་ལ་རང་ལོ་བཅུ་གསུམ་ལ་སོན།  ལོ་དེར་གཉན་ཆེན་ཐང་ལྷ་དང་གནམ་མཚོ་ཕྱུག་མོའི་འགྲམ་དུ་སླེབས། གནམ་མཚོར་སྐོར་བ་གསུམ་བརྒྱབ་ནས་མཚོ་འགྲམ་གྱི་གནམ་མཚོའི་ཁྲུས་སྒོ་ཟེར་བ།    རྟ་མཆོག་གི་ཁ་ལྟ་བུའི་བྲག་མཐོན་པོ་ཞིག་ལས་ཆུ་བོ་དྭངས་ཤིང་གཙང་བ་ཞིག་འབབ་ཀྱིན་ཡོད་པ་དེར་མགོ་ལུས་གཙང་འཁྲུས་ཀྱིས་གྲོགས་པོ་ཚོ་དང་ལྷན་དུ་ངལ་གསོ་བགྱིད་དེ་ས་རུབ་ལ་ཉེ་བའི་སྐབས་དེར།   ཁོང་གི་མིག་ལམ་དུ་གློ་བུར་དུ་གནམ་མཚོ་ཕྱུག་མོ་ལས། ཁྲབ་རྨོག་འཁོར་གསུམ་གྱིས་བརྒྱན་པའི་དཔའ་རྒོད་ཅིག་རྟ་མཆོག་རྐྱང་དམར་ཞིག་ལ་བཅིབས་ཤིང་།  དཀར་སེར་མདངས་ཀྱི་འཇའ་འོད་ཡིད་དུ་འོང་བས་སྤྲས་ཏེ་གློག་མྱུར་བ་བཞིན་ཕེབས་ཡོང་ནས་ཁོང་ལ་བསྐོར་བ་གསུམ་གནང་རྗེས་གཉན་ཆེན་ཐང་ལྷའི་གངས་ནང་དུ་འཐིམས་པ་ཞིག་མཐོང་བའི་ཚོར་སྣང་སྐྱེས་པ་དང་ཆབས་ཅིག་དབང་མེད་དུ་བརྒྱལ་ཏེ། ཉིན་ཞག་བདུན་ལ་གཉིད་ལས་སད་མ་བཏུབ་པས་ཅི་ཡིན་འདི་ཡིན་མ་ཤེས། དེ་ནས་ཉིན་ཞག་བདུན་སོང་རྗེས་གཉིད་ལས་སད་པ་ན་འཁོར་གསུམ་བརྒྱན་པའི་རྟ་དམག་ཁྲི་སྟོང་མང་པོ་གཡུལ་ངོར་མཆོང་བའི་རྣམ་པ་དང་། དཔའ་རྟུལ་འགྲན་ཟླ་བྲལ་བ་རྣམས་རྟ་འདེད་ནོར་འགྱེད་བགྱིད་པའི་རྣམ་པ། སྨན་མཆོག་མཛེས་ཤིང་ལྟ་ན་སྡུག་པ་མང་པོས་ཇ་འདྲེན་ཆང་འདྲེན་བྱེད་པའི་རྣམ་པ་ངོ་མཚར་བ་རྨི་ལམ་དུ་ཤར་པའི་ཚོར་སྣང་བྱུང་།   
           དེ་བས་ངོ་མཚར་བ་ཞིག་ནི།  རྨི་ལམ་དེ་ལ་བརྟེན་ནས་ཁོང་གི་ངག་སྒོ་གློ་བུར་དུ་ཡངས་ཤིང་བདེ་བར་གྱུར་ཏེ་ལོ་རྒྱུས་ཐོག་ཐོས་མ་མྱོང་བའི་གཏམ་རྒྱུད་རྣམ་པ་སྣ་ཚོགས་ཆབ་རྒྱུན་འབབ་པ་ལྟར་རང་ཤུགས་སུ་བརྗོད་ཐུབ་པར་གྱུར་པ་ན། གཡས་གཡོན་གྱི་གྲོགས་པོ་གཉིས་ཧ་ལས་ཤིང་སེམས་འཚབ་ནས། ཁོང་ཉིད་ལམ་ཐག་ཉེ་བའི་དགོན་པ་ཞིག་ཡོད་སར་ཁུར་སོང་སྟེ།  རྒྱུ་མཚན་རྣམས་གསང་བ་མེད་པར་དགོན་བདག་བླ་མར་གསལ་བོར་ཡར་ཞུས་ཚེ། བླ་མས་ཁོང་ལ་ཡང་བསྐྱར་བཤད་དུ་བཅུག་ནས་གསལ་བོར་གསན་ཏེ་བསམ་གཞིགས་རེ་ཞིག་བཏང་རྗེས། ཁོང་ནི་གདོན་འདྲེ་སུས་ཀྱང་བཟུང་བ་མིན། ཁོས་བཤད་པའི་གཏམ་རྒྱུད་དེ་དག་ནི་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་བཏུལ་བའི་ལོ་རྒྱུས་བསྔགས་པར་འོས་པ་རྣམས་ཡིན།    ཁོང་ལ་གེ་སར་རྒྱལ་པོས་མགོན་སྐྱབས་གནང་བཞིན་ཡོད་པར་མ་ཟད། གླིང་གི་དཔའ་རྟུལ་སུམ་ཅུ་ལས་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྤྲུལ་པ་རེད་ཅེས་གསུངས་ནས།   སྐྱ་སེར་མང་པོས་མཆོད་བཀུར་བསམ་གྱིས་མི་ཁྱབ་པ་བྱས།  
           དེ་ནས་ཉིན་འགའི་རྗེས་སུ་ཁོ་ཚོ་གྲོགས་པོ་དག་དགོན་པ་ནས་ཕྱིར་བུད་དེ། རྒྱུས་མེད་ཀྱི་ས་ཁུལ་མང་པོ་བརྒྱུད་དེ་སྒྲུང་བཤད་ཞོར་དུ་སླར་ཡང་ནག་ཆུའི་ཨ་མདོ་ཁུལ་ལ་སླེབས། དུས་དེར་ཐོག་མར་སྐྱེ་བོ་འགའ་ཞིག་གིས་སྒྲུང་ཉན་ཞིང་དེ་དག་ཕན་ཚུན་གཡས་གཡོན་ལ་བརྡ་བཏང་སྟེ་མ་འགྱངས་པར་ཁོར་ཡུག་གི་སྐྱེ་བོ་ཕལ་ཆེར་གྱིས་ཤེས་པས་མ་ཚད།   སྤྲུལ་སྐུ་ཀརྨ་ཨོ་རྒྱན་དགྲ་འདུལ་གྱིས་ཀྱང་གསན་ཏེ། ཁོང་ཉིད་དགོན་པར་གདན་འདྲེན་ཞུས་ནས་སྒྲུང་བཤད་དུ་བཅུག  ཚེ་རིང་དབང་འདུས་དགོན་པར་ལོ་གཅིག་བཞུགས་པའི་སྐབས་སུ་གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་ལས་《ཁ་ཆེ་གཡུ་རྫོང་》ཁ་ཚང་ཞིག་བཤད་དེ།  དགེ་འདུན་པ་གསུམ་གྱིས་ཟིན་བྲིས་བཏབ་ནས་དགོན་པས་བདག་གཉེར་བྱས།  བླ་མས་ད་དུང་ཚེ་རིང་དབང་འདུས་ལ་སྒྲུང་པ་ཁྱད་པར་ཅན་ཡིན་པའི་རྟགས་མཚན་ལ་སྒྲུང་ཞྭ་མཛེས་ཤིང་རན་པ་ཞིག་བཟོས་ཏེ་གནང་ཞིང་ཁ་གཡང་ཕུན་སུམ་ཚོགས་པ་ཞིག་བོས་སོ།  
