ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་ཀྱི་དཀར་ཆག་རིག་པའི་ཁྲོད་གསར་དུ་རྙེད་པའི《ཚལ་པའི་བསྟན་འགྱུར་དཀར་ཆག》སྐོར་གླེང་བ།

སྤེལ་དུས 2018-11-05 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། སྐ་བ་ཤེས་རབ་བཟང་པོ།
            སྤྱིར་ན་དཀར་ཆག་ཅེས་པ་ནི་གསུང་རབ་དང་དཔེ་དེབ་ཡིག་ཆ་སོགས་སྡེ་ཚན་དང་རྣམ་གྲངས་མ་འདྲེས་པར་འཚོལ་བདེ་བའི་ཐོ་ཡིག་བཀོད་པ་ཞིག་ལ་ཟེར་ཞིང་། བོད་དུ་གྲགས་པའི་དཀར་ཆག་དག་ནི་ཆིངས་རིམ་པ་བདུན་གྱི་བདག་ཉིད་ཅིག་ཡིན་པར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་བཞེད①      
            དེའི་དབང་གིས་དཀར་ཆག་ནི་དཔེ་དེབ་ཀྱི་སྤྱི་དོན་ཁོག་སྦུག་གསལ་བྱེད་དང་དཔྱད་ཞིབ་ལྟ་བསྡུར་གྱི་འཇུག་སྒོ་ཞིག་ཏུ་ཆགས་ཡོད།   
            དེ་ཡང་ཚལ་པའི་བཀའ་འགྱུར་དཀར་ཆག་ནི།   
            སྤྱི་ལོ1334ལོར།་ཚལ་པ་དཔོན་ཀུན་དགའ་རྡོ་རྗེས་བུ་སྟོན་རིན་པོ་ཆེ་གདན་དྲངས་ནས་བསྡུ་སྒྲིག་མཛད་པ་ཡོངས་གྲགས་ཡིན་རྐྱེན་ཚང་མས་ཐུགས་སྣང་ཡོད་ངེས།②འོན་ཀྱང་ཚལ་པའི་བསྟན་འགྱུར་དཀར་ཆག་ནི། གང་གི་དུས་སུ་མཛད་པ་དང་བརྗོད་བྱ་ཅི་འདྲ་སོགས་ཉེ་རབས་ལོ་རྒྱུས་ཐོག་ཏུ་འཁོད་པ་མེད་ལ། བཀའ་བསྟན་དཀར་ཆག་ལ་ཐུགས་ཞིབ་ཤིན་ཏུ་ཟབ་པའི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་དང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་ཀྱང་དེ་སྐོར་མིང་ཙམ་ཡང་གླེང་མེད་པ་དང་། ཐ་ན་ཚལ་པའི་བསྟན་འགྱུར་དཀར་ཆག་མཛད་རྗེས་ཀྱི་ལོ་བཅུ་སྐོར་དུ་བྱུང་བའི་ཞ་ལུའི་བསྟན་འགྱུར་དཀར་ཆག་ནང་དུའང་དེ་སྐོར་འཁོད་མེད།   
            ཁོ་བོའི་བསམ་པར་དེ་ལྟར་ལྐོག་ཏུ་གྱུར་པའི་རྒྱུ་མཚན་ཡང་ཚལ་གུང་ཐང་གི་གདན་རབས་མཛད་རྣམ་འཁོད་པའི་ཚལ་པ་ཀུན་དགའ་རྡོ་རྗེའམ་སི་ཏུ་དགེ་བའི་བློ་གྲོས་སོགས་ཀྱིས་མཛད་པའི་སྔར་གྱི་ཆོས་འབྱུང་ལོ་རྒྱུས་སོགས་ཀྱི་དཔེ་རྒྱུན་སྟོང་ཞིང་། ལོ་རྒྱུས་འཁྲུག་ལོང་གི་འཕོ་འགྱུར་ནང་ཚལ་པའི་བསྟན་འགྱུར་འདི་ཉིད་གཞན་དབང་གིས་འཐོར་བཤིག་ཕྱིན་སྲིད་ལ། ལྷག་པར་རབ་བྱུང་དགུ་པའི་མེ་ཡོས་སྤྱི་ལོ1507ལོའི་མེ་སྐྱོན་ཚབས་ཆེན་དེའི་ནང་ཐལ་རྡུལ་དུ་བརླག་ཀྱང་སྲིད་པས་ཕྱིས་སུ་དེ་དོན་དངོས་དཔང་དང་བཅས་སྟོན་རྒྱུ་མེད་པ་ཡང་དཔག་ཐུབ་པ་ཡིན། རྒྱུ་མཚན་གཞན་ཞིག་ནི་ཕྱིས་ཀྱི་ཚལ་པའི་ཆོས་འབྱུང་དེབ་ཐེར་ཁུངས་ཐུབ་ཤོས་དང་རྒྱས་ཤོས་སུ་བརྩི་བའི་ཇོག་རི་ངག་དབང་བསྟན་འཛིན་གྱིས་སྤྱི་ལོ1782ལོར་མཛད་པའི《ཚལ་གུང་ཐང་གི་དཀར་ཆག་འགྲོ་མགོན་ཞལ་ལུང》ནང་དྲུང་ཆེན་སྨོན་ལམ་རྡོ་རྗེའི་མཛད་རྗེས་གླེང་སྐབས“གསུང་རྟེན་བཀའ་འགྱུར་རིན་པོ་ཆེ་པོད་ཕྱེད་སུམ་བརྒྱ་བཞེངས་ནས་དབུས་གླིང་དུ་བཞུགས”③ཞེས་འཁོད་པའི་ཚིག་དུམ་འདིར་དབྱེ་ཞིབ་ཅུང་ཙམ་བྱས་ན།  