གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་གདོད་མའི་སྙན་ངག་འབྱུང་བའི་སྐོར།

སྤེལ་དུས 2018-10-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འགྱུར་མེད་ཀྱིས་བསྒྲིགས།
          ངལ་རྩོལ་གྱིས་མིའི་རིགས་གསར་བསྐྲུན་བྱས་པ་ཡིན་ལ། མིའི་རིགས་ཀྱི་བསམ་བློ་དང་དངོས་པོའི་རྒྱུ་ནོར་ཡོད་ཚད་གསར་བསྐྲུན་བྱས་པ་ཡིན། རང་རེ་མེས་པོ་གོང་མ་རྣམས་རྡོ་ཆས་སྤྱོད་པའི་དུས་རབས་སྔ་མ་སྟེ་ལོ་ཁྲི་ཚོ་ཉིས་བརྒྱ་ཡས་མས་ཀྱི་དུས་ནས་གནས་འདིར་འཚོ་བ་རོལ་བཞིན་ཡོད་པ་ད་ལྟའི་གནས་རྫས་རྟོགས་ཞིབ་རིག་པ་ལས་བདེན་དཔང་བྱས་ཡོད་པར་﹙༡༤﹚དཔགས་ན། མིའི་རིགས་སྤྱིའི་བྱུང་བ་དང་མཐུན་པར་སྤྲ་མི་ནས་མིར་འགྱུར་བའི་གོ་རིམ་རིང་པོ་དེ་ཡང་རང་ས་ཉིད་ནས་བརྒྱུད་པ་སྟེ་རིགས་རྒྱུད་ཐོག་མ་རང་ས་ནས་སྐྱེ་འཕེལ་བྱུང་བའི་ལོ་རྒྱུས་ཡིག་ཚང་ཁོ་ན་གནས་ལུགས་དང་ལྡན་པར་མཐོང་།
          དེས་ན་རང་རེའི་མེས་པོ་དག་གིས་ཀྱང་གནས་འདི་ནས་ངལ་རྩོལ་ལ་བརྟེན་ནས་རང་ཉིད་གསར་བསྐྲུན་དང་། ངལ་རྩོལ་ལ་བརྟེན་ནས་རང་སྐད་གསར་བསྐྲུན། ངལ་རྩོལ་ལ་བརྟེན་ནས་དངོས་པོ་དང་བསམ་བློའི་རྒྱུ་ནོར་གསར་བསྐྲུན་བྱས་ཕྱིར་རང་རེ་ལ་གདོད་མའི་དུས་ཀྱི་རྩོམ་རིག་ཡོད་པ་ནི་སྨྲ་མ་དགོས། དེ་ཡང་རྩོམ་རིག་གི་ཐོག་མ་སྙན་ངག་ནས་དབུ་བརྙེས་པའི་སྤྱི་འགྲོས་ལྟར་ན་བོད་མི་རིགས་ལའང་“ཧང་ཡོ་ཧང་ཡོའི་རང་ལུགས་འཛིན་པའི་སྙན་ངག”﹙༡༥﹚དང་འདྲ་བར་ཡིད་ཀྱི་འགྱུར་བ་བརྗོད་པའི་སྙན་ངག“ཀི་ཀི་སྭོ་སྭོའི་རང་ལུགས་པ”སོགས་ཀྱང་ཡོད་ངེས་པ་གདོན་མི་ཟའོ།། ཕྱིས་སུ་སྐད་ཆ་འཕེལ་རྒྱས་སོང་བ་དང་བསྟུན་ཡིད་ཀྱི་འགྱུར་བ་མཚོན་པའི་དབྱངས་སམ་གདངས་དེ་ལ་གདོད་མའི་མིའི་བསམ་གཞིག་གི་ཆུ་ཚད་ཧ་ཅང་དམའ་དང་བསྟུན་པའི་ཚིག་ནང་དོན་ཅན་ངེས་ཅན་རེ་སྦྱར་ནས་དབྱངས་སུ་གྱེར་བ་ནི་དམངས་གླུ་སྟེ་སྐབས་དེའི་སྙན་ངག་གི་དོད་ཡིན་ལ། གདོད་མའི་རྩོམ་རིག་གི་རྣམ་པ་གལ་ཆེན་ཞིག་ཡིན་མོད། དེའི་དུས་ཀྱི་དམངས་གླུ་ནི་རང་ཅག་ལ་མཚོན་ན་གཞི་འཛིན་ས་ཙམ་ཡང་རྙེད་དཀའ།
          ཡོངས་གྲགས་བོད་ཀྱི་ལོ་རྒྱུས་ལ་གཞིགས་ན་བསེ་རྨུ་ལྡོང་སྟོང་སྟེ་གདོད་མའི་རུས་ཆེན་བཞི་དང་། དཔྲ་འབྲུ་བསྣན་པས་དྲུག་སོགས་བྱུང་བ་ནས་རིམ་བཞིན་སྤུར་རྒྱལ་གོང་གི་མངའ་མཛད་དྲུག་དང་། རྒྱལ་ཕྲན་བཅུ་གཉིས་བྱུང་ནས་ཕན་ཚུན་རྩོད་གླེང་དང་འཕྲོག་རྩོད་སོགས་བྱུང་སྟེ་གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་པའི་ལས་ལ་བརྩོན་བཞིན་གནས་པ་ཏུན་ཧོང་ཡིག་ཚང་དུ“གནའ་ཡུལ་ཡུལ་ན་རྒྱལ་ཕྲན་དང་བློན་པོ་འདི་ལྟར་བབ་སྟེ། མྱིང་མང་གི་རྗེས། ཡུལ་ཆེའི་བདག་བྱེད་པ་ལས། རྒྱལ་པོ་བཙན་པ་དང་། བློན་པོ་མཛངས་དཀུའ་ཆེ་བ་རྣམས་ཀྱིས་གཆིག་ཤེས་གཆིག་བརླག་སྟེ། འབངས་སུ་བཀུག་ན། ཐ་མ་འོ་ལྡེ་སྤུ་རྒྱལ﹙གཉའ་ཁྲི﹚ཀྱི་དབུ་རྨོག་མ་ཐོབ།”ཅེས་བྱུང་བ་ལྟར་ལགས་ལ། དམག་འཁྲུག་དང་འཐབ་རྩོད་དེ་དག་གིས་བོད་གདོད་མའི་སྤྱི་ཚོགས་དེ་བྲན་གཡོག་སྤྱི་ཚོགས་སུ་འཕེལ་བར་བྱེད་པའི་ཆ་རྐྱེན་བསྐྲུན་པར་སྣང་། འདི་དག་གི་རིང་ལ་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པའི་སྒྲུང་ནི《མ་སང་གི་སྒྲུང》དང་《མཆིལ་བའི་སྒྲུང་》སོགས་ཡིན་པར་བཤད་ཅིང་། གཞན་《ནས་ཀྱི་ས་