           དུས་སྐབས་དེ་ནས་བཟུང་ཁོང་ལ་སྒྲུང་བཤད་ཀྱི་སྤོབས་པ་རབ་ཏུ་རྒྱས་ཏེ་ལུས་ལ་སློག་པ་གྱོན།  རྒྱབ་ཏུ་སྨྱུག་མའི་མདའ་གཞུ་དང་།  རལ་གྲི།  སྒྲུང་ཞྭ་སོགས་ཁུར་ནས་ཕྱོགས་བཞི་མཚམས་བརྒྱད་དུ་འཁྱམས་ནས་སྒྲུང་བཤད་ཅིང་། ལྷག་པར་དུ་རྟ་རྒྱུག་ཚོགས་འདུ་དང་། གཉེན་སྟོན། ཆོས་སྟོན་སོགས་ཀྱི་སྟེང་དུ་བཀྲ་ཤིས་པའི་སྒྲུང་སྣ་གང་མང་བཤད་པར་བརྟེན། སྒྲུང་ཕྲུག་སྐྱ་རིལ་ཞེས་པའི་མཚན་སྙན་གངས་ཅན་ལྗོངས་ཡོངས་སུ་ཁྱབ་འདུག    
           དེ་ནས1957ལོར་གཉེན་སྒྲིག་བྱས་ནས་ཡུན་རིང་མ་སོང་བའི་བཟའ་གྲོགས་དང་ལྷན་དུ་ཡུན་རིང་གི་འཚོ་རྟེན་ཞིག་འཚོལ་བའི་སླད་དུ་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་གདང་ལ་ཆུང་བར་ཡོང་ནས་གཞིས་ཆགས་ཤིང་། སྤྲང་འཁྱམས་ཀྱི་ལོ་རྒྱུས་མཇུག་རྫོགས་ཏེ། མགོ་ན་སྦྲ་དང་སྒོ་ན་ཕྱུགས། སྣོད་དུ་ཟས། གྱོན་གོས་ལེགས་ཙམ་ཡོད་པའི་ཁྱིམ་ཚང་ཞིག་ཏུ་གྱུར་ལ།  ཁོང་གིས་བླངས་པའི་གེ་སར་རྒྱལ་པོའི་སྒྲུང་གླུ་དེ་ཡང་སྡུག་བསྔལ་གྱི་འཆིང་རྒྱ་ལས་གྲོལ་ཏེ་རང་དབང་གིས་གདང་ལའི་རི་ལུང་ཀུན་ཏུ་ལྷང་ལྷང་དུ་གྲགས་འདུག  
           ཡིན་ནའང་ལོ་བཅུའི་ཟིང་ཆའི་སྐབས་སུ་ཚེ་རིང་དབང་འདུས་ལ་ཡང་གེ་སར་རྒྱལ་པོའི་སྒྲུང་པ་རེད་ཟེར་ནས་རྡུང་རྡེག་དྲག་པོ་བྱས་ཏེ་འཛིན་བཟུང་བྱས་ཤིང་། ལོ་འཁོར་གཅིག་རིང་ལ་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག་པ་མ་ཟད།  ཁོང་གི་སྙིང་དང་འདྲ་བའི་སྒྲུང་ཞྭ་དག་ཡོ་ཆས་དང་ལྷན་དུ་མེ་ལ་བསྲེགས་ནས་རྨེག་མེད་བཟོས།  འོན་ཀྱང་སྒྲུང་པ་ཚེ་རིང་དབང་འདུས་ཀྱིས་གོ་སྐབས་བཙལ་ནས་སྒྲུང་བཤད་པའི་བར་མཚམས་རྩ་བ་ནས་ཆད་མ་མྱོང་། 
           ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོགས་ཚོགས་ཐེངས་གསུམ་པའི་རྗེས་སུ།   སྒྲུང་པ་ཚེ་རིང་དབང་འདུས་ལ་བཅིངས་འགྲོལ་ཐེངས་གཉིས་པ་ཐོབ་སྟེ་སྒྲུང་བཤད་པའི་སྤོབས་པ་ཇེ་ཆེར་འཕེལ་ཞིང་།   སྙན་ཞིང་འཇེབས་པའི་སྒྲུང་གླུ་མཐའ་ཡས་རྩྭ་ཐང་ཡོངས་སུ་ཁྱབ་སྟེ།   མཚན་སྙན་གྱི་དབྱར་རྔ་སྔར་ལས་ཇེ་གསལ་དང་ཇེ་ཆེར་གྱུར།     
གསུམ་པ། སྒྲུང་པར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་འགའི་སྐོར།
           གོང་དུ་བརྗོད་ཟིན་པའི་སྒྲུང་པའི་ལམ་དུ་བགྲོད་པའི་བརྒྱུད་རིམ་ལ་བརྟག་ན།  སྒྲུང་པ་ཚེ་རིང་དབང་འདུས་ནི་རྨི་ལམ་ངོ་མཚར་ཅན་ཞིག་ལ་བརྟེན་ནས་ཕུལ་དུ་བྱུང་བའི་སྒྲུང་མཁན་ཞིག་ལ་གྱུར་པ་མངོན་གསལ་དུ་མཚོན་གྱི་ཡོད་པ་འདིར་རྒྱལ་ཁབ་ཕྱི་ནང་གི་མཁས་པ་བགྲེས་གཞོན་མང་པོས་བཞེད་པ་མི་མཚུངས་པ་སྣ་ཚོགས་ཤིག་བཟུང་ཡོད། འོན་ཏེ་ཁོ་བོའི་བསམ་པར་ཐོག་མར་ཁོ་རང་ཇི་ལྟར་སྒྲུང་པར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་འགའ་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་སྡོམ་བྱེད་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་སྙམ།  དེས་ན་གལ་བོ་ཆེ་ལ་ནན་ཏན་གྱི་དཔེ་བཞིན།  གཤམ་དུ་བདག་གིས་དངོས་གཙོའི་ལྟ་བ་འཛིན་ཁུལ་བྱས་ཏེ་ཅུང་ཙམ་སྤྲོ་བར་བྱ་སྟེ།    
           གཅིག སྒྲུང་པ་ཚེ་རིང་དབང་འདུས་ལོ་ན་ཆུང་བའི་དུས་ནས་བློ་རིག་རྒོད་ཅིང་ཡིད་འཛིན་གྱི་ནུས་པ་གཞན་དང་མི་མཚུངས་པ་ཞིག་ཡོད་པར་འདུག་ལ།  ཁོ་བོ་ཅག་ལོ་འཁོར་འགའི་རིང་ལ་ཁོང་དང་མཉམ་དུ་གླེང་མོལ་དང་བྱ་བ་སྒྲུབ་པའི་སྐབས་སུ་རྒྱུས་མངའ་བྱུང་གསལ་ལྟར་ན་ཁོང་གིས་གེ་སར་རྒྱལ་པོའི་སྒྲུང་འོ་གང་བཤད་ན་ཐོགས་པ་མེད་ཅིང་གང་དྲིས་ཀྱང་དེ་མ་ཐག་ལན་འདེབས་ཐུབ་པའི་བློ་རིག་ལྡན་པ་མ་ཟད།   ད་དུང་ཁོང་རང་ལོ་བརྒྱད་སོན་པའི་རྗེས་ཀྱི་ལོ་རྒྱུས་ཡོད་དོ་ཅོག་མགོ་མཇུག་ཆ་ཚང་ཞིང་མ་ནོར་བར་བཤད་ཤེས་པའི་ཡིད་འཛིན་ཁྱད་པར་ཅན་ཞིག་འདུག  ཁོང་ཉིད་ང་ཚོའི་ལས་ཁུངས་སུ་སླེབས་པའི་སྐབས་སུ། ཡིག་འབྲུ་གཅིག་མི་ཤེས་ཀྱང་ལོ་འཁོར་གཉིས་ཡས་མས་ལ་སྦྱངས་པ་བྱས་ཏེ་བོད་ཡིག་གི་སྒྲུང་དང་ཚགས་པར་དག་དལ་བུས་ཀློག་ཐུབ་པས་ཁོང་ནི་ངོ་མ་ལྷན་སྐྱེས་ཀྱི་ཡོན་ཏན་ལྡན་པའི་སྐྱེས་བུ་རིགས་བཟང་ཞིག་རེད་སྙམ་པའི་ཚོར་སྣང་བྱུང་ལ་འདི་ནི་ཁོང་གེ་སར་སྒྲུང་པར་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར་སེམས།  
