ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

འ་ཞའི་རིགས་རྒྱུད་ལ་དཔྱད་པ།

སྤེལ་དུས 2019-01-09 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། ཤ་བོ་ཀླུ་རྒྱལ།
གླེང་གཞི། བོད་གནའ་རབས་ཀྱི་ལོ་རྒྱུས་ནང་དུ།
          སྟོན་པ་གཤེན་རབ་སྐུ་མྱ་ངན་ལས་འདས་རྗེས་འ་ཞ་གསང་བ་མདོ་སྡུད་ཀྱིས་བཀའ་བསྡུ་མཛད་ཚུལ་དང་། མྱང་ཡུལ་བར་མའི་ས་འཛིན་གྱི་ཐོག་མ་འ་ཞ་ཡིན་པ། གྲི་གུམ་བཙན་པོས་འ་ཞ་བོན་པོ་གདན་དྲངས་ཚུལ། སྟག་རི་གཉན་གཟིགས་ཀྱི་སྤྱན་འ་ཞ་སྨན་པས་ཕྱེས་ཚུལ་སོགས་སྲོང་བཙན་ཡར་སྔོན་གྱི་ལོ་རྒྱུས་དུས་རིམ་གལ་ཆེའི་ནང་དུ་འ་ཞའི་རིགས་རྒྱུད་དང་ཁ་འབྲལ་ཐབས་མེད་པ་དང་། དེའི་རྗེས་ནས་བཙན་པོ་འུ་དུམ་བཙན་གྱི་བར་དུ་གུང་སྲོང་གུང་བཙན་གྱི་བཙུན་མོར་འ་ཞ་བཟའ་མོང་རྗེ་ཁྲི་དཀར་བཞེས་ཚུལ་གཙོ་བྱས་པའི་ཆབ་སྲིད་དང་དམག་དོན་གྱི་འཕྲིན་ལས་བགྲང་གིས་མི་ལངས། དེ་བཞིན་དུ་བསྟན་པ་ཕྱི་དར་གྱི་དུས་འགོར་ཡང་བོན་གྱི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ཡ་གྱལ་འ་ཞའི་སྟོན་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་བསྟན་འགྱུར་གྱི་འགྱུར་བྱང་དུ་མཚན་དངོས་སུ་བཞུགས་པའི་འ་ཞ་རྒྱ་གར་བརྩེགས་ལ་སོགས་ཅི་རིགས་བྱུང་ཞིང་། ཐ་ན་དེང་གི་སྐབས་འདི་ལའང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་གི་འ་ཞ་ཞང་དང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཆོས་རྗེ་ཞང་དུ་འ་ཞའི་ཡུལ་སྡེ་ཞེས་པའི་མིང་གི་ཟུར་ཙམ་ཡང་མ་ཉམས་པར་འཚོ་སྡོད་བྱེད་ཀྱིན་འདུག་པ་སོགས་བོད་ཀྱི་ཆོས་སྲིད་བྱུང་འཕེལ་ནང་དུ་ཆུ་ལ་ཆུ་བཞག་གི་ཚུལ་དུ་གནས་མོད། དེང་སྐབས་ཀྱི་ཞིབ་འཇུག་པ་ཕལ་མོ་ཆེས་རང་རེའི་འ་ཞའི་རིགས་རྒྱུད་ནི་ལེའོ་ཉིན་ཤར་མའི་མུའུ་རོང་ཞན་པེའི་རིགས་རྒྱུད་ལས་གྱེས་པའི་ཐུ་ལུ་ཧུན་①གྱི་རྒྱུད་ལས་མཆེད་པར་བདེན་པ་ཤ་སྟག་ཏུ་བསྒྲུབས་ནས་བརྗོད་ཀྱིན་འདུག་པས། ཉེ་བའི་ལོ་འགའི་རིང་ལ་གུས་པས་འབྲེལ་ཡོད་ཡིག་ཚང་ལག་སོན་བྱུང་བ་རྣམས་གུང་བསྒྲིགས་ནས་བོད་ཀྱི་འ་ཞའི་རུས་ཚན་དང་མུའུ་རོང་ཞན་པེའི་རིགས་རྒྱུད་ལས་གྱེས་པའི་ཐུ་ལུ་ཧུན་དབར་གྱི་འབྲེལ་བ་དང་། འ་ཞའི་ཡུལ་དང་ཡིག་རིགས་གཞན་གྱི་དེབ་ཐེར་རྣམས་སུ་ཇི་ལྟར་བཀོད་ཡོད་པ་དང་། འ་ཞའི་རྩ་བའི་རུས་ཚན་གང་ལ་གཏོགས་པ་བཅས་ཀྱི་སྐོར་ལ་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཡིག་ཚང་དག་ལ་གཞི་བཅོལ་ཏེ་ས་བཅད་མ་སྟོང་ཙམ་དུ་འབྲི་བར་མོས།
དང་པོ། ཐུ་ལུ་ཧུན་དུ་འདོད་པའི་དོགས་དཔྱོད།
          དེང་སྐབས་ཀྱི་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེས་འ་ཞ་དང་ཐུ་ལུ་ཧུན་གཉིས་ནི་རིགས་རྒྱུད་ཀྱི་འབྱུང་ཁུངས་གཅིག་ལ་ཕྱིས་སུ་མིང་གི་འབོད་སྲོལ་མི་འདྲ་བ་བྱུང་བའི་ལོ་རྒྱུས་ཀྱི་གནད་དོན་ཞིག་ཏུ་ངོས་བཟུང་སྟེ། དེའི་རྩ་བའི་མཆེད་ཁུངས་ནི་ལེའོ་ཉིན་ཤར་མའི་མུའུ་རོང་ཞན་པེའི་རིགས་རྒྱུད་ཡིན་ཞིང་། དུས་རབས་གསུམ་པའི་དུས་སྨད་ནས་བཞི་པའི་དུས་མགོར་ཐུ་ལུ་ཧུན་གྱི་ཡབ་ཧྲི་ཀོའུ་ཞེས་པ་ཚེ་ལས་འདས་རྗེས་སུ་ཕ་ཤུལ་རྒྱུད་འཛིན་པའི་གནད་དོན་སྟེང་ཕུ་ནུ་གཉིས་ཀྱི་བར་འགལ་བ་བྱུང་ནས། ཐུ་ལུ་ཧུན་བུ་ཆེ་བ་ཡིན་རུང་ཆུན་མའི་བུ་ཡིན་ཞིང་ནུ་བོ་མུའུ་རོང་ཁེའུ་ཞེས་པ་བུ་ཆུང་བ་ཡིན་ཡང་ཆེན་མའི་བུ་ཡིན་པས། མཇུག་མཐའི་རྒྱལ་ཁ་མུའུ་རོང་ཁེའུ་ཡིས་བླངས་ནས་ཕ་ཤུལ་བཟུང་བ་དང་། ཐུ་ལུ་ཧུན་ལ་དུད་ཁྱིམ་བདུན་བརྒྱ་ཙམ་ལས་མ་ཐོབ་པར་མ་ཟད། ནོར་ལུག་འཚོ་སྐྱོང་བྱེད་པའི་རྩ་སའང་མ་དབང་པའི་རྐྱེན་གྱིས་ནུབ་ཕྱོགས་སུ་མི་སྤོར་ཐབས་མེད་བྱུང་ནས། དེང་གི་ནང་སོག་ཧི་ཐོ་བྱང་ཕྱོགས་ཀྱི་ཡུན་ཧྲན་རི་རྒྱུད་དུ་སྤོས་ནས་མི་ལོ་ཉི་ཤུ་ལྷག་ལ་བསྡད་དེ། ཕྱི་ལོ་311ནས་313ལོའི་བར་དེང་སྐབས་ཀྱི་མཚོ་སྔོན་དང་ཀན་སུའུ་ས་ཁུལ་དུ་རིམ་གྱིས་གཞི་ཆགས་པར་བརྗོད་ཅིང་། དེའི་མི་རབས་དགུ་བ་(阿豺417-426)ནས་སྟོབས་རྒྱས་པས་རྗེ་བོའི་མིང་ཟུར་ཆགས་ནས་རིམ་གྱིས་རིགས་རྒྱུད་ཡོངས་ཀྱི་མིང་གཞན་དུ་འ་ཞ་ཞེས་འབོད་པ་དང་། བཤད་ལུགས་གཞན་དུ་མདོ་སྨད་དུ་གཉུག་མར་གནས་པའི་མི་རིགས་དག་གིས་འཕྱ་དམོད་དང་ཟུར་ཟའི་ཚུལ་དུ་འ་ཞ②ཞེས་འབོད་པར་དེང་སྐབས་ཀྱི་ཞིབ་འཇུག་པ་ཕལ་མོ་ཆེས་སྒྲུབ་ཀྱིན་གདའ། བཤད་རྒྱུན་འདི་དག་གིས་འ་ཞ་དང་ཐུ་ལུ་ཧུན་གཉིས་ཀྱི་རིགས་རྒྱུད་འབྱུང་ཁུངས་གཅིག་ཏུ་འདེད་པ་ལ་དོགས་གཞི་མང་པོ་ཡོད་པ་གཤམ་དུ་མི་མཐུན་པ་རེ་རེའི་རྟགས་བཀོད་དེ་དོགས་སེལ་བྱའོ།།
གཅིག ལོ་གྲངས་ཀྱི་ཐོག་ནས་མི་མཐུན་པ།
          དེང་སྐབས་འ་ཞ་དང་ཐུ་ལུ་ཧུན་གཉིས་ནི་རིགས་རྒྱུད་གཅིག་ཏུ་འདོད་པ་རྣམས་ཀྱིས། རིགས་རྒྱུད་འདིའི་རྩ་བའི་འབྱུང་ཁུངས་གོང་དུ་བཀོད་པ་ལྟར་ཕལ་ཆེར་ཞལ་མཐུན་ཞིང་། ཕྱི་ལོ་311ནས་313ལོའི་བར་རྨ་ཆུ་དང་ཙོང་ཆུའི་རྒྱུད་དུ་དངོས་སུ་ཐོན་པ་ཀུན་གྱིས་ཚད་མར་འཛིན། དེ་ལྟར་ན་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་དེའི་སྔ་རོལ་དུ་འ་ཞ་ཞེས་པའི་བོད་ཀྱི་རུས་ཚན་ཞིག་ཡོད་པ་གསལ་བར་བསྟན་ཡོད་དེ། དོན་དུ་ཐུ་ལུ་ཧུན་ལ་འ་ཞ་ཞེས་འབོད་པར་འདོད་པ་རྣམས་ཀྱིས་སྒྲུབ་པའི་ལོ་ཚིགས་ནི་དེ་ལས་ཀྱང་ཕྱིས་ཀྱི་417ནས་426ལོའི་བར་བཞུགས་པའི་ཐུ་ལུ་ཧུན་གྱི་རྗེ་རབས་དགུ་བའི་སྐབས་སུ་ད་གཟོད་སྟོབས་ཤུགས་ཇེ་ཆེར་སོང་ནས་རྗེ་བོས་མཚན་རིམ་གྱིས་རིགས་སམ་ཡུལ་མིང་དུ་ཟུར་ཆག་པར་བཤད་དོ།།
          《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས། དེ་ནས(སྟོན་པ་གཤེན་རབ)སུམ་པའི་ཡུལ་དུ་བྱོན། སུམ་པའི་བོན་པོ་དུ་མུ་ཕྱོ་ལ་་་་་་དེ་ནས་སེ་འ་ཞའི་ཡུལ་དུ་བྱོན། སེ་བོན་གནམ་ལྕགས་ལྤགས་པ་ལ། ཕྱི་དོན་དུ་སེ་གྱུར་གར་ནག་ལ་སོགས་བསྟན། ནང་དོན་དུ་སེ་ཨ་ཞའི་སྐད་དང་མཐུན་པའི། འབྲས་བུ་ཆུས་མི་ཟ་བའི་བོན་སེམས་ཉིད་གཏན་ལ་ཕབ་ཅིང་བསྟན། དེ་ནས་བ་གོར་ཡུལ་དུ་བྱོན། བ་གོར་ཐོད་དེ་རྒྱལ་བ་ལ་③ཞེས་པ་དང་། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》ལས། གཤེན་རབ་ཕྭའི་སྐུ་འཚོར་གཤེགས་པ་ལས། འ་ཞ་སྤྱན་དྲངས་ནེའུ་ཆུང་བདུད་ཀྱི་ཡུལ་ནས་དྲངས། ལམ་དུ་སྡུག་བསྔལ་གྱིས་སྲིད་གནས་བསྟན་པས། རབ་ཏུ་བྲེད་དེ་ལྷ་གཤེན་སྲིད་པ་ལ་འགྱོད་བཤགས་མཆོད་པ་རྣམ་པ་ལྔ་ཕུལ་④ཞེས་པ་དང་། དང་པོ་ནི་མི་བརྗེད་གཟུངས་ལྡན་བློ་གསལ་འཁོར་རྣམས་ཀྱིས། རང་རང་གི་ཐོས་པའི་བོན་རྣམས་བསྡུས་ཏེ། མདོ་སྡེ་གྱུར་ཚད་འ་ཞ་གསང་བ་མདོ་སྡུད་ཀྱིས་བསྡུས། འབུམ་སྡེ་ཐམས་ཅད་རྨ་ལོ་དང་གཡུ་ལོས་བསྡུས།་་་་་་་གཏོ་རྒྱུད་དང་དཔྱད་རྒྱུད་གཏོ་བུ་དཔྱད་བུས་བསྡུས་ཏེ།  ཤན་འབྱེད་ལས། འདས་ཁར་བོན་གྱི་རྔ་བོ་ཆེ།། འཁོར་རྣམས་བཀའ་ཡི་བསྡུས་པར་བསྐུར།། མདོ་སྡེ་འ་ཞ་གསང་བའི་བསྡུས།།⑤ཞེས་པ་དང་། 《མདོ་གཟེར་མིག་》ལས། དེའི་ཚེ་དེའི་དུས་ན། བྲག་སེང་གེའི་རྒྱབ་བསྣོན་གྱི་ཕུག་ན། གཤེན་རབ་སྐུ་འཁོར་རྒྱ་ཆེ་གྲངས་མང་ཡང་། དམ་པའི་མཆོག་ཏུ་གྱུར་པ་འ་ཞ་གསང་བ་མདོ་སྡུད་ཀྱང་།  གསང་སྒོམ་མཐིལ་དུ་འབེབས་པ་མ་ཕེབས་ཡེད་ཡེད་སྔངས། ་་་་་དེ་ལ་འ་ཞ་གསང་བ་ཤིན་ཏུ་རྟོག་པ་སྐྱེས། འཇིག་རྟེན་ཁམས་ཀྱི་སྒྲོན་མ་ནུབ་པར་ཤེས། སེང་གེ་རྒྱབ་བསྣོན་གནས་ནས་དབྱུང་ནས་གཤེན་རབ་འཚོལ་དུ་གཤེགས། འོལ་མོ་ལུང་རིང་ས་གནས་སུ་བྱོན་ནས་སྟོན་པ་བཙལ་ཀྱང་སྟོན་པ་མ་རྙེད། ་་་གཞའ་ཚོན་འོད་འབར་ནགས་ལ་བཙལ་ཀྱང་སྟོན་པ་མ་རྙེད་དོ།། འ་ཞ་ཤིན་ཏུ་རྨོངས་ནས་མྱ་ངན་ངུད་མོས་བཏབ་⑥ཞེས་པ་དང་། ་་་་་་རིན་པོ་ཆེ་ཡིག་བུར་སྩལ་ནས། གསང་ཐུབ་ཉིད་ཀྱི་སྤྱི་བོའི་གཙུག་ཏུ་བཞག  འ་ཞ་གསང་ཐུབ་ཉིད་ཀྱང་རིན་ཆེན་འོད་དུ་འབར།⑦  ཞེས་པ་ལ་སོགས་བོན་གྱི་གླེགས་བམ་ལས་སྔ་ཤོས་སུ་གྱུར་པ་ཕལ་ཆེར་གྱི་ནང་དུ་འ་ཞའི་མིང་གསལ་བར་བསྟན་པར་མ་ཟད། ཕྱིས་ཀྱི་བོན་གཞུང་ལས་ཀྱང་དེ་མཐུན་དུ་སྣང་སྟེ། 《གཤེན་རབ་བཀའ་ཆེན་པོའི་དཀར་》ལས་⑧དེ་རྒྱབ་གླིང་ཆེན་བཅུ་དྲུག་ནས། ཤར་ནས་དམུ་ཨ་པད་ཏི་ཡུལ་ཡོད། དེ་ཡི་གཡས་བྲག་སེང་གེ་འདྲ་བའི་རྒྱབ་བསྣོལ་གྱི་ཕུགས་པ་ན། འ་ཞ་གསང་ཐུབས་སྒོམས་པའོ་⑨ཞེས་པ་དང་། 《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་》ལས། དེ་ནས་སྟོན་པ་བཀའ་ཡི་གཉེར་གཏད་ནི།། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེ།། བླ་ན་མེད་པའི་དགྲ་བཅོམ་མཐར་ཕྱིན་པ།། ཨ་ཞ་མདོ་བསྡུ་གཏོ་བུ་འབུམ་སངས་དང་། དཔྱད་བུ་ཁྲི་ཤེས་ལུང་འདྲེན་རྒྱུད་འདྲེན་དང་།། ་་་་་་དོན་ལྡན་ཨ་ཞ་གསང་བ་མདོ་བསྡུས་ཀྱི།། གསུང་གི་བསྟན་པའི་གཙོ་བོར་མ་བྱོན་པར།། རང་བྱུང་མཆོད་རྟེན་གནས་སུ་བཞུད་ནས་བཞུགས།། གདུང་འཚོབ་བྱོན་དུས་མདོ་རྒྱུད་ལོ་གསུམ་འཆད།།⑩ཞེས་པ་དང་། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》 ལས། གཉིས་པ་བཀའ་བསྡུ་བ་པོ་བྱུང་ཚུལ་ལ། གང་གིས་བསྡུས་པོ་ནི། དྲི་མེད་གཉེར་གཏད་མདོ་ལས། གཙོ་འཁོར་བཅུ་གསུམ་དག་གིས་བསྡུས།། ཞེས་ལུང་བསྟན་པའི་བཅུ་གསུམ་ནི། སྐུའི་སྲས་བརྒྱད། ཐུགས་སྲས་རྨ་ལོ་གཡུ་ལོ། གསུང་སྤྲུལ་ཡིད་ཀྱི་ཁྱེའུ་ཆུང་དང་ཚངས་པ་གཙུག་ཕུད་གཉིས། མཚན་ལྡན་འ་ཞ་རྣམས་སོ།།⑾ཞེས་པ་ལ་སོགས་ཀྱི་ནང་དུ་སྟོན་པ་གཤེན་རབ་ཀྱི་དུས་སུ་འ་ཞའི་ཡུལ་དང་གང་ཟག་གི་མིང་དངོས་སུ་ངོས་བཟུང་ནས་བཀོད་ཡོད་པར་མ་ཟད། ཤིན་ཏུ་ཡང་གལ་ཆེ་བའི་ཚུལ་མདོ་གཟེར་མིག་གི་སྟོན་པ་མྱ་ངན་ལས་འདས་པའི་ལེའུ་བཅུ་བདུན་པ་གཅིག་པུའི་ནང་དུའང་འ་ཞའི་མིང་གསལ་བར་ཐེངས་བཞི་བཅུ་ལྷག་བྱུང་⑿ཡོད་པས་མཚོན།
          འོ་ན་དེ་ནི་དུས་སྐབས་ག་ཚོད་ཅིག་ལ་ངོས་འཛིན་དགོས་ཟེར་ན། ཐོག་མར་སྟོན་པ་གཤེན་རབ་སྐུ་བཞུགས་པའི་དུས་ཚོད་ངེས་དགོས་མོད། སྟོན་པ་གཤེན་རབ་ཀྱི་འཁྲུངས་འདས་སྐོར་བོད་ཀྱི་ལོ་རྒྱུས་སྟེང་བཤད་རྒྱུན་སྣ་ཚོགས་ཤིག་མཆིས་ཏེ། མདོར་དྲིལ་ན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་སྟོན་པ་གཤེན་རབ་དགུང་ལོ་གྱ་གཉིས་བཞེས་ཤིང་གཤེན་ལོ་གཅིག་ནི་མི་ལོ་བརྒྱར་འདོད་པའི་ལུགས་དང་། དཔལ་ཚུལ་གྱི་བོན་གྱི་བསྟན་འབྱུང་ཕྱོགས་སྒྲིག་ཏུ་ད་ལྟའི་རབ་རྒྱལ་ཆུ་བྱི་འདི་ཡན་ལ་མི་ལོ་ཆིག་ཁྲི་བདུན་སྟོང་དགུ་བརྒྱ་དང་གྱ་བརྒྱད་འདས་པའི་ལུགས་དང་། ཟུར་མཁར་བའི་ཤེས་བྱ་ཁོག་འབུབས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཞེས་བྱ་བ་པུ་རངས་སུ་བྱོན་པར་བཤད་པ་⒀དང་། 《རྒྱལ་རབས་གསལ་བའི་མེ་ལོང་》དུ་སྤུ་ལྡེ་གུང་རྒྱལ་གྱི་དུས་སུ་བྱོན་པའི་ལུགས་དང་། ཏུན་ཧོང་གཏེར་ཡིགP. T. 1068. 2; 1134; 1136; 1194; 1289 ལ་སོགས་པའི་ནང་དུ་གཤེན་རབ་མྱི་བོ་ཞེས་པའི་ཐ་སྙད་ཐེངས་འགར་བྱུང་ཡོད་པར། མཁས་པ་ལ་ལས་གཡུང་དྲུང་བོན་གྱི་སྲོལ་འབྱེད་སྟོན་པ་གཤེན་རབ་དང་གང་ཟག་གཅིག་མིན་པར་སྒྲུབ་ཀྱང་། མཁར་རྨེའུ་བསམ་གཏན་གྱིས་དེ་ཡང་གཤེན་རབ་མི་བོ་བོན་གྱི་བསྟན་པའི་སྲོལ་འབྱེད་མཁན་སྟོན་པ་དེ་ཡིན་ལ་ཁོང་གི་གནས་བབས་ནི་སངས་རྒྱས་ཆོས་ལུགས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་དང་མཚུངས་པ་ཞིག་ཡིན་ནའང་། ་་་་་ (ཏུན་ཧོང་)ཡིག་ཆ་དེ་དག་ནང་ཁོང་གོང་སྨོས་ཀྱི་རྣམ་ཐར་ཁག་ནང་འཁོད་པ་ལྟར་གལ་ཆེ་བའི་མི་སྣ་ཞིག་ཡིན་ཚུལ་བཀོད་མེད་ནའང་། ཁོང་ནི་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་གསོན་པོ་དང་གཤིན་པོའི་བར་འབྲེག་གཏུག་གི་བྱ་བ་ལ་མཁས་པའི་མཆོད་གནས་ཤིག་ཡིན་ཚུལ་བཀོད་ཡོད། དེར་བརྟེན། ང་ཚོས་དུས་རབས་བདུན་པའི་གོང་ཙམ་ན་བོད་དུ་གཤེན་རབ་མི་བོ་ཞེས་པའི་མི་སྣ་ཞིག་བྱུང་མྱོང་བའི་དབང་དུ་བཏང་ན་མི་འགྲིག་པ་མེད་སྙམ།⒁ཞེས་རྩོད་གཞི་ཡོད་ནའང་། མཁས་དབང་ནམ་མཁའ་ནོར་བུས་ཡིག་ཚང་སྣ་ཚོགས་གུང་བསྒྲིགས་ནས་གཤེན་རབ་མི་བོ་ཆེ་དེ་ཞང་ཞུང་གི་ཡུལ་དབུས་འོལ་མོ་ལུང་རིང་དུ་སྐུ་བལྟམས་ཤིང་གཡུང་དྲུང་གི་བོན་བསྟན་པའི་དུས་སྐབས་དེ་ནས་བཟུང་། ད་ལྟ་ལྕགས་མོ་ལུག་གི་ལོ་(1991)འདིའི་བར་དུ་ལོ་གྲངས་སུམ་སྟོང་དགུ་བརྒྱ་དང་བརྒྱད་ཡོད་པ་་་་་་་⒂ཞེས་གསུངས་པ་ནི་བོན་གྱི་བསྟན་འབྱུང་ལ་ཞིབ་འཇུག་བྱེད་པ་ཕལ་མོ་ཆེས་ཚད་མར་འཛིན་པར་མ་ཟད། བོད་ཀྱི་གནའ་རྫས་ལ་རྟོག་དཔྱོད་བྱེད་པའི་མཁས་པ་ཧོ་ཝུའེ་ལགས་ཀྱིས་ཀྱང་གཤེན་རབ་མི་བོ་ཆེ་ནི་ཕྱི་ལོ་སྔོན་གྱི་དུས་རབས་བཞི་བར་ཞལ་བཞུགས་པར་སྒྲུབ་⒃ཡོད་པས། འ་ཞའི་ཡུལ་དང་འ་ཞའི་གང་ཟག་གི་མིང་སྟོན་པ་གཤེན་རབ་ཀྱི་སྐབས་དེ་ཡོད་པར་གསལ་བར་བསྟན་ཞིང་། ཐུ་ལུ་ཧུན་ནི་དུས་དེར་རྨ་ཆུ་དང་ཙོང་ཆུའི་རྒྱུད་དུ་ཐོན་རྒྱུ་ཕར་ཞོག  ཐ་ན་ཐུ་ལུ་ཧུན་གྱི་མེས་པོར་སྒྲུབ་པའི་མུའུ་རོང་ཞན་པེའི་མི་རིགས་དེའང་དངོས་སུ་གྲུབ་མེད་པ་རྒྱ་ནག་གི་ཡིག་ཚང་དག་ལས་གསལ་བར་མངོན།
          ཡིག་རྙིང་གཙིགས་སུ་འཛིན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཏུ། ཕྱི་མོས་མཚན་དུ་གྲི་གུམ་བཙན་པོར་གསོལ། དེ་ཡི་བཙུན་མོ་གླུ་སྲིང་མེར་ལྕམ་ལ།། ཤ་ཁྲི་ཉ་ཁྲི་བྱ་ཁྲི་གསུམ་ཡང་བལྟམས།། དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས།། གུ་ར་ཝ་ཏ་ཅེས་བྱའི་ཡུལ་ཁམས་ནས།། མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང་།།⒄ཞེས་འ་ཞ་ཟེར་བའི་བོན་པོ་རྫུ་འཕྲུལ་ཆེ་བ་ཞིག་གདན་དྲངས་ནས་དེའི་ལུགས་རྒྱ་ཆེར་སྤེལ་བའི་སླད་དུ་གཡུའི་གཡུང་དྲུང་དང་། དཔའ་བོ་སྟག་སློག་དང་། འགིང་བའི་རལ་གས་བསྟོད་པར་མ་ཟད། ཁུ་དང་ནུ་བོས་ཆེ་ཞེས་ཨ་པ་བྱ་བར་བོས་ཏེ་མངའ་ཐང་རེ་ཞིག་འབར་མོད། འཕྲིན་ལས་དེ་ཐབས་མཁས་མ་ཡོང་བ་དང་སྐབས་དེར་གཡུང་དྲུང་བོན་གྱི་རྨང་མཐུག་པ་ལ་སོགས་ཀྱི་རྒྱུ་རྐྱེན་གང་མང་གི་དབང་གིས་ལེགས་འགྲུབ་མ་བྱུང་བར་མ་ཟད། མཇུག་མཐར་བཙན་པོ་རང་ཉིད་ཀྱི་སྲོག་ཀྱང་ལྔ་ལམ་དུ་བསྐྱལ་བའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་ཏུ་གྱུར། གོང་གི་ལོ་རྒྱུས་ཀྱི་གནད་དོན་དེ་བོད་ཀྱི་ཆོས་འབྱུང་དེབ་ཐེར་ཕལ་ཆེར་དུ་རྒྱས་བསྡུས་གང་འཚམ་གྱིས་བཀོད་ཡོད་ཅིང་། སྐབས་དེའི་འ་ཞ་ཞེས་པའི་མིང་ཡང་དེབ་ཐེར་སྔ་ཤོས་སུ་གྱུར་པ་རྣམས་ཀྱི་ནང་དུ་འདི་ལྟར་བཀོད་ཡོད་དེ། 《ལྡེའུ་ཆོས་འབྱུང་》ལས། སྲིབ་ཁྲི་བཙན་པོའི་སྲས་གྲི་གུམ་བཙན་པོ་ཏེ་འདིའི་སྐུ་རིན་ལ་རྒྱ་གར་དང་སྟག་གཟིག་གི་འཚམས་ནས་ཡུལ་གྱུར་རྣ་པ་ཞེས་བྱ་བ་ནས། བ་ཞའི་བོན་པོ་ཞིག་བྱུང་⒅ཞེས་པ་དང་། 《མཁས་པ་ལྡེའུའི་རྒྱ་བོད་ཆོས་འབྱུང་》ལས། དེའི་དུས་སུ་ཡུ་འགུར་སྣ་ས་སྣ་བྱ་བ་ན་མུ་སྟེགས་བྲེག་པའི་བོན་པོ་ཝ་ཞ་བྱ་བ་གཅིག་ལ་བོན་བྱུང་།⒆ཞེས་པ་དང་། 《ཉང་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལས། དེ་ནས་སྲིབས་ཁྲིའི་སྲས་གནམ་ཕྲུ་བོ་གཞུང་བཙན་ལྷའི་སྐུ་རིང་ལ་གནམ་གྱི་རྡོར་བོན་བྱུང་སྟེ་ཨུ་རྒྱན་གྱི་ཚུ་རོལ། ཁ་ཆེའི་ཡུལ་གྱི་ཕ་རོལ། སྟག་གཟིག་གི་བར་ན་ཡུལ་འགྱུར་སྣང་བར་སྣང་བྱ་བ་རུ་ས་ཞའི་བོན་པོ། མུ་སྟེགས་ཉི་ཚེ་བའི་སྟོན་པ་⒇ཞེས་པ་དང་། 《ཟུར་མཁར་བའི་ཤེས་བྱ་ཁོག་འབུབས་》ལས། གྲི་གུམ་བཙན་པོའི་སྐུ་ཚེའི་སྟོད་ལ་་་་་་མུ་སྟེགས་བྱེ་བྲག་པའི་རིགས་ལས་རྫུ་འཕྲུལ་ཅན་བྲག་ལ་ཉུང་མ་གཤོག་ལྟར་བྱེད་པ་གཅིག་བྱུང་བ་ལ་འ་ཞ་ཟེར་21ཞེས་པ་ལ་སོགས་ཀྱིས་མཚོན་པའི་ནང་དུ་བ་ཞ་དང་། ཝ་ཞ། ས་ཞ་རྣམས་འ་ཞ་མ་ཡིན་པར་འབྲི་ཚུལ་གཞན་དུ་སོང་བ་ལྟར་སྣང་ཞིང་། དོན་དུ་བ་དང་ཝ་གཉིས་རང་མོས་སུ་འབྲི་བའི་ཚུལ་ཝཱ་ར་ཎཱ་སི་ལ་བཱ་ར་ཎཱ་སི་ཞེས་པ་ལྟར་རྒྱུན་ཤེས་ཡིན་པས་དཔེ་རེ་རེའི་སྟེང་ནས་གསལ་བཤད་བྱེད་པར་ཡིག་ཚོགས་ལ་འཇིགས་ཏེ་བཏང་སྙོམས་སུ་བཞག   ཝ་དང་འ་གཉིས་ཕན་ཚུན་བརྗེས་ནས་བརྗོད་པའི་ལུགས་ཀྱང་ཅི་རིགས་ཡོད་པའི་སྐོར་གཏམ་རྒྱུད་གསེར་ཐང་གི་སྔོན་དང་ད་ལྟའི་བར་ཡུལ་སོ་སོའི་ཡིག་རིགས་ཞེས་པའི་ལེའུའི་ནང་དུ་22 ཞིབ་རྒྱས་སུ་སྒྲུབ་ཡོད་པ་མ་ཟད། རྗེ་བཙུན་གྲགས་རྒྱམ་གྱི་《བོད་ཀྱི་རྒྱལ་རབས་》ལས། དེས་ཝ་ཞྭ་བཟའ་མང་པོ་རྗེ་བཞེས་པའི་སྲས་མང་སྲོང་མང་བཙན། དེའི་ཞང་ཚེ་སྤོང་གིས་བགྱིའོ་23ཞེས་གུང་རི་གུང་བཙན་ལ་བཙུན་མོ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་ཁབ་ཏུ་བཞེས་པར་བོད་ཀྱི་ཆོས་འབྱུང་དེབ་ཐེར་དག་ཞལ་མཐུན་པ་ལའང་ཝ་ཞ་ཞེས་བྲིས་བས་མཚོན། གོང་གི་དེབ་ཐེར་དེ་དག་ནི་དཔེ་རྒྱུན་ཧ་ཅང་དཀོན་པས་བྲིས་མ་ཤ་སྟག་དང་། ལ་ལའི་མ་དཔེ་ནི་ཡིག་རྙིང་དབུ་མེད་བྲིས་མ་སྐུང་ཡིག་ཤིན་ཏུ་མང་བ་དང་། ལ་ལར་ཨང་གཟུགས་ཀྱིས་ཡིག་ཚབ་བྱས་པ། ལྷག་པར་ཡིག་མཁན་གྱི་བརྡ་དག་གི་ཤེས་ཡོན་དམན་ཁར་བཤུ་འབྲི་བྱེད་སྐབས་ཕལ་ཆེར་མགྱོགས་ཁྱད་དཔོག་བྲིས་བྱས་པར་མངོན་པས་མིང་ཚིག་དང་། ཡི་གེའི་སྦྱོར་ཚུལ་གང་སར་མ་དག་པ་ཧ་ཅང་མང་ལ་ཆད་ལྷག་ཀྱང་མི་ཉུང་བ་ཞིག་ཤོར་འདུག་པས་ས་ཞ་ཞེས་མ་དག་པ་ཅི་རིགས་བྱུང་ཡོད་པ་གཞུང་ལ་བལྟས་པས་རྟོགས་སླ་ཞིང་། དེབ་དེའི་དཔེ་སྒྲིག་པས་དཔེ་སྐྲུན་གསལ་བཤད་ནང་དུའང་དེ་བཞིན་དུ་བྲིས་ཡོད།