བོན་བྱུང་ཚུལ》《བྲག་སྲིན་དང་སྤྲེའུའི་གཏམ་རྒྱུད》སོགས་ཀྱང་ཡིན་སྲིད། དེ་ལྟར་ན་སྐབས་འདིར་གདོད་མའི་མིའི་བསམ་གཞིག་གི་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པར་སྣང་སྟེ། སྒྲུང་ཞེས་པ་ཕྱོགས་གཅིག་ནས་གདོད་མའི་རུས་རྒྱུད་འཚོ་བ་ཁག་གི་ཁྲོད་ཀྱི་ནས་ཀྱི་ས་བོན་རྙེད་མཁན་དང་། རི་དྭགས་བཟུང་ནས་སྒོ་ཕྱུགས་སུ་འདུལ་བའི་བློ་ཇུས་འདོན་མཁན་སོགས་དང་། མ་སངས་སྤུན་དགུ་སོགས་དབང་སྒྱུར་བྱེད་མཁན་དག་གི་ཆེ་བ་ལྷ་སྒྲུང་དང་འབྲེལ་ནས་བརྗོད་པས་དེ་མི་རྣམས་ཀྱི་འདུ་ཤེས་དང་བསམ་བློར་དབང་སྒྱུར་བྱེད་པའི་ཆབ་སྲིད་ཡོ་བྱད་ཅིག་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་དེ་ལ་གཏམ་རྒྱུད་ཀྱི་བྲོ་བ་ཡོད་པས་སྒྲུང་འཆད་པ་དང་ཉན་པ་སྟེ། སྒྱུ་རྩལ་གསར་གཏོད་དམ་སྒྱུ་རྩལ་གྱི་རོ་མྱོང་བར་བྱེད་པའི་བྱ་འགུལ་ཞིག་ཡིན་པས་དེ་རྩོམ་རིག་གི་རྣམ་པ་ཞིག་ཡིན་ལ། ཕྱིས་ཀྱི་གཏམ་རྒྱུད་དང་། སྒྲུང་རྩོམ། རྣམ་ཐར་སོགས་ཀྱི་ཐོག་མའི་ས་བོན་ཡང་ཡིན་ནོ།། དེས་ན་འདི་ལས་དཔོག་ཐུབ་པ་ཞིག་ལ་རྩོམ་ལུས་ཡོད་ཚད་ཀྱི་མེས་པོར་གྱུར་པའི་སྙན་ངག་གི་ཐོག་མའི་རྣམ་པ་སྟེ། གདོད་མའི་དམངས་གླུ་ཞེས་པ་ནི་འདི་དག་གོ་ཡར་སྔོན་ནས་བྱུང་ཡོད་པ་ངེས་ཅན་ཡིན་གྱི། དེ་མིན་ཚེ་རྩོམ་རིག་བྱུང་འཕེལ་གྱི་སྤྱི་འགྲོས་ཆོས་ཉིད་ལས་ཕྱིན་ཅི་ལོག་ཏུ་འགྲོ་བའི་ཕྱིར་རོ།།
          རྨང་གཞི་དེའི་སྟེང་བྱུང་བའི་ལྡེའུ་ཞེས་པ་འདིར་འབྲེལ་བ་ཆེ་བས་ཅུང་ཙམ་འཆད་ན། ལྡེའུ་ཞེས་པ་འདི་ལ་ཉེ་བའི་དུས་འདིར་འགྲེལ་སྟངས་མི་འདྲ་བ་འགའ་ཙམ་བྱུང་སྟེ། ལྡེའུ་ཞེས་པ་གབ་ཚིག་དང་རྣམ་པ་ཀུན་ཏུ་མཚུངས་པར་འདོད་པ་དང་། དེ་གཉིས་ཕྱོགས་ཙམ་འདྲ་བར་འདོད་པ། དེ་གཉིས་མི་འདྲ་བར་བཞད་པ་བཅས་ཀྱི་ལྟ་ཚུལ་བྱུང་ཞིང་། འདྲ་བར་འདོད་པ་ལའང་ལྡེའུ་དང་ཁེད། གབ་ཚིག་གསུམ་ག་བརྡ་གསར་རྙིང་གི་ཁྱད་པར་ཙམ་དུ་བྱེད་པ་དང་། ཡུལ་སྐད་ཀྱི་ཐ་སྙད་འདོགས་སྟངས་མི་འདྲ་བར་འཛིན་པ་སོགས་འདོད་ཚུལ་སྣ་ཚོགས་པ་ཞིག་བྱུང་མོད། བདག་ནི་ལྡེའུ་དང་ཁེད་གཉིས་བརྡ་གསར་རྙིང་གི་ཁྱད་པར་ཙམ་ལས་དོན་དུ་གཅིག་ཡིན་ལ། ལྡེའུ་དང་གབ་ཚིག་གཉིས་ནི་སྤྱི་ངོས་ནས་ཕྱོགས་མཚུངས་པ་ལ་ཁྱད་པར་ཡང་ཡོད་པ་སྟེ། མི་ཕམ་པ་མཚོ་བྱུང་བཞད་པའི་གེ་སར་དང་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་སོགས་ཀྱིས་བཞེད་པའི་དེ་གཉིས“ཆ་འདྲ་བ།”ཞེས་པ་ཁོ་ན་མེད་པར་འདོད།
          དེ་ཡང་ལྡེའུ་ཞེས་པ་ཐོག་མར་སྦྱར་བའི་བརྡ་སྟེ། མིང་རྐྱང་ཁོ་ན་ཡིན་ལ། ཁེད་ཅེས་པ་དང་ཐོག་བྱ་བའི་ཚིག་སྟེ། ལན་ལྡོན་པའི་སྟེང་དུ་ཁེལ་མ་ཁེལ་ལམ་གབ་བྱ་ཐིག་མ་ཐིག་ལ་ཁེད་མ་ཁེད་ཅེས་ཟེར་ཞིང་། ལན་བཏབ་པ་ཇི་བཞིན་ཐིག་པར་གྱུར་ན་ཁེད་སོང་དང་། མ་ཐིག་ན་མ་ཁེད་ཐལ་ཟེར་ལ། གཞན་ཡང་ཨེ་ཁེད་བལྟ། ཁེད་པར་ངེས་ཟེར་བ་སོགས་ལས་ཤེས་ཐུབ། དེས་ན་ཐོག་མར་ལྡེའུ་ཁེད་པར་བྱ་སོགས་སུ་སྨྲ་བ་ལ། ཕྱིས་གོང་སྨྲས་གར་ལ་འཆམ་དུ་མིང་ཆགས་པ་དང་། འཁྲིད་པར་བྱ་བའི་སློབ་ཚན་ལ་ཁྲིད་དུ་མིང་ཆགས་པ་ལྟར་ཁེད་པར་བྱ་བའི་ལྡེའུ་ལ་ཁེད་དུ་མིང་ཆགས་པ་ཡིན་པས་སྔ་ཕྱི་ཙམ་མ་གཏོགས་དོན་དུ་ངོ་བོ་གཅིག་ཏུ་འཁུམས།
