གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

དཔྱད་བརྗོད་དང་འབྲེལ་བའི་དགག་སྒྲུབ་རྩོམ་ཡིག་འབྲི་ཐབས་སྐོར་བཤད་པ།

སྤེལ་དུས 2018-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དྲང་སྲོང་རྣམ་རྒྱལ།
          ངས་བསམ་པར་དགག་སྒྲུབ་རྩོམ་ཡིག་སྐོར་གྱི་གཏམ་གླེང་འགོ་མ་ཚུགས་པའི་གོང་དུ་དགག་སྒྲུབ་རྩོམ་ཡིག་བྲི་བ་ལ་དགེ་མཚན་གང་ཞིག་ཡོད་མེད་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་ཞིག་རེད་སྙམ། ང་ཚོ་ཆོས་ཁས་ལེན་མཁན་ཞིག་གི་ངོས་ནས་བཤད་ན་ཀུན་སློང་ཡང་དག་ཅིག་དང་གཟབ་གཟབ་ཅིག་བྱེད་དགོས་པ་ཆགས་ཡོད་པ་རེད། དཔེར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་འདི་ལྟར་གསུངས་པ་རེད། སེམས་ཅན་མོས་པ་སྣ་ཚོགས་པ། ། མང་པོའི་ནང་དུ་ཕྱོགས་ཞེན་དང་། ། ཆོས་ལ་སྨོད་པ་འབྱུང་ཉེ་ཡི། ། རྩེད་མོ་ག་ཞའི་ཆེད་དུ་ཡང་། ། བརྙས་སྨོད་ནམ་ཡང་བྱ་བ་མིན། ། ཞེས་གསུངས་པ་ལྟར་དགག་སྒྲུབ་རྩོམ་ཡིག་ནི་ཀུན་སློང་ཡང་དག་ཅིག་མིན་ན་ཉེན་ཁ་ཤིན་ཏུ་ཆེ་བ་གསུངས་ཡོད་པ་རེད། ། ཡང་ཀུན་སློང་ཡང་དག་དང་དགོས་པ་ཁྱད་པར་ཅན་གྱི་དོན་དུ་དགག་སྒྲུབ་རྩོམ་ཡིག་སྤེལ་བ་ལ་དོན་ཡོད་པ་ནི། ། རྗེ་ས་པཎ་གྱིས། དམ་ཆོས་འཁྲུལ་དང་མ་འཁྲུལ་བ། ། སྐྱེ་བ་གཏན་གྱི་གྲོས་ཡིན་པས། ། འདི་ཡི་ལེགས་ཉེས་དཔྱོད་པ་ལ། ། སྡང་ཞེས་སྨྲ་ན་རང་སྐྱོིན་ཡིན། ། ཞེས་དང་། བོན་གྱི་མཁས་པ་དབྲ་སྟོན་པཎ་ཊི་ཏ་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས། བསྟན་པ་ཡང་དག་ལམ་དང་ལྟར་སྣང་ཚུལ། ། ཁྱད་པར་སྦྱར་ནས་མཆོག་དང་མཆོག་མིན་དུ། ། བསྒྲུབ་པ་རིགས་པ་སྨྲ་བའི་ཚུལ་ཡིན་པས། ། འདི་ལ་སྡང་ཞེན་སྐྱེད་པ་གནས་མ་ཡིན། ། ཞེས་གསུངས་རེད། དེ་བཞིན་སྔོན་མཇམ་མགོན་ས་པཎ་གྱིས་སྡོམ་གསུམ་རབ་དབྱེ་ཕྱེད་ཙམ་བརྩམས་གྲུབ་དུས་མི་རྣམས་ཀྱིས་ས་པཎ་གྱིས་ཕྱོགས་རིས་གསུང་གི་འདུག་ཅེས་ཁ་བཏང་བ་ལ་ཉེ་གནས་ཀྱིས་དེ་ལྟར་མི་བརྩམས་རོགས་ཞུས་དུས་ངས་བརྩམས་ན་མི་མ་དགའ་ནའང་། མ་བརྩམས་ན་ལྷ་མི་དགའ་བར་འདུག་པས་བརྩམ་དགོས་གསུངས་པའི་ལོ་རྒྱུས་ཡོད་པ་ལྟ་བུ་རེད། 
          དགག་སྒྲུབ་རྩོམ་ཡིག་ཅེས་པ་ནི་དཔྱད་གཏམ་གྱི་རྨང་གཞིའི་སྟེང་དུ་ཕ་རོལ་པོའི་ལྟ་ཕྱོགས་བཀག་ནས་རིག་པ་དང་མྱོང་བ་ཡང་དག་གིས་རང་གི་བློ་ངོར་འཐད་པ་བསྒྲུབ་པའི་རྩོམ་རིག་ཅིག་ཡིན་པས་དེ་ལ་ཐོག་མར་དཔྱད་བརྗོད་རྩོམ་ཡིག་ལ་གོ་བ་ཡང་དག་པ་ལོན་ན་དགག་སྒྲུབ་རྩོམ་ཡིག་གི་རྣམ་པ་དང་ཐག་ཤིན་ཏུ་ཉེ་བ་ཡིན། ཚད་ལྡན་གྱི་དཔྱད་གཏམ་འབྲི་བ་ལ་༧གོང་ས་མཆོག་གིས་གསུངས་པའི་བཀའ་འདི་གཞི་རྩའི་རྨང་གཞིར་བཟུང་དགོས། 