          དེར་བརྟེན། གྲི་གུམ་བཙན་པོས་གདན་དྲངས་པའི་མཚན་ལ་འ་ཞ་ཞེས་བརྗོད་པ་ནི་བསྙོན་དུ་མེད་ཅིང་། འོ་ན་དུས་སྐབས་དེ་ནི་གང་ཞིག་ལ་བབས་ཡོད་དམ་ཟེར་ན། བོད་ཀྱི་ལོ་རྒྱུས་《སྤྱི་དོན་པདྨ་རཱ་གའི་ལྡེ་མིག་》ལས། ཧ་ལམ་ཕྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་སྐབས་སུ་འདོད་པ་24དང་། 《དེབ་ཐེར་ཀུན་གསལ་མེ་ལོང་》དུ་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོ་ཙམ་25ཞེས་པ་དང་། 《བོད་ཀྱི་ལོ་རྒྱུས་གླེང་པའི་གཏམ་》ཏུ། ཡོངས་གྲགས་ལྟར་གཉའ་ཁྲི་བཙན་པོ་ནས་ལོ་གྲངས་མར་འདེད་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་གི་《བསྟན་རྩིས་ཀུན་བཏུས་》 ལ་གཞི་བཅོལ་ནས་ཕྱི་ལོ་ཚུགས་ཁ་མའི་དྲུག་ཅུ་སྐོར་ཙམ་ལ་ཨེ་ཁེལ་བསམས་26ཞེས་པ་ལ་སོགས་ཀྱིས་ཕྱི་ལོ་དང་པོའི་གོང་རོལ་དུ་ཁེལ་ཞིང་། བོད་ཀྱི་ཆོས་འབྱུང་དེབ་ཐེར་གྲགས་ཅན་དག་གིས་སྲོང་བཙན་ནས་གཉའ་ཁྲི་བཙན་པོའི་བར་གྱི་ལོ་བཟུང་བས་སྤྱི་གྲངས། 《རྒྱལ་རབས་གསལ་བའི་མེ་ལོང་》ལྟར་ན་73127དང་། 《ཚལ་བའི་དེབ་དམར་》དང་། 《ཡར་ལུང་ཇོ་བོའི་ཆོས་འབྱུང་》 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལྟར་ན་81028 དང་། 《རྒྱ་བོད་ཡིག་ཚང་ཆེན་མོ་》ལྟར་ན། 115729 ཞེས་འཁོད་པའི་ནང་གི་རྒྱ་བོད་ཀྱི་ཡིག་རྙིང་གཙིགས་སུ་འཛིན་པའི་དེབ་ཐེར་རྣམ་གསུམ་པོ་བསྡོམས་པའི་ལོ་གྲངས་810 སྟེང་དཀྱིས་གཅིག་ཏུ་བབས་པ་གཞི་བཟུང་སྟེ། ཨ་ལགས་དོར་ཞིས་1988དང་1989ལོའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་དང་པོ་དང་གཉིས་པའི་སྟེང་བསྟུད་མར་《ཕྱི་རབས་པས་བསྒྲིགས་པའི་བོད་རྒྱལ་གྱི་ལོ་ཚིགས་དང་སྲོང་བཙན་སྒམ་པོའི་དགུང་གྲངས་འདོད་ཚུལ་སོགས་ལ་དཔྱད་པ་》ཞེས་པའི་སྐོར་གྱི་ལྗགས་རྩོམ་འགའ་སྤེལ་བ་དང་། ཨ་ཁུ་བཤད་སྒྲུབ་ཀྱིས་1990ལོའི་《ཀྲུང་གོའི་བོད་རིག་པ་》 དེབ་དང་པོའི་སྟེང་《སྲོང་བཙན་གྱི་དགུང་གྲངས་སོ་བཞིར་འདོད་པའི་དོགས་དཔྱོད་》 ཅེས་བཀོད་པ་ལ་སོགས་ཀྱི་ནང་དུ་སྔ་རྗེས་སུ་སྲོང་བཙན་གྱི་འཁྲུངས་ལོ་569 ལོར་བབས་པར་ལུང་རིགས་གཉིས་ཀྱི་ལམ་ནས་རྨ་མེད་པར་སྒྲུབ་ཡོད་པའི་འཁྲུངས་ལོ་དེ་ནས་ཡར་དེད་པའི་བསྡོམས་གྲངས་ཀྱིས་རྒྱལ་རབས་སོ་གསུམ་ལ་བགོས་ན་བཙན་པོ་རེས་དགུང་ལོ་ཉེར་ལྔར་སྲིད་བསྐྱངས་བའི་ལོ་གྲངས་དེའང་དེང་སྐབས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྒྱལ་པོ་རེའི་ཆ་སྙོམས་ཀྱི་སྲིད་སྐྱོང་གི་ལོ་གྲངས་ཉེར་ལྔར་ཆ་འཇོག་པའི་ལོ་རྒྱུས་ཀྱི་རིགས་པའང་མཐུན་པས་ན། སྲོང་བཙན་གྱི་འཁྲུངས་ལོ་དེ་ནས་ལོ་གྲངས་ཡར་འདེད་བྱས་ནའང་གྲི་གུམ་བཙན་པོ་སྐུ་བཞུགས་པའི་དུས་ཚིགས་ནི་ཕྱི་ལོ་དང་པོའི་གོང་ཙམ་དུ་འབབ་པས། དུས་སྐབས་དེར་བོད་དུ་འ་ཞའི་རིགས་རྒྱུད་མཆིས་ཤིང་ཐུ་ལུ་ཧུན་གྱི་ཚོ་ཁག་ནི་ཕྱིས་ཀྱི་མི་ལོ་སུམ་བརྒྱ་ལྷག་གི་རྗེས་སུ་ད་གཟོད་རྨ་ཆུ་དང་ཙོང་ཆུའི་རྒྱུད་དུ་ཐོན་པར་གླེང་བས། 《ཆོས་འབྱུང་མཁས་པའི་དགའ་སྟོན་》གྱི་རྒྱ་འགྱུར་མའི་ནང་དུ་གྲི་གུམ་བཙན་པོའི་སྐབས་རྒྱ་ནག་གི་ཡིག་ཚང་ལྟར་ན་ཐུ་ལུ་ཧུན་ཞེས་པ་ལོ་རྒྱུས་སྟེང་བྱུང་མེད་པས་འ་ཞའི་སྒྲ་སོར་བཞག་བྱས་པ་དང་། སྟག་རི་གཉན་གཟིགས་སྐབས་མདོ་སྨད་དུ་ཐོན་པར་བརྗོད་པས་བོད་ཡིག་གི་འ་ཞ་དོར་ནས་ཐུ་ལུ་ཧུན་30 ཞེས་གང་དྲན་དྲན་དུ་བསྒྱུར་བ་ནི་མཚམས་རེ་རང་གཅིག་པུར་ལྐོག་ནས་གད་མོ་འཆོར་བའི་སྐབས་ཀྱང་ཡོད། ལྷག་པར་དུ་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ལས་ངེད་ཅག་གིས་མཐོང་ལམ་དུ་མངོན་ཐུབ་པའི་གྲི་གུམ་བཙན་པོའི་འཕྲིན་ལས་སྤེལ་ཡུལ་གཙོ་བོ་ཞིག་ནི་གཙང་གི་མྱང་ཆུའི་རྒྱུད་ཡིན་ཞིང་། དེའི་སྐོར་《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་》ལས་ཀྱང་། བསྟན་པ་ཕྱི་དར་གྱི་སྐབས་སུ་རྒྱལ་པོའི་མཁར་ལ་སྔ་བ་བོད་ཆོས་རྒྱལ་གདུང་རྒྱུད་རྗེ་གྲི་གུམ་བཙན་པོས་གནང་བའི་ཕོ་བྲང་རྩེ་ཆེན་ལྔ31ཞེས་རྗེན་པར་བསྟན་པ་མ་ཟད། ད་དུང་ཡུལ་འཛིན་པའི་གང་ཟག་གི་སྐྱེས་བུ་མི་རབས་རིམ་པར་བྱུང་པ་བཤད་པ་ནི། མྱང་སྟོད་འདྲེ་དང་ཁྱུང་གིས་འཛིན་མྱང་བར་རྩད་(བཙད་)པོ་འ་ཞྭས་འཛིན། མྱང་སྨད་ལྕེ་དང་དཔྱལ་གྱིས་འཛིན་32 ཞེས་མྱང་ཡུལ་བར་མའི་ས་འཛིན་གྱི་ཐོག་མ་འ་ཞ་ཡིན་པ་དངོས་སུ་བསྟན་པས། གྲི་གུམ་བཙན་པའི་སྐབས་སུ་འ་ཞའི་རིགས་རྒྱུད་འབྱུང་སྲིད་པའང་རྗེས་སུ་དཔག་ཐུབ། སྒྲུབ་བྱེད་ཀྱི་ལུང་རིགས་ད་དུང་ཡོད་ཀྱང་ས་བཅད་འོག་མའི་ནང་གླེང་བར་བྱ།
          ཡང་《མཁས་དགའ་》ལས། ལྷ་སྲས་དམུས་ལོང་བཀོན་པ་བཀྲ་དེ་ཡིས།། གཉན་པོ་གསང་བ་མཆོད་པའི་བྱིན་རླབས་དང་།། འ་ཞའི་ཡུལ་གྱི་སྨན་པས་སྤྱན་ཕྱེ་སྟེ།། སྟག་མོའི་རི་ལ་རི་དྭགས་གཉན་གཟིགས་པས། མཚན་ཡང་སྟག་རི་གཉན་གཟིགས་བཙན་དུ་ཐོགས།།33ཞེས་གསུངས་པའི་《ལོ་རྒྱུས་ཀྱི་གནད་དོན་ལྡེའུ་ཆོས་འབྱུང་》 དང་། 《རྒྱ་བོད་ཆོས་འབྱུང་། 》《 ཡར་ལུང་ཇོ་བོའི་ཆོས་འབྱུང་།》《རྒྱལ་རབས་གསལ་བའི་མེ་ལོང་། 》《རྒྱ་བོད་ཡིག་ཚང་ཆེན་མོ།》《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། 》《སྡེ་སྲིད་ཀྱི་གསོ་རིག་སྨན་གྱི་ཁོག་འབུགས་》ལ་སོགས་ཀྱ34ཀྱི་ནང་དུ་བཀོད་ཡོད་པས། སྐབས་དེར་རྒྱལ་ཕྲན་འ་ཞའི་ཡུལ་ནས་སྨན་པ་མཁས་པ་ཞིག་བོས་ཏེ་བཙན་པོའི་སྤྱན་ལ་སྨན་བཅོས་བྱས་པའི་གནས་ཚུལ་ཡིད་ཆེས་བར་སེམས། དེ་ལྟར་ན་སྲོང་བཙན་569 ལོར་འཁྲུངས་བའི་རྨ་མེད་པའི་ལོ་རྒྱུས་ཀྱི་བདེན་ཚིག་དེ་གཞི་བཟུང་ནས་ཡར་དེད་ན་《རྒྱལ་རབས་གསལ་བའི་མེ་ལོང་》དུ་《བོད་ཀྱི་ཡིག་རྙིང་ཀ་ཚིགས་ཆེན་མོ་》དང་《རྒྱལ་རབས་དཔག་བསམ་ལྗོན་ཤིང་》རྣམས་ལ་ཁུངས་གཏུགས་ནས་གནམ་རི་སྲོང་བཙན་གྱིས་ཆབ་སྲིད་ལོ་དྲུག་ཅུ་བཟུང་ནས་འདས་བར་35 གསུངས་པ་དང་། སྟག་རི་གཉན་གཟིགས་ཀྱིས་རང་ལོ་བཞི་བཅུ་བར་སྲིད་བསྐྱངས་36 ཞེས་《དེབ་ཐེར་ཀུན་གསལ་མེ་ལོང་》དུ་གསུངས་པ་ཡང་དག་པའི་ཁུངས་སུ་ལེགས་ན། འ་ཞའི་སྨན་པས་སྟག་རི་གཉན་གཟིགས་ཀྱི་སྤྱན་ཕྱེ་བའི་དུས་ནི་460ལོའི་ནང་དུ་བབས་པར་མ་ཟད། གོང་དུ་བཤད་པ་ནི་སྲིད་སྐྱོང་གི་ལོ་གྲངས་ཡིན་པ་ལས་གནམ་རི་སྲོང་བཙན་གྱི་དགུང་ལོའི་སྤྱི་གྲངས་མ་ཡིན་པ་དང་། 《རྒྱ་བོད་ཆོས་འབྱུང་》དུ་ཡབ་མེས་ཀྱི་ཡི་དམ་སྤངས་པ་དང་། ཇོ་མོའི་ཟས་ལ་རྟོག་པ་སྐྱེས་ནས་ཡབ་སྙུན་གྱིས་ཟིན་པ་དང་། སྲས་སྤྱན་མ་དབྱེ་བའི་བར་དུ་ལོ་ཉི་ཤུ་རྩ་གཅིག་རྒྱལ་ས་ཤོར་ཏེ། དེ་ལ་བར་གྱི་སྟེང་གཉིས་ཟེར་རོ་37ཞེས་པའི་དབང་གིས་ད་དུང་ལོ་བཅུ་ཕྲག་འགའ་བར་སྟོང་དུ་ལུས་ཀྱང་སྲིད་པས། ལོ་དེ་དག་ཁ་བསྣན་ཏེ་ཡར་འདེད་བྱས་ན་ཏག་ཏག་ཐུ་ལུ་ཧུན་གྱི་རྗེ་རབས་དགུ་བ་(阿豺 )ཞེས་པའི་སྐབས་སུ་ཐུག་ལ། ཐུ་ལུ་ཧུན་ལ་འ་ཞ་ཞེས་འབོད་པར་འདོད་པ་རྣམས་ཀྱི་སྒྲུབ་བྱེད་ནི་རྗེ་རབས་དགུ་བ་འདིའི་རྗེས་ནས་ད་བཟོད་སྟོབས་ཤུགས་ཇེ་ཆེར་སོང་ནས་རྗེ་བོས་མཚན་རིམ་གྱིས་རིགས་སམ་ཡུལ་མིང་དུ་ཟུར་ཆག་པར་བཤད་མོད། བོད་ཀྱི་དེབ་ཐེར་ནང་དུ་རྗེ་བོ་འདིའི་སྐབས་དང་དེའི་སྔོན་ནས་འ་ཞའི་མཚན་དངོས་སུ་བྱུང་ཡོད་པར་མ་ཟད། དུས་འདིར་ཟིངས་པོ་རྗེ་སྟག་སྐྱ་བོའི་བློན་པོ་མྱང་དབས་གནོན་དང་གསུམ་ཚེ་སྤོང་འཕྲིན་དང་བཞིས་ཞལ་དུ་བལྟས་ཏེ་རྒྱལ་ཕྲན་བཅུ་གཉིས་ཀྱི་སྲིད་བརླག་པར་བྱས་ནས་ཞང་ཞུང་སྡེ་དང་བཅས་པ་འ་ཞ་འཁོར་དང་བཅས་པ་དྭཊ་པོ་གཡོག་དང་བཅས་པ་མངར་འདུས་38 ཞེས་《ལྡེའུ་ཆོས་འབྱུང་》 རྒྱས་བསྡུས་གཉིས་གཙོ་བྱས་པའི་དེབ་ཐེར་གྲགས་ཅན་རྣམས་སུ་གསལ་བ་དང་། 《ཏུན་ཧོང་གཏེར་ཡིག》 P. T. 1287 ནང་སྟག་བུ་སྙ་གཟྀགས་ཀྱི་རྟོགས་བརྗོད་དུའང་དེའི་སྐོར་གྱི་ལོ་རྒྱུས་ས་བོན་ཙམ་བཞུགས། ལྷག་པར་དུ་མཁས་དགའི་ནང་དུ་རྒྱལ་ཕྲན་འ་ཞ་རྗེ་བྱ་བ་སྨན་པ་མཁས་པ་ཅིག་བོས་པས་སྤྱན་ཕྱེ། རྒྱལ་བུའི་ཕྱགས་སྒོ་ཀླད་དུ་བཏགས་པའི་འོག་དུ་འ་ཞ་རྗེས་འཛུལ། ལོག་ནས་མས་གཏམ་དྲིས་པས། བོད་ཀྱི་རྒྱལ་པོ་ནི་མ་མཐོང་། སྒོ་གོང་ན་གཡུའི་ལྷམ་ཆུང་ཞིག་བཏགས་འདུག་པའི་འོག་ལ་ཕྱིན་པས་བྱིས་པ་དམུས་ལོང་ཞིག་འདུག་པའི་མིག་ཕྱེ་ནས་ལོག་གོ་སྨྲས་པས་མ་ན་རེ། གཏམ་ཆེས་སོད་ནི་བོད་ཀྱི་ཆབ་འོག་ཏུ་ཚུད་པས་ཐབས་ཅི་ཡང་མེད་དོ་ཟེར་39ཞེས་སྐབས་དེར་འ་ཞ་དབང་དུ་བསྡུས་པར་མ་ཟད། རྒྱལ་ཕྲན་འ་ཞ་པས་རང་ཉིད་བོད་ཀྱི་མངའ་རིས་སུ་ཚུད་པའི་གནས་བབས་དང་སེམས་ཀྱི་འགྱུར་བའང་གླེང་མོལ་གྱི་ཚུལ་གྱིས་ལྷག་མེད་དུ་མཚོན། ཅིའི་ཕྱིར་ཞེ་ན། བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ན་བཙན་པོ་རིམ་བྱོན་དང་འ་ཞ་རྗེ་གཉིས་ཀྱི་བར་དུ་གཉེན་འབྲེལ་བྱུང་བ་ནི་གུང་རུ་གུང་བཙན་གྱིས་འ་ཞ་བཟའ་མང་པོ་རྗེ་ཁབ་ཏུ་བཞེས་ཏེ་མང་སྲོང་མང་བཙན་འཁྲུངས་པ་འདི་ཐོག་མ་ཡིན་ཞིང་། ཏུན་ཧོང་གཏེར་ཡིག་གཙོ་བྱས་པའི་བོད་ཀྱི་ཡིག་རྙིང་རྣམས་སུ་དབོན་འ་ཞ་ཞེས་བཀོད་པ་ལ་བརྟག་ན། གུང་རུ་གུང་བཙན་གྱི་ཡར་སྔོན་དུ་བཙན་པོའི་ཁྱིམ་རྒྱུད་ཀྱི་བུད་མེད་ཅིག་འ་ཞའི་རྗེར་བཙན་མོར་བསྩལ་བ་ཐག་གིས་ཆོད། དེ་ལྟར་མ་ཡིན་ན་འ་ཞ་ལ་ཞང་ཟེར་བ་ལས་དབོན་ཞེས་འབོད་མི་སྲིད་པས། བོད་བཙན་པོའི་ཁྱིམ་རྒྱུད་དང་འ་ཞའི་བར་གནམ་རི་སྲོང་བཙན་ཡབ་སྲས་དང་ཡང་ན་དེའི་གོང་རོལ་ནས་དབོན་ཞང་གི་འབྲེལ་བ་བྱུང་ངེས། མིག་སྔར་ལག་སོན་བྱུང་བའི་ཡིག་ཚང་ལྟར་ན་སྟག་རི་གཉན་གཟིགས་ཀྱི་ཡབ་མེས་གང་རུང་ཞིག་གི་སྐབས་སུ་བཙན་པོའི་ཁྱིམ་རྒྱུད་ཀྱི་བུད་མེད་ཅིག་འ་ཞ་རྗེར་བསྩལ་ནས་ཕྱི་ནང་མཉམ་འབྲེལ་བྱས་ཏེ་སྟག་རི་གཉན་གཟིགས་ཀྱི་རིང་ལ་འ་ཞ་མངའ་རིས་སུ་ཚུད་པར་བརྗོད་པའི་ལོ་རྒྱུས་ཀྱི་འབྲས་བུ་དེ་སྨིན་ཞིང་། བཙན་པོའི་རྒྱལ་རབས་སུ་བཙན་མོ་མངགས་ནས་ཆབ་སྲིད་མཉམ་མོལ་བྱེད་པའི་སྲོལ་ནི་ཤིན་ཏུ་ཡང་དར་བས། སྐབས་དེར་བཙན་པོས་འ་ཞ་རྗེར་བཙུན་མོར་མངགས་པའི་བུད་མེད་དེ་ནི་སྟག་རི་གཉན་གཟིགས་ཀྱི་སྤྱན་འབྱེད་པའི་འ་ཞ་རྗེ་རང་ཡུལ་དུ་ལོག་རྗེས་སུ་བཀའ་འདྲི་བྱེད་པའི་ཨ་མ་དེ་ཡིན་པའི་དོགས་གཞི་ཡོད་ཅིང་ཞིབ་ཏུ་བརྟག་དགོས།
          དེ་བས་ན་འ་ཞ་དང་ཐུ་ལུ་ཧུན་གཉིས་རུས་རྒྱུད་འབྱུང་ཁུངས་གཅིག་མིན་པ་གོང་གི་ལོ་གྲངས་ཀྱི་ཐོག་ནས་རྟོགས་སླ་ཞིང་། གལ་སྲིད་དེ་གཉིས་ཕྱིས་སུ་རིགས་རྒྱུད་གཅིག་ལ་མིང་གི་འདོགས་ཚུལ་གཉིས་སུ་གྱུར་པ་ཡིན་ན། འདིའི་སྐབས་སུ་བོད་ཀྱི་ཡིག་རྙིང་རྣམས་ཀྱིས་འ་ཞ་བོད་ཀྱི་ཆབ་འོག་ཏུ་བཅུག་པར་བཀོད་པ་དང་། དེང་སྐབས་ཀྱི་ཞིབ་འཇུག་པ་ཕལ་མོ་ཆེས་ཐུ་ལུ་ཧུན་གྱི་རྗེ་རབས་དགུ་བ་ནས་རིམ་གྱིས་སྟོབས་འབྱོར་མངའ་ཐང་རྒྱས་ཏེ་མདོ་སྨད་དང་། ལི་ཡུལ། ཤ་ཅུ་ལ་སོགས་པ་ཕལ་ཆེར་དབང་དུ་བསྡུས་པར་བཤད་པ་གཉིས་ཅི་ནས་ཀྱང་གུང་སྒྲིག་ཐབས་མེད་པར་འགྱུར་ཏེ། བཙན་པོ་རྒྱལ་རབས་ཀྱི་དུས་སུ་འ་ཞའི་ཡུལ་དང་། རྒྱལ་ཕྲན་འ་ཞ། འ་ཞའི་རྗེ་བོ་ཞེས་པའི་གཅིག་གྱུར་གྱི་འབོད་སྲོལ་བོད་ཀྱི་ཆོས་འབྱུང་དེབ་ཐེར་དང་ཏུན་ཧོང་གཏེར་ཡིག་ལ་སོགས་ཀྱི་ནང་དུ་མ་གྲོས་རང་མཐུན་དུ་བཀོད་ཅིང་། འ་ཞའི་རྒྱལ་ཁམས་སམ་རྒྱལ་ཁབ་ཡང་ན་འ་ཞའི་རྒྱལ་པོ་ཞེས་དངོས་སུ་བྲིས་ཡོད་པ་རྒྱ་ཁབ་བཙལ་བ་བཞིན་མི་རྙེད། དོན་དུ་ཐུ་ལུ་ཧུན་ལ་ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་དཔེ་རྙིང་དག་ལ་དངོས་སུ་མཇལ་མ་ཐུབ་པར་ཏུན་ཧོང་གཏེར་ཡིག་གཙོ་བྱས་པའི་འགྱུར་ཡིག་འགའ་ལ་གཞི་བཅོལ་ནས་འ་ཞ་དང་ཐུ་ལུ་ཧུན་གཉིས་ཀྱི་རིགས་རྒྱུད་གཡག་སྣར་ཁུ་ཚུར་གྱིས་བཙན་བསྒྲིགས་བྱས་ཏེ་སྒྲུབ་བྱེད་མཐའ་དག་བྱེ་མའི་ཆངས་བུ་ལྟར་གྱུར་པས། F. w ཐོ་མ་སིས་འ་ཞ་དང་ཐུ་ལུ་ཧུན་གཉིས་རིགས་རྒྱུད་འཚོ་བ་གཅིག་ཡིན་པར་དོགས་དཔྱོད་གང་ལེགས་མཛད་མཐར་ཕྱི་ལོ་417 ནས་430ལོའི་བར་ཐུ་ལུ་ཧུན་གྱི་རྗེ་བོ་ཞིག་གི་མཚན་ལའང་(阿豺)དེ་ལྟར་འབོད་ཅིང་། ཁོང་ནི་ཤ་ཅུ་ཡུལ་དུ་ཐོག་མར་རྒྱལ་ཕྲན་གསར་འཛུགས་བྱས་ཏེ་ཁྲི་ལ་བཞུགས་པའི་ཐུ་ལུ་ཧུན་གྱི་རྗེ་བོ་དང་པོ་ཡིན་ལ། རྗེ་བོ་འདིའི་འ་ཞའི་རིགས་ཀྱི་མིང་རང་ཉིད་ཀྱི་མཚན་དུ་བཞེས་པ་ལྟར་སྣང་40 ཞེས་གསུངས་པ་ནི་གཟུར་གནས་དགྱེས་བའི་མཆོད་སྤྲིན་དུ་འཁུམས། ད་དུང་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་ནས་མཆེད་པའི་བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ནང་དུའང་སེ་འ་ཞ་ཞེས་གསལ་བར་བཀོད་པ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་སེ་འ་ཞ་ལས་རུས་སྒ་བྱུང་བ་ནི་ལོ་གྲངས་ཀྱི་ཐོག་ནས་གོང་གི་དེ་དག་ལས་ཀྱང་སྔ་བ་གོར་མ་ཆག་མོད་འདིར་ཚིག་ཚོགས་སྐྱུངས་ཕྱིར་མ་སྤྲོས།
གཉིས། བོད་ཀྱི་ལོ་རྒྱུས་སྟེང་དུ་འབོད་སྲོལ་མི་མཐུན་པ།
          དེང་སྐབས་ཀྱི་ཞིབ་འཇུག་པ་རྣམས་ཀྱི་དཔྱད་འབྲས་ལྟར། འ་ཞ་དང་ཐུ་ལུ་ཧུན་གཉིས་རིགས་རྒྱུད་གཅིག་ལ་མིང་གི་འབོད་སྲོལ་གཉིས་ཡོད་པར་བདེན་ན། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་དེབ་གཅིག་གི་ནང་ནས་དེ་གཉིས་ཀྱི་མིང་ཐ་དད་དུ་མི་འཁོད་པ་དང་། ཐ་དད་དུ་བཀོད་ཀྱང་གདགས་གཞི་གཅིག་ལ་ཇི་ལྟར་འབབ་པའི་དོགས་སེལ་བྱེད་པ། གདགས་གཞི་གཅིག་པའི་དོགས་སེལ་རྒྱ་ཆེར་མི་སྤེལ་ནའང་རིགས་རྒྱུད་ཀྱི་འབྱུང་ཁུངས་གཅིག་ཡིན་པ་གསལ་བཤད་ལེགས་པར་བྱེད་ངེས། ཡིན་ན་ཡང་། བོད་ཀྱི་དེབ་ཐེར་དག་ན་འ་ཞ་དང་ཐུ་ལུ་ཧུན་གཉིས་རྩ་བ་ནས་ཐ་དད་དུ་བཀོད་པ་མ་ཟད། གདགས་གཞི་གཅིག་ལ་འབབ་པའི་དོགས་སེལ་བྱེད་པར་ཕར་ཞོག རྩ་བའི་རིགས་རྒྱུད་ཀྱི་འབྱུང་ཁུངས་མི་གཅིག་པའི་གསལ་བཤད་བྱས་ཡོད་པས། གཤམ་དུ་དེའི་སྐོར་ཕྱོགས་གཅིག་ཏུ་དྲིལ་ནས་དབྱེ་ཞིབ་རགས་ཙམ་བགྱིའོ།།