           གཉིས། སྒྲུང་པ་ཚེ་རིང་དབང་འདུས་ལོ་ན་གཞོན་པའི་དུས་ནས་དམངས་ཁྲོད་ཀྱི་གླུ་དང་། ལ་གཞས། ཤགས། འབྲས་དཀར། གཉེན་བཤད། སྟོན་བཤད། རྟ་བཤད། གཏམ་རྒྱུད། གཏམ་དཔེ་སོགས་ལ་ཤིན་ཏུ་དགའ་ཞིང་ལྕེ་ལྕག་ཤིན་ཏུ་བདེ་བ་ཞིག་ཡིན།   ཁོང་ཡུལ་གང་དུ་ཆས་ཀྱང་གླུ་གཞས་སོགས་གཏོང་བ་དང་འབྲས་དཀར་གཏམ་རྒྱུད་དག་འཆད་པར་བྱེད་པ་ནི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་ལ།  ཁྱད་པར་དུ་རྟ་རྒྱུག་དགའ་སྟོན་སོགས་ཀྱི་ཁྲོད་དུ་མེད་དུ་མི་རུང་བ་ཞིག་ཡིན།   ཁོས་བཤད་པའི་གཏམ་རྒྱུད་དང་བླངས་པའི་གླུ་གཞས་སོགས་ལ་སྐྱེ་བོ་ཀུན་གྱིས་ཉན་འདོད་ཧ་ཅང་ཆེ་ཞིང་།   བསྔགས་བརྗོད་ཀྱི་མེ་ཏོག་དབང་མེད་དུ་ཐོར་བཞིན་ཡོད་པས་ཁོང་ཆུང་དུས་ནས་དམངས་ཁྲོད་རིག་གནས་ཀྱི་བང་མཛོད་ཅིག་ཡིན་པ་མགྲིན་པ་གཟེངས་སུ་བསྟོད་ནས་བརྗོད་ཆོག་པ་ལགས་ན་ཁོང་ཆུང་དུས་ནས་སྒྲུང་པ་ཞིག་ཏུ་འགྱུར་བར་རྗོད་བྱེད་ཚིག་གི་སྟེང་ནས་རྨང་གཞི་བརྟན་པོ་བཏིང་འདུག   
           གསུམ།  སྒྲུང་པ་ཚེ་རིང་དབང་འདུས་ནི་མཐོང་རྒྱ་དང་ཤེས་རྒྱ་ཆེ་བའི་མི་ཁྱད་པར་ཅན་ཞིག་རེད།    ཁོང་གི་མི་ཚེ་ཆེས་མང་ཤོས་ནི་ས་ཁུལ་གཞན་དུ་འཁྱམས་ཏེ་སྤྲུང་པོའི་འཚོ་བ་རོལ་ནས་དུས་འདས་ཤིང་།  ཁོང་རང་ཆུང་བའི་དུས་ནས་དབུས་གཙང་ཁམས་གསུམ་དུ་མ་སོང་བའི་གནས་ཧ་ལམ་མེད་པ་མ་ཟད། རྒྱང་རིང་རྒྱ་གར་དང་བལ་པོ་སོགས་ཀྱི་ཡུལ་དུ་ཡང་སླེབས་མྱོང་། ཁོས་གནས་མི་འདྲ་བའི་ཡུལ་ལྗོངས་ལྟ་ན་སྡུག་པ་སྣ་ཚོགས་མཐོང་མྱོང་ལ།  ཡུལ་སོ་སོའི་གོམས་སྲོལ་དང་ཆ་ལུགས་སྐད་རིགས་ཀྱང་མི་མཚུངས་པ་གྲངས་མང་མཐོང་ཞིང་ཐོས་མྱོང་བས་ད་ལྟ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལ་ཐོགས་པ་ཅི་ཡང་མེད།    དེང་སང་ཡང་ཡུལ་གང་དུ་སླེབས་ན་ས་དེའི་སྒྲུང་པ་སྐད་གྲགས་ཅན་དང་དམངས་ཁྲོད་ཀྱི་གླུ་བ།  གཏམ་རྒྱུད་བཤད་མཁན་སོགས་མང་པོ་དང་འཛོམ་རྒྱུར་དགའ་ཞིང་། ཁོ་ཚོ་དང་ལྷན་དུ་གེ་སར་སྒྲུང་དང་གླུ། གཏམ་རྒྱུད་བཅས་པ་མང་པོ་ཕན་ཚུན་ལ་བཤད་དེ་ཤེས་རྒྱ་ཆེ་རུ་གཏོང་གི་ཡོད་པ་དང་།  ཡུལ་གང་དུ་སླེབས་ཀྱང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་རིགས་ལ་མཇལ་སྐོར་དང་རྒྱུས་ལོན་བྱེད་པ་ནི་ཁོང་གི་རང་གཤིས་སུ་གྱུར་པ་བཅས་ཀྱིས་ཤེས་རྒྱ་དང་མཐོང་རྒྱ་ཇེ་ཆེར་གྱུར་པ་དེ།   ཕྱིས་སུ་གེ་སར་རྒྱལ་པོའི་སྒྲུང་པར་འགྱུར་བ་ལ་རིན་ཆེན་ནོར་བུ་ལྟ་བུའི་ཐོག་མའི་དཔྱད་གཞི་མི་ཉུང་བ་གསོག་འཇོག་བྱུང་བར་སྣང་།  
           བཞི།  སྒྲུང་པ་ཚེ་རིང་དབང་འདུས་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་ནི་དཀའ་བ་ཆེ་ཞིང་ཀྱག་ཀྱོག་མང་བ་ཞིག་ཡིན་པས་ཁོང་གིས་འཚོ་ཐབས་ཀྱི་ཆེད་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་པ་ཕུད།  ད་དུང་ཕྱུགས་འཚོ་མྱོང་།  ལྕགས་མགར་དང་དངུལ་མགར།  ལྷམ་བཟོ།  འཚེམས་བཟོ་བཅས་ཀྱང་བྱེད་མྱོང་ལ། དེ་མིན་ད་རུང་མ་ཎི་བརྐོ་བ་དང་ཡུལ་ཐབས་སྨན་བཅོས་ཀྱང་ཤེས་ཤིང་བྱེད་མྱོང་བ་སོགས་ཆུང་དུས་ནས་ལས་རིགས་གང་སྦྱངས་ན་དེ་ཤེས་སླ་བའི་བློ་རིག་བཀྲ་བ་ཞིག་ཡིན།  ཁོས་ད་ལྟ་ཡང་རང་རེའི་ལས་ཁུངས་སུ་གཞན་ལ་སྨན་སྟེར་བ་དང་རང་གི་གྱོན་ཆས་རང་གིས་བཟོ་བ་སོགས་བྱེད་བཞིན་ཡོད། ལས་རིགས་འདི་དག་གཉེར་བར་གེ་སར་སྒྲུང་ལ་ཐད་ཀར་གྱི་འབྲེལ་བ་མེད་སེམས་སྲིད་ཀྱང་།  དེས་ཁོང་ཕྱིས་སུ་གེ་སར་གྱི་སྒྲུང་རྣམ་པ་སྣ་ཚོགས་གསར་རྩོམ་སྐབས་སུ་འཚོ་བ་རྒྱུས་ལོན་ཡོང་རྒྱུར་རོགས་འདེགས་ཀྱི་ཕན་འབྲས་རྒྱ་ཆེན་པོ་ཐོན་ཡོད་པར་གདོན་མི་ཟའོ། །     