          དེ་ཡང་  ༼   ༢༠༠༦ལོའི་ཟླ་༡༡ཚེས་༣༠ཉིན་བོད་ཀྱི་ལོ་རྒྱུས་ཐོག་གི་བགྲོ་གླེང་སྐབས  ༽  དགེ་སྐྱོན་ཞིག་སྟོན་དགོས་བསམ་ནས་རྩད་གཅོད་བྱས་པ་ཡིན་ན་བློ་གཟུ་བོར་མ་གནས་པར་བློ་ཕྱོགས་སུ་ལྷུང་བ་ཞིག་ཆགས་ཚར་བ་རེད། རྩད་གཅོད་ཉམས་ཞིབ་བྱེད་སྐབས་དགེ་སྐྱོན་གྱི་སྐད་ཆ་གང་ཡང་མེད་པར་གང་བྱུང་བ་དེ་ག་རྩད་གཅོད་བྱས་ན་བློ་གཟུ་བོར་གནས་པ་རེད། བློ་གཟུ་བོར་གནས་པའི་ཐོག་ནས་རྩད་གཅོད་བྱས་ཏེ་དངོས་ཡོད་གནས་ཚུལ་གང་བྱུང་བ་ཤེས་ཟིན་པའི་རྗེས་ལ་དེར་ཕན་གནོད་གང་ཡོད་དཔྱད་ཆོགཅེས་གསུངས་པ་རེད། ང་ཚོས་དཔྱད་གཏམ་དང་དགག་སྒྲུབ་རྩོམ་ཡིག་གང་ཡིན་ཡང་དོན་འབྲས་ཡོད་པའམ་དངོས་ཡོད་རང་བཞིན་དང་ལྡན་པའི་དཔྱད་གླེང་ཞིག་སྤེལ་བ་ལ་བཀའ་འདི་ཉིད་ལས་ནམ་ཡང་འདའ་མི་རུང་བ་ཡིན། ། 
          དཔྱད་གཏམ་མམ་དཔྱད་གླེང་ཞེས་པའི་དཔྱད་པ་ལ་རིགས་གཉིས་ཚང་དགོས་པ་ཡིན། དེ་ནི་དབྱེ་ཞིབ་དང་། གདེང་འཇོག་ཅེས་པ་དེ་གཉིས་ཡིན། དཔྱད་གླེང་ཞེས་པ་དོན་དུ་ནང་དོན་བསྐྱར་གླེང་དང་། ངོ་སྤྲོད། གཞུང་འདྲེན་བཅས་སུ་ཚུད་ཡོད་སྙམ། དགག་སྒྲུབ་ཅེས་པའི་དོན་ནི་ལྟར་སྣང་གི་ཁས་ལེན་ནམ་བློ་ངོར་གྲུབ་པའི་མཐའ་གང་ཞིག་གི་ལྟ་བ་དང་རྒྱུ་མཚན་དང་དེའི་རྒྱབ་ལྗོངས་དང་བཅས་པར་དགག་པ་ཡང་དག་པ་རྒྱག་རྒྱུ་དང་། རིག་པ་དང་རྒྱུ་མཚན་ཡང་དག་གམ་ཚན་རིག་༼ཁུངས་སྐྱེལ་ར་སྤྲོད་ཡོད་པ༽དང་མཐུན་པའི་དངོས་ཡོད་ཀྱི་གྲུབ་དོན་མཐར་ཐུག་པ་དེ་ཁ་གསལ་གོ་བདེའི་ལམ་ནས་ཚུར་བསྒྲུབ་རྒྱུ་ལ་ཟེར་བ་ཡིན། དེ་མཐར་གཏུག་ན་ལྟ་བ་ལ་འདུས་པ་ཡིན་པས་དེ་ནི་བརྗོད་གཞི་གང་ཡིན་པའི་ཕྱོགས་ལ་འཛིན་ཚུལ་དང་ལངས་ཕྱོགས་གང་ཡིན་པ་དེ་ཡིན། 
          དགག་སྒྲུབ་རྩོམ་ཡིག་ཇི་ལྟར་བྲི་བའི་ཚུལ་ནི་དོན་གནད་གང་ཞིག་དམིགས་ཀྱིས་བསལ་བ་དང་། དེ་དག་ལ་དབྱེ་ཞིབ་བྱེད་པ་དང་། དོན་དངོས་ཐོག་ཐག་གཅོད་བྱེད་པ་གསུམ་གྱི་ཐོག་ནས་བྲི་དགོས་པ་ཡིན་པས་དོན་རབ་རིབ་ཙམ་དུ་གྱུར་པ་ནི་དགག་སྒྲུབ་རྩོམ་ཡིག་གི་སྤང་བྱའི་གཙོ་བོ་ཡིན་ནོ། ། དེ་ལ་བསྒྲུབ་བྱ་དང་སྒྲུབ་ཐབས་ཏེ་ཕྱོིགས་གཉིས་ཚང་དགོས་པས་ཕྱི་མ་ནི་ཚད་མ་རིག་པའི་སྐབས་ཀྱི་སྒྲུབ་བྱེད་དམ་རྟགས་ཡང་དག་ཅེས་པའི་སྒྲ་དོན་དང་འདྲ།  ང་ཚོས་དོན་གནད་ཕྲ་མོ་ཞིག་ཐོག་མར་རྟོགས་པ་ལ་རྟགས་ཡང་དག་དགོད་དགོས་པ་ནི། ལེགས་བཤད་སྙིང་པོ་ལས། མཐར་གཏུག་ན་དྲི་མ་མེད་པའི་རིག་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིག་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་དང་། དངོས་པོའི་དེ་ཁོ་ན་ཉིད་ཀྱང་འཐད་པས་སྒྲུབ་པའི་རིགས་པའི་སྒྲུབ་བྱེད་དང་ལྡན་པའི་ཕྱིར་རོ། ། ཞེས་གསུངས་པ་དེ་སྐབས་འདིའི་སྒྲུབ་བྱེད་འཚོལ་དགོས་ལུགས་ཡིན། སྒྲུབ་བྱེད་ནི་གནད་ལ་ཕིགས་པོ་ཞིག་དགོས་པ་ལས་འབྲེལ་མེད་དང་ཉོག་གཏམ་གྱི་རི་བོ་སྤུངས་ན་རྩོམ་སྐྱོན་དུ་འགྲོ་བ་ལས་འོས་མེད། སྒྲུབ་བྱེད་དེ་དོན་དངོས་སམ་ཁུང་འཕེར་ཞིག་ཡོད་ན་དེས་ཡིད་ཀྱི་བརྟན་པ་འཕྲོག་ཏེ་མཁས་པ་མགུ་བ་སྐྱེད་པའི་ལེགས་བཤད་དུ་འགྲོ་བ་ཡིན། དེའི་ཕྱིར་བསྒྲུབ་བྱ་དང་སྒྲུབ་ཐབས་ཀྱི་འབྲེལ་བ་ནི་ཤིན་ཏུ་གལ་ཆེ་བས། རྣམ་འགྲེལ་མཛད་པོས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། ། གཏན་ཚིགས། ཞེས་གསུངས་པ་རེད། རྒྱུ་མཚན་ནམ་རྟགས་ཀྱི་རིགས་ལ་དབྱེ་ན། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། འཐད་པས་བསྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཅས་བཞི་གསུངས་ཡོད་པ་རེད། 
          སྤྱིར་སྟངས་སྒྲུབ་ཐབས་ལ་དབྱེ་ན། དཔེ་མཚོན་གྱི་སྒྲུབ་ཐབས  ༼   མི་རྣམས་ཀྱི་མངོན་སུམ་ཡུལ་དུ་གྱུར་པའི་དངོས་པོ་ཞིག་གི་ལམ་ནས་གསལ་བཤད་བྱེད་པ་  ༽  ། ལུང་གི་སྒྲུབ་ཐབས  ༼  གྲགས་ཅན་རྩོམ་པ་པོའི་གསུང་རྩོམ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་གཏམ་བརྗོད་སོགས་ཚིག  ༽  ། རིག་པའི་སྒྲུབ་ཐབས  ༼  རིགས་པ་བཞི་ལྟ་བུ༽། མཚུངས་སྡུར་གྱི་སྒྲུབ་ཐབས  ༼  རིགས་གཅིག་པའམ་དུས་སྐབས་གཅིག་པའི་དངོས་པོ་མི་འདྲ་བ་གཉིས་ཀྱི་ཁྱད་པར་ཕྲ་ཞིབ  ༽  ། འཕྲོས་དོན་གྱི་སྒྲུབ་ཐབས་  ༼  སྔར་སྒྲུབ་བྱེད་བཀོད་པའི་ཕྱོགས་ཀྱི་ཆ་ཤས་གཞན་ཞིག་གིས་འགྲེལ་བརྗོད་བྱེད་ནས་བསྒྲུབ་པ  ༽  བཅས་སོ། ། 
          རྩོམ་ཡིག་ཅིག་གཞིར་བཟུང་ནས་དགག་སྒྲུབ་བྱེད་པ་ལྟ་བུར་མཚོན་ན་རྩོམ་ཡིག་དེའི་མགོ་ནས་མཇུག་བར་ཆ་ཚང་བ་ཞིབ་འབྲི་བྱེད་མི་དགོས་ལ། དེའི་སྐྱོིན་གྱི་མདོ་འགག་ལ་ཙིར་བཟུང་བྱས་ཏེ་དགག་ནས་ལྡོག་ཕྱོགས་བསྒྲུབ་དགོས་པ་དཔེར་ན། སྨན་ལ་སྟོང་ཐུན་དང་། མིག་ལ་མཛུབ་ཐུར་གྱི་ཚུལ་དུ་དགག་སྒྲུབ་བྱེད་དགོས་ལ། དཔྱད་གཞི་གཞན་ལའང་དེ་བཞིན་རིགས་འགྲེ། ། 