ལོ་རྒྱུས་ཡོངས་གྲགས་ཐོག་ཚལ་པའི་བཀའ་འགྱུར་ནི་ཚལ་པ་ཀུན་དགའ་རྡོ་རྗེའི་སྐབས་བཞེངས་པར་གསུངས་པས་གལ་ཏེ་ཡབ་སྨོན་ལམ་རྡོ་རྗེའི་སྐབས་ནས་བཀའ་འགྱུར་མ་ཕྱི་ཞིག་ཡོད་བཞིན་ལོ་བཅུའི་རྗེས་སླར་བུ་སྟོན་རིན་པོ་ཆེ་གདན་ཞུས་ཀྱིས་བཀའ་འགྱུར་བསྡུ་སྒྲིག་བྱེད་པ་དེ་མི་སྲིད་པ་མ་ཡིན་ཀྱང་ཅུང་ཟད་ཁས་ཆེས་དཀའ་བ་ཡོད། གཞན་ཡང་བཀའ་འགྱུར་དང་བསྟན་འགྱུར་བྱ་བའི་ཤིན་ཏུ་འཁྲུལ་སོ་ཆེ་བའི་ཡི་གེ་འདི་གཉིས་དཔར་རྩ་དཀྲུག་མཁན་གྱིས་ཧོད་རྒྱུག་ཏུ་ཤོར་པའམ་ཡང་ན་ལོ་ངོ་ཉིས་བརྒྱ་ལྷག་གོང་གི་གནས་ཚུལ་ཞིག་རྩོམ་པ་པོའམ་ཡིག་མཁན་གང་རུང་གིས་ཐོག་མར་མ་ཕྱིའི་སྐབས་ནས་འཁྲུལ་ལམ་སྙམ་པའང་ཡོད། གང་ལྟར་ཕྱིས་ཀྱི་བཀའ་བསྟན་ཞིབ་དཔྱད་པ་དག་གིས་འདི་ཉིད་རྩ་བར་བཟུང་ནས་དོ་སྣང་མ་བྱུང་བ་ལྟ་བུར་འདུག དོན་དུ་དཔོན་སྨོན་ལམ་རྡོ་རྗེའི་སྐུ་དུས་སུ་བཞེངས་པའི་ཚལ་པའི་བསྟན་འགྱུར་འདི་ལ་ཚལ་དབུས་གླིང་གི་བསྟན་འགྱུར་ཟེར་བ་བསྟན་འགྱུར་འདི་ཉིད་ཀྱི་དཀར་ཆག་གི་དབུ་ཤོག་ལས་གསལ། ཚལ་པའི་བསྟན་འགྱུར་འདི་ཉིད་ལ་པོད་གྲངས་ཀྱང་ཕྱེད་སུམ་བརྒྱ་སྟེ་གླེགས་བམ་ཉིས་བརྒྱ་བཞི་བཅུ་ལྷག་ཡོད། 《ཚལ་གུང་ཐང་གི་དཀར་ཆག་འགྲོ་མགོན་ཞལ་ལུང》ནང་གི་གསུང་རྟེན་བཀའ་འགྱུར་རིན་པོ་ཆེ་ཞེས་པའི་ཚིག་དེ་དོན་དམ་ཐོག“གསུང་རྟེན་བསྟན་འགྱུར་རིན་པོ་ཆེ་པོད་ཕྱེད་སུམ་བརྒྱ་བཞེངས་ནས་དབུས་གླིང་དུ་བཞུགས”ཞེས་པ་དེ་ཡིན་པའི་ངེས་ཤེས་ཪྙེད་ཐུབ་པར་ལུང་རིགས་དངོས་དཔང་གང་ཐད་ཀྱི་རྒྱབ་རྟེན་ཡོད་དོ། །   
            ད་ལྟ་ཁོ་བོས་མཇལ་བའི་ཚལ་པའི་བསྟན་འགྱུར་དཀར་ཆག་འདིའི་མ་ཕྱི་ནི་སྐབས་དེ་རང་གི་ཕྱི་མོ་དེའམ་ཡང་ན་དེ་ལས་དཔེ་བཤུས་མཛད་པའི་མ་ཕྱི་ཉག་གཅིག་པོ་དེ་ཡིན་ཚོད་འདུག་ཅིང་། ཏཱ་ལའི་སྐུ་ཕྲེང་ལྔ་པའི་དུས་ཉར་ཚགས་མཛད་གནང་བའི་གཟིགས་དཔེ་དམ་སྦྱར་མའི་ཁོངས་ཡིན་པས་ཡིད་ཆེས་འཕེར་བའི་གནས་ལགས་སོ།
            ཕྱག་དཔེ་འདི་ཉིད་ཀྱི་ལྡེབ་ཚད་ལ་མཐའ་རྒྱ32.5X8.5cmདང་ནང་རྒྱ28X 7cmཡོད་ཅིང་། ལྡེབ100ཐམ་པ་ལ་ཡིག་ཕྲེང་བདུན་གྱི་བདག་ཉིད་ཅན་གྱི་དཔེ་ཐུང་ཚད་ལྡན་ཞིག་ཡིན། ཤོག་བུ་བོད་ཤོག་དབུར་མ་ཤིན་ཏུ་སྤུས་ལེགས་ཐོག་ཡིག་གཟུགས་ནི་ས་སྐྱའི་དུས་སྐབས་ཀྱི་ཁྱད་ཆོས་དམིགས་གསལ་ལྡན་པ་དབུ་ཅན་དབུ་མེད་ལ་འགྱུར་ཁ་མ་དཔེ་གཟུགས་རྐང་ཐུང་མ་དེ་འདྲ་ཡིན་ཞིང་། དེའི་སྐབས་སུ་དར་ཁྱབ་ཆེ་བའི་སྐུང་ཡིག་དེ་འདྲ་ཤིན་ཏུ་ཉུང་བ་དེ་ནས་ཀྱང་གཟབ་ནན་དང་གཙིགས་མཐོང་བྱས་པ་མཚོན། ལེའུའི་མཚམས་དང་བར་གྱི་སྐབས་སུ་ཤད་དང་པ་ཊའི་རིས་ཀྱིས་མཛེས་པར་བྱས་ཤིང་། གླེགས་བམ་པོད་བྱང་གི་ཀ་རྟགས་དག་མཚལ་བྲིས་དང་ཁོང་དཀར་གྱི་དབུ་ཅན་ཡི་གེ   ཞལ་བྱང་པད་འདབ་མས་བརྩེགས་ཀྱི་རི་མོས་བརྒྱན་པར་བྱས་ཡོད་པས་དོན་གྱི་ཆ་ཙམ་མ་ཟད་རྣམ་པའི་ཆ་ནས་ཀྱང་དཀར་ཆག་ཞེས་མེ་ལོང་གི་མཚན་ཉིད་འདི་གསལ་རྗེན་ལ་སྟོན་ནུས་ཐོག་སྐྱེས་བུའི་དྭང་བ་འདྲེན་ནུས་པ་ཞིག་ཡོད། གཞན་ཡང་སྐབས་དང་ལེའུ་སོ་སོའི་མཚམས་སུ་ཆོས་ཚན་ཇི་ཡོད་ཀྱི་མཆན་འཁོད་ཡོད་ལ། དྲན་དབང་གང་རུང་ཞིག་གིས《རྩེད་ཐང་བསྟན་འགྱུར》བཞེངས་རྗེས་དཔེ་བསྡུར་གྱིས་དཔྱད་ཞིབ་མཛད་པའི་མཆན་བཀོད་གནང་འདུག་པ་འདི་ནི་བློ་ཡུལ་ལས་འདས་པའི་ལེགས་སྐྱེས་ཞིག་ཡིན། གཞན་ཡང་མཇུག་བྱང་ལ་ཞུས་དག་ཤིན་ཏུ་དག་པར་བགྱིས་ཞེས་བཀོད་པས་དེ་བས་ཡིད་རྟོན་བྱ་ཡུལ་དུ་གྱུར།   