           ལྔ།  སྒྲུང་པ་ཚེ་རིང་དབང་འདུས་ཀྱི་ཕ་ཡུལ་དུ་གནའ་ནས་བཟུང་གེ་སར་རྒྱལ་པོའི་སྒྲུང་ལ་སངས་རྒྱས་ཀྱི་གསུང་རབ་ཇི་བཞིན་མཆོད་བཀུར་བགྱིད་པའི་སྲོལ་ཆགས་ཡོད་པས་ཡུལ་དེའི་ལུགས་སྲོལ་ལྟར་ན།  ལོ་རེའི་ཧོར་ཟླ་དང་པོའི་ཚེས་བདུན་དང་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔར་སྐྱེས་པ་ཐམས་ཅད་ལྷན་དུ་འཛོམས་ཏེ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ་ལ་བསང་མཆོད་དང་གསོལ་འདེབས་བྱེད་ཀྱི་ཡོད་ལ།   ལྷག་པར་དུ་སྡེ་པ་དང་ཁྱིམ་ཚང་བཅས་ལ་མི་རུང་བའི་བགེགས་རྐྱེན་དང་ཆག་སྒོ་དག་བྱུང་བའི་སྐབས་སུ། གེ་སར་རྒྱལ་པོའི་སྒྲུང་བཤད་དེ་བགེགས་བར་ཆད་སེལ་བར་གསོལ་འདེབས་བགྱིད་པའི་སྲོལ་ཡང་ཡོད།  དེ་འདྲའི་འཚོ་བའི་ཁོར་ཡུག་ནང་ཚེ་རིང་དབང་འདུས་ལ་བག་ཆགས་དང་ཤུགས་རྐྱེན་མི་ཐེབས་པ་ཅི་ལ་སྲིད།  དེ་བས་ཁོང་རང་ལོ་བཅུ་བཞིའི་སྟེང་ནས་བཟུང་ད་ལྟའི་བར་དུ་གེ་སར་རྒྱལ་པོར་བསང་མཆོད་དང་མཆོད་མེ་སོགས་ཀྱི་མཆོད་སྤྲིན་རྒྱ་ཆེན་པོ་བྱེད་པ་གོམས་སྲོལ་ཞིག་ཏུ་གྱུར་འདུག་ལ།  ཁོང་གིས་ད་དུང་ང་ཚོར་ཡང་ང་ལ་གེ་སར་རྒྱལ་པོ་མཆོག་ལ་མི་ཕྱེད་པའི་དད་པ་ཡོད་པས་གེ་སར་རིན་པོ་ཆེས་ང་ཕུལ་བའི་བུ་ལ་མགོན་སྐྱབས་གནང་ཞིང་།  སྒྲུང་མི་གཅིག་ པ་མང་པོ་བཤད་ཤེས་པར་བཅུག་ཅེས་གསུང་གི་ཡོད།   ཁོང་གི་འགྱུར་མེད་ཀྱི་དད་པའི་བསམ་བློ་དེར་བརྟག་ན་ཆོས་ལུགས་ཀྱི་སྟོབས་ཤུགས་དེས་ཁོང་རང་སྒྲུང་པར་འགྱུར་བའི་བསམ་པ་བརྟན་པོ་ཞིག་འཛུགས་སུ་བཅུག་པ་གསལ་པོ་ཤེས་ཐུབ་བོ། །       
བཞི་པ། སྒྲུང་བཤད་ཀྱི་ཁྱད་ཆོས།
           དེ་ཡང་སྤྱིར་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་པའི་ཁྲོད་དུ་བསླབ་སྒྲུང་དང་ཐོས་སྒྲུང་། གཏེར་སྒྲུང་། པྲ་སྒྲུང་། བབས་སྒྲུང་བཅས་པ་རིགས་མི་འདྲ་བ་མང་པོ་མཆིས་པ་ལས་སོ་སོར་ཤོད་སྟངས་དང་འཁྲབ་སྟངས་ལེན་སྟངས་ཀྱང་མི་འདྲ་བ་རེ་ཡོད། སྒྲུང་པ་ཚེ་རིང་དབང་འདུས་ལ་ཆ་མཚོན་ན། བབས་སྒྲུང་གི་ཁོངས་སུ་གཏོགས་པའི་སྒྲུང་པའི་རིགས་ཡིན།  ཡིན་ནའང་ཁོང་རང་ལ་སྒྲུང་བཤད་ཀྱི་ཁྱད་ཆོས་སྒྲུང་པ་གཞན་དང་མི་མཚུངས་པ་བཞི་ཡོད་པ་སྟེ།  
           གཅིག    སྒྲུང་པ་ཚེ་རིང་དབང་འདུས་ཀྱིས་ཐེངས་རེར་གེ་སར་སྒྲུང་མ་བཤད་པའི་སྔོན་ལ་གེ་སར་རྒྱལ་པོ་མཆོག་དང་གླིང་གི་དཔའ་རྟུལ་སུམ་ཅུ་རྣམས་ལ་བསང་མཆོད་དང་། གསེར་སྐྱེམས། ཇ་ཕུད་སོགས་ཀྱི་མཆོད་བཀུར་བླ་ན་མ་མཆིས་པ་བྱས་རྗེས།  རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཏེ་སྤྱན་གཉིས་བཙུམ་ཞིང་ཕྱག་ཟུང་སྙིང་ཁར་སྦྱར་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་བཅས་ཀྱི་ཆོ་ག་ཡོངས་སུ་རྫོགས་པའི་མཐར།  སྒྲུང་བཤད་ཀྱི་འགོ་རྩོམ་པར་བྱེད་ལ།  ད་དུང་སྒྲུང་ཁག་མི་འདྲ་བ་རེ་རེ་བཤད་ནས་མཇུག་གྲུབ་རྗེས། སྔར་བཞིན་མཆོད་པ་སྣ་ཚོགས་བཤམས་ཏེ་བཀྲ་ཤིས་ཕུན་སུམ་ཚོགས་པའི་སྨོན་ལམ་འདེབས་པའི་སྲོལ་གོམས་ནས་ཡོད།  སྒྲུང་པ་ཚེ་རིང་དབང་འདུས་ང་ཚོའི་ལས་ཁུངས་སུ་སླེངས་ནས་ལོ་འཁོར་བཞིའི་ནང་དུ་གེ་སར་སྒྲུང་རིང་ཐུང་མི་འདྲ་བ་མང་པོ་བཤད་པ་ཐམས་ཅད་མ་བཤད་གོང་ལ་མཆོད་པ་དང་བཤད་པ་གྲུབ་རྗེས་སྨོན་ལམ་འདེབས་པ་སོགས་ཀྱི་ཆོ་ག་སྒྲུབ་པའི་རྒྱུན་ཆད་མ་མྱོང་།   ཁོང་གིས་བཤད་པ་ལྟར་ན་གེ་སར་རྒྱལ་པོ་མཆོག་ལ་བློ་བསམ་ཟློག་མེད་ཀྱིས་མཆོད་བཀུར་མ་བྱས་ན་སྒྲུང་བཤད་ཀྱི་བར་ཆད་སེལ་མི་ཐུབ་ཟེར།  