          ཚིག་ཚོགས་ཉུང་ཞིང་དོན་དག་བསྡུ་ཤུགས་ཆེ་བ་ཞིག་དགོས་པ་དཔེར་ན། འབྲེལ་ན་འཆིང་ཞིང་བྲལ་ན་རྣམ་པར་གྲོལ། ། ཞེས་པའི་ཚིག་ཐུང་ངུ་དེའི་ནང་དུ་བདེན་བཞིའི་རྣམ་གཞག་སྟོན་ཐུབ་པ་ལྟ་བུ་ནི་དཔེ་མཚོན་རེད། 
          སྐབས་འགར་ཕ་རོལ་པོའི་ཚིག་སྔ་ཕྱི་ལ་འགལ་བ་གཏོང་སྟེ་དགག་པ་དཔེར་ན། དགེ་བཤེས་ཤེས་རབ་རྒྱ་མཚོས་པད་མ་བཀོད་ཀྱི་གནས་ཡིག་ལ་འགོག་པའི་རྩོམ་ཡིག་ནང་དུ། གནས་ཡིག་ནང་གནས་དེའི་ཁྱད་ཆོས་བརྗོད་དུས་གནས་དེར་འབྲུ་རིགས་ས་གཞི་གང་བ་དང་། ཟླ་ངོ་རེ་ལ་འབྲུ་རིགས་སྣ་༢༥ཙམ་སྐྱེ་བ་དང་། ཡང་ཡུལ་དེའི་མི་རྣམས་ཀྱིས་བཟའ་བཏུང་ལ་ལོངས་སྤྱོད་མི་དགོས་པར་བཤད་པ་ལ། འོ་ན་འབྲུ་རིགས་སྐྱེས་པ་བེད་མེད་དུ་འགྱུར་བར་ཐལ་བའི་སྐྱོིན་བཏང་བ་ལྟ་བུ། ། 
          ཡིད་རྟོན་བྱེད་ཚུལ་ནི། གང་ཟག་ཚད་མར་བཟུང་བ། ཟེར་སྒྲོས་ཚད་མར་བཟུང་བ་སོགས་མ་ཡིན་པར་སངས་རྒྱས་ཀྱི་ཆོས་གཞུང་ནང་དུ་རྟོན་པ་བཞི་ཞེས་པ་དེ་སྐབས་འདིར་རྩ་བར་འཛིན་དགོས་པ་གཞི་རྩའི་ཡིད་རྟོན་བྱེད་ཚུལ་ཡིན། རྟོན་པ་བཞིའི་ཚུལ་འདི་ནི་མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང་། བློ་གྲོས་མི་བཟད་པས་བསྟན་པའི་མདོ་ལས་ཀྱང་འབྱུང་བར་གསུངས། མདོ་སྡེ་རྒྱན་ལས། གཙུག་ལག་  ༼  དོན་ལ  ༽བསྟན་པའི་ཆོས་  ༼  ཆོས་ལ  ༽ དང་ནི། ། དེའི་དོན་དགོངས་པ་ཅན་དང་ནི། ། ངེས་དོན་ཚད་མ་ལྡན་  ༼  ངེས་དོན་ལ  ༽  པ་དང་། ། དེའི་དོན་བརྗོད་མེད་ཐོབ་  ༼  ཡེ་ཤེས  ༽ པའོ། ། ཞེས་དང་། འཕགས་པ་ཐོགས་མེད་ཀྱིས་བྱང་ས་ནང་དུ་རྟོན་པ་བཞི་པོ་དེ་རྒྱས་པོ་བསྟན་ཡོད་པ་རེད། ། 
          དེ་བཞིན་འཇམ་མགོན་ཀོང་སྤྲུལ་གྱི་ཤེས་བྱ་ཀུན་ཁྱབ་ལས། འཇལ་བྱེད་ཐུན་མོང་དྲང་ངེས་དགོངས་ལྡེམ་དགོངས། ། རྟོན་དང་རིགས་པ་བཞི་རྣམས་གཙོ་བོར་གྱུར། ། ཅེས་སྒྲུབ་བྱེད་ཀྱི་གཙོ་བོར་གསུངས་པ་ལྟར་  ༼  རྒྱས་བཤད་དེའི་ངོས་༡༡ལས་གསལ  ༽  དཔྱད་རྩོམ་སྤྱི་དང་དགག་སྒྲུབ་རྩོམ་ཡིག་བྲི་བ་ལ་ལག་བསྟར་ཚུལ་མཐུན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན། ། 