            《ཚལ་པའི་བསྟན་འགྱུར་དཀར་ཆག》འདི་ཡི་མཚན་བྱང་དངོས་ལ《བསྟན་འགྱུར་གྱི་དཀར་ཆག་སྣ་ཚོགས་ནོར་བུའི་ཕུང་བོ》ཞེས་ཞུ་ཞིང་། འདི་ནི་ཚལ་པའི་ཁྲི་རབས་དགུ་པ་དྲུང་ཆེན་སྨོན་ལམ་རྡོ་རྗེས་རབ་བྱུང་དྲུག་པའི་ཆུ་ཡོས་སྤྱི་ལོ1303ནས་ཆུ་ཕག་སྤྱི་ལོ1323ལོ་བར་སྲིད་དབང་ལོ་ཉི་ཤུ་བཟང་རིང④སྦྱིན་བདག་མཛད་ནས་བསྟན་འགྱུར་བཞེངས་པ་དེ་ལ་དཀར་ཆག་མཛད་པ་ཞིག་ཡིན་འདུག   
            ཚལ་པའི་བསྟན་འགྱུར་འདི་བཅོམ་ལྡན་རིག་རལ་སོགས་ཀྱིས《སྣར་ཐང་བསྟན་འགྱུར》སྒྲིག་པའི་སྤྱི་ལོ1312ལོའི་མཇུག་གི་ལོ་ལྔ་པ་སྟེ1317ལོར་དབུ་བཙུགས་ནས་བསྡུ་སྒྲིག་མཛད་པ་དཀར་ཆག་དེ་རང་གི་མཇུག་བྱང་ལ་མེ་མོ་སྦྲུལ་གྱི་ལོ་དབྱར་ཟླ་ར་བ་ནས་བརྩམས་ཏེ་ཞེས་པ་ལས་ཀྱང་ཤེས་ཐུབ། བསྟན་འགྱུར་འདི་ཉིད་གྲུབ་པའི་དུས་ཀྱང་ཆུ་མོ་ཕག་གི་ལོ་དབྱར་ཟླ་ར་བའི་དཀར་པའི་ཚེས་བརྒྱད་ལ་གྲུབ་པར་བྱས་ཏེ། རབ་ཏུ་གནས་པ་ཕུན་སུམ་ཚོགས་པ་དགའ་སྟོན་རྒྱ་ཆེན་པོ་དང་བཅས་ཞེས་འཁོད་པ་བཞིན་གོང་གི་དབུ་བརྩམས་པའི་སྤྱི་ལོ1317ལོ་ནས་ལོ་བདུན་སོང་རྗེས་ཀྱི་སྤྱི་ལོ1323ལོ་ཡིན། ལོ་འདི་ནི་ཚལ་པའི་ལོ་རྒྱུས་ཐོག་གལ་ཆེའི་རང་བཞིན་ལྡན་པའི་ལོ་ཞིག་ཡིན་ཏེ། ལོ་འདིར་ཡབ་དྲུང་ཆེན་སྨོན་ལམ་རྡོ་རྗེ་ཁྲི་བཤོལ་གྱིས་ཚལ་པའི་ཁྲི་དཔོན་སྲས་ཀུན་དགའ་རྡོ་རྗེར་བསྐོ་བའི་ལོ་དེ་ཡིན།⑤ དོན་དུ་ཚལ་པའི་དཔོན་ཆེན་སྨོན་ལམ་རྡོ་རྗེས་བསྟན་འགྱུར་བཞེངས་རྒྱུ་དེ་ནི་རང་ཉིད་ཆོས་ཕྱོགས་ཕྱག་ལེན་མཛད་རྗེས་གནད་ཆེ་ཤོས་ཤིག་ལ་བརྩིས་གནང་གིས་རང་ཉིད་ཁྲིར་བཞུགས་རིང་ཐུགས་འགན་ཆེ་བཞེས་ཀྱིས་གྲུབ་པ་མ་ཟད། དེ་ཉིད་མཇུག་ལེགས་པར་གྲུབ་རྗེས་བག་ཕེབས་ངང་ཆབ་སྲིད་ཀྱང་སྲས་ལ་གནང་བ་ནི་དཀར་ཆག་འདི་ཉིད་གྲུབ་དུས་ཀྱི་ལོ་ཚིགས་དག་ལས་ཀྱང་གསལ་པོར་མཐོང་ཐུབ་བོ། །   
            སྒྲིག་པ་པོའི་ཐད་དཀར་ཆག་འདི་ཉིད་ནང་དུ་འཁོད་པར“སངས་རྒྱས་ཀྱི་བསྟན་པ་ལ་མི་ཕྱེད་པའི་རང་གཟུགས་ཕྱག་ལེན་དུ་བཏབ་པ་འདི་ནི་བདེ་བར་གཤེགས་པའི་གསུང་རབ་མདོ་སྔགས་ཀྱི་ཚིག་དང་དོན་དུ་བཅས་པ་ཐུགས་སུ་ཆུད་པས་གཞན་གྱི་དོན་ལ་ཐུགས་རྩེ་གཅིག་ཏུ་གཞོལ་བ་ཐམས་ཅད་མཁྱེན་པར་གྲགས་པ་བླ་མ་ཀུན་དགའ་དོན་གྲུབ་ཀྱིས་ཡང་དག་པར་བསྐུལ་ཞིང་། དེའི་གསུང་བཞིན། དེ་དག་གི་གོ་རིམ་དང་སྡེ་ཚན་སོ་སོའི་རྣམ་པར་དབྱེ་བ་ནི་སྔོན་གྱི་དཀར་ཆག་གཞིར་བྱས་ཏེ། དགེ་བའི་བཤེས་གཉེན་དགེ་འདུན་རིན་ཆེན་གྱིས་དད་པ་དང་བརྩོན་འགྲུས་ཆེན་པོས་དབུས་གཙང་གི་མཁས་པ་རྣམས་བཏུས་ཤིང་བྲིས”ཞེས་གསལ་བ་ལྟར་བླ་མ་ཀུན་དགའ་དོན་གྲུབ་ནས་ཞལ་ཏ་མཛད་པ་ལྟར་དགེ་བའི་བཤེས་གཉེན་དགེ་འདུན་རིན་ཆེན་ནས་མཁས་པ་མང་དུ་བསགས་ནས་མཛད་པ་ཡིན་ཚུལ་གསལ་ཡང་། ཞལ་ཏ་མཁན་དང་བསྡུ་སྒྲིག་མཛད་པ་པོ་གཉིས་ཡང་སྙིང་སུ་ཡིན་སྐོར་ལ་ཚལ་པ་ཀུན་རྡོར་གྱིས་མཛད་པའི་ཡབ་སྨོན་ལམ་རྡོ་རྗེའི་རྣམ་ཐར་ནང་འཁོད་ན་མ་གཏོགས་ཇོག་རིའི་ཚལ་གུང་ཐང་གི་དཀར་ཆག་དང་། དེབ་དམར་སོགས་གང་གི་ནང་དུའང་འཁོད་མེད་པས་དུས་སྐབས་དེ་མཚུངས་ཀྱི་མཚན་གཅིག་པའི་རྣམ་ཐར་དམ་དུམ་འདྲ་འདི་གཉིས་ཀྱི་ཡིན་པའི་ཁ་ཚོན་གཅོད་དཀའ་བ་རེད། ཡིན་ན་ཡང་ཀརྨ་སྐུ་ཕྲེང་གསུམ་པར་བགྲང་བའི་རྗེ་རང་བྱུང་རྡོ་རྗེའི་རྣམ་ཐར་འཁོད་པའི་ཡིག་ཆ་མང་པོའི་ནང“རྗེ་རང་བྱུང་རྡོ་རྗེ་དགུང་ལོ་བཅོ་བརྒྱད་བཞེས་པ་མངལ་ཟླ་བཤོལ་ཟླ་རྩིས་པའི་དགུང་ལོ་ཉི་ཤུ་ལ་རབ་བྱུང་ལྔ་པའི་ལྕགས་གླང་སྤྱི་ལོ1301ལོར་མཁན་པོ་བྱང་ཆུབ་སེམས་དཔའ་གཞོན་ནུ་བྱང་ཆུབ་པ་དང་ལས་ཀྱི་སློབ་དཔོན་དགེ་འདུན་རིན་ཆེན་གྱི་སྤྱན་སྔར་བསྙེན་པར་རྫོགས་ནས་འདུལ་བའི་སྐོར་གསན”ཞེས་དང་།⑥དཔའ་བོ་གཙུག་ལག་ཕྲེང་བས་མཁས་པ་དགེ་འདུན་རིན་ཆེན་ཞེས་ཆེ་བསྟོད་བྱེད་ལུགས་དང་ཀརྨ་པའི་ལས་ཀྱི་སློབ་དཔོན་གནང་ཚུལ། འདུལ་བའི་བཀའ་དང་བསྟན་བཅོས་ཀྱི་གདམས་པ་གནང་ཚུལ་བཅས་ལ་བལྟས་ན་བཀའ་བརྒྱུད་པའི་མཁས་ཤིང་གྲུབ་པའི་བླ་མ་ཆེན་པོ་ཞིག་ཡིན་རྒྱུར་གདོན་མི་ཟ།  ལྷག་པར་དུ་ལོ་དུས་ཀྱི་ཆ་ནས་ཀྱང་དཔོན་སྨོན་ལམ་རྡོ་རྗེ་འཁྲུངས་པའི་རབ་བྱུང་ལྔ་པའི་ཤིང་སྤྲེལ་སྤྱི་ལོ1284ལོ་འདི་ནི་རྗེ་རང་བྱུང་རྡོ་རྗེ་འཁྲུངས་པའི་ལོ་ཡིན་རྐྱེན། སློབ་དཔོན་དགེ་འདུན་རིན་ཆེན་གྱིས་ཀརྨ་གསུམ་པའི་ལས་སློབ་གནང་བའི་ལོ་བཅུ་དྲུག་རྗེས་སུ་ཚལ་བའི་བསྟན་འགྱུར་བསྡུ་སྒྲིག་གནང་འགོ་ཚུགས་པ་ལོ་དུས་ཀྱང་གུང་སྒྲིག་ཐུབ།   
            འོ་ན་ཞལ་ཏ་མཁན་བླ་མ་ཀུན་དགའ་དོན་གྲུབ་བྱ་བ་འདི་སུ་ཡིན་སྙམ་ན། སྙེ་མདོ་བའི་ཁྱིམ་བརྒྱུད་དུ་འཁྲུངས་པའི་སྙེ་མདོ་པ་ཀུན་དགའ་དོན་གྲུབ་ཡིན་ལ། མཁས་དབང་འདི་ཉིད་ཀྱི་འཁྲུངས་འདས་ཐད་བསྟན་རྩིས་དང་ཆོས་འབྱུང་ལོ་རྒྱུས་གཞན་ཁག་ནང་བཞེད་ཚུལ་མི་མཐུན་ཞིང་། ཆག་ལོའི《དུས་འཁོར་ཆོས་འབྱུང》གི་ཁུངས་བཙུན་པར་མཐོང་བས་དེ་ལྟར་ན་དམ་པ་འདི་ནི་རབ་བྱུང་ལྔ་པའི་ས་ཕོ་འབྲུག་སྤྱི་ལོ1268ལོར་འཁྲུངས་ནས་རབ་བྱུང་དྲུག་པའི་ས་ཕོ་འབྲུག་སྤྱི་ལོ1328ལོར་སྐུ་གཤེགས་ཤིང་། མར་ཤངས་བཀའ་བརྒྱུད་དང་། རྙིང་མ།  བཀའ་གདམས། ས་སྐྱ། ཞི་བྱེད། སྦྱོར་དྲུག བསྙེན་སྒྲུབ་སོགས་བོད་དུ་གྲགས་པའི་རིས་མེད་སྒྲུབ་བརྒྱུད་ཀུན་ལ་རྡོ་རུས་འཕྲོད་པར་སྒྲུབ་པ་སྙིང་པོར་མཛད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་ཞིག་ཡིན⑦ གཞན་ཡང་དམ་པ་འདི་ཉིད་ནི་གྲུབ་ཐོབ་ཨོ་རྒྱན་པའི་ཐུགས་སྲས་སུ་གྱུར་པ་མ་ཟད།⑧ རྗེ་རང་བྱུང་རྡོ་རྗེར་གྲུབ་ཆེན་ཨོ་རྒྱན་པའི་ཐུགས་བཞེས་བཞིན་དུས་འཁོར་སོགས་གྲུབ་ཆེན་རིན་པོ་ཆེའི་ཆོས་མཐའ་དག་ཕུལ་མཁན་གྱི་བླ་མ་དང་།⑨མཁས་གྲུབ་དར་རྒྱལ་བ་དང་གསང་ཕུ་བ་ཡོན་ཏན་དཔལ། སི་ཏུ་རིན་ཆེན་དཔལ། དུ་དབེན་ཤ་སོགས་མཁས་བཙུན་གྱི་དགེ་བའི་བཤེས་གཉེན་དང་དཔོན་ཆེ་རྒུ་མང་པོས་ཞབས་ལ་གཏུགས་པ་ལས་ཀྱང⑩མཁྱེན་བརྩེ་ནུས་གསུམ་འགྲན་ཟླ་བྲལ་བའི་བླ་མ་ཞིག་ཡིན་པ་རྟོགས་ཐུབ་པས། དེ་འདྲའི་སྐྱེས་བུ་ཆེན་པོ་ཞིག་གིས་ཞལ་ཏ་མཛད་པ་འོས་ཤིང་། དུས་ཀྱི་ཆ་ནས་ཀྱང་ཚལ་པའི་བསྟན་འགྱུར་བསྡུ་སྒྲིག་མཛད་པའི་སྤྱི་ལོ1317ནས1323བར་གྱི་ལོ་དེ་དམ་པ་འདི་དགུང་ལོ49ནས55བར་བཞེས་པའི་ལོ་ཡིན་པ་བཅས་ལོ་དུས་ཀྱང་སྟབས་འགྲིག་ཐུབ་པ་ཡིན། གཞན་ཡང་ཚལ་ཡང་དགོན་པ་བླ་མར་བསྟན་ཚུལ་དང་ཚལ་པ་དཔོན་དྲུང་ཆེན་སྨོན་ལམ་རྡོ་རྗེ་ཡབ་སྲས་སྐུ་རིང་ལ་གྲུབ་ཐོབ་ཨོ་རྒྱན་པ་དང་རྗེ་རང་བྱུང་རྡོ་རྗེ་རྣམ་གཉིས་སྔ་ཕྱིར་ཞབས་བཅག་འགྲོ་དོན་སྤེལ་ཚུལ་སོགས་གང་ལ་བརྟག་ཀྱང་དེའི་འཁོར་རམ་གྲོགས་འདྲིས་ཡོད་པ་ཞིག་བྱ་བའི་སྣེ་མོ་འཛིན་པར་གདན་དྲངས་པ་རང་རེའི་མི་གཤིས་ཆ་ནས་ཀྱང་དཔོག་ཐུབ་པ་ཡིན།   