          གབ་ཚིག་ཅེས་པ་ནི་གཙོ་བོ《སྙན་ངག་མེ་ལོང》དར་ཚུན་ནས་བོད་དུ་ཡོངས་སུ་གྲགས་པའི་ཐ་སྙད་ཅིག་ཡིན་ལ། བསྟན་བྱའང་གབ་ཚིག་ཟེར་ཚེ་གཙོ་བོ་མེ་ལོང་མའི་ལུགས་ལྟར་བརྩམས་པའི་སྙན་ངག་གི་རྣམ་པ་ཞིག་ལ་གོ་བ་དང་། གབ་ཚིག་གི་རྒྱན་ཟེར་ཚེ་དེ་ལྟ་བུའི་སྙན་ངག་གྲུབ་བྱེད་ཀྱི་སྒྱུ་རྩལ་མཚོན་ཐབས་ཤིག་གབ་ཚིག་གཉིས་ལ་ཁྱད་པར་ཡོད་དེ། ལུས་ཀྱི་ཆ་ནས་གབ་ཚིག་ནི་ཚིགས་སུ་བཅད་པ་ཤ་སྟག་ཡིན་ལ། ཅིག་ཤོས་ལ་བཅད་ལྷུག་གཉིས་ཀ་ཡོད་པ་དང་། རྒྱན་གྱི་ཆ་ནས་གབ་ཚིག་ནི་མེ་ལོང་གཞུང་དུ་བསྟན་པའི་ཚིག་རྒྱན་སོགས་རྒྱན་སྣ་ཚོགས་པས་ཀུན་ནས་སྤྲས་པས་སྙན་ངག་གི་རོ་ཉམས་འབུར་དུ་ཐོན་ཅིང་། ཅིག་ཤོས་དེ་ཙམ་མ་ཡིན་པ་དང་། རྣམ་པའི་ཆ་ནས་ཀྱང་ལྡེའུ་ནི“དྲི་བ་དྲིས་ལན་གྱི་ཚུལ”﹙༡༦﹚འབའ་ཞིག་ལགས་ཀྱང་། གབ་ཚིག་ལ་མཐའ་གཅིག་ཏུ་དེ་ལྟར་མ་ངེས་སོ།། ཁྱད་པར་དུ་ངོ་བོའི་ཆ་ནས་མི་འདྲ་སྟེ། ཁེད་དམ་ལྡེའུ་ནི་སྤྱིར་བཏང་དུ་དམངས་ཁྲོད་རྩོམ་རིག་གི་ཁོངས་སུ་གཏོགས་ལ། གབ་ཚིག་ནི་རྩོམ་པ་པོའི་རྩོམ་རིག་གི་ཁོངས་སུ་གཏོགས་སོ།། དེ་ལྟ་ནའང་སྤྱིར་གབ་བྱེད་ཚིག་གི་སྒྱུ་རྩལ་ལ་བརྟེན་ནས་གབ་བྱ་ག་གེ་མོ་ཞིག་སྦས་པའི་ཚུལ་གྱིས་སྟོན་པ་འདྲ་ཞིང་། གབ་ཚིག་ཅེས་པའི་ཐ་སྙད་རྐྱང་བའི་ངོས་གདོང་གི་ངེས་ཚིག་ལྟར་ནའང་ཁེད་དམ་ལྡེའུ་ལ་འཇུག་མི་འོས་པ་མེད་པས་སྤྱི་བཤད་ཙམ་དུ་ནི་ཕྱོགས་མཚུངས་སུ་སྣང་ངོ་།།
          དེ་ལྟ་བུའི་ལྡེའུ་དེ་ཕྱོགས་གཅིག་ནས་ཆབ་སྲིད་དང་འབྲེལ་བའི་དབང་སྒྱུར་གྱི་ཡོ་བྱད་ཅིག་ཡིན་པ་སྨྲ་མ་དགོས་ཏེ། དེའི་ཕྱོགས་ལ་སྐྱེས་སྦྱངས་ཀྱི་བློ་དང་ལྡན་པ་དག་གིས་རང་གི་རིག་པའི་རྩལ་ལ་བརྟེན་ནས་མི་སེམས་འགུག་པར་བྱེད་པའམ་གཞན་གྱི་བསམ་བློ་དབང་དུ་བསྡུ་བ་སོགས་བྱས་ཏེ། རང་གི་སྤྱི་ཚོགས་གོ་གནས་མཐོ་རུ་འདེགས་པའམ་དེ་དག་དར་ཁྱབ་ཏུ་བཏང་སྟེ་སྐབས་དེའི་མི་རྣམས་ཀྱི་ནར་མ་སོན་པའི་ཤེས་རབ་ཀྱིས་རྩལ་ཁ་འབྱེད་པའི་གདོད་མའི་སློབ་གསོའི་རྣམ་པ་ཞིག་ཡིན་སྲིད་ལ། ཡང་ན་དེ་ལས་ཀྱང་མཚར་བའི་གསང་བ་ཞིག་ཡོད་སྲིད་དེ། འཇུ་མི་ཕམ་པས“ལྡེའུ་མ་ཤེས་ན་མ་ཁེད་པས་སྐུགས་འཆོར་འགྲོ།”ཞེས་པ་དང་། ཚེ་ཏན་ཞབས་དྲུང་ཚང་ནས་ཁེད་བཞག་ཚེ“ཇི་བཞིན་ཐིག་པར་གྱུར་ན་ཧབ་ཆ་འཆོར་བ་དང་། མ་ཁེད་ན་རྒྱལ་ལམ་སྐུགས་གང་བཞག་ཤོར་འགྲོ།”ཞེས་གསུངས་པ་ལྟར་ན་ལྡེའུ་ཞེས་པ་ད་དུང་རྒྱལ་ལམ་སྐུགས་སོགས་དང་འབྲེལ་བ་ཡོད་པ་རྟོགས་ཐུབ། དེས་ན་རྒྱལ་དུ་ནི་རྒྱུ་ནོར་དང་། སྡེ་འབངས། གོ་གནས་སོགས་ཀྱང་འཇོག་རུང་བ་དང་། ཁྱད་པར་དུ་ད་ལྟའི་བར་འབྲོག་ཁུལ་མང་པོ་ཞིག་ཏུ“ཨ་མཚར་ལ་མཚར་དགུ་ཡོད། མཚར་དགུ་མ་ཁེད་རུ་དགུ་དགོས།”ཞེས་དང་། “ཨ་ཆགས་ཆགས་ལ་ཆགས་དགུ་ཡོད། ཆགས་དགུ་མ་ཁེད་སྡེ་དགུ་དགོས”སོགས་ཟེར་བ་ལ། མ་ཁེད་ཚེ་ཨེ་ཁེད་ལྟ་མཁན་གྱིས་དུད་ཁྱིམ་དགུའམ་སྡེ་མིང་དགུ་ཙམ་བྱུང་རྒྱལ་དུ་བགྲང་སྟེ་དེ་དག་ཁྱོད་ལ་བྱིན་ཞེས་སྨྲས་པ་ན། ད་གཟོད་གབ་བྱ་གང་ཡིན་པ་དེ་སྟོན་པའི་སྲོལ་ཡོད་པ་དེ་ཤིན་ཏུ་དགོད་བྲོ་བ་ཞིག་ཏུ་སྣང་ནའང་། བོད་གནའ་བོའི་སྤྱི་ཚོགས་སུ་ནི་དངོས་གནས་དེ་འདྲ་ཞིག་ཡིན་ཡང་སྲིད་ལ། ཡིན་ན་ནི་དེ་ལྟ་བུའི་ངག་རྒྱུན་ད་དུང་མ་ཉམས་པ་ཨེ་ཡིན་སྙམ་སྟེ། གང་ལྟར་ལྡེའུ་སོགས་ཀྱིས་ཆབ་སྲིད་བསྐྱངས་ཞེས་པ་ལ་དཔྱད་རྒྱུ་ཆེན་པོ་ཞིག་ཡོད་དོ།།