          དེ་དང་ཕྱོགས་མཚུངས་སྔོན་མའི་མཁས་པའི་གདམས་ངག་ལའང་། ཆོས་ཀྱི་རྗེ་ས་པཎ་གྱིས། ལེགས་བཤད་བྱིས་པ་དག་ལས་ཀྱང་། ། མཁས་པ་རྣམས་ནི་ཡོངས་སུ་ལེན། ། དྲི་ཞིམ་འབྱུང་ན་རི་དྭགས་ཀྱི། ། ལྟེ་བ་ལས་ཀྱང་གླ་རྩི་ལེན། ། ཞེས་དང་། གངས་རིའི་ཁྲོད་ཀྱི་མཁས་མཆོག་ཉ་དབོན་ཀུན་དགའ་དཔལ་གྱིས། ། ལེགས་ན་དགྲ་བོའི་ངག་ལའང་འཇུག་དགོས་ལ། ། སྐྱོན་དང་བཅས་ན་བཤེས་ཀྱི་ངག་ལའང་མིན། ། དུག་ཆུའི་རྒྱུན་འབབ་གསེར་རིའང་འདོར་དགོས་ལ། ། སྦྲང་རྩི་འབྱུང་ན་ཚེར་མའི་ཤིང་ཡང་བསྟེན། ། ཞེས་པ་རྣམས་ཀྱང་རྟོན་པ་བཞིའི་ཉམས་ལེན་གྱི་ཕྱོགས་ཤ་སྟག་གསུངས་པ་རེད་འདུག། དེ་བཞིན་དུ་གཏམ་དྲང་པོ་སྨྲ་བ་ལ་བསྟེན་དགོས་པའམ་གལ་ཆེན་པོ་ཡིན་པ་ནི། རྗེ་བཙུན་རེད་མདའ་བས། འཁྱོག་པོར་སྨྲ་ལ་གཞན་དག་བརླིང་པོར་སེམས། ། ངག་གི་བཙུན་པ་དགེ་སྦྱོང་ཚུལ་མིན་པས། ། གྱ་གྱུའི་སེམས་དང་དེ་ཡི་ཚུལ་སྤངས་ཏེ། ། གསོང་པོར་སྨྲ་ལ་ཁོ་བོ་རྟག་ཏུ་བསྟེན། ། ཞེས་གསུངས་འདུག། 
          དེའི་ལྡོག་ཕྱོགས་ཀྱི་སྐྱོན་ངོས་འཛིན་དུས། མཁས་མཆོག་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས། ཆགས་སྡང་སྙེམས་པ་མཐོ་བའི་ཁ་འུར་དང་། ། གཞན་ལ་རྫུན་ལྷོངས་འདེབས་པའི་མུན་སྤྲུལ་དང་། ། སྐབས་མིན་རང་བསྟོད་ཆེ་བའི་ཚིག་འཁྱལ་རྣམས། ། གཟུ་བོས་དཔྱད་ན་གཏམ་གྱི་ཉེས་པ་ཡིན། ། ཞེས་གསུངས་པ་ལྟར་དཔྱད་རྩོམ་ཚད་དང་ལྡན་པ་མ་ཡིན་པའམ་རྩོམ་སྐྱོན་དུ་ངོས་འཛིན་གནང་ཡོད་པ་རེད། ། 
          ཆོས་ལུགས་ནང་དུ་སྐྱོན་དེ་འདྲའི་ཐོག་ནས་དཔེར་ན་ཆོས་ལུགས་ཀྱི་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ལ་སྒྲོ་སྐུར་བྱས་ཏེ་དགག་སྒྲུབ་རྩོམ་ཡིག་སྤེལ་ན་ཚད་གཞི་མ་ལོངས་པའི་ཁར་ང་ཚོ་ཆོས་ལེན་མཁན་ལ་ཉེས་པ་འབྱུང་བར་གསུངས་ཡོད་པ་ཡིན་ཏེ། རྗེ་བཙུན་བྱམས་པས། མི་རིགས་པ་ཡི་གཟུགས་ལ་མི་རིག་ན། ། ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། ། དེ་བས་བཏང་སྙོམས་བཞག་ལེགས་ཉེས་པ་མེད། ། ཅེས་གསུངས་པ་རེད། ། 
          དགག་སྒྲུབ་རྩོམ་ཡིག་འབྲི་བའི་དགོས་ངེས་ཀྱི་ཆ་རྐྱེན་ཁག་ཅིག་གཤམ་དུ་བརྗོད་རྒྱུ་ཡིན། མཚན་ཉིད་ཡང་དག་པ་འཇོག་པ། བརྗོད་བྱའི་ཕྱོགས་ལ་གོ་རྟོགས་ཚད་ལྡན་ཡོད་པ། བརྡར་ཤ་གཅོད་པ ༼  ཚད་མ་རིག་པའི་ཆུ་ཚད་ཡོད་པ  ༽ ། རིགས་འདེད་གཏོང་བ། དུས་ཚོད་ངེས་ཅན། ཁ་གསལ་གོ་བདེ ༼ ཁས་ལེན་དགོས་མིན། བརྩི་འཇོག་དགོས་མིན། ངོ་རྒོལ་དགོས་མིན་  ༽ ། རབ་རིབ་ཙམ་མ་ཡིན་པ ༼  ཡིན་མིན་ཚིག་ཐག་ཆོད་པ  ༽། དགའ་སྡང་གི་ལྟ་བ་གསལ་བ  ༼  རང་གི་ལྟ་ཕྱོགས་མངོན་གསལ་དོད་པོ་ཡིན་པ  ༽  ། ཡང་དག་པའི་ལྟ་བ་ཞིག་ཡོད་དགོས་པ།  ༼  དཔྱད་འབྲས་གཙོ་བོ་དེ་སྔ་མའི་མཁས་པའི་དཔྱད་དོན་བསྐྱར་བ་མ་ཡིན་པ།   ༽ སྒྲུབ་བྱེད་ཁུང་བཙན་ཞིག་ཡོད་དགོས་པ  ༼   ཚད་མཐོའི་ཡིག་ཆ་དང་མྱོང་གྲུབ  ༽  ། སྒྲུབ་རིམ་ཚགས་དམ་པོ་ཞིག་དགོས་པ  ༼  གོ་རིམ་ལྡོག་པ་དང་ཉོག་བཤད་བྱས་པ  ༽  ། གནད་ལ་ཁེལ་པོ་ཞིག་དགོས་པ། མདོར་བསྡུས་ཀྱི་རང་བཞིན་དང་ལྡན་པ་  ༼  གནད་བསྡུས་དོན་གསལ་བ  ༽  ། གསོན་ཉམས་ཀྱི་རང་བཞིན་དང་ལྡན་པ། གོ་བསྐོན་བློ་འགུག་གི་ནུས་པ་དང་ལྡན་པ་དང་  ༼  ཡིད་དབང་འགུག་པའི་ནུས་པ་དང་ལྡན་པ  ༽  ། དགག་ཡུལ་དང་འགོག་པ་པོའི་དགག་སྒྲུབ་བྱེད་སའི་གཞི་གཅིག་ཡིན་པ། དགག་ཡུལ་གང་ཟག་གི་འདོད་པ་ཆ་ཚང་རྟོགས་དགོས་པ། ཕྱོགས་སྔས་བརྗོད་པའི་སྒྲ་དོན་ནམ་ཐ་སྙད་བཀོལ་སྤྱོད་བྱས་པ་ལ་རྒྱུས་མངའ་ཡོད་པ  ༼  སྒྲ་རིག་པ་བྱང་ཆུབ་པ  ༽ ། ཐ་ཤལ་ཚིག་རྩུབ་ཀྱི་རིགས་བཀོལ་ཏེ་བསྡིགས་པ་མ་ཡིན་པ། སྒྲུབ་ཕྱོགས་ཀྱི་རིགས་པའི་རྒྱབ་སྐྱོར་དུ་མཁོ་བའི་ཡིག་ཆ་མཐའ་དག་ལ་རྒྱུས་མངའ་ཡོད་པ། ཁུངས་བཙན་ཞིག་ཡིན་དགོས་པ།  ༼  ཚན་རིག་དང་མི་ལྡན་པར  ༽  སྔོན་གྱི་བཤད་ཡམ་རྙིང་པ་ཙམ་ལ་ལད་ཟློས་བྱེད་པ་མ་ཡིན་པ། ལྟ་གྲུབ་ཀྱི་ཕྱོགས་ཞེན་གྱིས་རིག་པ་ལ་ནག་གསུབ་བྱེད་པ་མ་ཡིན་པ་བཅས་ལ་ངེས་པར་དོ་སྣང་བྱེད་དགོས་པ་ཡིན། ། 
          རྩོམ་ཡིག་ཅིག་ལ་དཔྱད་རྩོམ་སྤེལ་བའི་ཚེ་ན་རྩོམ་ཡིག་དེའི་ཆ་ཤས་གང་ཞིག་ཟུར་དུ་འདོན་ཏེ་དཔྱད་པ་བྱས་ཀྱང་རུང་བ་ལས་ཕྱོགས་ཐམས་ཅད་ལ་འགྲེལ་བརྗོད་དང་དཔྱད་པ་བྱེད་མི་དགོས་པ་ཡིན། ང་ཚོ་བོད་ཀྱི་གྲགས་ཅན་རྩོམ་པ་པོ་ཁག་ཅིག་གིས་དགག་སྒྲུབ་རྩོམ་ཡིག་བྲི་བའི་ཚེ་ན་འགོག་རྒྱུའི་རྩོམ་ཡིག་དེའི་བརྗོད་བྱ་དང་རྗོད་བྱེད་ཕལ་མོ་ཆེ་ལ་དགག་པ་བརྗོད་པ་མ་ཟད་ཁ་བྱང་དང་བཅས་པ་ལ་དགག་པ་བརྗོད་པའི་རྩོམ་ཡོད། ༼  དགེ་བཤེས་ཤེས་རབ་རྒྱ་མཚོས་ཀླུ་སྒྲུབ་དགོངས་རྒྱན་ལ་དགག་པའི་རྩོམ་ཡིག་ལྟ་བུ  ༽  གོ་རིམ་གྱི་ཆ་ལ་ངེས་པ་མེད་པ་ནི། དགག་སྒྲུབ་ཀྱི་གོ་རིམ་ལ་དང་ཐོག་རང་གི་ལྟ་བ་ལེགས་པར་གཏན་ལ་ཕབ་ནས་དེ་རྗེས་གཞན་གྱི་ལྟ་བ་ལ་སུན་འབྱིན་བྱེད་པའམ། ཡང་ན་དང་ཐོག་ཕ་རོལ་པོའི་ལྟ་བ་བཀག་ནས་དེ་རྗེས་རང་གི་ལྟ་བ་བསྒྲུབས་པའི་གོ་རིམ་གཉིས་ཡོད་ཆོག་པ་ཡིན། བོད་ཀྱི་མཁས་པ་རྣམས་ཀྱིས་ཡིག་ཆ་རྩོམ་སྟངས་ཁག་ཅིག་ལ་དགག་བཞག་སྤོང་གསུམ་ཞེས་པའི་གོ་རིམ་ཞིག་ཡོད་པ་དེ་ནི། ཐོག་མར་ཕ་རོལ་པོའི་ལྟ་ཕྱོགས་བཀག་པའི་རྗེས་སུ་རང་ཉིད་ཀྱི་འདོད་ཚུལ་བཞག། དེ་ནས་རང་གི་འདོད་ཚུལ་དེ་ལ་ཕ་རོལ་པོས་རྩོད་པ་འབྱུང་སྲིད་ན་སྐྱོན་འདི་དང་འདི་ལྟ་བུ་མི་འབྱུང་ངོ་ཞེས་རྩོད་སྤོང་ཞེས་པའི་གོ་རིམ་གསུམ་གྱི་ཐོག་ནས་བཤད་ཡོད་པ་ནི་རྣམ་པར་འཇོག་ཚུལ་ཕུལ་དུ་བྱུང་བ་ཞིག་ཡིན་ཞེས་ཤོད་ཆོགདཔྱད་བརྗོད་རྩོམ་ཡིག་གང་ཞིག་ལ་དགག་སྒྲུབ་ཀྱི་འབྲི་ཐབས་ཀྱི་ལམ་ནས་འགྲོ་དགོས་པ་ཞིག་ཡིན་ཀྱང་ཕལ་ཆེར་ཁྱབ་པ་མེད་ཤས་ཆེ། ། 
          འདིར་དགག་སྒྲུབ་རྩོམ་ཡིག་གི་རིགས་ཁག་ཅིག་འདྲེན་རྒྱུ་ཡིན་པས་འདི་ལ་རིགས་བསྒྲེ་སྟེ་ང་ཚོས་དགག་སྒྲུབ་རྩོམ་ཡིག་གི་མཚན་གཞི་ཕྲ་ཞིབ་ངོས་འཛིན་ཆོག་པ་ཡིན། 
          སྤྱི་ཚོགས་ཀྱི་འཚོ་བ་དང་། ཀུན་སྤྱོད་དང་། ལས་དོན། ཤེས་ཚད། ཉམས་མྱོང་སོགས་ལ་ཞན་ཆ་དང་ལེགས་ཆ་བརྗོད་ནས་རྗེས་ལུས་ཀྱི་རྣམ་པ་ལས་གཡོལ་བར་བྱེད་པའི་བླང་བྱ་བཏོན་ཏེ་བརྩམས་པའི་བསམ་བློའི་དགག་སྒྲུབ་རྩོམ་ཡིག ཚན་རིག་གི་དཔྱད་ཐབས་ཀྱིས་ཉམས་མྱོང་ཕུན་སུམ་ཚོགས་པོའི་ཐོག་ནས་ཤེས་རྟོགས་བྱུང་བའི་གྲུབ་དོན་ཡང་དག་པ་ཚུར་བསྒྲུབས་ནས་སྔ་མའི་ལྟ་བའི་འཛིན་ཕྱོགས་ལ་དགག་རྒྱག་བྱེད་པའི་ཚན་རིག་དགག་སྒྲུབ་རྩོམ་ཡིག མང་གཙོ་ལ་སོགས་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ལ་ལེགས་ཉེས་རྣམ་པར་དཔྱད་ནས་སྤེལ་བའི་རྩོམ་ཡིག་ལ་ཆབ་སྲིད་དགག་སྒྲུབ་རྩོམ་ཡིག།  རིག་པའི་གཞུང་ལུགས་དང་། ལྟ་བ། གྲུབ་མཐའ་སོགས་ལ་རང་གི་སྣང་ཚུལ་དང་སྦྱར་ནས་རྣམ་དག་ཡིན་མིན་བརྗོད་པའི་དགག་སྒྲུབ་རྩོམ་ཡིག།  སྒྱུ་རྩལ་རྩོམ་ཡིག་སོགས་དཔེ་དེབ་གང་ཞིག་དང་། བརྙན་འཕྲིན། ཟློས་གར་སོགས་ལ་སྤྱི་ཚོགས་གང་ཞིག་གི་འཚོ་བའི་ངོ་བོ་དང་སྣང་ཚུལ་ལ་ཡང་དག་ཏུ་འབྲེལ་མ་འབྲེལ་བརྗོད་པའི་རྩོམ་རིག་ལ་དཔྱད་པའི་དགག་སྒྲུབ་རྩོམ་ཡིག།  ལྷ་ལ་སོགས་པའི་གང་ཟག་གཅིག་གི་སྒྱུར་བཀོད་ལ་བརྟེན་ནས་འཇིག་རྟེན་བསྐྲུན་ཡོད་མེད་ལྟ་བའི་འཇིག་རྟེན་གྲུབ་ཚུལ་གང་ཞིག་ཡིན་པ་དཔྱད་བརྗོད་སྤེལ་བའི་དགག་སྒྲུབ་རྩོམ་ཡིག།  སྐྱེ་བོ་གང་ཞིག་བློ་གྲོས་ཀྱི་ནུས་པ་མཐའ་མེད་དུ་འཕེལ་ཏེ་མཐར་ཤེས་བྱ་ཐམས་ཅད་མངོན་པར་བྱང་ཆུབ་པའི་ཡོན་ཏན་ལྡན་རྒྱུ་ཡོད་མེད་ལ་དཔྱད་པའི་དགག་སྒྲུབ་རྩོམ་ཡིག།  སེམས་ཅན་གང་ཞིག་གི་ལུས་སེམས་ལ་འཚེ་བའི་བྱ་བ་མཐའ་དག་ཡང་དག་མ་ཡིན་པར་བསྒྲུབས་པའི་དགག་སྒྲུབ་རྩོམ་ཡིག། 