            བསྟན་འགྱུར་འདི་ཉིད་ཀྱི་མ་ཕྱི་གཙོ་བོ་ནི་དབུས་ན་བཞུགས་པའི་ཕྱག་དཔེ་ཁག་དང་སྣར་ཐང་བསྟན་འགྱུར་ལ་མཛད་འདུག་པ་ཡང་། “འདི་དག་གི་མ་དཔེ་དབུས་ཀྱི་ས་ཆ་རྣམས་ན་བཞུགས་པ་རྣམས་དང་ཅུང་ཟད་མ་ཚང་བ་ཀུན་སྣར་ཐང་མ་དཔེ་ལ་བྲིས་ནས”ཞེས་འཁོད་པ་བཞིན་སྣར་ཐང་བསྟན་འགྱུར་ན་མ་བཞུགས་པ་དབུས་ཁུལ་ནས་ཪྙེད་པའི་ཆོས་ཚན་གྱིས་བསྐངས་ནས་བསྡུ་སྒྲིག་མཛད་པ་ཡིན་པ་མཚོན་ཐུབ།   
            ཚལ་པའི་བསྟན་འགྱུར་འདི་ཉིད་གོ་རིམ་ས་བཅད་སྒྲིག་ཚུལ་ཐད་ཐོག་མར་སྟོན་པའི་མཆོད་བརྗོད་ཤོ་ལོ་ཀ་གཅིག་དང་རྩོམ་པར་དམ་བཅའ་བ་ཤོ་ལོ་ཀ་གཅིག དེ་ནས་བཅད་ལྷུག་སྤེལ་མའི་ཐོག་ནས་གླེང་འཕྲོས་ལྟ་བུར་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་བཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཚུལ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དག་སེམས་དཔའ་ཆེན་པོ་རྣམས་ཀྱི་བཀའ་བསྡུ་ལན་གསུམ་དུ་མཛད་པ་དང་། སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་དགོངས་འགྲེལ་བསྟན་བཅོས་གཙུག་ལག་གི་དོན་གསལ་བར་བྱེད་པ་དུ་མ་མཛད་ནས་རྒྱ་གར། ཁ་ཆེ།  རང་རྒྱལ་ནང་ས་སོགས་ལ་ཇི་སྙེད་བཞུགས་པ་དག་བོད་དུ་རྒྱལ་བློན་ལོ་པཎ་དག་གིས་དཀའ་བ་དུ་མས་བསྒྱུར་བ་རྣམས་དུས་དག་ཆབ་སྲིད་དབང་གིས་ཁ་ཐོར་དུ་གནས་པ་འདིར་ཕྱོགས་གཅིག་ཏུ་སྒྲིག་ཚུལ་སོགས་དང་། དེ་ལྟར་ཕྱག་ཏུ་སོན་པའི་བསྟན་བཅོས་རྣམས་རྒྱུ་མཚན་ཇི་འདྲའི་དབང་གིས་གོ་རིམ་སྒྲིག་ཚུལ་བཅས་པ་འཁོད།   
            དངོས་གཞི་གོ་རིམ་གྱི་སྒྲིག་ཚུལ་ནི། ཐོག་མར་མཆོད་པར་བརྗོད་པའི་ཚུལ་གྱིས་དཀོན་མཆོག་གསུམ་གྱི་བསྟོད་ཚོགས་སྔོན་དུ་བཞུགས་ཤིང་། དེ་ནས་རྩ་བའི་ས་བཅད་གཉིས་ཕྱེ་བ་སྟེ། ནང་རིག་པ་སྟོན་པའི་བསྟན་བཅོས་དང་ཕྱི་རིག་པ་བསྟན་་པའི་བསྟན་བཅོས་སོ། །   
            དང་པོ། ནང་རིག་པ་སྟོན་པའི་བསྟན་བཅོས་དེ་ལའང་སྔགས་རྡོ་རྗེ་ཐེག་པ་དང་མཚན་ཉིད་ཐེག་པ་ཞེས་གཉིས་ལ་ཕྱེ་ཡོད།   
            1.སྔགས་རྡོ་རྗེ་ཐེག་པ་འདི་རྣལ་འབྱོར་བླ་མེད་དང་། རྣལ་འབྱོར་རྒྱུད། སྤྱོད་རྒྱུད།  བྱ་རྒྱུད་བཅས་རིམ་པའི་ཐོག་གསང་སྔགས་རྙིང་མའི་སྐོར་སོ་སོར་ཕྱེ་ཞིང་དེ་དག་སོ་སོར་ཡང་རྩ་བའི་རྒྱུད་དང་བཤད་པའི་རྒྱུད། རྒྱུད་ཕྱི་མ་དང་བཅས་པའི་འགྲེལ་བ། དཀྱིལ་ཆོག་གི་བསྟོད་པ། སྒྲུབ་ཐབས། ལས་ཚོགས་དང་བཅས་ཡོད།   