          (ཐང་ཐའི་ཛུང་གིས) ཤིང་ཕོ་རྟའི་ལོ་ལ་བོད་ཀྱི་རྒྱལ་པོ་དང་སྐྱེས་བསྐུར་རེས་བྱས་ནས་གྲོགས་པོ་བྱས། ཐང་གི་སྲིང་མོ་སློང་བ་ལ། ཧོར་དང་ཐུ་ལུ་ཧུན་གྱི་མི་བྱུང་བ་ལ། རྒྱལ་རིགས་ཀྱི་བུ་མོ་རེ་བྱིན་ནས་ལོག  བོད་ཀྱི་རྒྱལ་པོས་ཀྱང་འདོད་དུ་བྱུང་བ་ལ་མ་བྱིན་པས་ཁྲོས་ནས། བོད་ཀྱི་རྒྱལ་པོས་དམག་འབུམ་ཕྲག་གཉིས་ཁྲིད་ནས་ཐུ་ལུ་ཧུན་བཅོམ་ནས་ཟུང་ཅེའུར་སླེབ་41ཅེས་ཚལ་བའི་དེབ་དམར་དུ་ཐང་གུར་གྱི་དེབ་ཐེར་ལས་བོད་ཀྱི་རྒྱལ་རབས་སྐོར་གྱི་ལོ་རྒྱུས་བོད་འགྱུར་ཐོག་མར་བཀོད་དེ། 《རྒྱལ་རབས་གསལ་མེ་》དང་། 《 ཡར་ལུང་ཆོས་འབྱུང་།》《དེབ་སྔོན།》《མཁས་དགའ།》《བོད་རྒྱ་ཡིག་ཚང་།》 《ཆོས་འབྱུང་བསྟན་པའི་ཉིན་བྱེད་》 ལ་སོགས་42ཀྱི་ནང་དུ་གང་ལ་གང་འཚམ་གྱིས་ལུང་དྲངས་ནས་ཐུ་ལུ་ཧུན་ཞེས་པའི་མིང་ཐེངས་གསུམ་ནས་བཞི་བར་བྱུང་ཡོད་པ་དང་། 《རྒྱལ་རབས་གསལ་མེ་》དང་། 《ཡར་ལུང་ཆོས་འབྱུང་།》《དེབ་སྔོན།》《མཁས་དགའ།》《བོད་རྒྱ་ཡིག་ཚང་》བཅས་ཀྱི་ནང་དུ་འ་ཞ་དང་ཐུ་ལུ་ཧུན་གཉིས་ཐ་དད་དུ་བཀོད་པ་གོང་ནས་དྲངས་པའི་ལུང་དག་ལས་གསལ་ཕྱིན་ཚིག་ཚོགས་སྤུངས་པའི་ངལ་བ་དང་དུ་མ་བླངས། འདིར་ཐུ་ལུ་ཧུན་ཞེས་བྱུང་བ་ནི་ཐང་གུར་གྱི་དེབ་ཐེར་ལོ་ཙཱ་དང་ཚལ་པས་བོད་ཡིག་ཏུ་འབྲི་སྐབས་རྒྱ་ཡིག་གི་ཐུ་ལུ་ཧུན་གྱི་བསྟན་དོན་མ་རྟོགས་པར་སྒྲ་སོར་བཞག་བྱས་ཏེ་འ་ཞ་དང་ཐ་དད་ལྟར་སྣང་ཟེར་ན། ལོ་ཙཱའི་འཕྲིན་ལས་ཁྲོད་དུ་འདི་དང་འདི་ལྟ་བུའི་སྣང་ཚུལ་ཇི་སྙེད་འབྱུང་བ་བདེན་མོད། ཚལ་པས་འགྱུར་ཡིག་ལུང་དྲངས་པའི་མཇུག་མཐར་རྒྱ་བོད་ཀྱི་ལོ་རྒྱུས་འདི་ཐའི་ཛུང་གི་དུས་ཀྱི་ཡིག་ཚང་པ་བ་སུ་ཁྱི་ཞེས་པས་བརྩམས། ཕྱིས་ཧན་གསྭིའུ་ཚས་བསྡུས་ཏེ་སྡེབས། རྒྱའི་ལོ་ཙཱ་བ། ཧུ་གྱང་ཇུས་ཤིང་མོ་བྱ་ལོ་ལ་ཤིང་ཀུན་ཏུ་བསྒྱུར། བླ་མ་རིན་ཆེན་གྲགས་གུ་ཤྲིས་ཤིང་མོ་གླང་ལ་བོད་ཡིག་ཏུ་སྤར་དུ་བཏབ་བོ།། འདིའི་ལོའི་དབང་ཐང་ནོར་བ་འགའ་རེ་སྣང་། ཐུ་ལུ་ཧུན་ཧོར་སེར་ཡིན། འུ་ཐེན་ཨོ་ཐོན་ཡིན། བོད་ཀྱི་རྒྱལ་རབས་དང་ཕལ་ཆེར་མཐུན་པ་ལ་འདི་ཞིབ་པར་སྣང་བ་ཆེ་ལོང་ཞིག་འདིར་བྲིས་་་་་་་་་43ཞེས་ཐང་གུར་གྱི་དེབ་ཐེར་ལས་བོད་ཀྱི་ལོ་རྒྱུས་སྐོར་མཛད་པ་པོ་དང་། དཔེ་སྒྲིག་པ། ལོ་ཙཱ་བ། པར་སྐྲུན་བཅས་ངོ་སྤྲོད་བྱས་རྗེས། འདིའི་ལོའི་དབང་ཐང་ནོར་བ་འགའ་རེ་སྣང་། ཐུ་ལུ་ཧུན་ཧོར་སེར་ཡིན། འུ་ཐེན་ཨོ་ཐོན་ཡིན་ཞེས་དམིགས་སུ་བཀར་ནས་གསལ་བཤད་བྱེད་སྐབས་ཐུ་ལུ་ཧུན་ནི་ཧོར་སེར་ཡིན་ཞེས་གླེང་དགོས་དོན་མེད་ལ་ཐུ་ལུ་ཧུན་འ་ཞ་ཡིན་ཞེས་བརྗོད་ན་འགྲིག་མོད། དེ་ལྟར་མ་བྲིས་པ་ནི་འ་ཞ་དང་ཐུ་ལུ་ཧུན་གཉིས་ཐ་དད་ཡིན་པ་དངོས་སུ་བསྟན་པ་མ་ཡིན་ནམ།
          རྒྱ་བོད་ཡིག་ཚང་དང་དེབ་དམར་རྒྱ་འགྱུར་མའི་ནང་དུ་འདིའི་ལོའི་དབང་ཐང་ནོར་བ་འགའ་རེ་སྣང་། ཐུ་ལུ་ཧུན་ཧོར་སེར་ཡིན། འུ་ཐེན་ཨོ་ཐོན་ཡིན་ཞེས་པའི་ཚིག་གི་གཅོད་མཚམས་ཉམས་ཏེ་其中,有个别年代干支的错误和译名不当,如将吐谷浑译为黄霍尔,将和田译为沃田等44ཞེས་བསྒྱུར་བ་ནི་ཧ་ཅང་མི་འཐད་དེ། གཅིག་ནས་གོང་གི་ཚིག་དེ་གཉིས་ཀྱི་ནང་དུ་ལོའི་དབང་ཐང་ནོར་བ་འགའ་རེ་སྣང་ཞེས་ཅིག་གཅོད་ཡིན་པས། དེའི་རྗེས་སུ་དཔེར་ན་ཐུ་ལུ་ཧུན་ཧོར་སེར་རུ་བསྒྱུར། འུ་ཐེན་ཞེས་པ་ཨོ་ཐོན་དུ་བསྒྱུར་ཞེས་པའི་ཚིག་གི་སྦྱོར་བ་ཞིག་མ་ཡིག་ནང་དུ་མེད་ཅིང་། 译名不当ཞེས་པའང་དཔེར་ན་འདི་ལྟར་ལོག་བསྒྱུར་ཞེས་བྱ་བའི་མ་ཡིག་ནང་དུ་མེད་པའི་སྒྲུབ་བྱེད་ཅིག་སྒྲོ་འདོགས་དང་གསར་བཟོ་བྱས་པ་ལས་མ་འདས་ཏེ། ལོའི་དབང་ཐང་ནོར་བ་འགའ་རེ་སྣང་ཞེས་པ་ནི། སྐབས་འདིར་ཐང་རྒྱལ་རབས་ཀྱི་དེབ་ཐེར་《ཐང་ཧྲུའུ་གསར་རྙིང་》གཉིས་ནས་བོད་ཀྱི་སྐོར་འཁོད་པའི་དུམ་བུ་ཁག་ཅིག་འགྲོ་མགོན་འཕགས་པའི་དུས་སུ་རྒྱ་རིགས་ཀྱི་ལོ་ཙཱ་བ་ཧུའུ་ཀྱང་ཅུས་ཞེས་པས་རྒྱ་ཡིག་ནས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་ཀྱང་ལོ་ཁམས་ཀྱི་དབང་ཐང་(ཤིང་། མེ། ས། ལྕཊ། ཆུ)ནོར་བ་འགའ་རེ་སྣང་ཞེས་《དེབ་དམར》 རྩོམ་པ་པོས་མཆན་འགོད་བྱས་འདུག་་་་45ཅེས་དུང་དཀར་རིན་པོ་ཆེའི་མཆན་འགྲེལ་དུ་གསལ་བས译名不当ལྟ་བུའི་དོན་གཞན་ཅི་ཡང་མེད་པ་དང་། ཐུ་ལུ་ཧུན་ཧོར་སེར་ཡིན་པ་དང་འུ་ཐེན་ཨོ་ཐོན་ཡིན་ཞེས་པ་ནི་རིགས་མིང་དང་ས་མིང་ཙམ་ཡིན་པ་ལས་ལོའི་དབང་ཐང་ནོར་བ་དང་འབྲེལ་བ་སྤུ་ཙམ་ཡང་མེད་པས་ཕྱིར། འུ་ཐེན་ཞེས་པ་ནི་ལི་ཡུལ་གྱི་ཡུལ་བྱེ་བྲག་པ་ཞིག་ལ་འཇུག་སྟེ། བསྟན་འགྱུར་གྱི་དགྲ་བཅོམ་དགེ་འདུན་འཕེལ་དང་ལི་ཡུལ་ལུང་བསྟན་གཉིས་46 གཙོ་བྱས་པའི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་འུ་ཐེན་ཞེས་བྲིས་ཤིང་། 《ཏུན་ཧོང་གཏེར་ཡིག》 P. T. 960 ནང་དུ་འུ་ཏེན་ཞེས་ཐེངས་བཅོ་ལྔར་བཀོད་པ་དང་། P. T. 1256 ནང་དུ་ཡུ་ཐེན་ཞེས་ཐེངས་བཞིར་བྲིས། རྨང་གཞི་ཏ་དང་ཐ་གཉིས་ཕན་ཚུན་བརྗེ་རེས་བྱས་ནས་འབྲི་བ་ནི་སྐད་གསར་བཅད་སྔོན་གྱི་བོད་ཡིག་གི་རྒྱུན་ཆགས་ཀྱི་འབྲི་སྲོལ་ཞིག་རེད། འ་དང་ཡ་གཉིས་ཀྱང་དེ་བཞིན་དུ་སྣང་བས། རྒྱ་སྐད་ཀྱི་于阗ཞེས་པ་དང་འུ་ཐེན་གཉིས་སྒྲ་དོན་གཉིས་མཚུངས་ཡིན་ལ། ལི་ཡུལ་དེ་ལས་ཁྱབ་རྒྱ་ཆེ་བའི་རྒྱ་སྐད་ཀྱི་西域་ཡོངས་ལ་འཇུག འདིར་ཚལ་པས་འུ་ཐེན་ཨོ་ཐོན་ཡིན་ཞེས་པ་ནི་དེ་སྔའི་于阗ཞེས་པའི་མིང་ཕྱིས་སུ་和田ཞེས་འབོད་པའི་སྒྲར་ཟུར་ཆག་པ་གཞི་བཟུང་ནས་མཆན་འགྲེལ་གྱི་ཚུལ་གྱིས་གསལ་བཤད་བྱས་པ་ཨེ་ཡིན་སྙམ།
          གཉིས་ནས་གོང་གི་ཚིག་ཕྱི་མ་དེ་དཔེར་བླངས་བའི་དབང་དུ་བཏང་ན། ཚལ་པས་ཐང་གུར་གྱི་དེབ་ཐེར་ལས་བོད་ཀྱི་ལོ་རྒྱུས་སྐོར་ལུང་དྲངས་པའི་ནང་དུ་ཐུ་ལུ་ཧུན་ཧོར་སེར་ཡིན་ཞེས་པ་དང་ཡང་ན་ཧོར་སེར་ཐུ་ལུ་ཧུན་ཡིན་ཞེས་པའི་ཚིག་འབྱུང་དགོས་ཤིང་། ཚལ་པས་ཐོག་མར་བཀོད་པའི་ནང་དུ་དེའི་དུས་སུ་བོད་ཀྱི་རྒྱལ་པོའི་ས་མཐའ་བཞི་ནི་ཤར་ཟུང་ཅེའུ། མུ་ཅེའུ། འུ་ཅེའུ་དང་གསུམ་ཡིན། ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལ་སླེབ། ནུབ་ཕྱོགས་འུ་ཐེན་ལ་སླེབ། བྱང་ཕྱོགས་ཧོར་ལ་སླེབ། དེ་རྣམས་བསྐོར་བ་ལ་དཔག་ཚད་མང་པོ་ཡོད་ལ། བོད་ལྟ་བུ་དཔའ་བ་དང་རྟུལ་ཕོད་པ། རྒྱའི་རྒྱལ་པོ་ཧན་དང་། གཡུ་དང་། ཅེའུ་ལ་སོགས་པའི་དུས་སུའང་བྱུང་བ་མེད་ཅེས་གྲག་གོ་47ཞེས་པ་དང་གོང་དུ་ལུང་དྲངས་པའི་ཧོར་དང་ཐུ་ལུ་ཧུན་གྱི་མི་བྱུང་བ་ལ་བོད་ཀྱི་རྒྱལ་པོས་དམག་འབུམ་ཕྲག་གཉིས་ཁྲིད་ནས་ཐུ་ལུ་ཧུན་བཅོམ་ནས་ཟུང་ཅེའུར་སླེབ་ཅེས་པ་ལས་མ་ཡིག་ནང་དུ་མེད་ཅིང་། འདིའི་ནང་དུ་ཐུ་ལུ་ཧུན་ཐེངས་གཉིས་དང་འུ་ཐེན་ཐེངས་གཅིག་ལས་བྱུང་མེད་ལ། དེ་དག་གི་གཡས་གཡོན་དུ་གསལ་བཤད་རང་བཞིན་གྱི་ཚིག་གྲོགས་ཧོར་སེར་དང་ཨོ་ཐོན་རྩ་བ་ནས་ཐོན་མེད་པས་མ་ཡིག་ནས་དཔེར་བླངས་བའི་གཞི་འཛིན་སས་སྟོང་། གལ་ཏེ་《རྒྱལ་རབས་གསལ་མེའི་》 ནང་དུ་ཧོར་སེར་ཐུ་ལུ་ཧུན་གྱིས་རྒྱ་རྗེ་ལ་ཕྲ་མ་ཞུས་པས་48 ཞེས་བཀོད་ཡོད་ཟེར་ན། དེའི་ནང་དུ་རྒྱ་ཧོར་གཉིས་ཀྱི་ཡིག་ཆ་དེབ་ཐེར་ལ་མཁས་པ། ཙེན་ཚེ་སློབ་དཔོན་ཤེས་རབ་ཡེ་ཤེས་ཀྱིས་གུང་ཐང་དུ་བསྒྱུར་པ་ལས། སྡེ་གཙུག་ལག་ཁང་གཉིས་ཀྱི་བདག་པོ། རིགས་རུས་ཡོན་ཏན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ། ཚལ་པ་ཐམས་ཅད་མཁྱེན་པ་སི་ཏུ་དགེ་བའི་བློ་གྲོས་ཀྱིས་དེབ་ཐེར་དུ་བསྒྲིགས་པ་ལས་ཟུར་ཙམ་བསྡུས་པ་ཡིན་གྱིས། རྒྱ་ཧོར་གྱི་ཡིག་ཚང་རྒྱས་པར་ཤེས་འདོད་ན། དེབ་ཐེར་དེ་ཉིད་ལ་གཟིགས་ཤིག་49 ཅེས་གསུངས་པ་བཞིན་ས་སྐྱ་བསོད་རྒྱམ་གྱིས་《དེབ་དམར་》ལས་ཐད་ཀར་ལུང་དྲངས་ཏེ་ཐུ་ལུ་ཧུན་ཧོར་སེར་ཡིན། འུ་ཐེན་ཨོ་ཐོན་ཡིན་ཞེས་གསལ་བཤད་བྱས་པའི་རྩོམ་མཇུག་གི་མཆན་བུ་བསྐྱུངས་ནས་གཞུང་དངོས་སུ་ཧོར་སེར་ཐུ་ལུ་ཧུན་ཞེས་བསྡུས་འབྲི་བྱས་པས་ཕྱིར།
          གསུམ་ནས་དེབ་དམར་གྱི་རྒྱ་འགྱུར་མ་ནི་དུང་དཀར་རིན་པོ་ཆེས་བསྒྲིགས་པའི་རྩ་འགྲེལ་སྦྲགས་མའི་པར་གཞི་མ་ཡིག་བྱས་ཏེ་ལོ་ཙཱ་མཛད་ཅིང་། མཆན་འགྲེལ་གྱི་ནང་དུ་ཐུ་ལུ་ཧུན། འདི་ཕལ་ཆེར་རྒྱ་སྐད་དུ་ཐུ་ཡུ་ཧུན་ཞེས་པ་དེ་ཡིན་འདྲ་སྙམ་ཞིང་《དེབ་ཐེར་དམར་པོ་》 འདིའི་ཐང་རྒྱལ་རབས་ཀྱི་མཇུག་ཏུ། ཐུ་ལུ་ཧུན་ནི་ཧོར་སེར་ཡིན་ཞེས་བཤད་པ་ལྟར་ན། ཐུ་ལུ་ཧུན་ནི་སྔ་རབས་ཀྱི་མི་རིགས་གྲས་ཤིག་ཡིན་”50 ཞེས་ཐུ་ལུ་ཧུན་ནི་ཧོར་སེར་ཡིན་ཞེས་ཚལ་པས་མ་ཡིག་ལུངས་དྲངས་པའི་རྗེས་སུ་གསལ་བཤད་ཀྱི་རང་བཞིན་དུ་བཀོད་པ་དེ་བཞིན་དུ་དུང་དཀར་རིན་པོ་ཆེས་རྗེན་པར་བསྟན་པ་ལ་རྒྱ་འགྱུར་མའི་ལོ་ཙཱ་བས་གོ་བ་ལྡོག་ནས་དཔེར་དྲངས་པར་ལོག་བསྒྱུར་བྱས་པ་ནི་ཐུགས་དགོངས་ཅི་ཡིན་མ་འཚལ། 《རྒྱལ་རབས་གསལ་མེ་》དང་། 《ཡར་ལུང་ཆོས་འབྱུང་།》 《བུ་སྟོན་ཆོས་འབྱུང་།》《དེབ་སྔོན།》《མྱང་ཆོས་འབྱུང་།》《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》 བཅས་ཀྱི་རྒྱ་འགྱུར་མར་ཐབས་བརྒྱ་ཇུས་སྟོང་གིས་ཐུ་ལུ་ཧུན་ལ་འབྲེལ་བ་འཛུགས་གང་ཐུབ་ཀྱིས་阿豺ལྟ་བུ་སྣ་ཚོགས་བསྒྱུར་ཀྱང་འ་ཞའི་སྒྲ་སོར་བཞག་ཙམ་བྱས་པ་ནི་ཅི་ནས་ཀྱང་རྗེས་སུ་ཡི་རང་བྱེད་དགོས་མོད། དེབ་དམར་གྱི་རྒྱ་འགྱུར་མའི་ནང་《དེབ་ཐེར་དམར་པོ་》འདིའི་ཐང་རྒྱལ་རབས་ཀྱི་མཇུག་ཏུ། ཐུ་ལུ་ཧུན་ནི་ཧོར་སེར་ཡིན་ཞེས་བཤད་པ་ལྟར་ན་ཞེས་པའི་དུང་དཀར་རིན་པོ་ཆེའི་མཆན་འགྲེལ་ཡེ་ནས་རྒྱ་ཡན་དུ་བཏང་སྟེ། རང་གིས་གང་འདོད་པ་ཞིག་བསྒྱུར་བྱ་མ་ཡིག་དང་ཁ་བྲལ་ནས་བྲིས་པ་མ་ཟད། 《དེབ་དམར་》དང་《རྒྱ་བོད་ཡིག་ཚང་》51གཉིས་ཀྱི་རྒྱ་འགྱུར་མའི་ནང་དུ་མཆན་འགྲེལ་དང་གསལ་བྱེད་ཅི་ཡང་མེད་པར་འ་ཞ་མཐའ་གཅིག་ཏུ་ཐུ་ལུ་ཧུན་ལ་བསྒྱུར་བ་ནི་ལོ་ཙཱའི་རྩ་དོན་དང་པོ་བསྒྱུར་བའི་མ་ཡིག་དང་བསྟུན་དགོས་ཞེས་པའི་ཚད་གཞི་དང་འགལ། ཅིའི་ཕྱིར་ཞེ་ན། དེབ་དམར་རྩ་འགྲེལ་གཉིས་ཀྱི་ནང་དུ་ཐུ་ལུ་ཧུན་ནི་ཧོར་སེར་གྱི་རིགས་རྒྱུད་ཡིན་པ་མཆན་འགྲེལ་གྱི་ཚུལ་དུ་གསལ་བཤད་མངོན་པར་བྱས་ནའང་། རྒྱ་འགྱུར་མའི་ནང་དུ་མཐའ་གཅིག་ཏུ་ནོར་བཅོས་སུ་བསྒྱུར་བས་ཕྱིར་རོ།།
          དེ་བས། བོད་ཀྱི་ལོ་རྒྱུས་དེབ་ཐེར་གྲགས་ཅན་རྣམས་སུ་འ་ཞ་དང་ཐུ་ལུ་ཧུན་གཉིས་ཐ་དད་དུ་བཀོད་པར་མ་ཟད། ཐོག་མའི་རུས་རྒྱུད་མཆེད་ཁུངས་གཅིག་ཡིན་པའང་གསུངས་མེད་པར་། ཐུ་ལུ་ཧུན་ནི་ཧོར་སེར་ཡིན་པ་དང་། འ་ཞ་ནི་བསེ་འ་ཞ་ཞེས་བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ནང་ཚན་ཡིན་པར་བཀོད་པས་རྟོགས་སླ་ཡང་། ཧོར་སེར་ཞེས་པ་ནི་དེང་སང་གི་ཡུ་གུར་མི་རིགས་ཀྱི་མེས་པོ་ལ་གོ་བ་ལྟར་སྣང་ཞིང་། ཡུ་གུར་གྲུ་གུ་ལས་གྱེས་པས་མཚམས་ལན་རེ་གྲུ་གུ་ལ་འཇུག་པའང་ཡོད། སྤྱིར་ཧོར་སེར་ཞེས་པ་ནི་ཧོར་གྱི་རིགས་ལ་ནང་གསེས་དབྱེ་བ་ཞིབ་ཏུ་ཕྱེ་བ་ཡིན་ལ། བོད་ཡིག་གི་ནང་དུ་ཧོར་གྱི་འཇུག་ཡུལ་རྒྱ་ཆེ་བས་མཐའ་གཅིག་ཏུ་ངོས་འཛིན་བྱེད་དཀའ་སྟེ། དུས་སྐབས་རེར་སོག་པོ་ལ་འཇུག་པ་དང་། ལན་རེར་བོད་བྱང་ཕྱོགས་ཀྱི་འབྲོག་པ་རྣམས་ལ་འཇུག སྐབས་རེར་གྲུ་གུ་ལ་འཇུག་པ། དེང་སྐབས་རེབ་གོང་གི་དོར་སྡེ་དང་དཔའ་རིས་བོད་མི་འགའ་ཤས་ཧོར་རིགས་སུ་དགར་བ་ལྟར་རྙོག་དྲ་ཆེ་བས། དེབ་དཀར་དུ་འ་ཞ་དེ་སོག་རིགས་དེང་སང་ཨུ་རུ་སིའི་ཁོངས་སུ་ཡོད་52ཅེས་བཀོད་པ་ལ་དེང་གི་མཁས་པ་ལ་ལས་སྐྱོན་ཆེན་པོར་བཟུང་ནས་མཛུབ་མོས་མིག་འདྲུ་བྱེད་བཞིན་མཆིས་མོད། དོན་དུ་གོང་གི་ཚིག་དེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་དངོས་ཡིན་པར་མ་ངེས་ཏེ། དེབ་དཀར་ཤིང་པར་མ་དང་1988ལོའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དག་ཏུ་ཚིག་འདི་གཞུང་དངོས་ན་མེད་པར་གུག་རྟགས་ནང་དུ་བཅུག་ཡོད་པས། མཁས་དབང་གང་གི་དངོས་སློབ་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་སྒྲིག་པ་པོའི་གསལ་བཤད(    )གུག་རྟགས་འདི་ལྟ་བུའི་ནང་བརྒྱབ་ཡོད་ཅེས་གངས་ཅན་རིག་མཛོད་ཀྱི་དེབ་བཅུ་བའི་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》གྱི་དཔེ་སྐྲུན་གསལ་བཤད་ནང་དུ་གསུངས་པ་དང་། དེ་ལྟར་མ་ཡིན་པའི་དབང་དུ་བཏང་ནའང་། འ་ཞ་སོག་རིགས་ཡིན་ཟེར་བ་ནི་མཁས་དབང་གང་ཉིད་ཀྱིས་ཏུན་ཧོང་གཏེར་ཡིག་དང་ཐང་ཡིག་གསར་རྙིང་གཙོ་བྱས་པའི་རྒྱ་ནག་གི་ཡིག་རྙིང་རྣམས་གཙིགས་སུ་བཟུང་ནས་ཕབ་བསྒྱུར་བྱས་ཏེ། དེ་དག་གི་ནང་དུ་ཐུ་ལུ་ཧུན་གྱི་མཆེད་ཁུངས་བཤད་པ་ལྟར་བྲིས་བར་སྣང་ཞིང་། ལེའོ་ཉིན་ཤར་མའི་མུའུ་རོང་ཞན་པེའི་རིགས་རྒྱུད་ཀྱང་འབྱུང་ཁུངས་སོག་པོའི་རིགས་(匈奴)ལ་ཐུག་ཡོད་པས་ཕྱིར། དེང་སང་ཨུ་རུ་སིའི་ཁོངས་སུ་ཡོད་ཅེས་པའང་《དེབ་དཀར་》མ་བརྩམས་པའི་སྔོན་གྱི་དུས་རབས་བཅུ་དགུ་བའི་དུས་སྨད་དང་ཉི་ཤུ་བའི་དུས་སྟོད་དུ་ཨུ་རུ་སིའི་སྟོབས་ཤུགས་ཀྱི་ཁྱབ་ཁོངས་གང་ལ་ཐོན་ཡོད་པ་ངེས་ན་《དེབ་དཀར་》གྱི་གུག་རྟགས་ནང་འཁོད་པ་དེར་རྒྱུ་མཚན་བདེན་མིན་རྟོགས་སླ་བས། གོང་གི་སྐྱོན་འཛུགས་མཁན་རང་ཉིད་ཀྱིས་ཀྱང་འ་ཞའི་རུས་རྒྱུད་ལེའོ་ཉིན་ཤར་མའི་མུའུ་རོང་ཞན་པེའི་རིགས་རྒྱུད་ལས་གྱེས་པའི་ཐུ་ལུ་ཧུན་ཡིན་པ་སྒྲུབ་ཀྱིན་ཡོད་པས་ན་དགེ་ཆོས་ལ་དགག་པ་ནི་འུར་རྡོ་རང་འགོར་ཕོག་པའི་དཔེར་སོང་བ་མ་ཡིན་ནམ།
          ད་དུང་དགེ་ཆོས་ཀྱི་《རྒྱའི་ལོ་རྒྱུས་བོད་འགྱུར་མ་》 དང་《དེབ་དཀར་》གཉིས་སུ་ཐུ་ལུ་ཧུན་ཞེས་པ་གྲུ་གུ་ལ་བསྒྱུར་ནས་བཀོད་པའང་མང་། དེ་བཞིན་དུ་རྒྱ་སྐད་吐谷浑ཞེས་པའི་谷ལ་སྒྲ་སྦྱོར་སྟངས་གཉིས་ཡོད་པའི་ནང་དུ་ཤུགས་ཆེ་བ་ནིguཡིན་པ་དང་། གྲུ་གུ་ལ་རྡོ་རིང་དང་ཏུན་ཧོང་གཏེར་ཡིག་གཙོ་བྱས་པའི་བོད་ཀྱི་ཡིག་རྙིང་རྣམས་སུ་དྲུ་གུ་ཞེས་བཀོད་པའང་ཧ་ཅང་མང་ཞིང་། བརྡ་རྙིང་ནང་དུ་ཐ་དང་ད་གཉིས་ཕན་ཚུན་བརྗེ་རེས་བྱས་ནས་འབྲི་སྲོལ་རྒྱུན་ཆགས་སུ་གྲུབ་པར་མ་ཟད། དབུས་གཙང་སྐད་དུ་ཐ་དང་ད་གཉིས་ཀྱི་སྒྲ་གདངས་མཚུངས་པས། དྲུ་གུའི་སྒྲ་ཐྲུ་གུ་ལྟར་བཀླགས་ན་吐谷ཞེས་པ་དང་ཧ་ཅང་ཐག་ཉེ་ལ། རྒྱའི་དེབ་ཐེར་དག་ན་吐谷དང་། 吐浑ཡང་ན退浑ཞེས་འབྲི་ཚུལ་གཅིག་གྱུར་ཞིག་མེད། 浑ནི་མིང་མཐའ་གའི་སྒྲ་ཀློག་སྐབས་ཤུགས་ནས་རང་བཞིན་གྱིས་ཐོན་ཏེ། དཔེར་ན་མཚོ་སྔོན་ཕྱོགས་སུ་གཉན་ཐོག་དང་། དཀོན་མཆོག ཡང་ན་མཁས་མཆོག་ལྟ་བུའི་ས་མིང་དང་མི་མང་རྒྱ་ཡིག་ཏུ་འབྲི་སྐབས་年度乎དང་། 关却乎དང་། 科却乎 ལྟར་སྒྲ་སོར་བཞག་བྱེད་ཅིང་། དེ་ལྟར་ན་《དེབ་དམར་》དུ་ཧོར་སེར་ཞེས་པ་ཕལ་ཆེར་ཡུ་གུར་རིགས་ལ་འཇུག   གྲུ་གུ་ནས་ཡུ་གུར་གྱེས་བར་བརྗོད་པ་དང་། ཡུ་གུར་འ་ཞ་དང་འབྲེལ་བ་ཟབ་པའི་གནས་ཚུལ་ཕྱིས་སུ་གླེང་།
          2002ལོའི་རྩེར་སྙེག་དེབ་གཉིས་པའི་སྟེང་གི《དེབ་ཐེར་དཀར་པོ》རུ་འ་ཞ་གྲུ་གུ་ཞེས་གོ་ཟློག་ཚུལ་ལ་དཔྱད་པ་ཞེས་པའི་ནང་དུ་སྐབས་བཅུ་གཉིས་སུ་འ་ཞ་དང་གྲུ་གུ་གཉིས་གོ་ཟློག་ཚུལ་དཔལ་དོན་གྲུབ་རྒྱལ་གྱི་བོད་འགྱུར་མ་དང་གུང་བསྒྲིགས་ནས་དགེ་ཆོས་ལ་སྐྱོན་འཛུགས་པ་ཙམ་ལས། 《ཏུན་ཧོང་གཏེར་ཡིག》 P. T. 1283ནང་དུ་དྲུ་གུ་རུས་དགུ་ལྷག་ཡོད་པ་དང་། དེ་ལས་འདིའི་བྱང་ཕྱོགས་ལྟར། གེ་ཏང་ཞེས་བགྱི་བ་མཆིས་ཏེ། རྒྱལ་པོ་གེ་ཏན་གྱི་ཁ་གན་ཟས་དང་ཆོས་ཀྱང་འ་ཞ་དང་འདྲ་སྟེ། ཕྱུགས་སུ་ཡང་བེའུ་ལུག་དང་རྟ་ཕལ་ཆེ། སྐད་ཀྱང་འ་ཞ་དང་ཕལ་ཆེར་མཐུན་ཞེས་པ་དང་། དེ་ནས་བྱང་ཕྱོགས་ན་མཚོ་མཐའ་མྱེད་པའི་འགྲམ་ནུ་མྱི་ཁྱིམ་དང་གཟུགས་འ་ཞ་དང་འདྲ་ཞེས་བྲིས་པ་མ་ཟད། རྒྱའི་དེབ་ཐེར་ནང་དྲུ་གུ་ལ་ཤར་ནུབ་གཉིས་སུ་དགར་ཞིང་དྲུ་གུ་ནུབ་མ་གཅིག་པུ་ལའང་རིགས་བཅུ་ཡོད་ཅིང་རིགས་རེ་ལ་རྗེ་བོ་རེ་ཡོད་པར་བྲིས་འདུག ལྷག་པར་དུ P. T. 1263ནང་དུ་དརུ་གུ་ལ་回鹘 དང་དརུ་གུ་རྒྱལ་པོ་ལ་回鹘王ཞེས་བོད་རྒྱ་ཤན་སྦྱར་བྱས་ཡོད་པ་ནི་དོན་དུ་དྲུ་གུའི་འབྲི་ཚུལ་ཞིག་ཡིན་ལ། རྒྱལ་རོང་གི་སྐད་བཞིན་དུ་མིང་གཞི་དང་འདོགས་ཅན་གཉིས་བཀྲལ་ནས་བྲུ་ཤ་ལ་བརུ་ཤ་勃律ཞེས་པ་ཇི་བཞིན་གནའ་བོའི་སྦྱོར་ཀློག་བྱེད་སྟངས་ལྟར་བཀོད་ཅིང་། དེང་གི་མཁས་པ་ལ་ལས་དརུ་གུའི་སྒྲ་མཚུངས་པའི་སྟེང་ནས་吐谷浑ལ་སྒྲུབ་པའང་ཡོད་པས། འདི་དག་ལ་གཞི་བཅོལ་ནས་དགེ་ཆོས་ལགས་ཀྱིས་གྲུ་གུ་ཞེས་བསྒྱུར་བའི་ལོ་རྒྱུས་ཀྱི་གནད་དོན་ལ་བརྟག་ན་ཨེ་བཟང་སྙམ། 《ཡར་ལུང་ཆོས་འབྱུང་》དུ་ཐུ་ལུ་ཧུན་ཞེས་ཐེངས་བཞིར་བཀོད་ཅིང་རྩོམ་འདིའི་ནང་དུ། ད་དུང་གསལ་བཤད་རང་བཞིན་གྱིས་ཐུ་ཡུ་ཧུན་ཞེས་བྲིས་ཡོད་པར་མཆན་བཏབ་པ་ནི་དངོས་སུ་གོ་ལྡོག་པའོ།།