          ཕ་རོལ་པོའི་ཆོས་ལུགས་ཀྱི་ལྟ་སྤྱོད་སུན་འབྱིན་བྱས་ཏེ་རང་གི་ཆོས་ལུགས་ཀྱི་ལྟ་སྤྱོད་དེ་ཡང་དག་ཡིན་པར་བསྒྲུབས་པའི་ཆོས་ལུགས་དགག་སྒྲུབ་རྩོམ་ཡིག།  ཆོས་ལུགས་སོགས་ལྟ་གྲུབ་གཅིག་ཁོ་ན་ཕུལ་བྱུང་ཡིན་པར་བརྗོད་པའི་ལྟ་བ་ལ་སུན་འབྱིན་བརྗོད་པའི་དགག་སྒྲུབ་རྩོམ་ཡིག་ལྟ་བུ་ཅི་རིགས་འཇོག་ཆོག་པ་ཡིན། ། 
          དཔྱད་རྩོམ་ལ་གོང་དུ་བཤད་པའི་དབྱེ་ཞིབ་ཀྱི་གོ་དོན་ནི། རྩོམ་གྱི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་ཁྱད་པར་སོགས་གང་ཅིའི་ཐད་ནས་དབྱེ་གསལ་བྱས་པའི་བརྒྱུད་རིམ་ལ་བརྗོད་པ་དང་། གདེང་འཇོག་ཅེས་པ་ནི་དེའི་འབྲས་བུ་ཕུན་སུམ་ཚོགས་པ་ལ་བརྗོད་ཆོག་པར་སྙམ། དབྱེ་ཞིབ་དང་གདེང་འཇོག་བར་གྱི་འབྲེལ་བ་དེ་དོན་དམ་དུ་རྒྱུ་དང་འབྲས་བུའི་བར་གྱི་འབྲེལ་བ་ཞིག་ཡིན། གདེང་འཇོག་ཅེས་པའི་ཚིག་ནི་ཐད་ཀར་གོ་བ་ལེན་ཚེ་མཐོང་ཆེན་དུ་བྱེད་པ་ལ་གོ་དགོས་པ་སྨོས་མེད་ཐོགང་ཚོས་བརྩམས་ཆོས་གང་ཞིག་ལ་དཔྱད་པ་བཏང་སྟེ་དབྱེ་ཞིབ་ཡང་དག་ཅིག་བྱས་མཐར་བརྩམས་ཆོས་དེར་དཔྱད་འབྲས་སུ་གདེང་འཇོག་ཐོབ་ཐུབ་པ་ཞིག་དགོས་པ་ཡིན། ། 
          མཐའ་དོན་ནི། རྩོམ་ཡིག་དེར་གདེང་འཇོག་ཐོབ་པའི་དོན་ནི་གཟུ་བོར་གནས་པའི་དཔྱོད་ལྡན་དག་མགུ་བ་སྐྱེད་པའི་ལེགས་བཤད་ཅིག་ཏུ་འགྱུར་དགོས་ལ། ཕྱོེགས་རེ་བའི་གང་ཟག་འགའ་ཞིག་དགའ་སྡང་སྐྱེད་བྱེད་དུ་གྱུར་པ་ནི་རྩོམ་རིག་ལ་རིན་ཐང་ཡོད་པ་མིན་པས་ཚུལ་འདི་ནི་ལས་སླ་པོ་ཞིག་མིན་ལ། རྩོམ་རིག་དཔྱད་ཞིབ་བྱེད་པའམ། ཚད་ལྡན་གྱི་མཐའ་དཔྱོད་པའི་བྱ་བ་ནི་ཐུན་མོང་གི་སྤྱོད་ཡུལ་དུ་དེ་བས་ཀྱང་མ་གྱུར་ཏོ། ། དེའི་ཕྱིར་ང་ཚོས་དཔྱད་རྩོམ་གྱི་མིང་བཏགས་ཏེ་ལེ་ཚན་རིང་ཐུང་ཇི་ལྟར་བྲིས་ཀྱང་རང་ཕྱོགས་དང་ལྡོག་ཕྱོགས་ཀྱི་བསམ་ཚུལ་གཉིས་ཀར་རྒྱུས་ལོན་དང་དབྱེ་ཞིབ་གསལ་ཁ་སོགས་ཚད་དང་ལྡན་པ་ཡོང་བའི་ཐབས་ལ་འབད་བརྩོན་བྱས་ཏེ་དཔྱད་རྩོམ་དེ་ཉིད་ལེགས་བཤད་རིན་ཐང་ཅན་དུ་འགྱུར་བ་དང་། བློ་གཟུ་བོར་གནས་པའི་ཤེས་ལྡན་དག་ལ་རྩོམ་ཡིག་གི་ལེགས་སྐྱེས་རྨད་དུ་བྱུང་བ་འབུལ་ཐུབ་པ་དང་། དེ་ལ་བརྟེན་ནས་ཡང་དག་པའི་ཤེས་རིག་གི་ལམ་ནས་མིའི་རིགས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ལག་རྗེས་འཇོག་པ་ནི་ང་ཚོས་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་ཡིན་པ་བཅས་ང་ཚོས་བརྒྱུད་རིམ་འདི་དག་ཤེས་པ་གལ་ཆེ་བ་ཡིན་ནོ་ཞེས་མཇུག་བསྡུ་བའི་ཚིག་གོ།