            2.མཚན་ཉིད་ཐེག་པ་འདི་ལ་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་གཉིས་དང་། ཐེག་པ་ཆེན་པོ་ལ་བཀའ་འཁོར་ལོ་བར་བ་དང་ཐ་མའི་དགོངས་འགྲེལ་གཉིས་སུ་ཕྱེ་ནས་དེ་དག་གི་ལྟ་བ་དང་། བསྒོམ་པ། སྤྱོད་པ། སྐྱབས་འགྲོ་སེམས་བསྐྱེད་དང་རྗེས་མཐུན་གཏམ་སྤྲིངས་ཡིག་གི་དོན་དང་ལྡན་པའི་སྐོར་འཁོད། ཐེག་པ་ཆུང་ངུ་བཀའ་འཁོར་ལོ་དང་པོ་བདེན་བཞིའི་དགོངས་འགྲེལ་སྐོར་ལ་བརྗོད་བྱ་བསླབ་པ་གསུམ་སྟོན་པའི་མངོན་པ་དང་། མདོ་སྡེ། འདུལ་བ་བཅས་རིམ་པས་བསྟན་ཡོད།   
            གཉིས་པ། ཕྱི་རིག་པ་སྟོན་པའི་བསྟན་བཅོས་སྐོར་ལ། 1.ཚད་མ་རིག་པའི་བསྟན་བཅོས་དང་། 2.སྒྲ་རིག་པའི་བསྟན་བཅས། 3.གསོ་རིག་བསྟན་བཅོས། 4.བཟོ་རིག་པའི་བསྟན་བཅོས། 5.ལུགས་ཀྱི་བསྟན་བཅོས་བཅས་རིམ་པར་བསྟན།   
            མཇུག་ཏུ་བསྔོ་བ་སྨོན་ལམ་བདེ་ལེགས་ཀྱི་ཚོགས་དང་འཇིག་རྟེན་མིག་དག་གིས་མཛད་པའི་བསྟན་བཅོས་ཀྱི་སྐོར་བཅས་བཞུགས། མདོར་ན་ཚལ་པའི་བསྟན་འགྱུར་འདི་ཉིད་བསྟོད་ཚོགས་སྐོར་གྱིས་དབུ་འདྲེན་ཅིང་བསྔོ་སྨོན་ཤིས་བརྗོད་བདེ་ལེགས་སྐོར་གྱིས་མཇུག་གྲུབ་པ་ཞིག་ཡིན་ཞིང་། མཇུག་བྱང་ནང་མཐུན་རྐྱེན་སྒྲུབ་པ་པོ་སྦྱིན་བདག་དང་ཞལ་ཏ་མཁན། བསྡུ་སྒྲིག་མཛད་པ་པོ་སོགས་ཀྱིས་ལོ་ངོ་བདུན་ཙམ་ནང་དབུས་གཙང་གི་ཡིག་མཁན་མཁས་པ་དག་བཏུས་ནས་ལེགས་པར་གྲུབ་པ་དང་རབ་གནས་མཛད་ཚུལ། ལག་ལེན་བྱེད་པ་པོ་ཐམས་ཅད་རྙེད་པ་དང་བཀུར་བསྟིས་མཉེས་པར་བྱས་ཚུལ་སོགས་བཀྲ་ཤིས་ལུགས་ལེགས་ཀྱི་སྨོན་ཚིག་བཅས་བཞུགས།  
            ཚལ་པའི་བསྟན་འགྱུར་དཀར་ཆག་གི་རེའུ་མིག  

            ཚལ་པའི་བསྟན་འགྱུར་གོ་རིམ་སྒྲིག་སྟངས་སྣར་ཐང་བསྟན་འགྱུར་དང་འདྲ་ཆེ་སྟེ།  ཐོག་མར་བསྟོད་ཚོགས་དེ་ནས་སྔགས་སྐོར། རིམ་བཞིན་མདོ་ཕྱོགས་དང་ཐུན་མོང་གི་རིག་གནས། མཇུག་ཏུ་བཀྲ་ཤིས་སྨོན་ལམ་ལེའུ་བཅས་པ་ལྟ་བུ་ཡིན་ཡང་། ཞིབ་ཕྲའི་གོ་རིམ་དང་ནང་གསེས་ཐད་སྣར་ཐང་བསྟན་འགྱུར་ལ་ལེགས་བཅོས་མཛད་ཐོག་རང་གི་དགེ་མཚན་དང་ཁྱད་ཆོས་ལྡན།   
            1.《སྣར་ཐང་བསྟན་འགྱུར》དཀར་ཆག་ནང་བསྟོད་པའི་སྐོར་ལ་རྒྱུད་སྡེ་གོང་འོག་གི་ཡི་དམ་སོ་སོའི་བསྟོད་པའང་བསྟོད་ཚོགས་ནང་ལྷན་དུ་བཞུགས་ཡོད་ཀྱང་། ཚལ་བསྟན་གྱི་བསྟོད་ཚོགས་ནང་དུ་དཀོན་མཆོག་གསུམ་སོགས་སྤྱི་བསྟོད་ཕུད། ཡི་དམ་སོ་སོའི་བསྟོད་པ་རང་རང་གི་ལེའུ་ཚན་དང་སྦྱར་ནས་བཀོད་ཡོད།   
            2.《སྣར་ཐང་བསྟན་འགྱུར》ནང་རྒྱུད་སྡེ་གོང་འོག་གི་རྩ་བའི་ས་བཅད་མཚུངས་ཀྱང་ལེའུ་ཚན་བརྗོད་སྟངས་ཐད་སྣར་ཐང་བསྟན་འགྱུར་གྱི་དབུ་ལ་ཀྱེ་རྡོར་གྱི་ལེའུ་བཞུགས། ཚལ་བསྟན་ནང་དབུ་ལ་དཔལ་དུས་ཀྱི་འཁོར་ལོ་བཞུགས་ཡོད་པས་འཇོག་ཚུལ་འདི་ཕྱིས་ཀྱི་ཞ་ལུའི་བསྟན་འགྱུར་དང་། རྩེད་ཐང་། མཐིལ། གོང་དཀར་སོགས་ཀུན་དེ་རང་གི་རྗེས་ཟློས་སུ་གྱུར་ཡོད།   
            3.དེ་བཞིན་དུ《སྣར་ཐང་བསྟན་འགྱུར》ནང་དཔལ་སྒྱུ་འཕྲུལ་ཆེན་མོ། སངས་རྒྱས་མཉམ་སྦྱོར། སངས་རྒྱས་ཐོད་པ། དཔལ་ལྡན་གདན་བཞི། རྡོ་རྗེ་བདུད་རྩི་སོགས་དཔལ་སྒྱུ་འཕྲུལ་ལེའུའི་ཁོངས་དང་། འཇམ་སྤྱན་ཕྱག་སྒྲོལ་སོགས་བྱ་རྒྱུད་སྤྱིའི་ཁོངས་སུ་འཇོག་གནང་མོད། འོན་ཀྱང《ཚལ་བསྟན》ནང་དེ་དག་སོ་སོར་ལེའུ་ཚན་བཅས་བཀོད་པ་འདི་ཡང་ཕྱིས་ཀྱི་བསྟན་འགྱུར་དག་གི་མིག་ལྟོས་སུ་གྱུར་ནས་ཀུན་གྱིས་ཉམས་སུ་བཞེས་ཡོད།   