          མདོར་ན། རྒྱ་བོད་ཀྱི་ཡིག་རྙིང་རྣམས་སུ་འ་ཞ་དང་ཐུ་ལུ་ཧུན་གཉིས་བྱུང་བའི་ལོ་གྲངས་ཅི་ཡོད་གུང་བསྒྲིགས་པ་དང་། མིང་གཉིས་ཐ་དད་དུ་བཀོད་པའི་ལོ་རྒྱུས་ཀྱི་གནད་དོན་ལ་བརྟག་ན། དེ་གཉིས་རིགས་རྒྱུད་འཚོ་བ་གཅིག་གམ་རྒྱལ་ཕྲན་གཅིག་མ་ཡིན་པའི་སྒྲུབ་བྱེད་དུ་འགྲོ་རུང་། 《ཏུན་ཧོང་གཏེར་ཡིག》 P. T. 1263ནང་དུ་འ་ཞ་ལ་退浑 དང་འ་ཞ་རྗེ་ལ་退浑网王ཞེས་བོད་རྒྱ་ཤན་སྦྱར་ལྟར་གསལ་བར་བཀོད་པས་འ་ཞ་དང་ཐུ་ལུ་ཧུན་གཉིས་དུས་ནམ་ཡང་གཞི་གཅིག་ལ་འདུས་མ་མྱོང་བའི་ཁ་ཚོན་གཅོད་པའི་སྒྲུབ་བྱེད་ད་དུང་གཉོམ་ནའང་། P. T. 1263 ནང་དུ་回鹘ལ་དྲུ་གུ་དང་། 龙王ལ་ལུང་རྗེ། ཧ་སི་བྱང་ངོས་ལ河西一路ཞེས་བསྒྱུར་བ་ནི་དུས་རབས་བཅུ་བའི་རྗེས་སུ་རྒྱ་ནག་ཅིག་གིས་བཀོད་ཅེས་2007 ལོར་སུམ་ཆིན་དཔེ་སྐྲུན་ཁང་གིས་དཔར་བའི་《དར་ལམ་མི་རིགས་ཁག་གི་གནའ་ཡིག་དང་རིག་གནས་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་ནང་དུ་སྐུ་ཞབས་ཧོང་ཧྲུན་ཀྲང་(黄盛璋)གིས་སྒྲུབ་ཡོད་པ་ལ་བལྟས་ནའང་དོགས་གཞི་མཆིས་པས་ན་མཐའ་གཅིག་ཏུ་ཏུན་ཧོང་གཏེར་ཡིག་ཡིན་པའི་དབང་གིས་བདེན་པའི་མཐར་ཐུག་ཏུ་འཛིན་དཀའ། དེར་བརྟེན། བོད་ཀྱི་འ་ཞའི་རིགས་རྒྱུད་ཀྱི་ཐོག་མའི་འབྱུང་ཁུངས་ལེའོ་ཉིན་ཤར་མའི་མུའུ་རོང་ཞན་པེའི་རིགས་རྒྱུད་ལས་མ་མཆེད་པ་མགྲིན་པ་གཟེངས་སུ་གཏད་ནས་ཐག་གིས་གཅོད་ཐུབ་བོ།།
གཉིས་པ།   འ་ཞའི་ཡུལ་གྱི་འཕོ་འགྱུར་ལ་བརྟག་པ།
          འ་ཞ་དང་ཐུ་ལུ་ཧུན་གཉིས་རིགས་རྒྱུད་གཅིག་ཡིན་མིན་གྱི་ཕྱོགས་ལ་ད་དུང་དོགས་གཞི་སྣ་ཚོགས་ཡོད་རུང་། ཉེ་བའི་མི་ལོ་སུམ་ཅུ་ལྷག་གི་རིང་ལ་ངེད་ཅག་གིས་རྒྱལ་ཁབ་དང་མི་རིགས་གཞན་གྱི་ཞིབ་འཇུག་པ་དག་གིས་འ་ཞ་ནི་རྒྱ་སྐད་ཀྱི་ཐུ་ལུ་ཧུན་ཡིན་པར་སྒྲུབ་པ་ཚད་མར་བཟུང་སྟེ། ལོ་རྒྱུས་ཀྱི་ལྟ་བ་འདིའི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་རུས་ཚན་དང་མངའ་ཁོངས་ཀྱི་སྟོང་ཆ་ཙམ་སྐོང་ཐུབ་བྱེད་ཀྱིན་ཡོད། འོ་ན། བགྲང་གིས་མི་ལངས་པའི་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་དཔྱད་ཡིག་དང་བོད་ཀྱི་གནའ་དཔེ་དག་གི་ཁྲོད་དུ་འ་ཞ་དང་ཐུ་ལུ་ཧུན་གཉིས་རིགས་རྒྱུད་གཅིག་མིན་གྱི་དོགས་སེལ་དང་། དེ་གཉིས་ཀྱི་གནས་ཡུལ་གནའ་སྔ་མོ་ནས་ཐ་དད་དུ་ཡོད་དམ། ཡང་ན་འབོད་སྲོལ་གཞན་ཡོད་པའི་ལུང་རིགས་ཀྱི་དགག་སྒྲུབ། ཐ་ན་རྗེས་དཔག་རང་བཞིན་གྱི་རིགས་འདེད་ཅིག་ཀྱང་འདོན་དཀའ་བར་མ་ཞུམ་སྟེ་རང་བློས་ཅི་ལྕོགས་ཀྱིས་གཤམ་གྱི་ལྟ་ཚུལ་སྤེལ་བར་བརྩོན་ལགས།
          F. wཐོ་མ་སིས་《ཏུན་ཧོང་གཏེར་ཡིག》 vol. 69. fol. 8453གཙོ་བྱས་པའི་སཾ་བོད་རྒྱ་གསུམ་གྱི་ཡིག་རྙིང་རྣམས་ལ་ཉམས་ཞིབ་བྱས་ནས་འ་ཞ་ཐུ་ལུ་ཧུན་ཡིན་ཞེས་བརྗོད་པ་ནི་རིགས་རྒྱུད་གཉིས་གཞི་གཅིག་ལ་བསྲེས་བ་འདྲ། ཅིའི་ཕྱིར་ཞེ་ན། དུས་སྐབས་གང་རུང་ཞིག་ལ་རིགས་དེ་གཉིས་ཀྱིས་ཐུན་མོང་དུ་ལི་ཡུལ་གྱི་ཤན་ཤན་དང་། ནོབ་ཡུལ། ཤ་ཅུ་གཙོ་བྱས་པའི་དེང་སྐབས་ཀྱི་ཀན་སུའུ་ནུབ་རྒྱུད་ཀྱི་ས་ཁུལ་ལ་དབང་བསྒྱུར་མྱོང་བའི་ཕྱིར། འ་ཞའི་ས་ཁུལ་གནའ་བོའི་ཤན་ཤན་དང་། ཆེ་མོ། ཁ་ཁུ་ལི་ཁི། མུ་རན། ཤ་ཅུའི་ས་ཁུལ་བཅས་སུ་འབྲེལ་ཡོད་54ཅེས་གསུངས་པ་དོན་མཐུན་དུ་གྲུབ་ན། ངེད་ཅག་གིས་ལི་ཡུལ་ནས་ཐོན་པའི་ཁྲམ་ཤིང་གི་འདོན་ཡུལ་དང་དེ་དག་གི་ནང་དོན་འ་ཞ་ལ་འབྲེལ་བ་ཟབ་པར་མ་ཟད། འུ་ཐེན་དང་ཤ་ཅུའི་ཉེ་འཁོར་དུ་འ་ཞའི་འཚོ་གནས་བྱེད་ཀྱིན་ཡོད་པ་ར་སྤྲོད་ཐུབ་པས། དེང་སྐབས་ཀྱི་ས་དབྱིབས་ལྟར་ན་འ་ཞའི་ཡུལ་ནི་ཤར་ཕྱོགས་སུ་ཏུན་ཧོང་འདུས་པའི་ཀན་སུའུ་དང་མཚོ་སྔོན་གྱི་ནུབ་རྒྱུད་དམ་མདོ་ལ་རིང་མོའི་ཡན་ཆད། ལྷོ་ཕྱོགས་སུ་བོད་ལྗོངས་བྱང་ཐང་གི་ཕ་རོལ། ནུབ་བྱང་གཉིས་སུ་ཤིན་ཅིང་གི་ཆེ་མོ་དང་རོ(ལི)་བྱང་ནས་ཤན་ཤན་ཚུ་རོལ་ཡིན་པར་འདོད། འོ་ན། རྒྱའི་དེབ་ཐེར་དང་ཏུན་ཧོང་གཏེར་ཡིག་ཏུ་འ་ཞ་མཚོ་སྔོན་གཞི་བྱས་པའི་ཉེ་འཁོར་དུ་ཆགས་པ་མ་ཡིན་ནམ་ཟེར་ན། བདེན་ལགས། ཡིན་ན་ཡང་། དུས་སྐབས་ཤིག་ལ་འ་ཞ་དང་ཐུ་ལུ་ཧུན་གཉིས་ཀྱིས་ས་ཁུལ་འགའ་ལ་ཐུན་མོང་དུ་དབང་བསྒྱུར་བས་རྒྱའི་དེབ་ཐེར་དག་ཏུ་རིགས་རྒྱུད་གཉིས་ཕན་ཚུན་གཞི་གཅིག་ལ་བསྲེས་ཞེས་F. w ཐོ་མ་སིས་གསུངས་པ་ལྟར། ཐང་ཡིག་གསར་རྙིང་གཉིས་སུ་སྲོང་བཙན་ཁྲོས་ཏེ་ཞང་ཞུང་གི་དཔུང་དང་བཅས་ཏེ་འ་ཞར་དམག་དྲངས་པ་ལ། འ་ཞས་མ་ཚུགས་པར་ལྷོད་དམག་ལ་གཡོལ་ཕྱིར་མཚོ་སྔོན་ཕྱོགས་སུ་བྲོས། རྒྱུ་ནོར་ཐམས་ཅད་བྷོད་ལ་ཤོར་55ཞེས་བྲིས་པའང་དེ་བཞིན་དུ་སྣང་སྲིད། དེ་ལྟར་ན་མ་མཐའ་ཡང་དེའི་སྐབས་ལ་འ་ཞའམ་ཐུ་ལུ་ཧུན་གང་རུང་གཞི་སྡོད་བྱེད་ས་གཙོ་བོ་ནི་མཚོ་སྔོན་ཙམ་མིན་པ་མཚོན་ཐུབ་སྟེ། གཅིག་ནས་བྲོས་བྱོལ་དུ་འགྲོ་བ་ཞིག་ཡིན་ཕྱིན་རང་ཡུལ་བསྐྱུར་ནས་ཡུལ་ཕྱོགས་གཞན་དུ་འགྲོ་བ་ལས་ཕྱིར་དགྲའི་ལག་ཏུ་ཤོར་བའི་མཚོ་སྔོན་ཕྱོགས་སུ་བྲོས་ཟེར་བ་ནི་སྤྱིར་བཏང་གི་གཏན་ཚིགས་དང་འགལ་ཞིང་། རྒྱུ་ནོར་ཐམས་ཅད་བྷོད་ལ་ཤོར་ཞེས་པས་དེ་ལས་ཀྱང་ཇེ་གསལ་དུ་བཏང་། མཁས་པ་ལ་ལས་མཚམས་འདིར་རྒྱའི་ཡིག་ཚང་མ་ཧྭ་རུས་སྦལ་དུ་མཚོ་སྔོན་གྱི་བྱང་ཕྱོགས་སུ་བྲོས་ཞེས་བྱང་གིས་ལྷན་ཡང་ཞིབ་ཏུ་བརྟག་དགོས། གཉིས་ནས་ཞང་ཞུང་གི་དཔུང་དང་བཅས་ཏེ་འ་ཞར་དམག་དྲངས་ཞེས་པར་ལོ་རྒྱུས་ཀྱི་གསང་གནད་མང་པོ་ཞིག་བག་ལ་ཞ་ནས་ལུས་འདུག་སྙམ། ཅིའི་ཕྱིར་ཞེ་ན། འ་ཞ་འབངས་སུ་དགུག་པར་ས་ཁུལ་གཞན་དག་གི་དམག་མ་བཀོལ་བར་ཞང་ཞུང་གི་དམག་དྲངས་དགོས་དོན་ཅི་ཡིན་པ་ལ་ཐུག་ཡོད་དེ། གུས་པས་བརྟག་ན་འདི་ལྟ་བུའི་འཕྲིན་ལས་ཆེན་པོ་ལ་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་འདུས་མོད་ཀྱང་། གཙོ་བོ་ནི་དམག་འདྲེན་བདེ་བའི་ས་གནས་ཀྱི་དགེ་མཚན་དང་ཆོས་ལུགས་དད་མོས་གཙོ་བྱས་པའི་རིག་གནས་གཅིག་གྱུར་ཡིན་མིན་གཉིས་ལ་ཐུག་ཡོད་པར་སེམས། གལ་སྲིད་དུས་དེར་འ་ཞ་མཚོ་སྔོན་ན་ཡོད་པ་བདེན་ན་དབུས་དང་སུམ་པའི་དམག་དྲངས་ན་ལྟོས་བཅས་ཀྱིས་ས་ཐག་ཉེ་ཞིང་ཕན་ཚུན་ལ་ཆ་རྒྱུས་ཡོད་པས་འདུལ་སླ། ཞང་ཞུང་དེ་ལས་བཟློག་སྟེ་ལམ་ཐག་རིང་མོ་གཅིག་པུས་ཀྱང་དམག་དཔུང་གི་སྟོབས་ཤུགས་ལྡབ་འགྱུར་གྱིས་ཇེ་ཆུང་དུ་འགྲིབ་ཅིང་། དོན་དངོས་སུ་འ་ཞའི་ཡུལ་གོང་བཀོད་ལྟར་ཤིན་ཅིང་གི་ཤར་ལྷོའི་རྒྱུད་དང་། ཀན་སུའུ་དང་མཚོ་སྔོན་གྱི་ནུབ་རྒྱུད་དུ་ཆགས་ཡོད་པས་ཞང་ཞུང་གི་དམག་དྲངས་ན་དབུས་དང་། གཙང་། སུམ་པ་ལས་ལམ་ཐག་བརྒྱ་འགྱུར་གྱིས་ཉེ་ཞིང་མྱུར་བས་ཞང་ཞུང་གི་དམག་བདམས་ནས་དྲངས་པ་ནི་སྲོང་བཙན་འཕྲུལ་བློན་འཁོར་དང་བཅས་པ་ཕར་ཞོག་ཐུན་མོང་བའི་བློ་ངོར་དུས་ཐོག་ཏུ་ཤར་ཐུབ་པའི་ས་གནས་ཀྱི་དགེ་མཚན་མངོན་པ་དང་། ལྷག་པར་དུ་དབའ་བཞེད་དཔེ་རྙིང་བྲིས་མའི་ནང་དུ་བཙན་པོ་ཁྲི་སྲོང་སྐུ་གཤེགས་རྗེས་འདས་མཇུག་དེ་བོན་ནམ་ཆོས་ལུགས་གང་ཞིག་བྱེད་པའི་སྐོར་རྩོད་གླེང་བྱས་པའི་ལོ་རྒྱུས་ལས། ཞང་ཞུང་གི་རྒྱལ་པོ་གཉའ་ཞུར་ལག་མིག་གིས་ལྷ་སྙིང་རྗེ་མེད་པའི་གྱེ་གདོ་དང་མུ་ཐུར་ནི་གསོལ། ཞང་ཞུང་གི་ཆོས་ལུགས་རྣམ་པ་བཞིར་བོན་ཤིད་བཏང་བས་ཞང་ཞུང་གི་རྒྱལ་སྲིད་བརླག་ནས། མཁར་རྩེ་མཐོ་དང་། རྒོད་ལྡིང་ལ་སོགས་པ་སྤུ་རྒྱལ་གྱི་མངའ་རིས་སུ་འདུས་པ་ལགས་སོ།། དབོན་འ་ཞའི་རྒྱལ་པོས་ལྷ་སྙིང་རྗེ་མེད་པའི་སྲི་བ་དྲི་དཀར་པོ་ནི་གསོལ། དབོན་འ་ཞ་རྗེ་ཉིད་ཀྱི་ལུགས་སུ་བོན་ཤིད་ནག་པོ་བཏབ་པས་འ་ཞའི་རྒྱལ་སྲིད་བརླག་སྟེ་སྤུ་རྒྱལ་གྱི་མངའ་རིས་སུ་འདུས་པ་ལགས་སོ་56 ཞེས་པ་ལས་ཞང་ཞུང་དང་འ་ཞ་གཉིས་ཀྱིས་ལྷ་སྙིང་རྗེ་མེད་པའི་རིགས་ལ་གསོལ་ཞིང་བོན་ཤིད་ཅེས་པ་ལ་ཐུན་མོང་དུ་བསྟེན་པས་དེ་གཉིས་ཀྱི་སེམས་ཀྱི་དད་མོས་གཙོ་བྱས་པའི་རིག་གནས་མ་ལག་གཅིག་ཡིན་པ་མཚོན་ཞིང་། དེ་ལྟར་ན་དམག་དཔུང་གཞན་དག་ལས་ཞང་ཞུང་གི་དམག་དྲངས་ན། 《ཏུན་ཧོང་གཏེར་ཡིག》 P. T. 1287 ནང་དུ་འུང་གི་འོག་དུ་བཙན་པོ་ཞབས་ཀྱིས་བཙུགས་སྟེ། བྱང་ལམ་དུ་མ་བྱུང་མ་དྲངས་པར། རྒྱ་དང་འ་ཞས་དཔྱའ་གཅལ་ལོ།། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ་ཞེས་པའི་བྱང་ལམ་དུ་དམག་འཐབ་མ་དགོས་པར་འ་ཞ་འབངས་སུ་བཀུག་པའི་རྨད་བྱུང་ཐབས་ཀྱི་འབྲས་བུ་འབྱུང་བ་ལས། 《ཐང་ཡིག་གསར་མའི་》ནང་དུ་འ་ཞའི་བློན་ཆེན་སུ་ཧི་ཀོས་བྱ་བ་བྷོད་དུ་བྲོས་ཏེ་ནང་གཏམ་སྦྲན་པས་བྷོད་ཀྱིས་འ་ཞ་འདུལ་ཐུབ་པ་བྱུང་57ཞེས་པ་ལྟར་བློན་ཆེན་གཅིག་གིས་ནང་གཏམ་སྦྲན་པ་ཙམ་གྱིས་འདུལ་ཐུབ་པར་གླེང་བ་ནི་ལོ་རྒྱུས་བྱུང་འཕེལ་གྱི་ཆོས་ཉིད་དང་དངོས་འགལ་དུ་སོང་། འ་ཞའི་ཡུལ་དུ་བོན་ཡོད་མེད་ཀྱི་དོགས་གཞི་གོང་དུ་ལུང་དྲངས་པའི་གཡང་དྲུང་བོན་གྱི་བཀའ་བརྟེན་གཉིས་སུ་སྟོན་པ་གཤེན་རབ་འ་ཞའི་ཡུལ་དུ་ཕེབས་པ་དང་འ་ཞ་གསང་བ་མདོ་སྡུད་གཤེན་རབ་མི་བོ་ཆེའི་བཀའ་བསྡུ་སློབ་མའི་ནང་ཚན་ཡིན་པ། དུས་རབས་བཅུ་གསུམ་པའི་ནང་སྐུ་བཞུགས་ཤིང་གཡང་དྲུང་བོན་གྱི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ཡ་གྱལ་འ་ཞ་སྟོན་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན། ཁྱད་པར་དུ་དེང་སྐབས་གོ་ལ་ཟླུམ་པོ་འདིའི་སྟེང་དུ་འ་ཞའི་མཚན་ལྷག་མེད་དུ་ལུས་པའི་ཀན་སུའུ་ཐེ་བོའི་འ་ཞ་དང་སི་ཁྲོན་མཛོད་དགེའི་འ་ཞ་གཉིས་ཀྱི་མཆོད་གནས་ཀྱང་བོན་གྱི་བསྟན་པ་ཡིན་པས་སེལ་ཨེ་ཐུབ་ལགས། དེ་བཞིན་དུ་ཞང་ཞུང་དམག་གིས་མ་འཐབ་པར་འ་ཞ་ཞི་བའི་སྒོ་ནས་བཏུལ་བའི་དམག་ཇུས་འདི་ཙམ་གྱིས་ཀྱང་མཁས་དབང་དོན་གྲུབ་དབང་འབུམ་གྱིས་《བོད་ཀྱི་རིག་གནས་འཕེལ་རིམ་གྱི་ལོ་རྒྱུས་》ཞེས་པའི་ནང་དུ་བོད་མི་རིགས་གྲུབ་ཚུལ་བརྗོད་པའི་སྐབས་སུ། སྲོང་བཙན་ཡབ་སྲས་ཀྱིས་ཡུལ་སྲོལ་གོམས་འགྲོས་དང་ཆོས་ལུགས་དད་མོས་འདུས་པའི་རིག་གནས་ཀྱི་མ་ལག་གཅིག་པའི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་རིགས་རྒྱུད་རྣམས་རང་རང་སར་མནར་སྤྱོད་མྱངས་བཞིན་པ་མཐོང་ནས་མ་བཟོད་དེ་གཅིག་གྱུར་གྱི་ལམ་ནས་སྐྱིད་སྡུག་མཉམ་རོལ་གྱི་ཐུགས་བསྐྱེད་ལས་འཁྲུངས་པ་ཡིན་གྱི། མི་རིགས་གཞན་གྱི་མཁས་རློམ་འགས་སྲོང་བཙན་སྒམ་པོས་མདོ་དབུས་མཐོ་སྒང་གི་མི་རིགས་དང་རིག་གནས་ཐ་དད་པ་སྣ་ཚོགས་སྡུག་རྩུབ་ཆེ་བའི་ངང་ནས་བཙན་འཛུལ་བྱས་པར་བརྗོད་པ་དག་ལ་ཚ་ལན་བར་མེད་དུ་སྦྱིན་པའི་58 རྒྱབ་དཔུང་དང་དཔེ་མཚོན་གསོན་པོ་ཞིག་ཏུ་འཁུམས།
          སྤྱིར་མཚོ་སྔོན་ན་གཉུག་མར་གནས་པའི་མི་རིགས་ནི་བོད་ཡིན་པ་གོར་མ་ཆག་ཅིང་། ཉེ་བའི་ལོ་འགའི་རིང་གི་རྫོང་རི་རིག་གནས་གཙོ་བྱས་པའི་གནའ་རྫས་རྟོག་དཔྱོད་ཀྱིས་ཀྱང་རྗེན་པར་བདེན་དབང་བྱེད་ཀྱིན་གདའ། ཡིན་ན་ཡང་། ད་བར་ལག་སོན་བྱུང་བའི་རྒྱའི་དེབ་ཐེར་དང་ཁྱད་པར་དུ་གོང་གི་ཏུན་ཧོང་གཏེར་ཡིག་ཏུ་བཀོད་པའི་མཚོ་སྔོན་དང་འ་ཞ་འབྲེལ་བའི་ལོ་རྒྱུས་ཀྱི་གནད་དོན་ཐམས་ཅད་མཚོ་སྔོན་གྱི་ཕྱོགས་སུ་བྲོས་བའི་ཕྱིས་སུ་བྱུང་བར་འདོད་དེ། 《ཐང་ཡིག་གསར་རྙིང་》ལྟར་ན་མཚོ་སྔོན་ཕྱོགས་སུ་བྲོས་བ་ནི་ཐེ་ཙུང་ཀྲིན་ཀོན་གྱི་ཁྲི་ལོ་བརྒྱད་པ་སྟེ་637ལོར་བབས་ཞིང་། P. T. 1288ནང་དུ་ལུག་གི་ལོ་ལ་བབས་ཏེ། བཙན་པོ་སྤྲགས་གྱི་ཤ་ར་ན་བཞུགས་ཤིང་། བློན་ཆེན་སྟོང་བཙན་འ་ཞ་ཡུལ་ན་མཆིས་ཏེ། ད་རྒྱལ་མང་པོ་རྗེས། མཚོ་ནག་སྟོང་རུར། རྒྱ་སེའུ་དེན་པང་དང་། ནོལ་ཐབས་བགྱིས་ཏེ། ད་རྒྱལ་གྱང་གུམ་ཞིང་བརྒྱད་ཁྲི་སྟོང་ལ་རྡུགས་པར་ལོ་གཅིག་ཅེས་པ་ནི་ཏུན་ཧོང་གཏེར་ཡིག་ཏུ་འ་ཞ་དང་མཚོ་སྔོན་གཉིས་མཉམ་དུ་བཀོད་པའི་ཐོག་མ་ཡིན་ལ། འདི་ནི་མཚོ་སྔོན་ཕྱོགས་སུ་བྲོས་རྗེས་ཀྱི་659ལོ་ལ་བབས་པས། འ་ཞའི་ཡུལ་ནི་གོང་བཀོད་ཤར་ཕྱོགས་སུ་ཏུན་ཧོང་འདུས་པའི་ཀན་སུའུ་དང་མཚོ་སྔོན་གྱི་ནུབ་རྒྱུད་དང་། ལྷོ་ཕྱོགས་སུ་བོད་ལྗོངས་བྱང་ཐང་གི་ཕ་རོལ། ནུབ་བྱང་གཉིས་སུ་ཤིན་ཅིང་གི་ཆེ་མོ་དང་རོ་བྱང་ནས་ཤན་ཤན་ཚུ་རོལ་ཡིན་པར་གྲུབ་ཅིང་། དེ་བཞིན་དུ་གྲི་གུམ་བཙན་པོས་གདན་དྲངས་པའི་བོན་པོ་འ་ཞ་ཡང་མཚོ་སྔོན་ནས་གདན་དྲངས་བར་དཔེ་མི་སྲིད་པར། དེང་གི་ཤིན་ཅིང་གི་ཡུལ་ནས་ཕེབས་པ་བསྙོན་དུ་མེད་དེ། གོང་དུ་ལུང་དྲངས་པ་ལྟར་《མཁས་དགའ་》 ལས། དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས།། གུ་ར་ཝ་ཏ་ཅེས་བྱའི་ཡུལ་ཁམས་ནས།། མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང་།། ཞེས་བོན་པོ་འ་ཞ་གང་ནས་གདན་དྲངས་པའི་ས་གནས་ཕལ་ཆེར་ཞིག་བསྟན་ཞིང་། 《ཉང་ཆོས་འབྱུང་》དུ་ཨུ་རྒྱན་གྱི་ཚུ་རོལ། ཁ་ཆེའི་ཡུལ་གྱི་ཕ་རོལ། སྟག་གཟིག་གི་བར་ན་ཡུལ་འགྱུར་སྣང་བར་སྣང་བྱ་བ་རུ་ས་ཞའི་བོན་པོ་ཞེས་ས་ཁྲའི་རྣམ་པས་ཞིབ་རྒྱས་སུ་བསྟན་ལ། ཨུ་རྒྱན་དང་ཁ་ཆེའི་ཡུལ་གྱི་ས་གནས་ལ་རྩོད་གཞི་མེད་ཅིང་། སྟག་གཟིག་གི་ཡུལ་ལ་ངོས་འཛིན་སྟངས་མི་འདྲ་ཡང་ཐང་ཟན་བླ་མའི་ལམ་ཡིག་གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བའི་ནང་དུ་ལི་ཡུལ་འུ་ཐེན་གྱི་གནས་ཚུལ་བརྗོད་སྐབས་匈奴ལ་སྟག་གཟིག་59ཅེས་འགྱུར་བ་ནི་འུ་ཐེན་གྱི་ལོ་རྒྱུས་དངོས་དང་མཐུན་པར་མ་ཟད། 《ནེའུའི་ཆོས་འབྱུང་མེ་ཏོག་ཕྲེང་བ་》ལས། དེའི་དུས་སུ་སོག་པོ་དང་། སྟག་གཟིག་གི་མཚམས། ཡུལ་གྷུརྣ་པརྣ་ཞེས་བྱ་བ་ན། མུ་སྟེག་བྱེ་བྲག་པ་ལས། གར་པའི་སྣང་བོན་པོ་གཤོགས་པོ་ཆེ་བྱ་བ་གཅིག་བྱུང་སྟེ། གསོན་གྱི་ལྷ་གསོལ། གཤིན་གྱི་འདྲེ་འདུལ། བཙན་ཁ་བཞི་དང་། མགྱོགས་པ་སྡེ་བརྒྱད་ལ་ཞུགས་ཤང་དང་། ཏྲང་ཤུད་རྩམ་འཐོར་བ་ཞིག་བྱུང་ངོ་ཞེས་གྲི་གུམ་ཡབ་སྲས་གཉིས་ལ་གོ་ལྡོག་པ་ཙམ་ལས་བོན་པོ་གང་ཞིག་སོག་པོའི་ཉེ་འབྲེལ་ཞིག་ནས་གདན་དྲངས་པའི་ས་བོན་དུ་འཁུམས། དེ་ལྟར་ན་ཨུ་རྒྱན་གྱི་ཚུ་རོལ། ཁ་ཆེའི་ཡུལ་གྱི་ཕ་རོལ། སྟག་གཟིག་གི་བར་ན་ཡོད་པའི་ཡུལ་ནི་དེང་གི་ཤིན་ཅིང་སྟེ་ཡུ་གུར་ལས་མ་འདས་ཤིང་། དོན་དུ་དེབ་ཐེར་དེ་དག་ཏུ་ཡུལ་འགྱུར་སྣང་བར་སྣང་བྱ་བའང་མ་ཡིག་དབུ་མེད་བྲིས་མ་ཡིན་པས་དག་ཆ་མ་ཐོན་པ་ཙམ་ལས་ཡུ་གུར་ཡིན་པ་གསལ་བར་མངོན་ཏེ། 《ལྡེའུ་ཆོས་འབྱུང་》དུ་ཐོག་མར་ཡུལ་གྱུར་ཞེས་བཀོད་ཀྱང་། དེའི་མཇུག་གི་སྟོད་སྟེང་གཉིས་ཀྱི་ལོ་རྒྱུས་ཁ་གསབ་ལས་(གྲི་གུམ་བཙན་པོ)དེའི་སྐུ་རིང་ལ། ཆོས་ལུགས་ནི་ཁ་ཆེ་བྱེ་བྲག་གི་ཡུལ་གུར་རྣམ་པར་རྣ་བྱ་བ་ན། མུ་སྟེགས་རྒྱང་འཕེན་པའི་རྗེའོ་ཞེས་ཀྱང་བྱ་སྟེ། ཡི་གེ་དང་། བོན་བྱུང་ཞེས་ཡུལ་གུར་གསལ་བར་བསྟན་ལ། སྐབས་འདིའི་བྱུང་བ་བརྗོད་པའི་ཆོས་འབྱུང་དེབ་ཐེར་རྣམས་སུ་མུ་སྟེགས་བོན་པོ་འ་ཞའམ་ཡང་ན་མུ་སྟེགས་བྱེ་བྲག་པའི་འ་ཞ་ཞེས་པ་ལྟར་བཀོད་པ་དང་གུང་བསྒྲིགས་ནས་དཔྱད་ན། 《ལྡེའུ་ཆོས་འབྱུང་》དུ་མུ་སྟེགས་རྒྱང་འཕེན་པའི་རྗེའོ་ཞེས་ཀྱང་བྱ་ཞེས་པའི་ནང་དུ་ཚེག་མཚམས་ཉམས་ནས་མ་དག་པ་འདྲ་སྟེ། བོད་ཀྱི་ཡིག་རྙིང་རྣམས་སུ་འ་ལ་ཙ་བཏགས་འདོགས་པ་མངོན་སུམ་དུ་གསལ་བས་ཚེག་དང་འ་ཡིག་སྟེང་གི་ཙ་བཏགས་ན་རོར་འཁྲུལ་བ་ལྟར་སྣང་སྟེ། དེབ་སྔོན་ལྕགས་པར་མའི་ནང་དུའང་ལོ་ཙཱ་བའི་ཞ་རྒྱ་གར་བརྩེགས་60ཞེས་དུས་འཁོར་བོད་དུ་སྤེལ་བའི་ལོ་ཙཱ་བ་ཆེན་པོ་འ་ཞ་རྒྱ་གར་བརྩེགས་ཀྱི་འ་ཡང་དེ་ལྟར་ཚིག་མཚམས་ཉམས་ནས་ནོར་འཁྲུལ་བྱུང་འདུག་ཅིང་། ནང་གི་མིའུ་རིགས་བཞི་ནི།་་་་་་སེ་ཞ་དང་བཞིའོ་61ཞེས་པ་ཇི་བཞིན་དུ་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བར་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར་ལས་ཀྱང་འ་ཡིག་དོར་བ་ལྟར། དོན་དུ་མ་ཡིག་ངོ་མ་ན་མུ་སྟེགས་རྒྱང་འཕེན་པའི་རྗེ་འ་ཞ་ཞེས་བྲིས་བར་ངེས། གཞན་གྱི་ཇོ་ལོ་ཙཱ་བ་དང་འ་ཞ་རྒྱ་གར་བརྩེགས་ལ་སོགས་ཀྱིས་བསྒྱུར་བའི་དུས་འཁོར་གྱི་འབྱུང་ཁུངས་ཡང་ཁ་ཆེ་དང་། ལི་ཡུལ། མངའ་རིས་གསུམ་གྱི་བར་ཡིན་པར་གླེང་མོད་འདིར་འབྲེལ་མེད་དོན་གཞན་དུ་འགྲོ་བར་དོགས་ནས་མ་སྤྲོས། དེར་མ་ཟད་《རྒྱ་བོད་ཆོས་འབྱུང་》དུའང་དེའི་དུས་སུ་ཡུ་འགུར་སྣ་ས་སྣ་བྱ་བ་ན་མུ་སྟེགས་བྲེག་པའི་བོན་པོ་ཝ་ཞ་བྱ་བ་གཅིག་ལ་བོན་བྱུང་ཞེས་ཡུ་འགུར་ནས་གདན་དྲངས་པ་གསལ་བར་བསྟན་པ་དང་། ཡུ་གུར་ཞེས་པའི་མིང་ཡང་བུ་《སྟོན་ཆོས་འབྱུང་》དང་《ཚལ་པའི་དེབ་དམར་》གྱིས་མཚོན་པའི་ཆོས་འབྱུང་62སྔ་ཤོས་དག་ཏུ་བྱུང་ཡོད། ད་དུང་《ཡར་ལུང་ཆོས་འབྱུང་》ལས། དུས་དེར་ཞང་ཞུང་གི་རྒྱལ་པོས་འབངས་རྦད་ཀྱང་ཟེར། རྒྱལ་པོ་གྲི་གུམ་བཙན་པོས། ལོ་ངམ་བྱི་ཁྲོམ་བྱ་བ་གཅིག་ལ། ཁྱོད་ཀྱིས་ངའི་འཐབ་ཟླ་བྱེད་དགོས་ཟེར་བ་ལ་63ཞེས་རྒྱལ་པོ་རང་གི་བཀྲོངས་རྐྱེན་ཀྱང་ཞང་ཞུང་གི་རྒྱལ་པོས་འབངས་རྦད་ཀྱང་ཟེར་བ་ལ་སྦྲེལ་བས་ན། གྲི་གུམ་བཙན་པོའི་སྐབས་ཞང་ཞུང་གི་དབར་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་གདོན་མི་ཟ།