           གཉིས།  སྒྲུང་པ་ཚེ་རིང་དབང་འདུས་ལ་སྔོན་ཆད་སྒྲུང་བཤད་ཀྱི་ཡོ་ཆས་མདའ་མདུང་གྲི་གསུམ་དང་། སྒྲུང་ཞྭ།  གེ་སར་རྒྱལ་པོའི་ཐང་ག་དང་དཔའ་རྟུལ་སུམ་ཅུའི་ཐང་ག་སོགས་ཡོད།  ཁོང་རང་གིས་བཤད་པ་ལྟར་ན།  སྒྲུང་བཤད་པའི་སྐབས་སུ། སྒྲུང་གི་མི་སྣའི་འགྱུར་བ་ལྟར་མདའ་མདུང་གྲི་གསུམ་གྱི་ཡོ་ཆས་བཀོལ་ནས་བཤད་ཚེ།  གཅིག་ནས་སྒྲུང་བཤད་པར་སྤྲོ་བ་ལྡན་པ་དང་།  གཉིས་ནས་རྒྱ་ཆེ་བའི་ཉན་མཁན་རྣམས་ཀྱི་ཡིད་འགུག་ཐུབ་པའི་ནུས་པ་ཡོད་ཟེར། ད་ལྟ་ཡང་ཁོང་རང་སྒྲུང་བཤད་ཀྱི་སྤྲོ་བ་རབ་ཏུ་རྒྱས་པའི་དུས་སུ། སྒྲུང་གི་མི་སྣའི་གླུ་ཚིག་གི་འགྱུར་བ་ལྟར་གདོང་ལས་དགའ་སྐྱོ་གཉིས་ལྡན་གྱི་འགྱུར་ལྡོག་མཐོང་ཐུབ་པ་མ་ཟད།   རྐང་བས་བྲོ་འཁྲབ་པ་དང་ལག་པས་ཕྱག་རྒྱ་སྣ་ཚོགས་སྟོན་པའི་ཁྱད་ཆོས་ལྡན། ཁོང་གི་རྐང་ལག་གི་འགུལ་སྟངས་དེ་ཡང་མིག་ལ་མཛེས་ཤིང་རིམ་པ་ལྡན་པ་ཞིག་ཡོད།  
           གསུམ། སྒྲུང་པ་ཚེ་རིང་དབང་འདུས་ནམ་རྒྱུན་སྒྲུང་བཤད་པའི་སྐབས་སུ། རྒྱུན་ལྡན་གྱི་མི་དེ་དང་མི་མཚུངས་པར་རིག་པ་ཚད་མཐོན་པོས་བསྒྲིམས་ཏེ། མིག་ཟུང་གཡོ་བ་མེད་པར་མང་ཚོགས་ལ་ལྟ་བ་དང་། མཚམས་མཚམས་སུ་མིག་ཟུར་གྱིས་ལག་ཟུང་གི་ཕྱག་རྒྱར་ལྟ་བཞིན་འདུག  དུས་དེར་བཤད་པའི་སྒྲུང་ནི་ཆུ་བཞུར་བ་ལྟར་ངག་སྒོ་ཡངས་ཤིང་སྨྲ་སྒོ་དག་ལ་མྱུར།  གལ་སྲིད་སྒྲུང་བཤད་ཀྱི་མཚམས་འཇོག་དགོས་བྱུང་ན་གཞན་གྱིས་དཀྲོག་ཅིང་མ་བཀག་ན་རང་ཤུགས་སུ་མཚམས་མི་འཇོག མཚམས་བཞག་པ་ཡང་རིང་བ་ཟླ་འགའ་དང་ཐུང་བ་ཉིན་འགའ་འགྱངས་ཀྱང་སྔ་གཞུག་གི་མཚམས་མ་བརྗེད་པར་བཤད་ཀྱིན་འདུག དེ་མིན་ནམ་བཤད་ན་ཡུལ་དང་དུས་ཚོད་ཀྱི་ཁྱད་པར་སྤུ་ཙམ་ཡང་མེད་པ་འདི་ནི་བབས་སྒྲུང་རིགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ་ཁོང་རང་གི་སྒྲུང་བཤད་ཀྱི་ཁྱད་ཆོས་ཀྱང་ཡིན།  
           བཞི།   སྒྲུང་པ་ཚེ་རིང་དབང་འདུས་ལ་སྒྲུང་བཤད་ཀྱི་ངག་རྟ་ཕུན་སུམ་ཚོགས་པ་ཞིག་ཡོད།  ཁོང་གིས་བཤད་པའི་སྒྲུང་ཁག་སོ་སོ་ལས་ཧོར་གླིང་མོན་འཇང་སོགས་ཀྱི་མི་སྣ་གཙོ་བོ་རྣམས་ལ་གླུ་རྟ་མི་འདྲ་བ་རེ་ཡོད་པ་མ་ཟད། གླིང་རྗེ་གེ་སར་རྒྱལ་པོར་མཚོན་ནའང་། ཁོང་གིས་ཕྱོགས་བཞིའི་དགྲ་བཞི་བཏུལ་ཏེ། རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབ་པའི་སྐབས་སུ།  གླུ་རྟ་མི་གཅིག་པ་རེ་མཆིས་པ་དཔེར་ན།  བདུད་ཀླུ་བཙན་འདུལ་བའི་སྐབས་སུ།  ངག་རྟ་མུན་པ་གསལ་བའི་དཀར་མོ་དྲུག་འགྱུར་དང་།  ཧོར་བདུད་གུར་དཀར་འདུལ་བའི་སྐབས་སུ། ངག་རྟ་ཤ་ཟ་ཁྲག་འཐུང་ལྟ་བུ།   འཇང་ས་དམ་རྒྱལ་པོ་འདུལ་བའི་སྐབས་སུ། ངག་རྟ་ཁུ་བྱུག་རྒྱང་སྒྲོག་ལྟ་བུ། མོན་ཤིང་ཁྲི་རྒྱལ་པོ་འདུལ་བའི་སྐབས་སུ། ངག་རྟ་ལྷ་ངག་ལྡེམ་དྲུག་ལྟ་བུ་བཅས་སོ།   །སྒྲུང་པ་ཚེ་རིང་དབང་དུས་ཀྱིས་བླངས་པའི་གླུ་རྟ་དང་ད་ལྟ་དཔར་སྐྲུན་ཟིན་པའི་སྒྲུང་དཔེའི་གླུ་རྟ་གཉིས་བར་གྱི་མི་མཐུན་པའི་ཁྱད་ཆོས་གསུམ་ཡོད་པ་ལས་གཅིག་ནི་གེ་སར་དང་དཔའ་རྟུལ་རྣམས་ཀྱི་གླུ་རྟའི་མིང་འདོགས་ཚུལ་མི་མཚུངས་པ་དང་། གཉིས་ནི་བླངས་པའི་ངག་རྟའི་དབྱངས་མི་མཚུངས་པ།    གསུམ་ནི་མི་སྣའི་གླུ་རྟའི་མང་ཉུང་མི་མཚུངས་པ་བཅས་ཡིན།   
           གཞན་ཡང་སྒྲུང་པ་ཚེ་རིང་དབང་འདུས་ཀྱིས་བཤད་པའི་སྒྲུང་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པ། དེ་ཡང་ཉན་མཁན་གྱི་རེ་འདུན་དང་དུས་ཚོད་ཀྱི་ཆ་རྐྱེན་ལ་གཞིགས་ཏེ་རྒྱས་པ་འདོད་ན་རྒྱས་བཤད་དང་བསྡུས་པ་འདོད་ན་བསྡུས་བཤད་ཆོག་པ་སྟེ། ད་ལྟ་ཁོང་གིས་བཤད་ཟིན་པའི་སྒྲུང་དཔེ་དྲུག་ལས《གནམ་ཐེའུ་གཏེར་རྫོང་》ལ་མཚོན་ན་རྒྱས་བཤད་བྱས་པ་ཡིན།  སྒྲུང་འདིར་ཡིག་འབྲུ་འབུམ་ལྔ་ལྷག་ཡོད་ལ།  སྒྲ་ཕབ་སྦྱིན་ཤོག་བརྒྱ་དང་ཉི་ཤུ་ལྷག་ཡོད་པ་དང་། 《བཀྲ་ཤིས་སྨོན་ལམ་ལྔ་》ལ་མཚོན་ན་བསྡུས་བཤད་བྱས་ཡོད་པ། དེར་སྒྲ་ཐག་སུམ་ཅུ་སོ་གསུམ་དང་ཡིག་འབྲུ་ཁྲི་ཁྲག་བཅུ་ལྷག་མཆིས།   ཁོང་གིས་བཤད་པ་ལྟར་ན་རྟ་རྒྱུག་དགའ་སྟོན་ཚོགས་འདུའི་སྟེང་དུ་བཤད་པའི་སྒྲུང་ཐམས་ཅད་བསྡུས་བཤད་ཡིན་ཟེར།    