            4.《སྣར་ཐང་བསྟན་འགྱུར》ནང་ཟློས་པ་དང་དུམ་པ་རྣམས་འདིར་དཔྱད་པ་ཟབ་མོས་བརྟག་ནས་འཁྲུལ་སེལ་མཛད་པ་ཡང་མི་ཉུང་བ་ཞིག་ཡོད་དེ། དཔེར་ན《སྣར་བསྟན》ལ་རྩ་རྒྱུད་དང་རྒྱུད་ཕྱི་མའི་འགྲེལ་བ་སོ་སོར་ཕྱེ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཐིག་ལེ་བུམ་པའི་འགྱུར་འདི་དཔལ་གསང་བ་འདུས་པའི་འགྲེལ་བ་རྒྱུད་ཀྱི་བཤད་པ་ཞེས་བྱ་བ་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་བ་དག་གཅིག་ཏུ་འདུག་པར་བརྟེན་ཕྱི་མ་འདི་མ་གཏོགས་དཀར་ཆག་ལ་འཁོད་མེད། ཡང་ཀ  ས་བགྲེས་པོས་མཛད་པའི་དགྱེས་པ་རྡོ་རྗེའི་འགྲེལ་བ་དང་དྷང་ཀ་རས་མཛད་པའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་བ་ཁ་སྦྱོར་དྲི་མ་མེད་པ་གཉིས་ཀྱང་དཔེ་བསྡུར་གྱིས་གཅིག་ཏུ་མཐོང་ནས་ཕྱི་མ་མ་གཏོགས་དཀར་ཆག་ལ་འཁོད་མེད་པ་སོགས་མང་།   
            5.《ཚལ་བསྟན》འདིའི་ནང་སྣར་ཐང་བསྟན་འགྱུར་ནང་མ་འཁོད་པའི་ཆོས་ཚན་མང་དུ་སྣོན་ཐུབ་པ་བྱུང་བ་ནི། དཔེར་ན《སྣར་ཐང་བསྟན་འགྱུར》ནང་བཟོ་རིག་གི་བསྟན་བཅོས་གཅིག་ཀྱང་མི་བཞུགས་ཀྱང་ཚལ་བསྟན་ནང་སྐུ་གཟུགས་ཀྱི་ཚད་དང་གསེར་འགྱུར་གྱི་བསྟན་བཅོས། སྤོས་སྦྱོར་གྱི་ལག་ལེན་སོགས་ཆོས་ཚན་ལྔ་ཙམ་འཁོད་ཐུབ་པ་བྱུང་ཡོད།   
            6.གསང་སྔགས་རྙིང་མའི་སྐོར་འདི་སྔར་གྱི་བཀའ་བསྟན་བསྡུ་སྒྲིག་མཁན་པོ་རྣམས་ཀྱིས་གླེང་བའི་གཞི་ཆེ་ཤོས་ཞིག་དང་རང་རང་བཀའ་བསྟན་སྒྲིག་ཕྱོགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཀྱང་ཡིན་པ་ལྟར《ཚལ་པའི་བསྟན་འགྱུར》འདིར་རྒྱུད་ཡང་དག་ལ་བརྩིས་གནང་གིས་ཆོས་ཚན་བཞི་བཅུ་ལ་པོད་གསུམ་ཅན་བཞུགས་ཡོད། འདི་རྡོ་རྗེ་ཐེག་པའི་མཇུག་ཏུ་བྲིས་པ་ཡང་ད་དུང་བསྣན་དུ་ཡོད་པར་དགོངས་ནས་བྲིས་པ་ཡིན་པར་དཀར་ཆག་དེ་རང་ནང་དུ་གསལ་བཤད་བྱས་ཡོད་པ་སོགས་ཁྱད་ཆོས་དུ་མས་ཕྱུག་པ་ཞིག་ཡིན་ནོ། །   
            《ཚལ་པའི་བསྟན་འགྱུར》དཀར་ཆག་བཏབ་པ་འདིས། བོད་ཀྱི་བསྟན་འགྱུར་དཀར་ཆག་ཁྲོད་འགངས་ཆེའི་ཤན་ཤུགས་ཤིག་ཐེབས་ཐུབ་པ་བྱུང་བ་སྟེ་སྣར་ཐང་བསྟན་འགྱུར་དཀར་ཆག་ལ་འཕྲོ་མཐུད་ཀྱི་ནུས་པ་ཞིག་ཐོན་ནས་མ་འོངས་བྱ་གཞག་འདི་ཉིད་རྒྱུན་འཛིན་འཕེལ་རྒྱས་ཡོང་རྒྱུར་མིག་ལྟོས་དང་སྐུལ་འདེད་ཐོན་ཐུབ་པ་དང་གཅིག ལུང་རིགས་ཚགས་དམ་ཅིང་བེད་སྤྱོད་ཁྲོད་བཙལ་འཚོལ་བདེ་བའི་དཀར་ཆག་གི་གོ་རིམ་སྒྲིག་སྲོལ་འདིས་ཕྱིས་ཀྱི་དཀར་ཆག་ཁག་ལ་འཛིན་སྐྱོང་དང་དཔྱད་གཞིའི་རིན་ཐང་ཆེས་ཆེར་ལྡན་པ་དང་གཉིས།  སྔར་གྱི་དཀར་ཆག་དག་ལ་རྟོག་དཔྱོད་ནན་པོས་སྦྱང་ཞུན་བྱས་མཐར་ཟློས་སྐྱོན་དང་འཁྲུལ་འཛོལ་དུམ་ཆད་སོགས་བྱུང་རིགས་ལ་འཁྲུལ་སེལ་རྡོ་རྗེའི་ཚིག་གིས་མཐའ་གཏན་འཁེལ་བ་དང་གསུམ། སྔར་གྱི་དཀར་ཆག་དག་ནང་མ་ཪྙེད་པའི་དབུས་ཁུལ་སོགས་ལ་བཞུགས་སོ་ཅོག་པའི་ཆོས་ཚན་གསར་པ་བཞི་བརྒྱ་བཞི་བཅུ་རྩ་བརྒྱད་ཀྱི་གྲངས་བསྣན་ནས་ཚལ་པའི་བསྟན་འགྱུར་འདིར་ཁྱོན་ཆོས་ཚན་ཉིས་སྟོང་བརྒྱད་བརྒྱ་རྩ་གཉིས་ལ་གླེགས་བམ་ཉིས་བརྒྱ་ཞེ་གཅིག་གི་བདག