          བོད་དང་ལི་ཡུལ་གཉིས་ཀྱི་འབྲེལ་བ་ཞང་ཞུང་གི་ཡུལ་བརྒྱུད་ནས་མི་ལོ་སྟོང་ཕྲག་འགའ་ཡོད་པ་ཡུ་གུར་ནས་རྙེད་པའི་བྲག་བརྐོས་རི་མོ་ལས་ལྷ་གཡག་དང་། ས་འོག་ལས་བྱུང་བའི་ནས་འབྲུ་སྔོན་མོ་སོགས་ཀྱིས་མཚོན་ཞིང་། བསྟན་འགྱུར་ལས་ལི་ཡུལ་ལུང་བསྟན་གྱི་དཔྱད་གཞིའི་ཡིག་ཆ་གཙོ་བོ་བཀའ་འགྱུར་དཔེ་བསྡུར་མའི་པོད་ང་དགུ་པ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ་དང་པོད་དོན་དྲུག་པ་འཕགས་པ་གླང་རུ་ལུང་བསྟན་པ་བཅས་ཀྱི་ནང་དུ་ལི་ཡུལ་དུ་གང་གི་ཚེ་དང་པོར་སུམ་པ་དང་འ་ཞ་འདུས་པའི་གདོང་དམར་བོད་པ་རྣམས་སླེབས་64ཞེས་གསུངས་པ་ནི་བཙན་པོ་ཆོས་ལྡན་གྱི་རྒྱལ་རབས་སྐབས་མ་ཡིན་པར་ཕྱི་ལོ་སྔོན་གྱི་དུས་ཡིན་པར་རྗེས་སུ་དཔག་པས་ཤེས། དེ་བཞིན་དུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ལ་ལི་ཡུལ་ཐོ་གར་གྱི་རྒྱལ་པོ་སྐྲ་སེར་གྱིས་སྐུ་གསུང་ཐུགས་རྟེན་བསྐུར་བའི་ལོ་རྒྱུས་ལི་ཡུལ་ཆུའུ་སི་龟兹ནས་རྙེད་པའི་བྲག་བརྐོས་རི་མོར་བོད་ཡིག་གི་སྦྱར་བྱང་ཡོད་པ་ལས་གསལ་བ་ད་ལྟ་འཇར་མན་དུ་བཞུགས་ཅེས་ཉི་ཧོང་གི་མཁས་པ་སི་པན་ཝན་ཡས་65གསུངས་ཤིང་། གྲི་གུམ་བཙན་པོས་ཁ་ཆེ་ལ་དམག་དྲངས་བའི་སྐོར་བཀའ་ཆེམས་ཀ་ཁོལ་མར་66གསལ་བར་མ་ཟད། ཟུར་མཁར་བའི་ཤེས་བྱ་ཁོག་འབུབས་ལས་གྲི་གུམ་བཙན་པོའི་སྐུ་ཚེའི་སྟོད་ལ་ཁ་ཆེའི་ཡུལ་དུ་དམང་དྲངས་ནས་ཆམ་ལ་ཕབ་པའི་ཚེ། ཁ་ཆེའི་ཡུལ་དུ་པུཎྜ་སུ་བྱ་བ་ནས་་་་་་་་་འ་ཞ་ཟེར་བ་ཞིག་གདན་དྲངས་67ཞེས་གསལ་བར་བསྟན་ཞིང་། ཁ་ཆེ་དང་ལི་ཡུལ་གཉིས་ཕན་ཚུན་འདྲེས་ཤིང་ལི་ཡུལ་དུ་དར་བའི་ནང་བསྟན་ཀྱང་གཙོ་བོ་ཁ་ཆེ་ནས་བྱུང་བས། དྲི་གུམ་བཙན་པོའི་རིང་གི་བོན་པོ་འ་ཞའང་མངའ་རིས་དང་ཁ་ཆེ་བརྒྱུད་དེ་ལི་ཡུལ་གྱི་ཕྱོགས་ནས་གདན་དྲངས་པ་ལུང་རིགས་གཉིས་ཀྱི་ཆ་ནས་གྲུབ་སྟེ། ལི་བོད་གཉིས་ཀྱི་གནའ་ལམ་ཕྱི་ལོ་སྔོན་ནས་བྱུང་ཡོད་པར་མ་ཟད། ལི་བོད་ཀྱི་རིགས་རྒྱུད་དང་རིག་གནས་ཀྱི་འབྲེལ་བ་ཟབ་པའི་གནས་ཚུལ་སྐུ་ཞབས་ཧོ་ཝུའེ་ལགས་ཀྱིས་1995ལོའི་《ཀྲུང་གོའི་བོད་རིག་པ་》དུས་དེབ་བཞི་པའི་སྟེང་བཀོད་པའི་《གནའ་རྫས་རྟོག་དཔྱོད་ཀྱི་རྒྱུ་ཆས་ཐུ་བྷོད་དང་ཨེ་ཤ་ཡའི་དབུས་རྒྱུད་དང་ནུབ་མའི་གནའ་བོའི་འགྲིམ་འགྲུལ་ལ་དཔྱད་པ་》ཞེས་པས་མཚོན་པའི་རྩོམ་དེབ་མང་པོའི་ནང་དུ་གནའ་དཔྱོད་རིག་པའི་ཆ་ནས་སྒྲུབ་ཡོད་པས། གོང་གི་འ་ཞའི་ཡུལ་དེ་ཡུ་གུར་གྱི་ཤར་ལྷོའི་ཕྱོགས་ན་ཡོད་པ་ཁུངས་ཐུབ་བཀའ་བསྟན་གྱི་ལུང་གིས་ཟིན་ཞིང་གནའ་རྫས་རྟོག་དཔྱོད་ཀྱིས་ར་སྤྲོད་བྱས་ཡོད་དོ།།
          བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་འ་ཞའི་རིགས་རྒྱུད་དུས་རབས་དང་པོའི་ཡར་སྔོན་ནས་ཡོད་པ་བསྟན་ཞིང་། ཐུ་ལུ་ཧུན་ནི་དུས་རབས་བཞི་པའི་དུས་སྟོད་དུ་མཚོ་སྔོན་ཕྱོགས་སུ་ཐོན་པར་བརྗོད་པས། གོང་གི་འ་ཞའི་ཡུལ་གྱི་ཆགས་ལུགས་ལ་བལྟས་ན་རྒྱ་སྐད་ཀྱི་月氏ཟེར་བ་ཨེ་ཡིན་སྙམ། ཅིའི་ཕྱིར་ཞེ་ན། ཧན་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་དེབ་ཐེར་རྩ་འགྲེལ་དང་ཧན་ཧྲུའུ་གཉིས་ཀྱི་ནང་དུ་月氏རིགས་ཀྱི་གཉུག་མའི་གནས་ཡུལ་ནི་ཤར་ཕྱོགས་ནས་ཏུན་ཧོང་དང་ནུབ་ཕྱོགས་ཀྱི་མདོ་ལ་རིང་མོའི་བར་ཡིན་ཞིང་། ཕྱི་ལོ་མ་ཚིགས་པའི་གོང་རོལ་ཙམ་ལ་ཞོན་ནུའུ་མི་རིགས་ཀྱི་དཔུང་འཇུག་བྱས་ནས་月氏ཕལ་ཆེར་ནུབ་ཕྱོགས་སུ་བྲོས་ཏེ་སེ་རིགས་ཀྱི་大夏རྒྱལ་ཁབ་ཟེར་བ་ལ་དབང་བསྒྱུར་ནས་ཕྱིས་སུ་མུ་མཐུད་དེ་ལི་ཡུལ་ནས་རྒྱ་གར་དུའང་ཐོན་པ་ལ་大月氏ཟེར། འབྲོ་མ་ཐུབ་པ་རྣམས་ཏུན་ཧོང་དང་མདོ་ལ་རིང་མོའི་རྒྱུད་དུ་བྱང་རིགས་དང་འདྲེས་ཏེ་འབྲོག་ལས་གཉེར་བ་ལ་小月氏ཟེར།68ཞེས་བཀོད་པའི་ས་ཁུལ་འ་ཞའི་ཡུལ་དང་ཕལ་ཆེར་མཐུན་ཞིང་། རྒྱའི་དེབ་ཐེར་དག་ན་དུས་རབས་བཞི་པའི་སྔོན་དུ་ཐུ་ལུ་ཧུན་གྱི་ལོ་རྒྱུས་བཀོད་མེད་ཅིང་དེའི་རྗེས་སུ་月氏འཕེལ་འགྱུར་བྲིས་པ་དཀོན་པར་བྱང་རིགས་དང་འདྲེས་ཟེར་བ་ནི་བྱང་ཕྱོགས་མདོ་སྨད་ཡུལ་དུ་གཉུག་མར་གནས་པའི་བོད་ཀྱི་རོང་འབྲོག་ཚོ་ཁག་རྣམས་མི་རིགས་སྣ་ཚོགས་སུ་འཁྲུལ། དོན་དུ་འ་ཞ་གཙོ་བྱས་པའི་བོད་ཀྱི་རིགས་རྒྱུད་མང་པོས་གང་ཡོད་པའི་ཚུལ་དུས་རབས་གོང་མའི་ལོ་བརྒྱད་ཅུ་ནས་ད་རག་བར་ལེགས་རྩོམ་མང་པོ་སྤེལ་བ་ལས་གསལ། འ་ཞ་དང་月氏གཉིས་ས་གནས་གཅིག་ཏུ་ཆགས་ཡོད་པར་མ་ཟད། ལོ་རྒྱུས་སྐད་བརྡ་རིག་པའི་ཆ་ནས་བརྟག་ནའང་སྦྱོར་ཀློག་གི་སྒྲ་ཅུང་ཙམ་ཐག་ཉེ་སྟེ། སྤྱིར་月氏ལ་སྒྲའི་སྦྱོར་ཀློག་བྱེད་སྟངསrou - zhi དངyue - zhiགཉིས་ཡོད་པར་གྲགས་ཀྱང་། 2006ལོའི་ཟླ་11པར་ཧུའུ་ནན་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་པར་མའི་རིགས་གཞུང་དུས་དེབ་དྲུག་པའི་ཤོག་ངོས་101 ནས་108 བར་《སྐད་ཆའི་ཆུང་འགྱུར་གྱི་ཕྱོགས་ནས་月氏ལyue - zhi དངrou - zhi གཉིས་ལས་གང་ལྟར་ཀློག་དགོས་པར་དཔྱད་པ་》ཞེས་པའི་རྩོམ་ཡིག་གི་ནང་རྒྱའི་ཚིག་མཛོད་ཐམས་ཅད་དང་ཚབ་མཚོན་ལྡན་པའི་ས་ཁུལ་འགའ་ལ་བརྟག་དཔྱད་གནང་སྟེyue - zhi ཞེས་ཀློག་ན་ལོ་རྒྱུས་དང་མཐུན་པ་སྒྲུབ་ཡོད། དེས་ན་བོད་ཀྱི་ཡིག་རྙིང་དག་ཏུ་འ་ཞ་ལ་ཝ་ཞྭ་དང་། བ་ཞ། ས་ཞ་བཅས་འབྲི་ཚུལ་སྣ་ཚོགས་བྱུང་བ་དོན་དུ་འ་ཞར་འབབ་པ་གོང་དུ་གསལ་བཤད་བྱས་ཟིན། གཡུང་དྲུང་བོན་གྱི་གླེགས་བམ་གཙོ་བྱས་པའི་ཡིག་ཚང་འགའི་ནང་དུ་ཨ་ཞ་ཞེས་བྲིས་ཡོད་ཅིང་། དེ་ནི་གཡུང་དྲུང་བོན་གྱི་བཀའ་བརྟེན་རྣམས་དབུ་མེད་ཀྱི་བྲིས་མ་ཤ་སྟག་ཡིན་པས་དག་ཆ་མ་ཐོན་པ་མང་བ་དང་། ཨ་དང་འ་གཉིས་སྒྲ་མཚུངས་བས་རང་མོས་ལྟར་འབྲི་བའི་སྣང་ཚུལ་མང་སྟེ། དཔེར་ན་ཨོལ་རྔམས་དང་འོལ་རྔམས།འོལ་མདུད་དང་ཨོལ་མདུད་ལྟ་བུ་ཡིན། དེ་ལྟར་ནའང་འ་ཞ་དང་月氏གཉིས་ཀྱི་སྒྲ་སྦྱོར་ད་བར་ཧེ་བག་ཆེ་བར་འདོད་མོད། བོད་ཀྱི་དཔེ་རྙིང་རྣམས་སུ་འ་དང་ཡ་གཉིས་གང་རུང་དུ་སྦྱར་ཆོག་པའི་དཔེ་མཚོན་བགྲང་གིས་མི་བླངས་བ་ཡོད་དེ། 于阗ཞེས་པའི་འཇུག་ཡུལ་ལི་ཡུལ་མ་ཡིན་པར་འུ་ཐེན་ཡིན་པ་གོང་དུ་སྒྲུབ་སྐབས་《ཏུན་ཧོང་གཏེར་ཡིག》 P. T. 1256 ནང་དུ་ཡུ་ཐེན་ཞེས་ཐེངས་བཞིར་བྲིས་ཡོད་པ་བརྗོད་ཟིན་པ་དང་། བོན་གྱི་དཔེ་རྙིང་དབུ་ནག་མིའུ་འདྲ་ཆགས་དང་། སྡེ་དགེ་བསྟན་འགྱུར་སྤྲིངས་ཡིག་ངེ་པོད་ལས་དགྲ་བཅོམ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ་དང་། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་ལ་སོགས་སུ་འུ་བུའམ་འུ་བུ་ཅག་ལ་ཡུ་བུའམ་ཡུ་བུ་ཅག་69ཅེས་བཀོད་པ་དང་། C. E. 2008ལོར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བོད་སྐད་དང་ལེགས་སྦྱར་གྱི་ཚིག་མཛོད་ཆེན་མོ་པོད་བཅུ་གཉིས་པའི་ཤོག་གྲངས་5563སྟེང་དུ་འུ་ཤ་ཡི་འགྲེལ་བ་ལ་ཡུ་ཤ་ཞེས་པ་ལྟ་བུ་དང་། རང་རེའི་ཡུལ་སྐད་དུའང་འོབ་ཆེན་ལ་ཡོབ་ཆེན་དང་། འོང་ལ་ཡོང་། འོམ་བུ་ལ་ཡུམ་བུ། འོག་ལ་ཡོག་ལྟར་གང་རུང་དུ་བརྗོད་ཆོག་པས། བོད་ཀྱི་ཡིག་རྙིང་ལ་མཁས་པའི་གོ་ཤུལ་གྲགས་པ་འབྱུང་གནས་དང་ཞོ་ར་པདྨ་དབང་ཆེན་གཉིས་ཀྱིས་ཡ་འ་གཉིས་ཀྱི་སྒྲ་གདངས་ནི་ཞན་པའི་མོ་ཡིན་ལ། ཏུན་ཧོང་གཏེར་ཡིག་དང་ལྷག་པར་དུ་རྡོ་རིང་ཡི་གེའི་རྒྱ་བོད་ཤན་སྦྱར་ལས་རྒྱའི་སྐད་ཀྱི་ཡ་སྒྲ་དང་ལྡན་པ་རྣམས་བོད་ཡིག་གི་འའི་སྒྲས་སྒྲ་བསྒྱུར་བྱས་ཡོད་པ་བཅས་ཀྱི་དབང་གིས་འདི་གཉིས་མིང་གཞིར་གྱུར་པའི་སྐབས་སུ་ཕན་ཚུན་རེས་མོས་བེད་སྤྱོད་བྱེད་སྲོལ་ཡོད་70 ཅེས་ཕྱོགས་བསྡོམས་རང་བཞིན་གྱིས་གསུངས་པས་ན། འ་ཞ་དང་月氏གཉིས་ཀྱི་སྒྲ་མཚུངས་པའི་དབང་གིས་རིགས་རྒྱུད་གཅིག་ཡིན་པའི་ཚོད་དཔག་བྱས་ཆོག
          《ཨེ་ཤ་ཡའི་དབུས་རྒྱུད་ཀྱི་གནའ་བོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་》ཞེས་པ་ལས།月氏མིའི་སྐད་རིགས་གང་ཡིན་གྱི་གནད་དོན་ལ་དེ་སྔ་རྩོད་གཞི་མང་པོ་བྱུང་ཡོད་དེ། Shrine and Ross དང་Visdelou གཉིས་ཀྱིས་通古斯ཡིན་པར་འདོད་ཀྱང་འདི་ནི་ནོར་འཁྲུལ་ཡིན་པ་བསྙོན་དུ་མེད། མཁས་པ་གཞན་དག་གིས་བོད་ཡིན་པར་བརྗོད། གཞན་དྲུ་གུའི་རིགས་ཡིན་པར་འདོད་པའང་ཡོད་མོད། དེང་སྐབས་ཕལ་ཆེ་བས་རྒྱ་གར་གྱི་欧罗巴སྐད་རིགས་ཡིན་པར་འདོད་ནའང་ཁོ་ཚོའི་ལྟ་ཚུལ་ལ་ནང་འགལ་ཅི་རིགས་མཆིས། འགའ་ཤས་ཀྱིས་吐火罗སྐད་རིགས་ཡིན་པར་འདོད། ཡང་ལ་ལས་Sakaའ་伊兰ཤར་མའི་ཡུལ་སྐད་ཡིན་པར་འདོད་ཅིང་དེ་ལ་རྒྱུ་མཚན་མང་པོ་ལྡན། ་་་་་་་་Thomasཞེས་པས་ལི་ཡུལ་དང་དེའི་ཉེ་འཁོར་གྱི་གཉུག་མའི་སྐད་རིགས་གནའ་བོའི་བོད་སྐད་ཀྱི་རིགས་ཤིག་ཡིན་ཞིང་། ས་ཁུལ་དེར་དར་བའི་伊兰ཡི་སྐད་རིགས་ནི་ཕྱིས་སུ་བྱུང་བར་བརྗོད། ་་་་་་ཉེ་བའི་ལོ་འགའི་ནང་མཁས་པ་མང་པོ་ཞིག་གིས་伊兰ཤར་མའི་ཡུལ་སྐད་塞རིགས་ཀྱི་སྐད་ཡིན་པར་གླེང་། དེ་བཞིན་དུ་མཁས་པ་ཕལ་མོ་ཆེས་月氏རིགས་གཙོ་བོ་吐火罗 ཞེས་པ་ཡིན་ཞིང་དེ་དག་ལ་དབང་བསྒྱུར་བྱེད་མཁན་Arsiཡི་རིགས་རུས་ཡིན་71ཞེས་གསུངས་པ་ལ་གཞིགས་ན། 月氏ཞེས་པའི་རིགས་རྒྱུད་ཀྱི་འབྱུང་ཁུངས་གང་ཡིན་པའི་ཕྱོགས་ལ་ད་དུང་ཐུན་མོང་གི་བཞེད་ཚུལ་ཞིག་གྲུབ་མེད་ཅིང་། 月氏ཡི་སྐད་བོད་ཀྱི་སྐད་རིགས་ཡིན་པར་འདོད་པ་གང་མང་ཞིག་ཡོད་པར་མ་ཟད། 月氏ཞེས་པ་吐火罗དང་塞རིགས་སམ་དེའི་སྐད། ཡང་ན་塞王ཞེས་པ་བཅས་ལ་འབྲེལ་བ་ཟབ་ཅིང་། དེ་དག་གིས་大夏ཟེར་བའི་རྒྱལ་ཁབ་ཅིག་བཙུགས་ནས་དབང་བསྒྱུར་བྱེད་པའི་རིགས་རུས་ཀྱི་མིང་ལ་Arsiཞེས་བརྗོད་པ་གོང་གི་ལུང་ཁུངས་ལས་རྟོགས་ཐུབ། དེང་སྐབས་བོད་ཀྱི་ཞིབ་འཇུག་པ་འགས་吐火罗ཞེས་པ་བཀའ་བསྟན་ནང་བྱུང་བའི་ཐོ་གར་གྱི་ལོ་ཙཱ་བ་ཆ་གེ་མོས་བསྒྱུར་ཞེས་པའི་བོད་ལས་ལོག་པའི་མི་རིགས་གཞན་ཞིག་ལ་སྟོན་གྱིན་ཡོད་མོད། 《ཀྲུང་གོ་དང་ནུབ་ཕྱོགས་ཀྱི་འགྲིམ་འགྲུལ་ཡིག་ཚང་བདམས་བསྒྲིགས་》ཞེས་པའི་ནང་དུ་ཀྱི་大夏ཞེས་པ་ཐང་རྒྱལ་རབས་སྐབས་སུ་吐火罗ཞེས་པ་དེ་ཡིན་ཞིང་། དེའི་གནས་ཡུལ་ནི་འུ་ཐེན་དང་ཡུའུ་མུན་ཀོན་གཉིས་ཀྱི་བར་དུ་གནས། 大夏དང་吐火罗གཉིས་ཀྱི་གནས་ཡུལ་དང་རིགས་རུས་གཅིག་ཡིན་པ་ཐང་ཟན་བླ་མའི་ལམ་ཡིག་གཙོ་བྱས་པའི་ཡིག་ཚང་དག་གི་སྒྲུབ་བྱེད་གསལ་བོ་ཡོད། སུའེ་ཏེན་རྒྱལ་ཁབ་གྱི་ཆེ་རམས་པས་(斯文赫丁sven Hedin博士) མཛད་པའི་ཨེ་ཤེས་ཡའི་བྱེ་ཐང་གི་མྱུལ་དཔྱད་ཟིན་བྲིས་ཞེས་པས་ཀྱང་བདག་གི་ལྟ་ཚུལ་ལ་རྒྱབ་དཔུང་གི་ཚུལ་གྱིས་བདེན་དཔང་བྱས་ཡོད་དེ། 吐火罗ནི་དེ་སྔ་མཚོ་སྔོན་གྱི་བུ་རོང་སྐྱིད་མཚོའི་(布隆吉尔湖Bulungir gol) འགྲམ་ངོགས་སུ་འཚོ་གནས་བྱེད་པའི་རིགས་ཤིག་ཡིན་ཞིང་། ཕྱི་ལོ་སྔོན་གྱི་157ལོར་ནུབ་ཕྱོགས་ལི་ཡུལ་གྱི་ཕྱོགས་སུ་གནས་སྤོར་ནས་དེང་གི་བྱེ་ཐང་ཆེན་མོ་ཐ་ཁུ་ལའི་མིང་ཀྱང་吐火罗བྱ་ལས་ཟུར་ཆག་པ་དོགས་གཞི་སྤུ་ཙམ་ཡང་མེད། ཁི་ལཱ་བུ་ལོ་ཏེ་(kla proth) དང་ཧྲིན་མཱ་ཏན་(Vivien de Saint Martin) གཉིས་ཀྱིས་དེའི་རིགས་རྒྱུད་ཀྱི་འབྱུང་ཁུངས་ལ་བརྟག་དཔྱད་བྱས་པ་ལྟར་ན། 吐火罗ནི་བོད་རིགས་ཡིན་པ་ར་སྤྲོད་བྱས་ཡོད་72ཅེས་གསུངས་པ་ལས་吐火罗བོད་རིགས་ཡིན་པ་བསྟན་པར་མ་ཟད། 月氏དང་吐火罗ཀྱི་ཐོག་མའི་སྡོད་གནས་དང་ཕྱིས་སུ་དེང་གི་ཡུ་གུར་གྱི་ཕྱོགས་སུ་གནས་སྤོར་བའི་བྱེད་ལས་མཚུངས་པས། དེང་གི་མཁས་པ་རྣམས་ཀྱིས་月氏དང་吐火罗གཉིས་རིགས་གཅིག་ཏུ་འདོད་པ་རྒྱུ་མཚན་གྱིས་ཕྱུག དེ་ལྟར་ན་དུས་རབས་ལྔ་བའི་ཡས་མས་སུ་རྒྱའི་དེབ་ཐེར་ནང་དུ་吐谷浑ཞེས་བྱུང་བ་ནི་吐火罗ཡི་འབྲི་ཚུལ་གཞན་ཞིག་གམ་ཡང་ན་ཐོ་གར་གྱི་སྒྲ་ཟུར་ཆག་པ་འང་སྲིད། ཅིའི་ཕྱིར་ཞེ་ན། 《ཨེ་ཤ་ཡའི་དབུས་རྒྱུད་ཀྱི་ལོ་རྒྱུས་》ལས། ཕོམ་ཕེའེ་ཝུ་སི་ཐུ་རོ་ཀོ་སི་( Pompe ius Trogus)ལགས་ཀྱིས་སེ་རྒྱུད་ཚོ་བ་(Saraucae, Sacaraucae) དང་འ་ཞ་ (阿息)ཚོ་པ་གཉིས་ཀྱིས་ཏཱ་ཞ་དང་སོ་ཀུ་ཏི་ཡ་ན་འཕྲོག་སྟེ། འ་ཞའི་རིགས་吐火罗ཡི་རྒྱལ་པོར་གྱུར་ནས་སེ་རོ་ཁཱ་ཡུའུ་ཚོ་བ་ཕམ་སོང་ཞེས་བཤད་པའི་འ་ཞ་ནི་月氏རིགས་ཡིན་ཤ་སྟག་རེད། སེ་སྒ་རོ་ཁཱ་ ཡུའུ་ཚོ་བ་ནི་月氏རིགས་ཀྱིས་ཕོ་བྲང་ནས་་ཕྱིར་བསྐྲད་པའི་སེ་རིགས་ལགས་73ཞེས་月氏རིགས་ལ་འ་ཞ་ཞེས་འབོད་སྲོལ་ཡོད་པ་དང་། འ་ཞས་སེ་རིགས་ཕྱིར་བསྐྲད་དེ་སེ་རྒྱལ་དུ་བཞུགས་པས་བོད་ཀྱི་དཔེ་རྙིང་དག་ཏུ་སེ་རྒྱལ་འ་ཞ་ཟེར་བའང་མ་བཙལ་རང་འཕྲོད་བྱུང་བ་མ་ཡིན་ནམ། གོང་དུ་大夏རྒྱལ་ཁབ་ཀྱི་དབང་བསྒྱུར་པའི་རུས་མིང་ལ་Arsiཞེས་བརྗོད་པའང་འ་ཞའི་སྒྲ་དང་ཐག་ཉེ་བར་མ་ཟད། དུང་དཀར་རིན་པོ་ཆེས་བློན་པོ་སེ་བཞིན་ཁུ། (ཞོའི་རིན་ཀེ)འདི་ཐང་རྒྱལ་རབས་ཀྱི་གཡས་ཀྱི་འཁོར་སྲུང་དམག་དཔོན་ཆེན་མོ་ཞིག་ཡོད་པ་དེའི་མིང་ལ་ཞོའི་རིན་ཀེ་ཟེར་བ་རྒྱ་ཡིག་ནས་བོད་སྐད་དུ་སྒྱུར་སྐབས་སྒྲ་ཐོན་པོ་རང་མ་བྱུང་བ་འདྲ་ཞིང་། སྔར་རྒྱ་ཡིག་གི་སྒྲ་གདངས་བོད་སྐད་དུ་སྒྱུར་སྐབས་ཞོའི་ལ་སེ་དང་། རིན་ལ་ཞིན་དང་ཤིན་བཅས་སུ་བསྒྱུར་བའི་དཔེ་ཡང་ཆིང་རྒྱལ་རབས་ཀྱི་སྐབས་བྲིས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པའི་རྣམ་ཐར་ནང་བློན་ཆེན་དང་དཔོན་རིགས་ཀྱི་མིང་བྲིས་པའི་སྐབས་སུའང་དེ་འདྲ་མང་པོ་འདུག་74ཅེས་གསུངས་པ་ལྟར་ན་ཞོའི་དང་སེ་གཉིས་ཀྱི་སྒྲ་དེ་སྔ་མཚུངས་པར་སྣང་། གོང་དུ་བཀོད་པའི་月氏རིགས་ཀྱི་འཕེལ་འགྱུར་ལོ་རྒྱུས་ནི་རྒྱའི་དེབ་ཐེར་དག་ན་月氏ཆེ་ཆུང་གཉིས་སུ་གྲགས་པའི་ཆེ་བའི་གནས་ཚུལ་ཡིན་ཞིང་། 2003ལོའི་ཟླ་12པར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་གྱི་རྩ་འཛུགས་དང་ཀྲུང་གོ་ཕྱི་ཕྱོགས་ཡིག་སྒྱུར་དཔེ་སྐྲུན་ཀུང་ཟི་གཉིས་ཀྱིས་དཔེ་སྐྲུན་བྱས་པའི་《ཨེ་ཤ་ཡའི་དབུས་རྒྱུད་ཀྱི་ཤེས་རིག་ལོ་རྒྱུས་དེབ་གཉིས་པ་》 དང་། 2006ལོའི་ཟླ་12 པར་ཤིན་ཅིང་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་ཕ་རིན་སིའི་མཁས་པ་ལི་པོ་རུས་(Jean Paul Roux)བརྩམས་པའི་《ལི་ཡུལ་གྱི་ལོ་རྒྱུས་དང་ཤེས་རིག་》ཅེས་པ་གཉིས་ཀྱི་ནང་དུ། 月氏ཆུང་བ་ནི་ཏུན་ཧོང་དང་མདོ་ལ་རིང་མོའི་རྒྱུད་ཀྱི་བྱང་བོད་དང་འདྲེས་ཏེ་ཕྱིས་སུ་ངོ་བོ་དབྱེར་མེད་དུ་གྱུར་ཞེས་བརྗོད་པ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡིག་ཚང་དུ་བཀོད་པ་ཕལ་ཆེར་མཐུན་ལ། འདིར་བཤད་པའི་བྱང་བོད་དང་འདྲེས་ཞེས་པ་ནི་དོན་དུ་བོད་ཀྱི་ནང་གསེས་རུས་རྒྱུད་མི་གཅིག་པ་འགའ་ཡིན་མོད། རྒྱལ་ཁབ་དང་མི་རིགས་གཞན་གྱི་ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་རིག་གནས་ལོ་རྒྱུས་ལ་རྒྱུས་མེད་པའི་ཁར། སྐད་ཡིག་གི་བཀག་རྒྱའི་དབང་གིས་བོད་ཡིག་གི་ལོ་རྒྱུས་དེབ་ཐེར་རྣམས་ལ་མཇལ་མི་ཐུབ་པས། བྱང་བོད་དང་འདྲེས་བར་གླེང་བའང་ཁག་ཅི་ཡོད་ལགས། དེ་ལྟར་月氏ཆེ་ཆུང་གཉིས་སུ་དགར་བའང་རྒྱ་ནག་དང་རྒྱ་ནག་ཆེན་པོ་དང་། བོད་དང་བོད་ཆེན་པོ། ཞང་ཞུང་དང་ཞང་ཞུང་ཆེན་པོ། ཙོང་ཁ་དང་ཙོང་ཁ་ཆེན་པོ་ཞེས་པ་ལྟར་འ་ཞ་དང་འ་ཞ་ཆེན་པོ་ཟེར་བ་དང་གཉིས་སུ་མ་མཆིས། དེ་བཞིན་དུ་《རྒྱའི་བཀའ་འགྱུར་བཅུ་གཉིས་རོལ་བའི་མདོ་》ལས། འཛམ་བུ་གླིང་དུ་རྒྱལ་ཁབ་ཆེན་པོ་བཅུ་དྲུག་དང་། ཡུལ་བརྒྱད་ཁྲི་བཞི་སྟོང་། རྒྱལ་པོ་བརྒྱད། ལྷ་སྲས་བཞི་བཞུགས། ཤར་ན་ཅིན་(晋)གྱི་ལྷ་སྲས་མི་ཡིས་ཕྱུག། ལྷོ་ན་རྒྱ་གར་ལྷ་སྲས་དབྱིག་འཛིན་གླང་ཆེན་གྱིས་བརྒྱན། ནུབ་ན་ཆིན་ཆེན་མོའི་(大秦国)ལྷ་སྲས་དབྱིག་འཛིན་ནོར་གྱིས་ཕྱུག ནུབ་བྱང་དུ་ཡ་ཞའི་(月氏) ལྷ་སྲས་དབྱིག་འཛིན་རྟ་མཆོག་གིས་བརྒྱན་75ཞེས་གསུངས་པའང་ཡུལ་གྱི་གནས་བབ་དང་མདོ་སྨད་རྟའི་ཆོལ་ཁ་ཟེར་བ་ཇི་བཞིན་འ་ཞ་དང་མི་འབྲེལ་རང་འདྲེས་སུ་སོང་བར་མ་ཟད། 《རྩིས་གཞུང་བེེ་དཀར་》ལྟར་ན། བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ།། རྟ་ལུག་སྤྲེལ་དང་བྱ་ཁྱི་ཕག། དེ་ལའང་བརྡ་མིང་འདི་ལྟ་སྟེ། ཤིང་དང་སྟག་ཡོས་སྟོང་སུམ་ཞེས།། མེ་དང་རྟ་སྤྲུལ་སེ་འ་ཞ།། ལྕགས་དང་བྱ་སྤྲེལ་སྦྲ་ཞང་ཞུང་།། ས་དང་གཤེད་བཞི་རྒྱལ་དྲང་རྗེ། ཆུ་དང་བྱི་ཕག་ལྡོང་མི་ཉག།76ཅེས་འ་ཞའི་འབྱུང་ཁམས་མེ་དང་བླ་ཟོག་རྟ་ཡིན་པར་བཞེད་པ་ལས་ཀྱང་མངོན་པར་གསལ་ལོ།།
          མདོར་ན། འ་ཞའི་ཡུལ་ནི་དེང་སྐབས་ཀྱི་ཤིན་ཅིང་གི་ཤར་ལྷོ་རྒྱུད་ནས་ཏུན་ཧོང་གཞི་བྱས་པའི་ཀན་སུའུ་དང་མཚོ་སྔོན་གྱི་ནུབ་རྒྱུད། བོད་ལྗོངས་བྱང་ཐང་གི་བར་དུ་འཚོ་སྡོད་བྱེད་ཀྱིན་ཡོད་ཀྱང་། དུས་ཀྱི་འགྱུར་བའི་དབང་གིས་སྐབས་རེར་ས་གནས་ལ་འཕོ་འགྱུར་བྱུང་ཡོད་པ་གོར་མ་ཆག དེར་བརྟེན་ལོ་རྒྱུས་ཀྱི་དུས་སྐབས་རེ་རེ་ལ་མི་རིགས་གཞན་གྱིས་འ་ཞའི་མིང་གི་བརྗོད་པ་ལའང་འབོད་སྲོལ་སྣ་ཚོགས་བྱུང་སྟེ། འ་ཞ་དང་ཐུ་ལུ་ཧུན་གཉིས་ཀྱི་འབྲེལ་བ་བརྟག་དཀའ་བའི་གནས་སུ་འཁུམས། གུས་པས་རིགས་འདེད་བྱས་པ་ལྟར་ན་འ་ཞ་ལ་དུས་རབས་གསུམ་པའི་གོང་རོལ་དུ་月氏ཟེར་བ་དང་། དེས་རྗེས་སུ་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་འ་ཞའི་ནང་ཁུལ་དུ་རུས་ཚན་སྣ་ཚོགས་གྱེས་ཏེ་ཐུ་ལུ་ཧུན་ལྟ་བུ་མང་པོར་མཆེད་པར་སྙམ། ལྟ་ཚུལ་འདི་ནི་འ་ཞའི་བྱུང་བ་ཨེ་ཤ་ཡའི་དབུས་རྒྱུད་ཀྱི་ལོ་རྒྱུས་དང་འབྲེལ་ནས་བྱུང་བ་ཡིན་ཞིང་། ངེད་ཅག་གིས་འ་ཞ་དང་། སྒོས་སུ་བོད་ཀྱི་གནའ་བོའི་ཤེས་རིག་དང་བཙན་པོ་རྒྱལ་རབས་ཀྱི་བྱུང་བ་ལ་ཉམས་ཞིབ་བྱེད་སྐབས་ཨེ་ཤ་ཡའི་དབུས་རྒྱུད་དང་། འཛམ་གླིང་ཤེས་རིག་གི་བྱུང་འཕེལ་ཁྲོད་དུ་བཞག་ནས་བསམ་གཞིགས་བཏང་ན་དཔྱད་འབྲས་གཡུར་དུ་ཟ་བ་ལོན་པར་གདོན་མི་ཟའོ།།
གསུམ་པ། འ་ཞའི་རུས་ཚན་གང་ལ་གཏོགས་ཚུལ་བརྗོད་པ། 
          མིག་སྔར་ལག་སོན་བྱུང་བའི་དེབ་ཐེར་རྣམས་གུང་བསྒྲིགས་ནས་འ་ཞ་དང་ཐུ་ལུ་ཧུན་གཉིས་ཀྱི་འབྲེལ་བར་དགག་སྒྲུབ་ཀྱི་སྦྱོར་བ་ཅི་རིགས་སྤེལ་ཞིང་། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་དཔྱད་འབྲས་ལྟར་ན། 月氏དང་吐火罗དང་། 塞རིགས་དང་大夏བཅས་པ་དུས་རབས་དང་པོའི་ཡས་མས་སུ་ལོ་རྒྱུས་ཀྱི་ལས་དོན་གཅིག་གི་ནང་དུ་འདུས་ཏེ་ལན་རེ་གཞི་གཅིག་ཏུ་འབབ་པའང་ཡོད། དེ་དག་གི་བྱུང་རིམ་ཕྲེང་བའི་རྒྱུན་ཐག་གཅིག་ཏུ་སྦྲེལ་ཐུབ་པའི་འ་ཞ་དང་月氏གཉིས་ལོ་རྒྱུས་སྐད་བརྡ་རིག་པ་དང་ཡུལ་གྱི་ཆགས་གནས་ལ་སོགས་ཀྱི་ཐོག་ནས་རིགས་གཅིག་ཡིན་པར་སྒྲུབ་བྱེད་ལྡན་པས། འདིར་དོགས་སེལ་གྱི་སླད་དུ་འ་ཞའི་རིགས་རྒྱུད་ཡང་སྙིང་གང་ལ་གཏོགས་ཚུལ་གྱི་སྐོར་མདོར་ཙམ་ཞུའོ།།
          《ལ་དྭགས་རྒྱལ་རབས་》ལས། ནང་གི་མིའུ་རིགས་བཞི་ནི། སྨྲ་ཞང་ཞུང་། ཏོང་གསུམ་པ། ལྟོང་མི་ཉག སེ་འ་ཞ་དང་བཞིའོ་77ཞེས་མ་ཡིག་ལ་དག་ཆ་མ་ཐོན་པ་ཙམ་གྱི། བསྟན་དོན་བཀའ་ཆེམས་ཀ་ཁོལ་མར་ནང་གི་མིའུ་རིགས་བཞི་ནི། སེ་དང་སྨུ་གཉིས། ལྡོང་དང་སྟོང་གཉིས་ལས་རུས་ཆེན་བཞི་རུས་ཕྲན་འབངས་དང་བཅས་པ་རྣམས་ལས་བོད་ཡུལ་རུ་བཞིར་ཕྱི་ནས་ཡུལ་དང་ས་རུ་བགོས་སོ་78 ཞེས་གསུངས་པ་ལྟར། འ་ཞ་ནི་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་བསེ་རུས་སུ་གཏོགས་པ་བསྟན་ཞིང་། ལུང་འདི་གཉིས་རྒྱས་བསྡུས་ཀྱི་ཁྱད་པར་ཙམ་ལས་འབྱུང་ཁུངས་གཅིག་ཡིན་པ་ཚིག་རིས་ཀྱི་ཐོག་ནས་རྟོགས་སླ། 《བོན་ཀྱི་དཔེ་རྙིང་མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་》ལས་ཀྱང་། མིའུ་རིགས་བཞི་སྲིད། སྨར་ཞང་ཞུང་གི་ལྷ་སྐལ་དུ། གནམ་ལྷ་དཀར་པོ་དང་། ཤེལ་རྒྱུང་དཀར་པོ་དང་། དམུ་ས་བེར་ཆེན་ཐོབ། སྟོང་སུམ་པའི་ལྷ་སྐལ་དུ། གནམ་གསས་དཀར་པོ་དང་། དཀར་པོ་མཆེད་བརྒྱད་ཐོབ། ལྡོང་མེ་ཉག་གི་ལྷ་སྐལ་དུ། སེ་ལྷ་མཆོག་དང་། སྒོ་ལྷ་སྟག་གཡག་ཐོབ། སེ་འ་ཞའི་ལྷ་སྐལ་དུ། ཐོག་ཐོག་ལྕམ་དྲལ་ཐོབ། མི་ལ་མིའུ་རིགས་བཞི་སྲིད། བྱ་ལ་བྱེའུ་རིགས་གསུམ་སྲིད། སྨར་དང་ཞང་ཞུང་གཉིས། ལྡོང་དང་མེ་ཉག་གཉིས། སྟོང་དང་སུམ་པ་གཉིས། སེ་དང་འ་ཞ་གཉིས་79 ཞེས་པ་དང་། 《བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བ་》ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར་ལས་ཀྱང་། ནང་གི་མིའུ་རིགས་བཞི་ནི། སྒྲ་ཞང་ཞུང་། གཏོང་གསུམ་པ། ལྡོང་མེ་ཉག སེ་(འ་)ཞ་དང་བཞིའོ་80ཞེས་པ་དང་། ད་དུང་གོང་གི་ས་བཅད་དང་པོའི་སྲིད་པ་རྒྱུད་ཀྱི་ཁ་བྱང་དུ་སྟོན་པ་གཤེན་རབ་སེ་འ་ཞའི་ཡུལ་དུ་བྱོན་པ་ལྟ་བུའི་ལོ་རྒྱུས་བསྟན་འབྱུང་ཧ་ཅང་མང་པོའི་ནང་དུ་འ་ཞའི་རུས་བསེ་ཡིན་པ་བསྟན་པས་ཡིག་ཚོགས་ལ་འཇིགས་ནས་རེ་རེའི་ལུང་སྟོན་པ་བཏང་སྙོམས་སུ་བཞག་ཅིང་། 《ལ་དྭགས་རྒྱལ་རབས་》ལས། ནངས་ཀྱི་ཕུ་བོ་སྨྲ་ཞང་ཞུང་གི་མེས་པོ་སྐྱོན་པ་ཐང་རྗེ། དེའི་འོག་མ་སེ་འ་ཞའི་མེས་པོ་གླིང་ཤེར་ཐང་རྗེ། དེའི་མ་ཏོང་གསུམ་པའི་མེས་པོ་རིང་རྗེའུ་ར། ཐང་ཆུང་ལྟོང་མོ་ཉག་གི་མེས་པོ་སྐུ་རྗེ་ཁྲུག་པ་དང་བཞིའོ། བཞི་པོ་དེ་ལས་མི་རིགས་ཕར་ཆེར་གྱེས་སོ་81ཞེས་འ་ཞའི་མེས་པོ་གླིང་ཤེར་ཐང་རྗེ་ཞུ་བ་ཡིན་པ་གསལ་ཞིང་། དེ་ནས་ཡར་དེད་ན་བོད་མི་ཐུན་མོང་གི་མེས་པོ་ཕ་སྤྲེའུ་དང་མ་བྲག་སྲིན་ཡིན་པའང་ལ་དྭགས་རྒྱལ་རབས་ལས་བསྟན་པས། འ་ཞའི་རིགས་རྒྱུད་ནི་བོད་རྣལ་མ་ཡིན་པར་མ་ཟད། བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ་བསེ་ལ་གཏོགས་པར་དོགས་གཞི་སྤུ་ཙམ་ཡང་མེད།
          《བཤད་མཛོད་ཆེན་མོ་》ལས་ཕྱི་ཡི་མིའུ་རིགས་བཞི་ནི། རྒྱ་གར་རྒྱ་ནག་གཉིས། སྟག་གཟིག་གེ་སར་གཉིས་ཏེ་བཞི། ནང་གི་མིའུ་རིགས་བཞི་ནི། སེ་རྨུ་གཉིས། ལྡོང་སྟོང་གཉིས་ཏེ་བཞིའོ།། ལི་དང་བལ་པོ་གཉིས། ཧོར་དང་མེ་ཉག་གཉིས་ཏེ་བཞིའོ་ཞེས་གསུངས་སྟངས་འདི་ལ་དཔྱད་ན་ལིའི་མི་རྒྱུད་དེ་རྣམས་ནང་གི་རུས་ཆེན་སེ་ལས་ཆད་པ་དང་བལ་པོའི་མི་རྒྱུད་དེ་རྣམས་ནང་གྱ་རུས་ཞེན་རྨུ་ལས་ཆད་པ་དང་། ཧོར་གྱི་མི་རྒྱུད་དེ་རྣམས་ནང་གི་རུས་ཆེན་ལྡོང་ལས་ཆད་པ་དང་། མེ་ཉག་གི་མི་རྒྱུད་དེ་རྣམས་ནང་གི་རུས་ཆེན་སྟོང་ལས་ཆད་པར་བཞེད་ནས་གོ་རིམ་དེ་ལྟར་དུ་བཀོད་མཛད་པའམ་ཡང་ན་ཡོངས་གྲགས་ཀྱི་ལུགས་ལྟར་ལྡོང་ལས་མེ་ཉག་དང་སྟོང་ལས་ཧོར་དང་སུམ་པའི་མི་རྒྱུད་རྣམས་བྱུང་བར་བཞེད་པ་གང་རུང་ཞིག་ཡིན་པར་ངེས་ལ། གང་ལྟར་ཡང་ལི་དང་བལ་པོ། ཧོར་གསུམ་པོ་འདི་རྣམས་བོད་ཀྱི་རུས་ཆེན་ལས་མཆེད་པའི་མི་རྒྱུད་ཡིན་པ་གསལ་བར་བསྟན་པ་ཡིན། འདིར་ལིའི་མི་རྒྱུད་དེ་རྣམས་སེའི་རུས་ཆེན་ལས་མཆེད་པར་བཤད་པའི་རུས་ཚན་དེ་ནི་གནའ་དུས་ན་ལི་ཡུལ་དུ་གཉུག་གནས་ཀྱི་མི་རིགས་དེ་ལ་ཟེར་བ་མ་གཏོགས། དེང་དུས་ཀྱི་ཡུ་གུར་མི་རིགས་ལ་ཟེར་བ་མིན་པ་ནི་ལོ་རྒྱུས་ཀྱི་གཞི་རྩའི་དུས་རིམ་ཐ་དད་པས་ཤེས་ཐུབ་པ་ཡིན། གནའ་དུས་ཀྱི་ལི་ཡུལ་བ་རྣམས་ནི་བོད་མི་དང་རུས་ཁུངས་གཅིག་ཅིང་།  དེ་རྣམས་ཀྱི་ལྟ་སྤྱོད་གང་ཅིའི་ཐད་བོད་མི་དང་འབྲེལ་ཆེ་བ་ཞིག་ཡིན་82ཞེས་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》དུ་གསུངས་པ་ནི། གོང་གི་ས་བཅད་གཉིས་པའི་ནང་དུ་འ་ཞའི་ཡུལ་དེང་སྐབས་ཤིན་ཅང་གི་ཤར་ལྷོའི་རྒྱུད་དུ་འཚོ་བ་རོལ་བར་བརྗོད་པ་ལ་བོད་ཀྱི་རིགས་རུས་ཁྱབ་ཚད་ཀྱི་ཆ་ནས་སྒྲུབ་བྱེད་སྦྱིན་པར་མ་ཟད། དུས་རབས་དང་པོའི་གོང་རོལ་དུ་ཨེ་ཤ་ཡའི་དབུས་རྒྱུད་ན་གྲགས་ཆེ་བའི་塞་རིགས་ཀྱང་བོད་ཀྱི་བསེའི་རུས་ཚན་ཡིན་ཞིང་། སྐབས་དེར་མདོ་ལ་རིང་མོའི་རྒྱུད་ནས་འ་ཞ་རིགས་རྒྱུད་མང་ཆེ་བ་ནུབ་ཕྱོགས་སུ་སྤོར་ནས་大夏ཞེས་པའི་རྗེ་བོར་བཞུགས་ཏེ། དཔེ་རྙིང་ལས་སེང་རྒྱལ་འ་ཞ་བུ་དགུ་གྲོལ་83ཞེས་པ་བཞིན་རྒྱའི་དེབ་ཐེར་དུ་塞王ཟེར་བ་དང་བསེ་རྒྱལ་གཉིས་སྒྲ་དོན་གཉིས་མཚུངས་སུ་གྱུར་པས། ལི་བོད་རིགས་རུས་གཅིག་ཏུ་གྲུབ་པ་འདི། དེང་རབས་གནའ་རྫས་རྟོག་དཔྱོད་རིག་པའི་གསར་རྙེད་དང་།  བཀའ་བསྟན་གཙོ་བྱས་པའི་བོད་ཀྱི་གསུང་རབ་བསྟན་བཅོས་ཀྱིས་ལུང་ཁུངས། བོད་ཀྱི་རིགས་རུས་ཀྱི་ཁྱབ་ཁུངས་གསུམ་གཞི་གཅིག་ཏུ་འབབ་པ་ནི་གློ་བུར་བའི་སྟེས་དབང་ཙམ་མ་ཡིན་པར། བྱེ་མའི་ཀློང་དུ་ལོ་ཟླ་སྟོང་ཕྲག་མང་པོར་ཐིམ་པའི་ལོ་རྒྱུས་དངོས་ཀྱི་གསང་རྒྱ་གྲོལ་བར་གོར་མ་ཆག གཞན་ཡང་། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་འ་ཞ་དང་བསེ་འ་ཞའི་སྐོར་ཡིག་ཐོག་ཏུ་བཀོད་པ་རྣམས་མངའ་རིས་དང་བོན་བསྟན་འབྲེལ་བའི་བྱུང་བ་བརྗོད་པའི་སྐབས་སུ་ལྷག་ཏུ་མང་བ་དང་། གཡུང་དྲུང་བོན་གྱི་བསྟན་པ་ནི་ཐོག་མར་སྟོད་མངའ་རིས་ནས་སྲོལ་ཕྱེས་ཤིང་། མངའ་རིས་ནི་ཡ་ཐོག་གི་བོད་དང་རྒྱ་གར། སྒོས་སུ་ལི་ཡུལ་དུ་རྒྱུ་བའི་བཤུལ་ལམ་གཙོ་བོ་ཡིན་ཕྱིན། འདི་གཅིག་པུའི་ཆ་ནས་ཀྱང་ལི་ཡུལ་དང་འ་ཞ་གཉིས་ཀྱི་རིགས་རུས་བསེ་ལ་གཏོགས་པར་ངེས་ཤེས་འདྲོང་ཐུབ།
          འོ་ན་ཏི་སེའི་འོད་དུ། མེ་དང་རྟ་སྤྲུལ་སེ་འ་ཞ་ཞེས་པའང་སེ་དང་སེང་ཞེས་པའི་ཚིག་འདི་གཉིས་ཡིག་མཁན་རྣམས་ཀྱིས་ནོར་བ་བྱས་པ་ཞིག་ཡིན་པར་ངེས་པ་སྟེ། སེ་ཞེས་བསེ་ཁྱུང་སྦྲ་ཡི་དོན་བསྟན་ཅིང་། སྦྲའི་རུས་ཚན་ནི་གོང་གི་ཚིག་རྐང་དེའི་མཇུག་ཐོག་དེ་མ་ཐག་ཏུ་ལྕགས་དང་བྱ་སྤྲེལ་སྦྲང་ཞང་ཞུང་ཞེས་འབྱུང་བས་གསལ་བར་བསྟན་པས། སེའམ་བསེའི་དོན་ཡིན་མི་སྲིད་ཅིང་། སེང་དང་རྨུ་དག་ནི་སྒའི་རུས་ཆེན་ཡིན་པ་དང་། སྒའི་རུས་ཆེན་ནི་འ་ཞའི་མི་རྒྱུད་གང་ནས་མཆེད་པའི་རུས་ཁུངས་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དེ་དག་གིས་ངེས་ཤེས་རྙེད་ཐུབ་པ་ཡིན་84ཞེས་པ་ལ་ཇི་ལྟར་འགྲེལ་ཟེར་ན། མཁས་དབང་གང་ལ་དཔྱད་གཞིའི་ཡིག་ཆ་མ་འཛོམས་པའི་དབང་གིས་འདི་ལྟར་བཞེད་པ་ཨེ་ཡིན་སྙམ་སྟེ། གཅིག་ནས་མེ་དང་རྟ་སྤྲུལ་སེ་འ་ཞ་ཞེས་པས་བསེ་ཁྱུང་སྦྲ་ཡི་དོན་བསྟན་ཟེར་བ་ནི་མཛད་པ་པོ་རང་གི་བཞེད་ཚུལ་ཁོ་ན་ཙམ་ལས་ལུང་ཁུངས་བེེ་དཀར་དང་གཡའ་སེལ་གཉིས་སུ་བསེ་ཁྱུང་སྦྲ་ཡི་དོན་བསྟན་པའི་གསལ་བྱེད་ཀྱི་ཚིག་མི་འདུག་པ་དང་། ཚིག་རྐང་དེར་མཐུད་ནས་ལྕགས་དང་བྱ་སྤྲེལ་སྦྲང་ཞང་ཞུང་ཞེས་བྱུང་བ་བདེན་ཡང་། བསེ་ཁྱུང་སྦྲ་ཞེས་པ་ནི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ་བསེའི་རུས་ཚན་ཅི་སྙེད་ལས་རིགས་བཟང་བ་ལ་འཇུག་པ་ཙམ་གྱི། བསེ་རིགས་ཐམས་ཅད་ལ་མི་ཁྱབ་པར། བསེ་དང་སྦྲ་གཉིས་ཡིན་ཁྱབ་མཉམ་མ་ཡིན་ཏེ། ད་དུང་བསེ་ལས་གྱེས་པའི་རྒྱལ་ནང་རྗེ་དང་། གྲོ་ནང་ཉེད་པ། འོ་གོག་བཙན།  དེ་སྟོང་སེ་ལ་སོགས་རུས་ཚན་བགྲང་གིས་མི་བླངས་པ་ཡོད། མཛད་པ་པོས་དཔྱད་གཞི་གཙོ་བོར་བཟུང་བའི་རུས་མཛོད་མེ་ཏོག་སྐྱེད་ཚལ་གྱི་རྨུ་ཚ་སྒའི་སྐོར་དུ་འདི་རིགས་ལ་དམུ་ཚ་སྒ་དང་། ཐང་ལེ་སྒ་དང་། རྨུ་དང་དམུ་དང་། སྒ་ཞེས་ཟེར། དམུ་ཚ་སྒ་བུ་དགུའི་གདུང་རྒྱུད་ཡོད་ལ། བུ་དགུ་ནི། སྒ་ཨ་གྲོ་དང་། སྒ་ཨ་རིག་དང་། སྒ་ཨ་འབྲུག་དང་། སྒ་ཨ་ཁྲོམ་དང་། ཨ་ཤིང་སོགས་ཡིན་85ཞེས་པ་ཙམ་ལས་སེང་ནི་སྒའི་རུས་ཆེན་ཡིན་པ་ཞིག་བཀོད་མེད། གཉིས་ནས་ཀརྨ་ངེས་ལེགས་ཀྱི་རྩིས་གཞུང་ཉེར་མཁོ་བུམ་བཟང་དུ་གདོང་ནི་ས་ཁམས་ཤ་བར་བླ། འབྲུ་ནི་ཆུ་ཁམས་གཡག་ལ་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། སྒོ་ནི་མེ་ཁམས་ར་ལ་བླ། སྒ་ནི་ཤིང་ཁམས་ལུག་བླ་86ཞེས་ཏི་སེའི་འོད་དུ་ལུང་དྲངས་པ་བཞིན་སེང་འ་ཞ་སྒའི་རིགས་ལ་གཏོགས་ན། སེང་འ་ཞའི་བླ་ཟོག་མ་མཐའ་ཡང་སྒའི་བླ་ཟོག་ལུག་དང་ཉེ་བ་ཞིག་ཡིན་དགོས་མོད། དོན་དུ་དེ་ལྟར་མ་ཡིན་པར་རྟ་ཡིན་ཏེ་བསེའི་རིགས་བཟང་བ་བསེ་ཁྱུང་སྦྲའི་རུས་ཚན་སྦྲའི་བླ་ཟོག་ཀྱང་རྐྱང་ཡིན་པ་ལྟར་ཕན་ཚུན་གྱི་བླ་ཟོག་ཧ་ཅང་ཉེ་བའི་ཕྱིར། གསུམ་ནས་བེེ་དཀར་དུ་དྲངས་བའི་རུས་ཆེན་རྣམས་ནི་བོད་ཀྱི་ཆོས་འབྱུང་ཕལ་མོ་ཆེར་བཀོད་པའི་རྩ་བའི་རུས་ཆེན་བསེ་རྨུ་ལྡོང་སྟོང་བཞི་ཐོག་མར་གྱེས་པའི་སྟེང་སྦྲ་འབྲུ་གཉིས་བསྣན་པས་བོད་མི་གདོང་དྲུག་ཅེས་བརྗོད་པ་ལྟར་བརྩིས་པ་ན་བསེ་དང་སྦྲ་གཉིས་རེ་རེར་བརྗོད་ཀྱང་བཟློས་སྐྱོན་བྱུང་མེད་ཅིང་། ཏི་སེའི་འོད་དུ་སྦྲ་དང་ལྡོང་། འབྲུ། སྒ་སྟེ་རུས་ཆེན་བཞིའམ་སྒོ་དང་བཅས་ཏེ་ལྔའམ་ཡང་ན་དཔའ་ཡི་ཚན་དང་ཟླ་ཡི་ཚན་བཅས་ཏེ་བདུན་ནམ། ཡི་ཚན་གཉིས་གཅིག་ཏུ་བརྩིས་པས་དྲུག་ཏུ་འགྱུར་བ་དེ་རྣམས་དང་་་་་་་་་རྩ་བའི་རུས་ཆེན་གདོང་དང་སྦྲ། འབྲུ། སྒ་སྟེ་བཞི་87ཞེས་སྒ་ལྡོང་སྦྲ་འབྲུ་བཞིའི་དགར་ལུགས་ལྟར་དབྱེ་བའི་རྒྱུ་མཚན་གྱིས་ལན་པར་སྙམ། བཞི་ནས་བོད་ཀྱི་ཆོས་འབྱུང་དེབ་ཐེར་གྲགས་ཆེན་དག་ན་སེ་འ་ཞ་ཞེས་བཀོད་པ་ལས། སེང་འ་ཞ་ཞེས་སེ་ལ་རྗེས་འཇུག་ང་བཞག་པ་ནི་རུས་མཛོད་མེ་ཏོག་སྐྱེད་ཚལ་གཅིག་པུའི་ནང་དུ་བྲིས་བ་མ་གཏོགས་གུས་པས་མཐོང་ལམ་དུ་མ་གྱུར། བེེ་དཀར་ཀྱི་པར་གཞི་གང་ནའང་མེ་དང་རྟ་སྤྲུལ་སེ་འ་ཞ་ཞེས་བཀོད་ཡོད་ན་ཡང་མེ་ཏོག་སྐྱེད་ཚལ་དུ་མེ་དང་རྟ་སྤྲུལ་སེང་འ་ཞ་ཞེས་སེ་ལ་རྗེས་འཇུག་ང་བཞག་པས། རུས་མཛོད་དེའི་མཇུག་བྱང་དུ་བདག་གིས་གསར་དུ་བསྒྲིགས་པའི་ལུང་གི་ཕྱི་མོ་རྣམས་ནི་བཀའ་དང་། བསྟན་བཅོས་རེ་ཟུང་ཞིག་དང་། བོད་རྒྱལ་པོ་བཀའ་བློན་བཅས་ཀྱི་རྣམ་ཐར་ཕལ་ཆེར་དང་། བོད་ཀྱི་རྡོལ་བོན་གྱི་དཔེ་རྙིང་ཞིག་དང་། རུས་མཛོད་ཐར་ཐོར་ཞིག་དང་། རུས་ཆེན་དག་ཏུ་འཁྲུངས་པའི་བླ་མ་མཁས་པ་ཆ་ཤས་ཀྱི་རྣམ་ཐར་དང་། སྒྲུང་ཡིག་ཁུངས་དག་གླིང་གི་ལྕགས་ར་མ་ནས་བྱུང་བ་ཐར་ཐོར་ཞིག་དང་། གནའ་མིའི་ངག་རྒྱུན་དག་ཁུལ་རྣམས་དང་། གླུ་གཞས་རྙིང་བ་སོགས་དང་བཅས་88ཞེས་བཀོད་པའི་དཔྱད་གཞིའི་ཡིག་ཆའི་ནང་བཀའ་བསྟན་མ་གཏོགས་ལུང་ཁུངས་གཞན་དག་ཐམས་ཅད་དེ་སྔ་ཤིང་པར་ཧ་ཅང་དཀོན་པས་བྲིས་མ་ཤ་སྟག་དང་། ཐ་ན་དབུ་མེད་བྲིས་མ་ཡིན་པ་བོད་ཀྱི་གསུང་རབ་བསྟན་བཅོས་བྱུང་འཕེལ་ལ་ཐུགས་མཉམ་ཞིབ་པ་ཞིག་ཡིན་ན་རྟོགས་སླ་ཞིང་། སྤྱིར་དབུ་མེད་ཀྱི་མ་རྩོམ་བུ་ཡིག་ལ་ཕབ་དུས་ཚེག་ང་རུ་འཁྲུལ་སླ་བས་སེང་འ་ཞ་ཞེས་འཁྲུལ་ནས་བྲིས་བ་ཨེ་ཡིན་སྙམ། མེ་ཏོག་སྐྱེད་ཚལ་གྱི་དཔེ་སྐྲུན་གསལ་བྱེད་དུ་རུས་མཛོད་འདིའི་མ་ཡིག་གི་གནས་ཚུལ་ངོ་སྤྲོད་བྱས་མེད་སྟབས་མ་རྩོམ་གྱི་ཡིག་གཟུགས་གང་ཡིན་ཞིབ་ཏུ་མི་རྟོགས་མོད། ངེད་ཅག་གིས་རུས་མཛོད་འདི་དབུ་མེད་ཡིན་ཞིང་ཕྱིས་སུ་དབུ་ཅན་དུ་ཕབ་པའི་ཡིག་མཁན་ནམ་དཔེ་སྐྲུན་པས་སེང་འ་ཞར་འཁྲུལ་བའི་ཚོད་དཔག་ཀྱང་བྱས་ན་ཆོག ལྔ་ནས་རུས་མཛོད་མེ་ཏོག་སྐྱེད་ཚལ་དུ་དཔེ་རྙིང་ལས། ལྡོང་ལ་རུས་ཆེན་བཅོ་བརྒྱད་གྲོལ། སེང་རྒྱལ་འ་ཞ་བུ་དགུ་གྲོལ་ཞེས་པ་དང་། ཡང་གོང་གི་གཏོ་ཕུག་ལྟར། གནའ་བོའི་རྗེ་གཉའ་ཁྲི་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་སུམ་བྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ། འ་ཞ་ནས་སྒ་བྱུང་སྟེ་བོད་ཀྱི་རྒྱལ་པོ་རེ་མཛད་པའི་མི་རྒྱུད་མཆེད་པ་ལྟར་འདུག་89ཅེས་གསུངས་པ་ལྟར་ན། འ་ཞ་སྒ་ནས་བྱུང་བ་མ་ཡིན་པར་བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ་བསེ་ཐོག་མའི་འབྱུང་ཁུངས་ཡིན་ཞིང་། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་བསེ་འ་ཞ་ལས་རུས་སྒ་བྱུང་བ་གསལ་བར་བསྟན་པ་མ་ཟད། སྒ་ནི་བསེ་རྒྱལ་འ་ཞ་བུ་དགུ་གྲོལ་བའི་ནང་གི་རུས་གཅིག་ཡིན་ལ། ད་དུང་དེ་ལས་གྱེས་པའི་རུས་ཚན་ཇི་སྙེད་ཡོད་པར་མངོན་པས། སྒའི་རུས་ཆེན་ནི་འ་ཞའི་མི་རྒྱུད་གང་ནས་མཆེད་པའི་རུས་ཁུངས་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་ངེས་ཤེས་རྙེད་དཀའ་ཞིང་། དོན་དུ་ཏི་སེའི་འོད་ལས་རྒྱུ་དང་འབྲས་བུའི་གོ་ལྡོག་ནས་བསེ་འ་ཞ་ལས་གྱེས་པའི་སྒ་རུས་འ་ཞའི་རུས་རྒྱུད་ཀྱི་རྩ་བའི་འབྱུང་ཁུངས་སུ་འཁྲུལ་བ་ལྟར་སྣང་། དེ་བཞིན་དུ་སྒའམ་སེང་གི་རུས་ཆེན་ལས་མཆེད་པའི་མི་སྡེ་འ་ཞ་ཞེས་སུ་གྲགས་པ་དེ་ནི་སུམ་པའི་ལྷོ་ངོས་དང་། མི་ཉག་གི་ལྷོ་ནུབ་མཚམས་སུ་ཆགས་ཡོད་པའི་མདོ་ཁམས་ཀྱི་མངའ་སྡེ་ཞིག་ཡིན། དེང་དུས་ཀྱི་དབང་དུ་བྱས་ན་དབུས་གཙང་གི་ཤར་ཕྱོགས་མདོ་ཁམས་ནང་ཆེན་ནས་བརྩམས། མཚོ་ཁྲི་ཤོར་རྒྱལ་མོ་ནས་ལྷོ་ཕྱོགས། སྡེ་དགེའི་ནུབ་བྱང་། ཤར་མཐའ་རྒྱལ་རོང་། བྱང་མཐའ་སོག་ཡུལ་ལ་ཐུག་པའི་བར་གྱི་མངའ་ཁོངས་དེ་ལ་ཟེར་བ་ཡིན། འ་ཞའི་ཡུལ་གྱི་ལྟེ་བ་ནི་དེང་དུས་སུ་སྒ་དང་ཡང་ན་སྒ་ཁོག་ཅེས་སུ་གྲགས་པའི་ཡུལ་སྡེ་དེ་དག་ཡིན་པར་ངེས་པ་ནི་རུས་ཚན་གྱི་མིང་ཡུལ་ལ་ཐོགས་ཡོད་པ་དེ་ཁོ་ནས་དཔང་པོར་བྱེད་ཐུབ་པ་དེ་འདྲ་ཞིག་ཡིན་90 ཞེས་གསུངས་པ་ལ་རྒྱུ་མཚན་ཅི་རིགས་ལྡན་མོད། འ་ཞའི་རུས་རྒྱུད་ཀྱི་འབྱུང་ཁུངས་སྒ་ལས་མཆེད་པའི་ལུགས་ལྟར་སྒ་རིགས་ཁྱབ་པའི་ཡུལ་གཙོ་བོ་བཟུང་བར་མ་ཟད། བསེ་འ་ཞ་དང་སྒ་རུས་གཉིས་ཕན་ཚུན་བསྲེས་ནས་བརྗོད་ཀྱིན་ཡོད་པས་ཚད་མར་འཛིན་དཀའ།