ལྔ་པ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ།
           གཅིག  སྒྲུང་པ་ཚེ་རིང་དབང་འདུས་ནི་བབས་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་པ་ཕུལ་དུ་བྱུང་བ་ཞིག་ཡིན། བབས་སྒྲུང་ལ་གཏོགས་པའི་སྒྲུང་མཁན་ནི་སྒྲུང་པ་ཁྲི་སྟོང་མང་པོའི་ནང་ནས་ཅུང་དཀོན་པའི་གྲས་ཡིན་ལ། བཤད་པའི་སྒྲུང་ནི་སྒྲུང་མཁན་མི་མཚུངས་པ་བསླབ་སྒྲུང་དང་ཐོས་སྒྲུང་། པྲ་སྒྲུང་ལས་ལྡབ་ཁ་ཤས་ཀྱིས་མང་བ་ཡོད་པ་དཔེར་ན།   སྒྲུང་པ་ཚེ་རིང་དབང་འདུས་ཡི་གེ་མི་ཤིས་ཀྱང་སྒྲུང་སྣ་མི་གཅིག་པ་བརྒྱ་དང་ཉི་ཤུ་ལྷག་བཤད་ཤེས་པ་ལྟ་བུ་ཡིན། ཁོང་གིས་ང་ཚོར་རྒྱུན་པར་བཤད་རྒྱུར།  ང་རང་མ་ཤི་ན་གེ་སར་སྒྲུང་བཤད་དེ་རྫོགས་མཐའ་མེད་ཟེར་བ་ལྟར་ད་ལྟ་མདོ་དབུས་ཁམས་གསུམ་ན་ཡོད་པའི་སྒྲུང་མཁན་གྲགས་ཅན་ཇི་སྙེད་ཡོད་པའི་ནང་ནས་ཚེ་རིང་དབང་འདུས་ཀྱིས་བཤད་པའི་སྒྲུང་གྲངས་ནི་ཞྭ་མོའི་ཏོག་བཞིན་རྩེར་སོན་ཡོད་པ་དངོས་འབྲེལ་རེད།  
           གཉིས།  སྒྲུང་པ་ཚེ་རིང་དབང་འདུས་ནི་ལོ་ཆུང་བྱིས་པའི་དུས་ནས་ཕ་མ་མིང་སྲིང་མེད་པའི་དྭ་ཕྲུག་ཏུ་གྱུར་ཏེ་བརྟན་ཆགས་ཀྱི་བཞུགས་གནས་ཤིག་མེད་པར་བརྟེན་དབུས་གཙང་ཁམས་གསུམ་གྱི་རི་ཀླུང་ཁྲི་འབུམ་མང་པོ་དང་། མཐའ་ཡས་རྩྭ་ཐང་གྲངས་མང་།  ཚང་ཚིང་ནགས་ཀློང་བཅས་ལ་འཁྱམས་ནས་སྤྲང་པོའི་འཚོ་བ་རོལ་བ་ཞིག་ཡིན་པས།   ཁོང་ཡུལ་གང་དུ་ཆས་ཀྱང་གེ་སར་རྒྱལ་པོའི་སྒྲུང་ལ་བརྟེན་ནས་ཟས་སློང་བ་ནི་ཐབས་ཤེས་འབའ་ཞིག་ཡིན། གལ་ཏེ་ཚེ་རིང་དབང་འདུས་ལ་ཆུང་བའི་དུས་ནས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཕུན་སུམ་ཚོགས་པའི་ཁར།  སྤྱི་ཚོགས་ཀྱི་གོ་གནས་དང་དཔལ་འབྱོར་གྱི་རྒྱབ་རྟེན་ཕྱུག་པོ་ཞིག་ཡོད་ཕྱིན།   ད་ལྟའི་སྒྲུང་པ་སྐད་གྲགས་ཅན་ཞིག་ཏུ་འགྱུར་བའང་མི་སྲིད་པས་ཆུང་དུས་ནས་ཡུལ་གྱར་ལྟོ་སློང་གི་སྤྲང་པོའི་འཚོ་བ་རོལ་བ་དེ་ཡང་ཁོང་དང་བབས་སྒྲུང་ལ་གཏོགས་པའི་སྒྲུང་པ་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་སྙམ།   
           གསུམ།  སྒྲུང་པ་ཚེ་རིང་དབང་འདུས་ཀྱི་ཟས་རིགས་ཀྱི་དང་ག་སྐྱེ་བོ་ཕལ་པ་དང་གཏན་ནས་མི་མཚུངས།  སྤྱིར་ན་སྐྱེ་བོ་ཕལ་པ་སུ་ཡིན་ཡང་ཉིན་གཅིག་ལ་ཟ་མ་ཐུན་གསུམ་ཟ་བ་ནི་རྒྱུན་སྲོལ་ཡིན་ནའང་།  ངོ་མཚར་བ་ཞིག་ལ།  ཚེ་རིང་དབང་འདུས་ནི།  ཉིན་གཅིག་ལ་ཟས་ཐུན་གཅིག་མ་གཏོགས་ཟ་མི་དགོས་ལ།   དེ་ཡང་ཕལ་ཆེར་དགོང་མོའི་ཆུ་ཚོད་བཅུ་གཅིག་ཡས་མས་སྐབས་སུ་མ་གཏོགས་མི་ཟ། ཁོང་གིས་བཤད་པ་ལྟར་ན། ཁོས་ཉིན་གང་ལ་ཟས་ཁམ་གང་ཟས་ཀྱང་ཟ་འདོད་ཀྱི་དང་ག་མི་སྐྱེ་ཟེར། སྤྱིར་འཇུ་སྟོབས་ཞན་པའི་ནད་སོགས་ཀྱིས་ཉིན་ཤས་དེ་འདྲ་ཡོང་བ་སྲིད་ཀྱང་ཚེ་རིང་དབང་འདུས་ནི་རྒྱུན་དུ་དེ་ལྟར་ཡིན།   
           བཞི།  ཚེ་རིང་དབང་འདུས་ཀྱི་ངག་ལ་རྒྱུན་པར་གེ་སར་རྒྱལ་པོའི་སྒྲུང་གླུ་ལེན་པ་རྒྱུན་མི་ཆད། ཁོང་རང་གང་དུ་བསྡད་ཀྱང་རུང་། གང་དུ་ཆས་ཀྱང་རུང་ངག་ལས་རྒྱུན་པར་གླུ་རྟ་སྣ་ཚོགས་ཀྱི་དབྱངས་གྱེར་བའི་སྲོལ་ཞིག་གོམས་ཡོད་ཅིང་། ཁོས་རྒྱུན་པར་གེ་སར་སྒྲུང་དཔེ་སོ་སོའི་ལོ་རྒྱུས་དང་མི་སྣའི་ལོ་རྒྱུས་ཀྱང་འཆད་པར་ཤིན་ཏུ་སྤྲོ་ལ།   འཆད་པ་ཡང་གོ་རིམ་ལྡན་ཞིང་ཉན་འདོད་ཆེ་བ་ཞིག་ལགས།  