          ཕྱོགས་གཞན་ཞིག་ནས་བཤད་ན་ལྡེའུ་ཞེས་པ་གདོད་མའི་མི་རྣམས་ཀྱིས་ཁ་ཆར་བུ་ཡུག་དང་འབྲུག་སྒྲ་གློག་འཁྱུག་སོགས་འཇིགས་པའི་ཡུལ་དང་། རི་མཐོ་ལམ་ཀྱོག་བྲག་གཟར་ཆུ་བྲུབ་སོགས་རང་བྱུང་ཁམས་ཆེན་པོ་གསང་བ་མ་རྟོགས་པར། ལྷ་ཀླུ་གཉན་སོགས་ཀྱི་ཆོ་འཕྲུལ་དུ་སེམས་ཏེ་རྨོངས་དད་དང་བཅས་རང་བློས་རྟོག་བཏགས་ཀྱི་འགྲེལ་བ་རྒོད་བྲོ་བོ་བྱས་པ་ད་ལྟ་ལྷ་སྒྲུང་དུ་གྲགས་པ་བརྗོད་བྱ་གཙོ་བོར་བྱས་པའི་རྩོམ་རིག་གི་རྣམ་པ་ཞིག་ཀྱང་ཡིན་ནོ།། འོན་ཀྱང་བརྗོད་བྱ་“རྨོངས་དད་ཀྱི་འགྲེལ་བ”ཁོ་ན་ཙམ་དུ་གོ་ན་ནི་ཁྱབ་ཆུང་དྲགས་ཏེ། 《མགུར་གླུ་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》སུ“ལྡེའུ་ཞེས་པ་རང་བྱུང་ཁམས་ཀྱི་སྣང་ཚུལ་གཞིར་བཞག་གི་སྟེང་འཆར་ཡན་གྱི་བསམ་བློ་དང་རྩེ་མཚར་གྱི་ཉམས་ལ་བརྟེན་ནས་གདོད་མའི་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ཀྱང་མཚོན་ཡོད།”ཅེས་པ་ལེགས་བཤད་དུ་འཁུམས་སོ།།
          འོ་ན་ལྡེའུ་ཞེས་པའི་མཚན་གཞི་གང་གང་ཞེ་ན། 《མཁས་པའི་དགའ་སྟོན》དུ་ལྷ་ལྡན་གཙུག་ལག་ཁང་གི་གདུང་མའི་ལྡེབས་རིས་སྔ་མ་བཤུས་པ་ལྟར་ན“ཐེམ་གཉེར་ཝ་བ་ཆེ་ཅི་ཡིན།”ཟེར་བ་ལ། “སྲང་ཡིན།”ཞེས་ལན་ལྡོན་པའི་རྣམ་པ་ཞིག་ཡིན་ཞེས་གསུངས་འདུག་པ་འདི་དངོས་གནས་གདོད་མའི་དུས་སུ་དར་བའི་ལྡེའུ་ཞེས་པ་དངོས་ཡིན་མིན་ལ་དོགས་པ་ཅུང་ཟད་འདུག་སྟེ་གདོད་མའི་སྤྱི་ཚོགས་སུ་རྒྱ་མ་དང་སྲང་ཡོད་མི་སྲིད་སྙམ། འོན་ཀྱང་འདི་ལས་སྐབས་དེར་ལྡེའུ་ཞེས་པའི་རྣམ་པ་ལ་ད་ལྟའི་ཁེད་དུ་འབོད་པའི་ཚིག་དུམ་མ་དཔེར་ན“བུ་ཁྱིམ་ལ་འཛུལ་ཏེ་འགྲེ་ལྡོག་བྱས་ན། ཕ་མཆོང་ལྡིང་བྱས་ཏེ་ཕུག་ནས་བུད་འགྲོ་ཅི་ཁེད”ཟེར་བ་ལ། “ལྡེ་མིག་གིས་ཟ་ཕྱེས་པའོ།”ཞེས་ལན་ལྡོན་པའི་རྣམ་པ་ཅན་འདི་ཡོད་པ་དཔོག་ཐུབ། འོན་ཀྱང་དེ་ལས་ཀྱང་ཁྱབ་ཆེ་བ་ནི་ད་ལྟ་ཨ་མདོའི་ས་ཁུལ་འགའ་ཞིག་ཏུ་གླུ་ཁེད་དང་གླུ་མདུད་དུ་འབོད་པ་འདི་དང་འདྲ་བ་དབྱངས་སུ་གྱེར་ཆོག་པའི་ཚིགས་བཅད་ཀྱི་རྣམ་པ་ཞིག་ཡིན་པར་འདོད་དེ། འདིར་གླུ་ཁེད་འགའ་འདྲེན་ན་གཤམ་གསལ་ཏེ།
                                               སྲིད་པའི་བ་ཆུང་བཤའ་དུས་གི།།
                                               བ་ཁྲག་ཐིགས་གཅིག་བོར་སོང་ཟིག།
                                               རྐུ་གི་རྐུན་མ་སུ་ཞིག་རེད།།
                                               མ་ཤེས་གླུ་བར་དྲིས་པ་ཡིན།། ཞེས་པ་ལ།
                                               སྲིད་པའི་བ་ཆུང་བཤའ་དུས་གི།།
                                               བ་ཁྲག་ཐིགས་གཅིག་བོར་སོང་ཟིག།
                                               རྐུ་གི་རྐུན་མ་ལྕུང་ག་རེད།།
                                               རྐུ་མ་ཤེས་ལྕུང་གའི་མཆུ་ན་ཡོད།། ཅེས་ལན་འདེབས་པ་དང་།
                                               སྲིད་པའི་བ་ཆུང་བཤའ་དུས་གི།།
                                               བ་རྔ་ཉག་གཅིག་བོར་སོང་ཟིག།
                                               བ་རྔ་བླངས་ནས་གང་ལ་བཞག
                                               མ་ཤེས་གླུ་བར་དྲིས་པ་ཡིན།། ཞེས་པ་ལ།