          འཛམ་བུའི་གླིང་གི་མི་རིགས་དང་རིགས་རྒྱུད་གང་རུང་ཞིག་ཡིན་ཡང་། འགྲོ་བ་མིའི་ལོ་རྒྱུས་ཀྱི་འཕེལ་རིམ་རེ་རེའི་ནང་ཕན་ཚུན་གཅིག་ལ་གཅིག་འདྲེས་སུ་རུས་ཚན་བྱེ་བ་ཕྲག་བརྒྱ་བྱུང་དང་འབྱུང་བཞིན་ཡོད་ཅིང་། བོད་ཀྱི་རྩ་བའི་རུས་ཆེན་བཞི་དང་དེ་དག་ལས་གྱེས་པའི་རུས་ཚན་ཇི་སྙེད་ཀྱང་དེ་བཞིན་དུ་སྣ་གཅིག་ཏུ་ཕན་ཚུན་མ་འདྲེས་བར་ཡུལ་ངེས་གཏན་ཞིག་ནས་འགྱུར་ལྡོག་ཅི་ཡང་མེད་པར་རིགས་རྒྱུད་སྣ་གཅིག་ཏུ་སྤེལ་བ་ནི་དཔེ་མི་སྲིད་པས།   བསེ་འ་ཞ་ལྟ་བུར་མཚོན་ན་བོད་ཀྱི་བྱེ་བྲག་ཏུ་གྱུར་བའི་འ་ཞ་རྗེའི་ཡུལ་ནི་གོང་དུ་བསྟན་པའི་གནས་དདེ་དག་གཙོ་བོར་བྱས་ཏེ་འཚོ་སྡོད་བྱེད་ཀྱིན་ཡོད་མོད།   སེའི་རུས་ཚན་དུ་གྱུར་པའི་འ་ཞའི་རིགས་རྒྱུད་ནི་མདོ་དབུས་ཁམས་གསུམ་གྱི་ཡུལ་ཕལ་ཆེར་དུ་མཆེད་ཡོད་དེ།   མྱང་སྟོད་སྨད་བར་གསུམ་དུ་གྲགས་པའི་མྱང་བར་གྱི་གཉུག་མར་གནས་པའི་ཡུལ་འཛིན་གྱི་རིགས་རུས་ཐོག་མ་བཙད་པོ་འ་ཞ་ཡིན་པ་དང་།  བསྟན་པ་ཕྱི་དར་གྱི་མེ་རོ་མདོ་སྨད་དུ་གསོས་པའི་བླ་ཆེན་དགོངས་པ་རབ་གསལ་དང་དེའི་མཁན་བུ་ཀྲེ་བོ་མཆོག་བླ་གཉིས་ཀྱི་མདུན་ནས་སྡོམ་པ་བླངས་པའི་འ་ཞ་མགོ་བོ་ཆེའི་བུ་འ་ཞ་ཡེ་ཤེས་གཡུང་དྲུང་དབུས་ནས་ཁམས་ལ་ཕྱིན་པ་91དང་།  1198ལོར་ལྷོ་ཁའི་གྲྭ་ཕྱི་དང་གྲྭ་ནང་རྒྱུད་ཀྱི་ས་ཁུལ་དུ་ཡབ་འ་ཞ་འགྲོ་མགོན་བདུད་རྩི་ཞེས་བྱ་བ་ལུང་ཟིན་གྱི་བླ་མ་དེ་ཉིད་ཀྱི་སྐུ་མཆེད་འ་ཞ་ཤེས་རབ་སེང་གེ་དང་།  ཡུམ་རིན་ཆེན་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཚུལ་ཞིང་།   ཕྱིས་སུ་བོན་གྱི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ཡ་གྱལ་དུ་གྱུར་པ་འ་ཞ་སྟོན་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན་བཅས་ཀྱིས་མཚོན་ཞིང་། གུས་པས་མཐོང་ཐོས་ལྟར་ན། ད་དུང་ཡང་འ་ཞའི་མཚན་ཟུར་ཙམ་ཡང་མ་འགྱུར་བར་ཡོད་པ་ནི་ཀན་སུའུ་ཐེ་བོ་རྫོང་གི་འ་ཞ་དང་སི་ཁྲོན་མཛོད་དགེ་རྫོང་ཆོས་རྗེ་ཞང་གི་འ་ཞ་གཉིས་ཡིན་ལ། དེ་གཉིས་དེང་སང་ཞིང་ཆེན་གཉིས་སུ་བགོས་པ་ཙམ་ལས་ས་དབྱིབས་ཀྱི་སྟེང་ནས་བལྟས་ན་གཞི་གཅིག་ལ་འབྲེལ་ཡོད་ཅིང་།  ཐེ་བོ་ཁོག་ནི་གནམ་བོན་པོ།  ས་བོན་པོ།    མི་བོན་པོ་ཞེས་པའི་ཁ་དཔེ་ཡོད་པ་དང་།   མདོ་སྨད་བོན་གྱི་རྫོང་ཆེན་བཞི་ལས་གསུམ་ཐེ་བོ་ན་བཞུགས་པ་དང་། ལྷག་པར་དུ་སྟོན་པ་གཤེན་རབ་མི་བོ་ཆེ་ཐེ་བོའི་དམུ་རི་སེང་གེ་རྫོང་ལ་དངོས་སུ་བྱོན་ཚུལ་དམུ་རིའི་དཀར་ཆག་ཏུ་བཀོད་ཡོད་པ་92རྣམས།  བོན་གྱི་བཀའ་བརྟེན་ནང་དུ་སྟོན་པ་གཤེན་རབ་སེ་འ་ཞའི་ཡུལ་དུ་དངོས་སུ་བྱོན་པ་དང་། ཁོང་སྐུ་མྱ་ངན་ལས་འདས་རྗེས་སུ་ཐུགས་སྲས་དམ་པ་འ་ཞ་གསང་བ་མདོ་སྡུད་ཀྱིས་འདས་མཆོད་དང་བཀའ་བསྡུའི་འཕྲིན་ལས་བསྐྱངས་བའི་ལུང་ཁུངས་རྣམས་ཞལ་མཐུན་པས། ཕྱི་ལོ་སྔོན་ནས་ཐེ་བོ་ཁོག་ཏུ་འ་ཞ་འཚོ་སྡོད་བྱེད་ཀྱིན་ཡོད་པར་ཡིད་ཆེས་བར་སེམས། དེ་སྔ་བོན་དང་འ་ཞ་གཉིས་ཀྱི་འབྲེལ་བ་ཟབ་པའི་ཚུལ་ཐེ་བོ་འ་ཞའི་གནས་བབ་ནས་སྔོན་བྱུང་གཟུགས་བརྙན་འཕོས་བ་བཞིན་དུ་གནས་མོད། འགྲོ་མགོན་འཕགས་པ་དང་ལྷག་པར་དུ་ཅོ་ནེ་དཔོན་རྒྱུད་ཀྱི་སྐབས་སུ་རྒྱུ་རྐྱེན་རྟེན་འབྲེལ་མང་པོའི་དབང་གིས་སྔ་རྗེས་སུ་བོན་དགོན་མང་པོ་ས་སྐྱ་དང་དགེ་ལུགས་པར་བསྒྱུར་93ནས་དེང་སྐབས་མིང་གི་ལྷག་མ་ཙམ་དུ་གྱུར་ཞིང་། ཐེ་བོ་ཁོག་ཏུ་ཐོག་མར་སྲིད་པའི་བོན་དར་ཞིང་ཕྱིས་སུ་གཡུང་དྲུང་བོན་སྤེལ་ཏེ་ཡུལ་འདིར་བོན་དགོན་ལ་སྔ་བའང་འ་ཞ་ནགས་གོང་དགོན་ཡིན་པར་བརྗོད་ཅིང་། དུས་རབས་བཅུ་གཅིག་པའི་ནང་བོན་དགོན་འདི་འདེབས་མཁན་སྐྱང་འཕགས་མུ་ལ་དྲུང་མུའམ་ནམ་མཁའ་གཡུང་དྲུང་ཞུ་བའི་རྣམ་ཐར་དང་སྦྱར་ནས་འ་མ་ཞ་ན་སྐྱང་མི་འཕགས་ཞེས་པ་ལས་འ་ཞ་ཟེར་བའི་མིང་འདི་ཐོག་མར་བྱུང་བར་གྲགས་ཀྱང་། དེ་ནི་དམངས་ཁྲོད་དུ་སྐྱང་འཕགས་ཚང་གི་བཀའ་དྲིན་ལ་རྗེས་དྲན་བྱེད་པའི་ཁ་དཔེ་ཙམ་ཡིན་གྱི། འ་ཞའི་མིང་གི་ཐོག་མའི་འབྱུང་ཁུངས་དང་མིང་དོན་འགྲེལ་བའི་ས་བོན་གཙོ་བོར་ཅིས་ཀྱང་མི་འགྲོ་སྟེ། དུས་རབས་བརྒྱད་པ་སྔ་རྗེས་སུ་བྱུང་བའི་ཏུན་ཧོང་གཏེར་ཡིག་ཏུ་འ་ཞ་ཞེས་ཐེངས་མང་པོར་བྱུང་ཡོད་པས་ཕྱིར། ཞིབ་འཇུག་པ་ལ་ལས་ཐང་ཡིག་གསར་རྙིང་དུ་དེར་བྷོད་རྣམས་ཁྲོས་ཏེ་འ་ཞ་ལ་དམག་དྲངས་པས་འ་ཞར་ཕམ་ཉེས་ཚབས་ཆེ་བ་བྱུང་། ཧི་ཡོན་རྗེ་བོ་མོ་རུང་ནོ་ཧི་པོ་དང་ཧུང་ཧྭ་ཀོང་ཇོ་གཉིས་གཉེན་ལྷག་མ་རྣམས་ཁྲིད་དེ་ལེང་ཀྲིག་ཏུ་བྲོས་94ཞེས་པ་ལ་སོགས་གཞི་བཟུང་ནས་ཐུ་ལུ་ཧུན་གྱི་འཁོར་གཡོག་སྐོར་ཞིག་གནས་འདིར་བྲོས་བྱོལ་དུ་བྱུང་བ་ལས་ཁྱིམ་གཞིས་ཆགས་ཏེ་འ་ཞའི་མིང་ཀྱང་དེ་ནས་ཡུལ་མིང་དུ་ཐོགས་པར་བརྗོད་པ་དེའང་ས་ཕྱོགས་གཅིག་པུའི་ཆ་ནས་ཀྱང་འབྲེལ་ཐབས་བྲལ་བས། གུས་པས་གོང་བཀོད་བོན་གྱི་བཀའ་བརྟེན་ལས་གསལ་བ་ལྟར་འ་ཞ་ནི་ཐེ་བོ་ཁོག་ཏུ་གཉུག་མར་གནས་པའི་བསེའི་རུས་ཚན་ཡིན་པར་འདོད།
          དེ་བཞིན་དུ་མཚོ་སྔོན་དཔའ་རིས་ཕྱོགས་ཀྱི་བོད་རིགས་དང་རེབ་གོང་ཁོག་གི་དོར་སྡེ་བོད་མི་གཉིས་ཧོར་རིགས་སུ་བཀར་ནས་རིགས་རྒྱུད་ཀྱི་རྩ་བའི་འབྱུང་ཁུངས་ཐུ་ལུ་ཧུན་དང་། དེ་ནས་ཡར་དེད་དེ་མུའུ་རོང་ཞན་པེའི་རིགས་རྒྱུད་དུ་ཁུངས་གཏུགས་ནས་དེང་སྐབས་ལོ་རྒྱུས་དེབ་ཐེར་དངོས་མའི་ནང་དུ་བཀོད་མོད། གོང་དུ་ལུང་དྲངས་པའི་《ཚལ་བའི་དེབ་དམར་》ལས། ཤིང་ཕོ་རྟའི་ལོ་ལ་བོད་ཀྱི་རྒྱལ་པོ་དང་སྐྱེས་བསྐུར་རེས་བྱས་ནས་གྲོགས་པོ་བྱས། ཐང་གི་སྲིང་མོ་སློང་བ་ལ། ཧོར་དང་ཐུ་ལུ་ཧུན་གྱི་མི་བྱུང་བ་ལ། རྒྱལ་རིགས་ཀྱི་བུ་མོ་རེ་བྱིན་ནས་ལོག་ཅེས་པའི་ནང་དུའང་ཧོར་དང་ཐུ་ལུ་ཧུན་གཉིས་ཐ་དད་ཡིན་པར་བསྟན་པ་མ་ཟད། ལོ་གྲངས་གཅིག་པུའི་སྟེང་ནས་ཐུ་ལུ་ཧུན་ལས་སེ་འ་ཞ་ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་དུ་མཚོ་སྔོན་དང་ཀན་སུའུ་ནུབ་རྒྱུད་དུ་འཚོ་སྡོད་བྱེད་ཀྱིན་ཡོད་ཅིང་། ཉེ་འཁོར་དུ་བྱང་བོད་ཀྱི་རིགས་རུས་ལྡོང་དང་འབྲི་ལ་སོགས་པས་མདོ་སྨད་ཀྱི་ཡུལ་གང་ནས་བསྡད་ཡོད་པས། དུས་རབས་བཞི་པའི་ནང་དུ་ཐོག་མར་དུད་ཁྱིམ་བརྒྱ་ཕྲག་འགའི་རི་ཡོང་ཞིག་གིས་མཚོ་སྔོན་གཙོ་བྱས་པའི་ཀན་སུའུ་ནུབ་རྒྱུད་དང་ལི་ཡུལ་ལ་སོགས་པའི་ས་ཁུལ་ཇི་ལྟར་དབང་སྡུད་བྱེད་དགོས། མཚོ་སྔོན་དཔའ་རིས་ས་ཁུལ་གྱི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་རྒྱུན་བཀོལ་གྱི་གཡང་མདའ་དང་བྱ་རྒྱལ་ཁྱུང་ཆེན་གྱི་རླུང་རྟ་ལ་སོགས་བོད་ཀྱི་ས་གནས་ཀུན་དུ་ཡོད་པ་དང་གཉིས་སུ་མ་མཆིས་ཀྱང་། དེང་གི་ཞིབ་འཇུག་པར་རློམ་པ་དག་གིས་དེ་དག་ཀྱང་མུའུ་རོང་ཞན་པེའི་རིགས་ཀྱི་ཆོས་ལུགས་དང་དམངས་སྲོལ་ལས་བྱུང་བར་ལོག་བཤད་ཏག་ཏག་བྱེད་བཞིན་ཡོད་པས། དཔའ་རིས་རང་གི་ཧོར་རིགས་ལི་ཧྲིན་ཧྭ་ལགས་ཀྱིས2004 ལོའི་མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ་བཞི་བའི་སྟེང་《ཧོར་རིགས་ནི་ཐུ་ལུ་ཧུན་གྱི་རྒྱུད་པ་མ་ཡིན་ཁོ་ཐག་ཆོད་》ཅེས་པའི་ལེགས་རྩོམ་ཞིག་བཀོད་ཡོད་པར་མ་ཟད། ཧོར་རིགས་སུ་བཀར་བའི་རེབ་གོང་ཁྲི་རྩེ་སྡེ་བཞིའི་ཡ་གྱལ་སྒོ་དམར་སྡེ་བའི་ཚངས་དབང་དགེ་འདུན་བསྟན་པ་མཆོག་གིས་2002 དང་། 2003དང་། 2006ལོའི་བོད་ལྗོངས་ཞིབ་འཇུག་གི་སྟེང་དུ་བསྟུད་མར་དོར་སྡེ་བོད་མིའི་སྐད་རིགས་དང་། དུར་མཆོད་བྱེད་སྲོལ། གྱོན་ཆས་དང་འདོགས་ཆ་ལ་སོགས་ཀྱི་སྐོར་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་བོད་རྣལ་མ་ཡིན་པ་རྨ་མེད་པར་སྒྲུབ་མོད། འཁྱོག་བཤད་དང་ལོག་བཤད་མཁན་ད་དུང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དོན་དུ་མདོ་སྨད་ཡུལ་དུ་དུས་རབས་བཅུ་གསུམ་པའི་རྗེས་སུ་སོག་རིགས་ཐོན་པ་བདེན་ཡང་། གཉུག་མར་གནས་པ་དང་ཡུལ་འཛིན་གྱི་གཙོ་བོར་གྱུར་པའི་མི་རིགས་ནི་བསེ་འ་ཞ་གཙོ་བྱས་པའི་བོད་ཀྱི་རུས་ཚན་གཞན་དག་གིས་གང་ཡོད་པ་ནི་ལོ་རྒྱུས་དེབ་ཐེར་རྣམས་སུ་གསལ་ལོ།།
          མདོར་ན། མི་ལོ་སྟོང་ཕྲག་འགའི་རིགས་རྒྱུད་ཀྱི་འཕེལ་འགྲིབ་དང་རིག་གནས་ཀྱི་བརྗེ་རེས་ཁྲོད། འ་ཞ་དང་བོད་ཀྱི་རུས་ཚན་གཞན་དག ཐ་ན་མི་རིགས་གཞན་པའི་རིགས་རྒྱུད་སྣ་ཚོགས་དང་འབྲེལ་འདྲེས་བྱུང་ཡོད་པ་བསྙོན་དུ་མེད་ཀྱང་། བོད་ཐུན་མོང་གི་མེས་པོ་ཕ་སྤྲེའུ་དང་མ་བྲག་སྲིན་ལས་འཕེལ་བའི་རྩ་བའི་རུས་ཆེན་བཞིའི་དབྱེ་བ་ལྟར་ན། འ་ཞ་ནི་བསེའི་རུས་ཆེན་དུ་གཏོགས་ཤིང་། སྒས་མཚོན་པའི་རུས་ཚན་ཅི་རིགས་འ་ཞ་ལས་རིམ་གྱིས་གྱེས་ནས་བོད་མདོ་དབུས་ཁམས་གཙོ་བྱས་པའི་ཨེ་ཤ་ཡའི་ཡུལ་གྲུ་མང་པོར་མཆེད་ཡོད་པས། འ་ཞའི་གོ་དོན་ཅི་ཡིན་སྟོན་པ་ནི་གཟུར་ཐབས་བྲལ་བའི་དཔྱད་གཞི་ཞིག་ཡིན་མོད། མིང་ལ་དངོས་མིང་དང་བཏགས་མིང་། འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་ལྟ་བུའི་དབྱེ་སྒོ་ཅི་རིགས་མཆིས་པས་ན། དཔྱད་པ་གསུམ་གྱིས་དག་པར་མ་གཞལ་བ་ཞིག་ཡིན་ཚེ། མིང་ཏུ་གྲུབ་པ་ཐམས་ཅད་ལ་རྗེས་གྲུབ་ཀྱི་རིགས་པས་སྒྲ་བཤད་དང་ངེས་ཚིག་བཀྲལ་ན་རྩོད་གཞི་རྙོག་དྲ་ཅན་གྱི་དངོས་རྒྱུ་ཁོ་ནར་འགྲོ་བས། འ་ཞའི་མཐར་ཐུག་གི་གོ་དོན་དང་འཇུག་ཡུལ་བཙལ་བའི་ལས་ཀྱང་རེ་ཞིག་བཏང་སྙོམས་སུ་བཞག
མཇུག་གཏམ།
          ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགུ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་ཞེས་རླངས་ཀྱི་པོ་ཏི་བསེ་རུའི་ནང་དུ་ངེད་ཅག་ཕྱི་རབས་པ་རྣམས་ལ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ཞལ་གདམས་དྲི་མ་མེད་པ་གསེར་གྱི་རི་རབ་ལྟ་བུ་བསྩལ་བར་མ་ཟད། ངེད་ཅག་གི་རིགས་རུས་ཆོ་འབྲང་གི་བརྒྱུད་པ་བསེ་རྨུ་ལྡོང་སྟོང་ནས་བར་མ་ཆད་པར་ཡིག་ཚང་དུ་བཀོད་ནས་ཤུལ་བཞག་གསུང་རབ་བསྟན་བཅོས་ད་དུང་ཡང་གྲངས་མི་ལོན་པའི་གླེགས་བམ་འདི་དག་བཀྲམ་ཡོད་པས། དམ་པ་གོང་མ་རྣམས་ཀྱི་སྒོ་གསུམ་དཔལ་གྱི་མཛད་བཟང་གི་ཟུར་ཙམ་མཇལ་བའི་སྐལ་བ་བྱུང་ན་ཅི་མ་རུང་སྙམ་པའི་ཀུན་སློང་གིས་ཡོངས་སུ་དྲངས་ཏེ། འ་ཞ་ནི་ལེའོ་ཉིན་ཤར་མའི་མུའུ་རོང་ཞན་པེའི་རིགས་རྒྱུད་ལས་གྱེས་པའི་ཐུ་ལུ་ཧུན་གྱི་ཚོ་བ་ཞིག་རྨ་ཆུ་དང་ཙོང་ཆུའི་རྒྱུད་དུ་མཆེད་ནས་གྲུབ་པ་མ་ཡིན་པའི་དོགས་གཅོད་དང་། སྟོད་མངའ་རིས་གཞི་བྱས་ནས་བོད་ལི་གཉིས་ཀྱི་འབྲེལ་བ་བརྒྱུད་དེ་འ་ཞའི་ཡུལ་དང་དེའི་འཕོ་འགྱུར་ལ་དཔྱད་པ་དང་། འ་ཞའི་རིགས་རྒྱུད་ཀྱི་རྩ་བའི་འབྱུང་ཁུངས་དང་དེའི་རུས་ཚན་སྐོར་དང་བཅས་ཕྱོགས་གསུམ་གྱི་སྒོ་ནས་རྩོམ་འདི་འགྲུབ་པར་འབད་ཀྱང་། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཡིག་ཚང་དང་། སྒོས་སུ་བོད་ཀྱི་ལོ་རྒྱུས་བསྟན་བཅོས་ནང་གི་འ་ཞའི་སྐོར་གྱི་ས་བོན་མེད་ཚེ་ངལ་བ་འབྲས་མེད་ཀྱི་གཤིས་སུ་འགྲོ་བས་བཀའ་དྲིན་རྗེས་སུ་དྲན་པའི་སླད་དུ། རང་དང་འདྲ་བའི་ཕྱི་རབས་རྣམས་ལ་བོད་ཀྱི་ལོ་རྒྱུས་ནང་གི་དཔྱད་གཞི་ཅན་གྱི་མོན་པ་དང་། ལྷོ་བ། མི་ཉག འཇང་ཡུལ་། མྱཱ་དཀར་ནག་བཅས་ཀྱིས་མཚོན་པ་དག་གི་རིགས་རྒྱུད་ཀྱི་འབྱུང་ཁུངས་ལ་ཀུན་གྱིས་དོ་སྣང་བྱས་ཏེ་རིགས་གཞུང་ཞིབ་འཇུག་གི་ཆ་ནས་བགྲོ་གླེང་བྱ་བར་འབོད་སྐུལ་ལན་བརྒྱར་ཞུའོ།། 
        ལུང་ཁུངས་མཆན་བུ།
①(辽东鲜卑慕容部后裔吐谷浑)ཞེས་པའི་བོད་ཡིག་གི་འབྲི་སྲོལ་འདི་ནི། 《དེབ་དམར་》དང་། 《རྒྱལ་རབས་གསལ་བའི་མེ་ལོང་།》《ཡར་ལུང་ཆོས་འབྱུང་།》 《རྒྱ་བོད་ཡིག་ཚང་ཆེན་མོ།》《ཆོས་འབྱུང་མཁས་པའི་དགའ་སྟོན་》ལ་སོགས་ཀྱི་རྗེས་འབྲངས་ནས་སོར་བཞག་བྱས་པ་ལགས།
②གོང་བཀོད་ལྟ་ཚུལ་འདི་གཞི་བྱས་ནས་འ་ཞ་དང་ཐུ་ལུ་ཧུན་གཉིས་ཀྱི་འབྲེལ་བར་དཔྱད་རྩོམ་ཧ་ཅང་མང་ཞིང་། ཁོང་རྣམ་པས་དཔྱད་གཞིའི་ཡིག་ཆ་ནི་རྒྱའི་ལོ་རྒྱུས་དེབ་ཐེར་གཙོ་བྱས་པ་ལས། བོད་ཡིག་གི་རྒྱུ་ཆར་གྱུར་པ་ཏུན་ཧོང་གཏེར་ཡིག་ལས་རེ་གཉིས་ཀྱི་རྒྱ་འགྱུར་མ་ཙམ་ལས་གཞན་ཧ་ཅང་དཀོན། དེའི་སྐོར་ཧྲན་ཞིའི་དགེ་ཐོན་སློབ་ཆེན་གྱི་སྐུ་ཞབས་ཀྲིག་ལེའུ་ཀྲུག་གིས་བརྩམས་ཞིང་2006ལོའི་ཟླ་6 པར་ཀྭང་ཞིའི་དགེ་ཐོན་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་ཐུ་ལུ་ཧུན་གྱི་ལོ་རྒྱུས་ཀྱི་པར་གཞི་དང་པོའི་སྟེང་གསལ། ཡིན་ནའང་། གོང་གི་མཆེད་ཁུངས་རྣམས་ཝེ་ཅིན་ལྷོ་བྱང་དང་ཐང་ཡིག་གསར་རྙིང་གཙོ་བྱས་པའི་རྒྱ་ཡིག་གི་ལོ་རྒྱུས་དེབ་ཐེར་དག་ཡིན་ཞིང་། དེ་དག་ཕལ་ཆེ་བ་ཐང་རྒྱལ་རབས་ཀྱི་རྗེས་སུ་བྱུང་ཞིང་། ཅུང་སྔ་བའི་ལེའུ་ཧྲུའུ་དང་བྱང་མའི་དེབ་ཐེར་ནང་གི་ཐུ་ལུ་ཧུན་སྐོར་གྱི་ལེའུ་བོར་ནས་ཕྱིས་སུ་བསབས་པས། མིག་སྔར་མཐོང་ཐུབ་པ་ལས་དེབ་ཐེར་ཆེས་སྔ་བ་ནི་སུང་ཧུའུ་ནང་གི་ཐུ་ལུ་ཧུན་གྱི་ལོ་རྒྱུས་ཡིན་པས། འདིའི་མཆེད་ཁུངས་སྐོར་བཤད་རྒྱུན་དང་ལྷ་སྒྲུང་སོགས་བསྲེས་ནས་རྙོག་དྲ་ཅན་དུ་གྱུར་པའི་གནས་ཚུལ་1995ལོའི་《མཚོ་སྔོན་སྤྱི་ཚོགས་ཚན་རིག་》དེབ་བཞི་བའི་ཤོག་གྲངས་109 ནས་114 བར་བཀོད་པའི་ཐུ་ལུ་ཧུན་གྱི་ལོ་རྒྱུས་ལས་དོགས་གཞི་གཉིས་ལ་དཔྱོད་པ་དང་2004 ལོའི་ཧས་ལུང་ཅང་མི་རིགས་དུས་དེབ་དེབ་གསུམ་པའི་ཤོག་གྲངས་46ནས་49 བར་བཀོད་པའི་ཐུ་ལུ་ཧུན་ཚོ་ཁག་ཐོག་མར་གནས་སྤོར་བའི་མི་གྲངས་དང་ལོ་དུས་དོགས་གཅོད་སོགས་སུ་ཞིབ་ཏུ་དོགས་གཅོད་བྱས་ཡོད་པས། ཡོད་ཚད་མཐའ་གཅིག་ཏུ་ཚད་མར་འཛིན་དཀའ།
③བསྟན་པའི་རྒྱལ་མཚན་གྱིས་བསྒྲིགས་པའི་《བོན་གྱི་བརྟེན་འགྱུར་ཆེན་མོ་བཞུགས་》པོད་གྲངས་རྙིང་བའི་ཨང་རྟགས་328དང་གསར་བའི་142པའི་ཤོག་ངོས་295ནས་533 བར《སྲིད་པ་རྒྱུད་ཀྱི་ཁ་བྱང་བཞུགས་པ་དགེ་ལེགས་འཕེལ་བའོ་》ལྡེབ་ངོས་311སྟེང་བཞུགས།
④⑤སྤ་བསྟན་རྒྱལ་བཟང་པོས་བརྩམས་པའི་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》ཤོག་ངོས་93དང་། 103སྟེང་བཞུགས། 1991 ལོའི་ཟླ་12 པར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
⑥⑦⑿དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ནས་བཏོན་པའི་《མདོ་གཟེར་མིག་》ཤོག་ངོས་761 ནས་762 བར་དང་། 784 དང་། 746ནས་801 བར་བཞུགས། 1991 ལོའི་ཟླ་6 པར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ། །
⑧《བོན་གྱི་བརྟེན་འགྱུར་》འདི་སྔ་རྗེས་སུ་ཐེངས་གསུམ་ལྷག་ལ་པར་སློག་ཏུ་བཏབ་པ་དང་། དཔར་ཐེངས་རེར་པོད་གྲངས་ཀྱི་སྒྲིག་ལུགས་མི་གཅིག་པས། ལུང་འདྲེན་པའི་སྐབས་སུ་ཐུན་མོང་གི་པོད་གྲངས་ཤིག་མཁོ་སྤྲོད་བྱེད་དཀའ།
⑨བསྟན་པའི་རྒྱལ་མཚན་གྱིས་བསྒྲིགས་པའི་《བོན་གྱི་བརྟེན་འགྱུར་ཆེན་མོ་བཞུགས་》པོད་གྲངས་རྙིང་བའི་ཨང་རྟགས་248དང་གསར་བའི་147པའི་《གཤེན་རབ་བཀའ་འབུམ་ཆེན་པོའི་དཀར་ཆགས་སྲིད་པའི་སྒྲོན་མ་གཞོན་ནུ་འཁྲིལ་ཤིང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བ་བཞུགས་》ལྡེབ་ངོས་39 ནས་40 བར་བཞུགས།
⑩རིག་འཛིན་ཀུན་གྲོལ་གྲགས་པས་བཀོད་པའི་《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་》ཤོག་ངོས་292 ནས་295 བར་བཞུགས། 1993ལོའི་ཟླ་12པར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