           གཞན་ཡང་འདོད་ཆུང་ཆོག་ཤེས་དང་། དཀའ་སྤྱད་སྡུག་རུས་ཀྱི་བློ་སྟོབས་ལྡན་པའི་སྐྱེ་བོ་བསྔགས་པར་འོས་པ་ཞིག་ཡིན། ཁོང་ཉིད་འཚོ་བའི་ཁོར་ཡུག་ག་འདྲ་ཡིན་ཡང་སྡུག་རུས་ཀྱིས་བྱ་བ་སྒྲུབ་པ་ལས་ཚིམ་མེད་འདོད་བརྐམ་གྱི་རྣམ་འགྱུར་ནམ་ཡང་མི་སྟོན།  སྤྱིར་བཏང་དུ་མི་ཚེ་ཕལ་ཆེར་ཡུལ་ལུང་དབེན་ཞིང་འབྲོག་ས་ཁོ་ནར་ཟད་པའི་རྒན་པོ་ཞིག་གྲོང་ཁྱེར་དུ་ཡོང་ནས་འཚོ་བ་སྐྱེལ་དགོས་པ་དེ་ལས་སླ་བོ་མིན་ནའང་ཁོང་གྲོང་ཁྱེར་དུ་སྡོད་རྒྱུ་གང་མགྱོགས་གོམས་པ་མ་ཟད། གྲོང་ཁྱེར་གྱི་ཟས་རིགས་ཀྱང་ཕལ་ཆེར་གོམས་ཡོད།       
དྲུག་པ། མཐའ་མའི་དཔྱད་གཏམ།
           ཉེ་བའི་ལོ་བཅུའི་ནང་ལ་ཏང་དང་རྒྱལ་ཁབ་ཀྱིས་གེ་སར་སྒྲུང་གི་བྱ་བར་སྔར་ལས་མཐོང་ཆེན་གནང་སྟེ།  རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་ཨང་དྲུག་པ་དོང་བདུན་པའི་གནད་ཆེ་བའི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་སུ་བཞག་པ་གཙིགས་འཛིན་གནང་ཞིང་། རྒྱ་ཆེ་བའི་དམངས་ཁྲོད་ཀྱི་སྒྲུང་པ་རྣམས་ཀྱི་ཕུལ་བྱུང་ཡོན་ཏན་ལ་ཡང་བརྩི་བཀུར་རྒྱ་ཆེན་པོ་གནང་བས། ང་ཚོའི་ཞིང་ཆེན་གྱི་སྒྲུང་པ་ཚེ་རིང་དབང་འདུས་ལ་མཚོན་ན། སྤྱི་ཚོགས་ཀྱི་གོ་གནས་དང་དཔལ་འབྱོར་གྱི་ཐོབ་ཆ་སོགས་ལ་གཟིགས་སྐྱོང་གང་ལེགས་ཐོབ་པ་མ་ཟད།  ད་དུང་ཆེད་ལས་མི་སྣ་དང་གྲོན་དངུལ་ཆེད་དུ་བཀོད་སྒྲིག་བྱས་ཏེ།  ཁོང་གིས་བཤད་པའི་སྒྲུང་དག་མྱུར་སྐྱོབ་དང་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན།  སླད་ཕྱིན་ཡང་ང་ཚོའི་ཞིང་ཆེན་ལ་མཚོན་ན།  མུ་མཐུད་དུ་གེ་སར་རྒྱལ་པོའི་སྒྲུང་དག་སྒྲིག་དང་། ཡིག་སྒྱུར། ཞིབ་འཇུག དཔར་སྐྲུན་བཅས་ཀྱི་བྱ་བ་དམ་འཛིན་བྱས་ཏེ།    དམངས་ཁྲོད་ཀྱི་སྒྲུང་པ་རྣམས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། ལྷག་པར་དུ་སྒྲུང་པ་ཚེ་རིང་དབང་འདུས་ཀྱིས་བཤད་པའི་སྒྲུང་སྒྲ་ཕབ་དང་།  དག་སྒྲིག  དཔར་སྐྲུན་སོགས་ཀྱི་བྱ་བའི་གོམ་སྟབས་སྔར་ལས་ཇེ་མྱུར་དུ་གཏོང་རྒྱུ་དང་།  གཞན་ཡང་བབས་སྒྲུང་གི་རིགས་ལ་གཏོགས་པའི་སྒྲུང་མཁན་གྱི་གསང་བ་ལྐོག་གྱུར་གྱི་གནས་དང་། གསར་རྩོམ་གནང་བའི་ཉམས་མྱོང་།   མི་རིགས་དམངས་ཁྲོད་ཀྱི་རྩོམ་རིག་དར་རྒྱས་སུ་བཏང་བའི་རླབས་ཆེན་གྱི་ཕྱག་རྗེས་རྣམས་འཁྲུལ་མེད་ཀྱིས་སྤྱི་སྡོམ་བྱས་ཏེ།   རྨི་ལམ་ངོ་མཚར་ཅན་ལ་བརྟེན་ནས་སྒྲུང་པར་གྱུར་པའི་གསང་རྒྱ་འདིར་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་པ་གསལ་ཞིང་དག་པ་ཞིག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། ངེད་ཅག་གེ་སར་སྒྲུང་གི་བྱ་བ་སྒྲུབ་མཁན་རྣམས་ཀྱི་ཕྲག་པར་བབ་པའི་འདོར་ཐབས་མེད་པའི་ལས་འགན་གཟི་བརྗིད་ཅན་ཞིག་ཡིན་སྙམ།  
           གོང་དུ་ཁོ་བོས་སྒྲུང་པ་ཚེ་རིང་དབང་འདུས་ལགས་ཇི་ལྟར་སྒྲུང་པའི་ལམ་དུ་བགྲོད་པའི་ལོ་རྒྱུས་སོགས་རགས་ཙམ་གླེང་བ་འདི་ནི་ཁོང་དང་ཁོ་བོ་ལྷན་དུ་ཡུན་རིང་འགྲོགས་པའི་ཤེས་རྟོགས་ཙམ་དཔྱད་གཞིའི་ཡིག་ཆའི་ཚུལ་དུ་མཁས་པ་རྣམས་ཀྱི་མདུན་དུ་ཕུལ་བ་ཙམ་ཡིན་པས་མི་འོས་པ་དང་གོལ་བ་སོགས་ཀྱང་ཡོད་སྲིད་པས་རྣམ་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཡངས་པ་རྣམས་ཀྱིས་ལྷག་བསམ་དྲི་མེད་ཀྱི་དགོངས་འཆར་དོགས་མེད་ཀྱིས་གནང་བར་ཐུགས་རྗེ་ཆེ་ཞུ།  ད་ནི་ཚེ་རིང་དབང་འདུས་ལགས་ཀྱིས་བཤད་ཤེས་པའི་གེ་སར་སྒྲུང་གི་དཀར་ཆག་ཙམ་བཀོད་ན་འདི་ལྟ་སྟེ།