                                               སྲིད་པའི་བ་ཆུང་བཤའ་དུས་གི།།
                                               བ་རྔ་ཉག་གཅིག་བོར་སོང་ཟིག།
                                               བ་རྔ་བླངས་ནས་ལམ་ལ་བཞག
                                               ལམ་འཁྱོག་ཆ་ཆེ་ནོ་དེ་གིས་རེད།། ཅེས་སོགས་སྲིད་པ་ཆགས་གླུར་གྲགས་པ་མང་དུ་ཡོད་པ་དག་དང་།
                                               ཨ་མཚར་མཚར་ལ་མཚར་དགུ་ཡོད།།
                                               མཚར་དགུ་མ་ཁེད་རུ་དགུ་དགོས།། ཞེས་པ་ལ།
                                               གནམ་འགྱོག་ནི་མེད་ཀྱང་མཐོ་ནི་དེ་ཨ་མཚར་རེ།།
                                               ཐང་སྙོམ་ནི་མེད་ཀྱང་བདེ་ནི་དེ་ཨ་མཚར་རེ།།
                                               ཆུ་ཁྲིད་ནི་མེད་ཀྱང་བཞུར་ནི་དེ་ཨ་མཚར་རེ།།
                                               ལམ་འབྲི་ནི་མེད་ཀྱང་དོད་ནི་དེ་ཨ་མཚར་རེ།།
                                               རྡོ་འཕེལ་ནི་མེད་ཀྱང་མང་ནི་དེ་ཨ་མཚར་རེ།།
                                               བྲག་རྩིག་ནི་མེད་ཀྱང་འགྲིག་ནི་དེ་ཨ་མཚར་རེ།།
                                               རི་སྐྱོར་ནི་མེད་ཀྱང་འདུག་ནི་དེ་ཨ་མཚར་རེ།།
                                               ཤིང་བཏབ་ནི་མེད་ཀྱང་སྐྱེ་ནི་དེ་ཨ་མཚར་རེ།།
                                               རླུང་འབུད་ནི་མེད་ཀྱང་གཡུག་ནི་དེ་ཨ་མཚར་རེ།། ཞེས་པ་དང་ཡང་ན།
                                               འདོ་བ་རྟ་ལ་རྭ་ཅོ་མེད།།
                                               རྭ་ཅོ་ཡོད་ན་ཨ་མཚར་རེ།
                                               ནག་ཆུང་ནོར་ལ་ཡ་སོ་མེད།།
                                               ཡ་སོ་ཡོད་ན་ཨ་མཚར་རེ།།
                                               གཡང་མོ་ལུག་ལ་བཀལ་འགེལ་མེད།།
                                               བཀལ་འགེལ་ཡོད་ན་ཨ་མཚར་རེ།།
                                               ནག་ག་ཁྱི་ལ་ཕྱི་རྟིང་མེད།།
                                               ཕྱི་རྟིང་ཡོད་ན་ཨ་མཚར་རེ།།
                                               མགོ་ནག་མི་ལ་རྔ་མ་མེད།།
                                               རྔ་མ་ཡོད་ན་ཨ་མཚར་རེ།།
                                               ཕོ་རོག་ནག་པོར་འཛི་ཐིག་མེད།།
                                               འཛི་ཐིག་ཡོད་ན་ཨ་མཚར་རེ།། སོགས་དུག་ཙམ་འདྲེན་པ་དང་། ཡང་།
                                               ཨ་ཆགས་ཆགས་ལ་ཆགས་དགུ་ཡོད།།
                                               ཆགས་དགུ་མ་ཁེད་སྡེ་དགུ་དགོས།། ཞེས་པ་ལ།
                                               རླུང་ཐོག་ལ་ས་ཆགས།།
                                               ས་ཐོག་ལ་རྡོ་ཆགས།།
                                               རྡོ་ཐོག་ལ་ཆུ་ཆགས།།
                                               ཆུ་ཐོག་ལ་དར་ཆགས།།
                                               དར་ཐོག་ལ་རྟ་ཆགས།།
                                               རྟ་ཐོག་ལ་སྟན་ཆགས།།
                                               སྟན་ཐོག་ལ་སྒ་ཆགས།།
                                               སྒ་ཐོག་ལ་མི་ཆགས།།
                                               མི་ཐོག་ལ་ཞྭ་ཆགས།། ཞེས་པའམ་ཡང་ན།
                                               ཞྭ་མ་ཆགས་གོང་ལ་མི་ཆགས།།
                                               མི་མ་ཆགས་གོང་ལ་རྟ་ཆགས།། སོགས་ལྡོག་ནས་འདྲེན་པ་དང་། ཡང་།
                                               ཨེ་གཅིག་ཆི་གཅིག།
                                               བསེ་རུ་རྭ་གཅིག།
                                               ཨེ་གཉིས་ཆི་གཉིས།།
                                               འབྲི་མོ་རྭ་གཉིས།།
                                               ཨེ་གསུམ་ཆི་གསུམ།།
                                               སྒྱེད་པུ་ཕོ་གསུམ།། སོགས་གྲངས་བཅུ་བར་འདྲེན་པ་དང་། དེ་བས་ཀྱང་མཚར་ཞིང་འཆར་ཡན་གྱི་ཉམས་དང་ལྡན་པ་དཔེར་ན།
                                               སྲིད་པའི་མཆན་རྡོ་གནམ་ལ་འཕངས།།
                                               གནམ་གྱི་རྒོད་པོ་ཐང་ལ་ལྷུང་།།
                                               དེའི་རྒོད་སྒྲོ་ལེབ་ཆེན་གང་ལ་སོང་།། ཞེས་པ་ལ།
                                               རྒོད་སྒྲོ་ལེབ་མ་རྩྭ་ལ་ལོག།
                                               བ་མོ་དམར་མོས་རྔ་མ་ཟ་བྱས།།
                                               བ་དམར་མོ་ངུར་གྱིན་གང་ལ་སོང་།། ཟེར་བ་ལ།
                                               བ་དམར་མོ་ངུར་གྱིན་བྱང་ལ་སོང་།།
                                               བྱང་ན་དམར་དཀྱིལ་ནས་བེའུ་གསུམ་བཙས།།
                                               བེའུ་སྤུན་གསུམ་རྩེད་གིན་གང་ལ་སོང་།། ཟེར་བ་ལ།
                                               བེའུ་གཅིག་དེ་རྩེད་གིན་གནམ་ལ་སོང་།།
                                               གནམ་སྐར་ཚོགས་མང་བ་དེ་ནས་བྱུང་།།
                                               བེའུ་གཅིག་དེ་རྩེད་གིན་ནགས་ལ་སོང་།།
                                               ནགས་ཤིང་ལོ་རྒྱས་པ་དེ་ཡིས་རེད།།
                                               བེའུ་གཅིག་དེ་རྩེད་གིན་སྤང་ལ་སོང་།།
                                               སྤང་མེ་ཏོག་བཀྲ་བ་དེ་ཡིས་རེད།། ཅེས་ལན་ལྡོན་པ་ལྟ་བུ་སོགས་མང་ངོ་།།