་ཉིད་ཅན་དུ་གྱུར་བ་དང་བཞི། གོང་སྨོས་བཞིན་མདོ་སྨད་གཙང་སོགས་ལ་བསྟན་བཅོས་བཞེངས་པ་བཞུགས་ནའང་ཡུལ་དབུས་ཀྱི་ས་ཆ་འདིར་སྔར་བཞེངས་པ་རྣམས་འཐོར་བ་དང་ཡོད་པ་རྣམས་ཀྱང་ཡུལ་ཐ་དད་དུ་བཞུགས་པས་སླར་བསྡུ་རུབ་བྱ་རྒྱུ་ནི་བསྟན་པའི་མིག་སྨན་དང་དབུས་ཁུལ་བསྟན་བཅོས་ཁག་དཔེ་གྱར་མི་ཡོང་བ་བཅས་དབུས་ཁུལངབསྟན་བཅོས་བསྡུ་རུབ་བྱུང་བའི་ཨང་དང་པོར་གྱུར་པ་དང་ལྔ། ཀུན་མཁྱེན་བུ་ཡིས་ཞ་ལུའི་དཀར་ཆག་མཛད་པ་དང་། དེ་བཞིན་ཕྱིས་ཀྱི་དབུས་གཙང་ཁམས་ཀྱི་བསྟན་འགྱུར་དཀར་ཆག་རྣམས་ལ་མ་ཕྱིའི་ནུས་པ་ཐོན་པ་དང་དྲུག་བཅས། མདོར་ན་ཚལ་པའི་བསྟན་འགྱུར་དཀར་ཆག་ནི་སྐབས་དེའི་བོད་ཀྱི་ཤེས་རིག་རིག་གནས་ཀྱི་ལོ་རྒྱུས་དང་འཕེལ་རིམ་སོགས་བརྟག་པའི་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་གནད་ཆེ་བ་ཞིག་ལགས་སོ། །
            མཆན།   
            ① 《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》ལས། 《བོད་ཀྱི་དཀར་ཆག་རིག་པ》ཤ329ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས1998ལོར་དཔར།   
            ②མཆན①དང་མཚུངས། ཤ340ནང་། དེའི་མཚན་དངོས་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསར་བཞེངས་ཀྱི་དཀར་ཆག་དེབ་ཐེར་དཀར་པོ་ཞེས་ཞུ་ལ། དེར་གསེར་དངུལ་འདྲེས་མའི་ཐོག་ནས་བྲིས་པའི་པོད་ཉིས་བརྒྱ་དྲུག་བཅུ་ཡོད་པར་གསུངས། 
            ③ཇོག་རི་ངག་དབང་བསྟན་འཛིན་གྱི《ཚལ་གུང་ཐང་གི་དཀར་ཆག་འགྲོ་མགོན་ཞལ་ལུང》 ཤིང་དཔར་མ་ཤ13ནང་།   
            ④《ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་དམར》 དུང་དཀར་རིན་པོ་ཆེ་ནས་མཆན་འགྲེལ་མཛད་པ།མི་རིགས་དཔེ་སྐྲུན་ཁང་ནས1981ལོར་དཔར། འདིའི་ནང་གི་རྩོམ་པ་པོའི་ལོ་རྒྱུས་ངོ་སྤྲོད་ནང་གསལ།   
            ⑤མཆན③དང་མཆན④དང་མཚུངས།   
            ⑥དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང་གིས1986ལོར་དཔར། སྨད་ཆ་ཤ929དང་། དེབ་དམར་ཤ98   
            ⑦ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི《དུས་འཁོར་ཆོས་འབྱུང་དཔག་བསམ་སྙེ་མ་》 ཤིང་དཔར་མ་ཤ118ནང་། ཚེ་ཏན་ཞབས་དྲུང་གི《བསྟན་རྩིས་ཀུན་བཏུས》 ⑧མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས1982ལོར་དཔར། ཤ190   
            འགོས་ལོ་གཞོན་ནུ་དཔལ་གྱི《དེབ་ཐེར་སྔོན་པོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས1985ལོར་དཔར། ཤ123ནང་། གྲུབ་ཐོབ་ཨོ་རྒྱན་པར་རྡོ་རྗེ་གསུམ་གྱི་བསྙེན་གྲུབ་ཞུས་པའི་སློབ་མའི་གཙོ་བོ་ནི་ཆོས་རྗེ་ཀུན་དགའ་དོན་གྲུབ་རྣམས་ཏེ་ཞེས་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》 ཤ918ནང་།ཨོ་རྒྱན་པའི་གཙོ་བོའི་སློབ་མ་ནི་རྩོད་མེད་ཀྱི་སྤྲུལ་སྐུ་རང་བྱུང་རྡོ་རྗེ། གཞན་སྙེ་མདོ་བ་སྐུ་མཆེད་སོགས་བྱུང་།   
            ⑨《ཆོས་འབྱུང་མཁས་པའི་དགའ་སྟོན》 ཤ930《དེབ་དམར》 ཤ98པར་གསལ།   
            ⑩《དེབ་སྔོན》ཤ639པར་གསལ།