           1《ལྷ་གླིང་གབ་ཙེ་དགུ་སྐོར།》 2《འགོག་གླིང་གཡུལ་འགྱེད།》 3《རྟ་རྒྱུག་རྒྱལ་འཇོག》 4《ཨ་སྟག་ལྷ་མོ།》 5《བདུད་འདུལ།》 6《ཧོར་གླིང་གཡུལ་འགྱེད།》 7《འཇང་གླིང་གཡུལ་འགྱེད།》 8《མོན་གླིང་གཡུལ་འགྱེད།》9《ཤན་འདན་ནང་འཁྲུག》  《སྟག་གཟིག་ནོར་འགྱེད།》  11《རྟ་དམར་ནོར་རྫོང་།》 12《སོག་སྟོད་རྟ་རྫོང་།》13《ཕྱི་སོག་རྟ་རྫོང་།》 14《བྱེ་རིའི་བྱུར་རྫོང་།》 15《རྒྱ་ནག་ཇ་རྫོང་།》16《རྒྱ་ནག་ཁྲིམས་རྫོང་།》17《རྒྱ་ནག་མཛོ་རྫོང་།》  18《ཚ་བའི་མདའ་རྫོང་།》 19《འདན་མ་མདའ་རྫོང་།》 20《སྒ་སྡེ་ཁྲོ་རྫོང་།》 21《རྒྱ་ཚ་ཤེལ་རྫོང་།》 22《བལ་བོའི་ལུག་རྫོང་།》 23《ཁྱུང་ཆེན་སྒྲོ་རྫོང་།》24《མེ་གླིང་གཡུལ་འགྱེད།》 25《གླང་རུ།》 26《གི་གུ་ཁྱི་རྫོང་།》 27《ཨ་བསེ་ར་རྫོང་།》 28《ཨོ་ལོའི་གཏེར་རྫོང་།》 29《གྲུ་གུ་གོ་རྫོང་།》 30《གྲུ་གུ་མུ་ཏིག་རྫོང་།》 31《ཨ་གྲགས་གཟི་རྫོང་།》 32《གནམ་ཐེའུ་གཏེར་རྫོང་།》 33《ཞང་ཞུང་མུ་ཏིག་རྫོང་།》34《སྨུག་གུ་དྲེལ་རྫོང་།》 35《རོང་པའི་འབྲས་རྫོང་།》 36《མི་ནུབ་དར་རྫོང་།》37《ཐོག་གླིང་གཡུལ་འགྱེད།》 38《ཁྲོ་ཐུང་ཟངས་རྫོང་།》39《གུང་པའི་གཟི་རྫོང་།》 40《ལི་ཁྲི་རྟ་རྫོང་།》41《སྲིན་པོའི་ཤ་རྫོང་།》42《ཕྱི་གླིང་གཡུལ་འགྱེད།》 43《མེ་རི་ཐོག་རྫོང་།》 44《སོ་རོའི་འཕུར་རྫས་རྫོང་།》  45《ཕྱི་གླིང་ཞགས་རྫོང་།》  46《ཉི་འབུམ་གསེར་རྫོང་།》47《སེང་སྟག་གྲི་རྫོང་།》 48《རྟ་ཁྲི་ཁྲབ་རྫོང་།》 49《གཡུ་ཐོག་གཏེར་རྫོང་།》  50《ཁྱུང་ཁྲིའི་འབྲི་རྫོང་།》  51《གེ་སར་ཆོས་རྫོང་།》52《འཇང་ཕྲུག་ཐོག་རྫོང་།》 53《ཙ་རི་སྨན་རྫོང་།》  54《གངས་རི་ཆོས་རྫོང་།》  55《དར་འཕེན་ཁྲབ་རྫོང་།》  56《རྒྱ་ཚའི་གོ་རྫོང་།》  57《མེ་གཡང་དྲག་ཆས་རྫོང་།》  58《རྒྱ་གར་སྨན་རྫོང་།》  59《དགྲ་ལྷའི་ཁྲབ་རྫོང་།》60《འདན་མའི་ནས་རྫོང་།》  61《འཇང་གི་མཐིང་རྫོང་།》  62《ཁྱུང་ཆེན་གཟི་རྫོང།》  63《མི་ཉག་གོ་རྫོང་།》  64《མི་ཉག་རྟ་རྫོང་།》  65《ཟི་ལིང་རྟ་རྫོང་།》  66《ཚ་དམར་ཙན་དན་རྫོང་།》  67《གངས་རིའི་ཆུ་རྫོང་།》68《ཤར་ཁྲི་ནག་པོའི་ཇ་རྫོང་།》  69《ཁྲོ་ཐུང་ལྕགས་རྫོང་།》  70《རོང་ཚའི་གོ་རྫོང་།》  71《སྟག་གཟིག་ནོར་རྫོང་།》  72《ཐོག་རིའི་མེ་རྫོང་།》73《ལྷོ་རི་རྒྱལ་པོའི་ཁྲབ་རྫོང་།》74  《སེང་ཁྲི་སྟག་རྫོང་།>  75《ནེ་ལོ་མུ་ཏིག་རྫོང་།》  76《མེ་འབར་སྟག་རྫོང་།》  77《སྟག་སེར་གྲོ་རྫོང་།》78《འབུམ་ཕྲུག་ཆང་རྫོང་།》  79《ཕྱི་ལོའི་དྲེལ་རྫོང་།》  80《ཨ་བསེ་འབྲི་རྫོང་།》  81《རྒྱ་ཁྲིའི་མདའ་རྫོང་།》  82《གངས་རི་དར་རྫོང་།》  83《རྒྱ་གར་མུ་ཏིག་རྫོང་།》  84《སྒ་སྡེ་ཤེས་རབ་རྫོང་།》  85《སེང་སྟག་ཤེས་རབ་རྫོང་།》  86《གུང་པའི་ཁྱུང་རྫོང་།》  87《ཨ་སྟག་ཤ་རྫོང་།》  88《རི་ནུབ།》89《མེ་ཁྲི་སྲིན་པོའི་ཞགས་རྫོང་།》   90《བྱང་སྲིན་མོའི་གཡུ་རྫོང་།》91《འཛམ་གླིང་གཏེར་བརྒྱད་བགོ་བཤའི་སྐོར།》  92《བལ་བོའི་ཀླུ་རྫོང་།》93《སྟག་རིའི་དུང་དཀར་རྫོང་།》  94《ཧ་རིའི་གསེར་རྫོང་།》  95《སྙེ་ཧ་རིའི་ལུག་རྫོང་།》  96《ཁྱུང་ཆེན་གསེར་རྫོང་།》  97《རྒྱ་ཚའི་དངུལ་རྫོང་།》98《རོང་ཚའི་ཇ་རྫོང་།》  99《བོང་བུ་ཙན་དན་རྫོང་།》100《ནེ་ལོའི་ཁྲབ་རྫོང་།》 101《མི་ཉག་ཆོས་རྫོང་།》 102《རྒྱ་གར་གསེར་བུམ་རྫོང་།》103《གཡུ་འབྲུག་ནས་རྫོང་།》 104《ཞང་ཞུང་སྨན་རྫོང་།》  105《བལ་བོའི་འབྲས་རྫོང་།》  106《ཙ་རིའི་སྨྱུག་རྫོང་།》 107《བསེ་ཁ་སེར་ར་རྫོང་།》108《སོག་ཧ་རིའི་རྟ་རྫོང་།》  109《རྟ་དམར་ཤེལ་རྫོང་།》  110《སྒ་སྟོད་གསེར་རྫོང་།》  111《པོ་རུའི་གཟི་རྫོང་།》  112《སྨར་ཁམས་བྱུར་རྫོང་།》113《སྡེ་དགེ་ཆོས་རྫོང་།》114《རྒྱ་ཚའི་གྲི་རྫོང་།》     115《མེ་མོ་ཤེལ་རྫོང་།》 116《རྒྱ་སྲིན་མོ་རོ་འདུས་རྫོང་།》  117《སྤྱི་དཔོན་ཤེལ་རྫོང་།》118《སྟག་མོ་གསེར་རྫོང་།》  119《བཀྲ་ཤིས་སྨོན་ལམ་ལྔ།》  120《ཁམས་གསུམ་བདེ་ལ་བཀོད་པ་》བཅས་ཡིན་ནོ། །