          དེ་ཡང་འདི་དག་ལ་རྗོད་བྱེད་ཀྱི་རྣམ་པ་དང་སྐད་ཆའི་བརྡ་གསར་རྙིང་སོགས་ཆ་ནས་ནི་འགྱུར་བ་ངེས་ཅན་རེ་བྱུང་ཡོད་ངེས་ནའང་། བརྗོད་བྱའི་ནང་དོན་གཙོ་བོའི་ཆ་ནས་ནི་ཕལ་ཆེར་བློ་གྲོས་ནར་མ་སོན་པའི་གདོད་མའི་མིའི་བྱིས་བློ་ཁོ་ནར་གནས་ཤིང་། ལྷག་པར་དུ་ཨེ་གཅིག་ཆི་གཅིག་སོགས་བཅུ་ཙམ་ཡོད་པ་དོན་དུ་འདི་ལྟར་ཡིན་ཏེ། གཅིག་ཨེ་ཡིན། ཅི་ཞིག་ལ་གཅིག་ཟེར་ཞེས་པ་ལ། བསེ་རུའི་རྭ་ལྟ་བུ་གཅིག་ཡིན། ནོར་གནག་གི་རྭ་ལྟ་བུ་གཉིས་ཡིན་ཞེས་ལན་ལྡོན་པ་ཡིན་ནོ།། དེས་ན་འདི་ནི་གདོད་མའི་མི་རྣམས་ཀྱིས་གྲངས་ཀའི་གཞི་རྩའི་རྣམ་གཞག་བློ་ལ་ངེས་པར་བྱེད་པའི་ཐབས་ཤིག་ཀྱང་ཡིན་པས་ཤིན་ཏུ་སྔ་བར་སྣང་། དེ་བཞིན་རྣམ་པའི་ཆ་ནས་ཀྱང་དྲི་བ་དྲིས་ལན་གྱི་ཚུལ་འབའ་ཞིག་ཏུ་ཡོད་པས་ན་འདི་དག་བོད་གནའ་བོའི་དུས་ཀྱི་ལྡེའུ་ཞེས་པར་གྲགས་པ་དེའམ་དེའི་རྒྱུན་དངོས་ཡིན་པར་འདོད།
          དེ་ལྟ་ནའང་ཐོག་མའི་དམངས་གླུ་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ངེས་ཅན་ཞིག་སླེབས་ཟིན་ཏེ། དངོས་གཙོ་རྩོད་སྒྲུབ་སྨྲ་བའི་ལྟ་བ་ལྟར་ན། གདོད་མའི་དམངས་གླུའི་ཐོག་མ་ནི་ཐུན་མོང་ངལ་རྩོལ་གྱི་ཁྲོད་ནས་བྱུང་བ་ཡིན་པས། ངལ་རྩོལ་འགུལ་སྐྱོད་ཀྱི་འདེགས་འཇོག་དང་བསྟུན་ཏེ་རང་ཤུགས་ཀྱིས་བྱུང་བའི་ངག་གི་གདངས་ལ་ཚིག་ངེས་ཅན་རེ་སྦྱར་བ་ཞིག་ཡིན་དགོས་པས་ན་དེས་ཅིས་ཀྱང་ངལ་རྩོལ་རིགས་གང་རུང་ཞིག་གི་རྣམ་པ་མཚོན་དགོས། དེ་ནས་རིམ་བཞིན་འཕེལ་བས་ངལ་རྩོལ་བྱེད་པའི་ལུས་ཀྱི་འགུལ་སྐྱོད་ཀྱི་འདེགས་འཇོག་ལས་ཞབས་བྲོ་དང་། ངལ་རྩོལ་གྱི་འདེགས་འཇོག་དེ་ཁོ་ན་མཚོན་པར་བྱེད་པའི་གླུ་གཞས་ཀྱི་དོད་ཙམ་ལས་སྣ་མང་འཚོ་བ་མཚོན་པའི་དམངས་གླུ་དངོས་བྱུང་བ་ཡིན་ལ། མཚམས་དེར་སླེབས་ཚེ་གདོད་མའི་རྩོམ་རིག་དེ་ངལ་རྩོལ་རྐྱང་བ་ལས་ཐ་དད་ཚུགས་ཐུབ་ཀྱི་ཆུ་ཚད་དུ་སླེབས་པར་འདོད། དེ་ལྟར་ན་ལྡེའུར་བགྲང་དུ་རུང་བ་འདི་དག་ནི་ངལ་རྩོལ་རྐྱང་བའི་རྣམ་པ་མཚོན་བྱེད་ཙམ་ལས་རིང་དུ་བརྒལ་ཟིན་པར་མ་ཟད། རྟོག་པ་འཆར་ཡན་གྱི་བསམ་གཞིགས་ཆུ་ཚད་ཀྱང་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པར་བརྟེན། ཚུགས་ཐུབ་རྩོམ་རིག་ཅིག་ཏུ་ངོས་འཛིན་རུང་སྟེ། བོད་དུ་སྒྲུང་ཞེས་པའི་རྩོམ་རིག་གི་རྣམ་པ་མ་བྱུང་ཡར་སྔོན་གྱི་གདོད་མའི་དམངས་གླུ་ལས་འཕེལ་རྒྱས་བྱུང་བ་ཡིན་ངེས། གང་ལྟར་ལྡེའུའི་དུས་འདིར་སླེབས་ཚེ་བོད་ཀྱི་དམངས་གླུའི་གཞི་རྩའི་དབྱངས་ཀྱི་གྱེར་སྟངས་དང་། ཁུགས་རིམ། འགྱུར་བག་སོགས་དང་། དབུགས་ཀྱི་འཇོག་སྟངས། ཚིག་གི་གཅོད་ལུགས་སོགས་གྲུབ་ཆར་བྱས་པའི་རྩོམ་ལུས་ཀྱི་རྣམ་པ་ངེས་ཅན་ཞིག་གི་སྲོལ་གྲུབ་པར་བྱས་ཡོད་སྙམ། སྤྱིར་མི་རིགས་ཤིག་གི་སྙན་ངག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཐད་སྐབས་འགར་ཚིག་རྒྱན་སྤེལ་སྟངས་ལས་ཀྱང་རྩོམ་ལུས་ཀྱི་གཞི་རྩའི་རྣམ་གཞག་གལ་ཆེ་བར་སྣང་ལ། རྣམ་གཞག་དེའི་རྩ་བའི་གྲུབ་རྒྱུ་ནི་མི་རིགས་རང་གི་སྐད་ཀྱི་འགྲོས་དང་བསྟུན་ནས་རང་ཤུགས་ཀྱི་བྱུང་བའི་དམངས་གླུའི་རྩོམ་ལུས་དང་རྒྱུན་གཅིག་ཏུ་འབྲེལ་ཡོད་ཕྱིར་ཚད་ངེས་ཅན་ཞིག་ནས་བཤད་ན་བོད་ཀྱི་སྙན་ངག་གི་གཞན་དང་མི་འདྲ་བའི་ལུས་ཀྱི་རྣམ་པའི་གཞི་རྩའི་རྨང་གཞི་ནི་ཕལ་ཆེར་ལྡེའུའི་དུས་ཆགས་ཟིན་པར་འདོད་དོ།།