⑾ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ཤོག་ངོས་61སྟེང་བཞུགས། 1985ལོའི་ཟླ་9 པར་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།། 
⒀2167ཟུར་མཁར་བློ་གྲོས་རྒྱལ་པོས་བརྩམས་པའི་《བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འདོད་པའི་སྨན་པ་རྣམས་ཀྱིས་མི་ཤེས་སུ་མི་རུང་བའི་ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་ཤེས་བྱ་སྤྱིའི་ཁོག་འབུབས་པ་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་》 ཤོག་ངོས་194 དང་། 230དང་། 194 སྟེང་བཞུགས། 2006ལོའི་ཟླ་2པར་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
⒁བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་《མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་མདའ་དང་འཕང་གི་སྟོད་ཆའི་》ཤོག་ངོས་239 ནས་245བར་བཞུགས། 2007ལོའི་ཟླ་9 པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།⒂8284868790 ནམ་མཁའ་ནོར་བུས་བརྩམས་པའི་《ཞང་བོད་ཀྱི་ལོ་རྒྱུས་ཏི་སེའི་འོད་》 ཤོག་ངོས་69 དང་77 ནས་78བར་དང་། 169ནས་170 བར་དང་།172དང་། 167ནས་169 བར་དང་། 179དང་། 172ནས་173 བར་བཞུགས། 1996ལོའི་ཟླ་5 པར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
⒃1997ལོའི་རྒྱ་ཡིག་གི་《བོད་ལྗོངས་ཞིབ་འཇུག》གི་དེབ་གསུམ་པའི་ཤོག་ངོས་44 སྟེང་གི་《གནའ་བོའི་ཞང་ཞུང་དང་ཞང་ཞུང་གི་ཤེས་རིག་ལ་དཔྱད་པ》ཞེས་བྱ་བའོ།།
⒄28333942དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན》ཤོག་ངོས་160དང་།172དང་། 170ནས་171 བར་དང་། 170ནས་171བར་དང་། 1389ནས་1407བར་བཞུགས། 1986ལོའི་ཟླ་6པར་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
⒅3438ལྡེའུ་ཇོ་སྲས་ཀྱིས་བརྩམས་པའི་《ལྡེའུ་ཆོས་འབྱུང་》ཤོག་ངོས་103དང་། 160དང་། 107སྟེང་བཞུགས། 1987ལོའི་ཟླ་9 པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
⒃3437མཁས་པ་ལྡེའུས་བརྩམས་པའི་《ལྡེའུ་ཆོས་འབྱུང་རྒྱས་པ་》ཤོག་ངོས་244ནས་245བར་དང་། 251 དང་། 251ནས་152 བར་བཞུགས། 1987ལོའི་ཟླ་6 པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
⒇ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ཤོག་ངོས་160ནས་163བར་བཞུགས། 1988ལོའི་ཟླ3པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
22 52 69འབུམ་སྐྱབས་སོགས་ཀྱིས་བསྒྲིགས་པའི་《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་》སྟོད་ཆའི་ཤོག་ངོས་215དང་། སྨད་ཆའི་ཤོག་ངོས་350 དང་། 475སྟེང་བཞུགས། 2009 ལོའི་ཟླ5པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
23ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་གྱི་ཏ་པོད་《དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་གླེགས་བམ་བཞི་བ་》ལས་ཆོས་ཚན་ཉེར་བདུན་པ་《བོད་ཀྱི་རྒྱལ་རབས་བཞུགས་》ལྡེབ་གྲངས་197བ་2སྟེང་གསལ་ཞིང་། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་དཔེ་བསྡུར་བྱས་པའི་《མེས་པོའི་ཤུལ་བཞག་》ལས་དེབ་བཅུ་བཞི་བ་《ས་སྐྱ་བཀའ་འབུམ་དཔེ་བསྡུར་མ་ལས་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ་པོད་ལྔ་པ་བཞུགས་སོ་》ཞེས་པའི་ཤོག་གྲངས་143སྟེང་དུའང་དེ་བཞིན་དུ་བཀོད་ཡོད། 2007 ལོའི་ཟླ་4 པར་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།
24ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི་《བོད་ཀྱི་ལོ་རྒྱུས་པད་རཱག་ལྡེ་མིག་》 ཤོག་ངོས་155 སྟེང་བཞུགས། 1996ལོའི་ཟླ་11པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
25 36ཕུན་ཚོགས་ཚེ་རིང་གིས་བརྩམས་པའི་《དེབ་ཐེར་ཀུན་གསལ་མེ་ལོང་》ཤོག་ངོས་442དང་། 30སྟེང་བཞུགས། 2006ལོའི་ཟླ་5 པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་གཞི་གཉིས་པའི་པར་ཐེངས་གསུམ་པའོ།།
26རྒྱལ་མོ་འབྲུག་པས་བརྩམས་པའི་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ཤོག་ངོས་39སྟེང་བཞུགས། 1995 ལོའི་ཟླ་10 པར་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
27 34 35 42 48 49ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་《རྒྱལ་རབས་གསལ་བའི་མེ་ལོང་》ཤོག་ངོས་62དང་། 61དང་། 61ནས་62བར་དང་། 229ནས་232བར་དང་། 229ནས་232བར་དང་། 25སྟེང་བཞུགས། 2008ལོའི་ཟླ་4 པར་མི་རིགས་དཔེ་སྐྲུན་ཁང་གི་པར་ཐེངས་བརྒྱད་པའོ།།28 41 43 45 47 50 62 74ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པའི་《དེབ་ཐེར་དམར་པོ་》རྩ་འགྲེལ་སྦྲགས་མའི་ཤོག་ངོས་45དང་། 17དང་། 24 དང་། 295དང་། 19དང་། 276ནས་277བར་དང་། 19དང་286བར་དང་། 286སྟེང་བཞུགས། 1981 ལོའི་ཟླ་10 པར་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
28 34 42 ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་སྡེས་བརྩམས་པའི་《ཡར་ལུང་ཇོ་བོའི་ཆོས་འབྱུང་》ཤོག་ངོས་51དང་། 49ནས་50བར་དང་། 19ནས་37བར་དང་། 41སྟེང་བཞུགས། 1988ལོའི་ཟླ་3པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
29 34 42 སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་བརྩམས་པའི་《རྒྱ་བོད་ཡིག་ཚང་ཆེན་མོ་》ཤོག་ངོས་136དང་།140དང་། 99ནས་117བར་བཞུགས། 1985ལོའི་ཟླ་6པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
30 19 80ལོའི་རྒྱ་ཡིག་གི་《བོད་ལྗོངས་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ་》བཞི་པའི་ཤོག་ངོས་27ནས་48བར་གྱི་《ཆོས་འབྱུང་མཁས་པའི་དགའ་སྟོན་བདམས་བསྒྱུར་》ཞེས་བྱ་བའོ།།
31 32 ཇོ་ནང་ཏཱ་ར་ན་ཐས་བརྩམས་པའི་《མྱང་ཆོས་འབྱུང་》ཤོག་ངོས་5དང་། 7སྟེང་བཞུགས། 2002ལོའི་ཟླ་9 པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་ཐེངས་གཉིས་པའོ།།
34རྒྱལ་དབང་ལྔ་པ་ཆེན་མོས་བརྩམས་པའི་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ཤོག་ངོས་16ནས་17བར་བཞུགས། 1981 ལོའི་ཟླ3པར་མི་རིགས་དཔེ་སྐྲུན་ཁང་གི་པར་ཐེངས་གསུམ་པའོ།།
34སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་《གསོ་རིག་སྨན་གྱི་ཁོག་འབུགས་》ཤོག་ངོས་149སྟེང་བཞུགས། 1982ལོའི་ཟླ་11པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།། 
40 54 F. w ཐོ་མ་སིས་བརྩམས་པའི་《ལི་ཡུལ་ནས་ཐོན་པའི་བོད་ཀྱི་ཡིག་ཚང་རྣམ་བཤད་》རྒྱ་འགྱུར་མའི་ཤོག་ངོས་29ནས་30བར་དང་། 26ནས་27བར་བཞུགས། 2003ལོའི་ཟླ་3པར་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
42 60 འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས་པའི་《དེབ་ཐེར་སྔོན་པོ་》ཤོག་ངོས་73ནས་81བར་དང་། 892སྟེང་བཞུགས། 1986ལོའི་ཟླ་11པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་ཐེངས་གཉིས་པའོ།།
42 འབྲུག་པ་པདྨ་དཀར་པོས་བརྩམས་པའི་《འབྲུག་པའི་ཆོས་འབྱུང་》ཤོག་ངོས་92ནས་93བར་བཞུགས། 1992ལོའི་ཟླ་8པར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
44སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་བརྩམས་པའི་《རྒྱ་བོད་ཡིག་ཚང་ཆེན་མོ་》རྒྱ་འགྱུར་མའི་ཤོག་ངོས་63སྟེང་བཞུགས། 1999ལོའི་ཟླ3པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་ཐེངས་གཉིས་པའོ།།
46 69 སྡེ་དགེ་བསྟན་འགྱུར་ངེ་པོད་སྤྲིངས་ཡིག་ལས་ལྡེབ་གྲངས་161བ་4 ནས་168བ་2བར་གྱི་《དགྲ་བཅོམ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ་བཞུགས་སོ་》 དང་། པོད་དེའི་ལྡེབ་གྲངས་168བ་2ནས་188ན་7བར་གྱི་《ལི་ཡུལ་ལུང་བསྟན་པ་བཞུགས་སོ་》གསལ།
50ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པའི་《དེབ་ཐེར་དམར་པོ་》རྒྱ་འགྱུར་མའི་ཤོག་ངོས་20དང་170སྟེང་བཞུགས། 2002ལོའི་ཟླ་4པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་གཞི་གཉིས་པའོ།།
53གོང་གི་ཨང་རྟགས་ནི་དེ་སྔ་F. wཐོ་མ་སིས་ཞིབ་འཇུག་བྱེད་པའི་སྐབས་ཀྱི་ཡིན་ཞིང་། དེང་སྐབསITJ-1368ལྟར་གསར་དུ་དཀར་ཆག་བསྒྲིགས་ཡོད།55 57 94དོན་གྲུབ་རྒྱལ་སོགས་ཀྱིས་བསྒྱུར་པའི་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》ཤོག་ངོས་10དང་། 133དང་14དང་། 14དང་189སྟེང་བཞུགས། 1984ལོའི་ཟླ12པར་མི་རིགས་དཔེ་སྐྲུན་ཁང་གི་པར་ཐེངས་གཉིས་པའོ།།     
56 ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་རྩོམ་སྒྲིག་བྱས་ 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བའི་སྟོད་ཆའི་》 ཤོག་ངོས་334ནས་342བར་དབའ་བཞེད་ཡིག་རྙིང་མའི་ཤོག་གྲངས་26 - 31ལས་ལུང་དྲངས་ཞེས་གསལ་ཞིང་། རྩོམ་འདིར་དྲངས་པ་ནི་གཡུ་ཕྲེང་གི་ཤོག་གྲངས་340སྟེང་བཞུགས། 1989ལོའི་ཟླ་10པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
58 དོན་གྲུབ་དབང་འབུམ་གྱིས་བརྩམས་པའི་《བོད་ཀྱི་རིག་གནས་འཕེལ་རིམ་གྱི་ལོ་རྒྱུས་སྟོད་ཆའི་》ཤོག་ངོས་419ནས་428བར་བཞུགས། 2001ལོའི་ཟླ་4པར་ཀན་སུའུ་སློབ་གསོ་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
59གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བའི་《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་བཞུགས་སོ་》 ཤོག་ངོས་309ནས་310བར་བཞུགས། 2006ལོའི་ཟླ་12པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་གཞི་དང་པོ་དང་། རྒྱ་ཡིག་གི་མ་དཔེ་མཁས་དབང་ཅིའུ་ཞན་ལིན་སོགས་ཀྱིས་མཆན་བཏབ་པའི་ཐང་ཟན་བླ་མའི་ལམ་ཡིག་གི་ཤོག་ངོས་1017ནས་1018བར་བཞུགས། 2000ལོའི་ཟླ4པར་ཀྲུང་ཧྭ་ཧྲུའུ་ཅུའུ་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
61 80ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས་པའི་《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་》ཤོག་ངོས་155དང་5སྟེང་བཞུགས། 2005ལོའི་ཟླ་12པར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་པར་ཐེངས་གཉིས་པའོ།།
62 91བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་《བུ་སྟོན་ཆོས་འབྱུང་》ཤོག་ངོས་172དང་། 198ནས་199བར་བཞུགས། 1991ལོའི་ཟླ་6པར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་ཐེངས་གཉིས་པའོ།།
64བཀའ་བསྟན་དཔེ་བསྡུར་ཁང་གིས་བསྒྲིགས་པའི་《བཀའ་འགྱུར་དཔེ་བསྡུར་མའི་པོད་ང་དགུའི་》ཤོག་ངོས་576 ནས་718བར་བཞུགས། 2008ལོའི་ཟླ་6པར་ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
65ཁྲིན་ཆིན་དབྱིན་སོགས་ཀྱིས་བསྒྲིགས་པའི་《ཕྱི་གླིང་པས་བོད་རིག་པར་ཞིབ་འཇུག་བྱས་པའི་འགྱུར་རྩོམ་ཕྱོགས་བསྒྲིགས་དེབ་བཅུ་བཞི་པའི་》ཤོག་ངོས་173ནས་189 བར་བཞུགས། 1998ལོའི་ཟླ་12པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
66 78 ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན་པའི་《བཀའ་ཆེམས་ཀ་ཁོལ་མའི》ཤོག་ངོས་85དང་། 91སྟེང་བཞུགས། 1991ལོའི་ཟླ་9པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་པར་ཐེངས་གཉིས་པའོ།།
68ཧྲི་མ་ཆན་སོགས་ཀྱིས་བརྩམས་པའི་《 ལོ་རྒྱུས་དེབ་ཐེར་རྩ་འགྲེལ་བཞི་སྦྲགས་མའི་》ཤོག་ངོས་2398དང་། 2395སྟེང་བཞུགས། 2008ལོའི་ཟླ8པར་ཀྲུང་ཧྭ་ཧྲུའུ་ཅུའུ་དཔེ་སྐྲུན་ཁང་གི་པར་ཐེངས་གསུམ་པའོ།།
69 79མཁར་རྨེའུ་བསམ་གཏན་སོགས་ཀྱིས་བསྒྲིགས་པའི་《ཁུ་བྱུག་སྔོན་མོའི་གསུང་སྙན་》ཤོག་ངོས་91ནས་114བར་དང་། 1སྟེང་བཞུགས། 2002ལོར་ཉི་ཧོང་རྒྱལ་གཉེར་མི་རིགས་དངོས་མང་བཤམ་སྟོན་ལས་ཁུངས་ཀྱི་པར་གཞིའོ།།
70 ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བསྒྲིགས་པའི་《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཤོག་ངོས་444དང་། 667སྟེང་བཞུགས། 2008ལོའི་ཟླ་6པར་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
71ཨ་མི་རི་ཀའི་w. M མེ་ཀོ་ལིན་གྱིས་བརྩམས་པའི་《ཨེ་ཤ་ཡའི་དབུས་རྒྱུད་ཀྱི་གནའ་བོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་》 ཤོག་ངོས་288ནས་302བར་བཞུགས། 2004 ལོའི་ཟླ་8པར་ཀྲུང་ཧྭ་ཧྲུའུ་ཅུའུ་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
72ཀྲང་ཞིན་ལཱང་གིས་རྩོམ་སྒྲིག་བྱས་པའི་《ཀྲུང་གོ་དང་ནུབ་ཕྱོགས་ཀྱི་འགྲིམ་འགྲུལ་ཡིག་ཚང་བདམས་བསྒྲིགས་》ཤོག་ངོས་20ནས་22བར་དང་། 1283སྟེང་བཞུགས། 2008ལོའི་ཟླ་6པར་ཀྲུང་ཧྭ་ཧྲུའུ་ཅུའུ་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
73ཝང་ཀྲི་ལེས་བརྩམས་པའི་《ཨེ་ཤ་ཡའི་དབུས་རྒྱུད་ཀྱི་ལོ་རྒྱུས་》ཤོག་ངོས་61 དང་78སྟེང་བཞུགས། 1980ལོའི་ཟླ་4པར་ཀྲུང་གོ་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
75བཅུ་གཉིས་རོལ་བའི་མདོ་ནི། སྟོན་པ་ཚངས་རྒྱ་བ་ནས་ལོ་བཅུ་གཉིས་ཀྱི་མཛད་པ་གཙོ་བོར་བརྗོད་པས་མཛད་པ་བཅུ་གཉིས་ཞེས་ཀྱང་བསྒྱུར་ཡོད། འདི་བོད་ཀྱི་བཀའ་བསྟན་དུ་མི་བཞུགས་ཤིང་། ཅིན་ཤར་མའི་དུས་སུ་རྒྱ་གར་གྱི་ལོ་ཙཱ་བ་ཀ་ལི་ཏ་ཀས་རྒྱ་ནག་ཏུ་བསྒྱུར།大正藏No,0195佛说十二游经76སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་《ཕུག་ལུགས་རྩིས་ཀྱི་ལེགས་བཤད་བེེཌཱུར་དཀར་པོའི་སྟོད་ཆ་》ཤོག་ངོས་253སྟེང་བཞུགས། 1996ལོའི་ཟླ་4པར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།
83 85 88 89གྱི་ལུང་བཀྲ་ཤིས་རྒྱ་མཚོ་སོགས་ཀྱིས་བརྩམས་པའི་《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་》 ཤོག་ངོས་7དང་། 112ནས་113བར་དང་། 121དང་། 7དང་8སྟེང་བཞུགས། 1994ལོའི་ཟླ་9པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་ཐེངས་གཉིས་པའོ།།
77 81ཆོས་འཛོམས་ཀྱིས་རྩོམ་སྒྲིག་བྱས་པའི་《ལ་དྭགས་རྒྱལ་རབས་》ཤོག་ངོས་7དང་། 5སྟེང་བཞུགས། 1987ལོའི་ཟླ་6པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་ཐེངས་དང་པོའོ།།
92ཐེ་བོ་དང་མཛོ་དགེའི་འ་ཞའི་གནས་ཚུལ་སྐོར། 2009ལོའི་ཟླ་11པར་སི་ཁྲོན་སློབ་ཆེན་ནས་འ་ཞ་ནགས་གོང་དགོན་གྱི་དགོན་བདག་སྐྱང་འཕགས་སྐུ་ཕྲེང་སོ་གཅིག་པ་རིན་ཆེན་རྒྱལ་མཚན་དང་། ཐེ་བོའི་ཕ་ཁྱིམ་དུ་ཆུང་དུས་ནས་བོན་གཞུང་ལ་དོར་གཉེར་མཛད་པའི་ཀན་སུའུ་མི་རིགས་སློབ་ཆེན་གྱི་དགེ་རྒན་ངག་དབང་རྒྱ་མཚོ་གཉིས་ལ་བཅར་འདྲི་བྱས་པའི་རྨང་གཞིའི་སྟེང་དུ་འབྲེལ་ཡོད་ཡིག་ཚང་ལ་གཞི་བཅོལ་ནས་བྲིས་པ་ཡིན།
93བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་《མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་》ཤོག་ངོས་623དང་། 625དང་། 662ལ་སོགས་ཀྱི་སྟེང་བཞུགས། 1985ལོའི་ཟླ་2པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་པར་ཐེངས་གཉིས་པའོ།།       
94ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་སྒྲིག་ཞུས་པའི་《བསྟན་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་གཅིག་སྨད་ཆ》ཤོག་ངོས་982དང་། 987ནས་989བར་བཞུགས། 2005ལོའི་ཟླ་8པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་གཞི་དང་པོའོ།།