          དེས་ན་ལྡེའུ་ཞེས་པ་བོད་གདོད་མའི་རྩོམ་རིག་གི་རྣམ་པ་གལ་ཆེན་ཞིག་ཡིན་པར་མ་ཟད་བོད་ཀྱི་སྙན་ངག་བྱུང་འཕེལ་གྱི་ལོ་རྒྱུས་ཁྲོད་དུ་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པར་སྣང་ལ། ཕྱིས་ཀྱི་དམངས་གླུ་དང་སྙན་ངག་མཚན་ཉིད་པ་ལ་མཚོན་ནའང་རྩོམ་ལུས་ཀྱི་ཆ་ནས་ཤུགས་རྐྱེན་ཆེ་བ་སྨྲ་མ་དགོས། རྗོད་སྟངས་སམ་རྒྱན་གྱི་ཆ་ནས་ཀྱང་ད་ལྟའི་བར་རྒྱུན་མ་ཉམས་པ་ཨ་མདོ་ས་ཁུལ་སོགས་སུ་གླུ་མདུད་དང་གླུ་ཁེད་འབོར་ཆེན་པོ་ཡོད་པ་དག་དང་ཐ་ན།
                                               གཞོན་དུས་པད་མ་དཀར་པོའི་ན་ཟླར་སྙེམས།།
                                               དར་བབ་བྱ་རྒྱལ་མཁའ་ལ་ལྡིང་བའི་གྲོགས།།
                                               རྒ་བའི་ཕ་མཐར་སོན་ཚེ་བྲ་ཙིག་སོགས།།
                                               བདེ་བར་གཟིམས་པའི་མལ་སྟན་ཟླ་དང་བྲལ།།﹙ལྡུམ་བུ་མཛོ་མོ་བ་དཀར﹚
          ཞེས་པ་མཁས་པ་ཆེན་པོ་སྦྱར་བའི་སྙན་ངག་དང་ད་ལྟ་གསར་དུ་འབྱུང་བཞིན་པའི་གབ་ཚིག་སྙན་ངག་ཤིན་ཏུ་མང་བ་དག་གི་སྒྱུ་རྩལ་རྣམ་པའི་འབྱུང་ཁུངས་ནི་ལྡེའུ་ཉིད་ཡིན་ནོ།། དེ་ལྟར་ན《མེ་ལོང》མའི་གབ་ཚིག་གི་རྒྱན་ཁོ་ནར་ཧ་ལས་མི་དགོས་ཏེ། བོད་རང་ལའང་གདོད་མའི་དུས་ནས་གབ་ཚིག་གི་རྣམ་པའི་རྩོམ་རིག་ཡོད་དེ། མཁས་པའི་དབང་པོ་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོས་“དེས་ན་ལྡེའུའི་ངག་ཚིག་བརྗོད་བྱར་བྱས་པའི་སྙན་ངག་གི་གབ་ཚིག་འདི་འདྲ་བ་ནི་སློབ་དཔོན་དཎྜིའི་ཐུགས་ལའང་དགོངས་ཐབས་མེད་པའི་བོད་རང་གི་རིག་པའི་རྩལ་ལས་ཐོན་པའི་སྙན་ངག་གི་རྣམ་འགྱུར་ཞིག་ཡིན་པ་ཀུན་གྱིས་མཁྱེན་པར་མཛོད་ཅིག”ཅེས་དགོངས་པ་ཤིན་ཏུ་ཟབ་པའི་ལེགས་བཤད་གནང་འདུག་པ་ལྟར་རོ།།
          གཞན་དེ་རྗེས་སུ་བྱུང་བའི་རྡོལ་བོན་སོགས་ལའང་སྤྱིར་རྩོམ་རིག་དང་སྒོས་སྙན་ངག་གི་རྣམ་པར་ངེས་པ་རེ་ཡོད་ཀྱང་སྲིད་མོད་གཙོ་བོ་སྔ་མ་གཉིས་ཀྱི་རྨང་གཞི་ལས་གདོད་མའི་ཆོས་ལུགས་ཀྱི་རྣམ་པ་དངོས་ཤིག་ཏུ་འཕེལ་བས་ན་འདིར་འབྲེལ་བ་ཆུང་བས་གླེང་བར་མི་བྱ།
གངས་རིའི་ཆུ་ཀླུང་ཕྲ་མོ་རྒྱས་པ་ལས།།
                                               རྨ་འབྲིའི་ཀླུང་ཆེན་རྒྱགས་པའི་ང་རོ་སྒྲོག།
                                               ཉམས་འགྱུར་རླབས་རིས་སྒྱུར་བའི་སྙན་ངག་ཆེ།།
                                               དེ་ཡང་གནའ་བོའི་དམངས་གླུ་དག་ལས་བྱུང་།།
                                               བློ་སྒོ་འཆར་ཀའི་པད་མོ་ཐབས་ཀྱིས་ཕྱེ་ཞིང་།།
                                               ཟིན་ཇུས་སྲིད་པའི་བུ་ཆུང་ལུགས་ཀྱིས་སྐྱོང་ལ།།
                                               རྩོམ་རིག་སྐྱ་རེངས་སྒོ་གླེགས་ཞར་ལ་འབྱེད་པའི།།
                                               གནའ་བོའི་ལྡེའུའི་གསང་བ་ངོ་མཚར་ཆེ་གྲང་།།
          ཞེས་བྱ་བའང་བར་སྐབས་ཀྱི་ངལ་གསོའི་ཚིགས་སུ་བཅད་པའོ།།