ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

མི་རིགས་རྩོམ་རིག་ལས་བོད་ཀྱི་རྩོམ་རིག་གི་ཚད་གཞིའི་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2019-03-21 ཡོང་ཁུངས། རྩེར་སྙེག རྩོམ་པ་པོ། བསོད་ནམས་རྒྱལ།
          ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་མི་རིགས་རྩོམ་རིག་སྟེ་བོད་མི་རིགས་ཀྱི་རྩོམ་རིག་ཅིག་ཡིན་དགོས་ན་དེའི་བརྗོད་བྱས་བོད་རང་གི་འཚོ་བའི་གནས་ཚུལ་མཚོན་དགོས་པ་དང་། རྗོད་བྱེད་བོད་སྐད་ཡིན་དགོས་པ། རྩོམ་པ་པོ་བོད་རིགས་ཡིན་དགོས་པ་བཅས་ཆ་རྐྱེན་ནམ་ཚད་གཞི་གསུམ་ཚང་དགོས་པ་བསྟན་ཡོད།
          སྤྱིར་རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་བྱུང་བ་དང་། དེས་མཚོན་པར་བྱེད་པའི་ཡུལ་དང་ཞབས་འདེགས་ཞུ་ཡུལ་ཡང་སྤྱི་ཚོགས་ཀྱི་འཚོ་བ་ལས་མ་འདས། མི་རིགས་སོ་སོའི་སྤྱི་ཚོགས་ཀྱི་ཡུན་རིང་འཕེལ་རྒྱས་ཁྲོད་དུ་རང་རང་ལ་ཐུན་མིན་གྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཆོས་ལུགས་དད་མོས་བཅས་ཆགས་ཡོད། མི་རིགས་ཤིག་གི་རྩོམ་རིག་ཅིག་ཡིན་ཕྱིན་ངེས་པར་དུ་དེ་དག་མཚོན་དགོས། དེ་ལྟར་མིན་ཚེ་མི་རིགས་ཀྱི་རྩོམ་རིག་ཅེས་པའང་མཛུབ་མོས་སྟོན་ས་མེད་པའི་སྟོང་གཏམ་ཞིག་ཏུ་གྱུར་འགྲོ། རང་རིགས་ལ་མཚོན་ནའང་དེ་དང་དེ་ནང་བཞིན་བོད་ཀྱི་རྩོམ་རིག་གི་རྩམ་དྲི་དང་མར་དྲི་ཞེས་པ་ནི་ནམ་ཡང་འདོར་མི་རུང་།
          དེང་སྐབས་རྩོམ་རིག་གི་ལས་དོན་གཉེར་བའི་ཡོན་ཏན་པའི་སྡེ་ཁག་ཏུ་ཐག་གཅོད་དཀའ་བའི་ཚ་ཚ་འུར་འུར་གྱི་གླེང་གཞི་དང་རྩོད་གཞི་ཞིག་ཆགས་ཡོད་པ་ནི་མི་རིགས་ཀྱི་རྩོམ་རིག་ཅིག་ཡིན་ཕྱིན་དེ་ལ་ཚང་དགོས་པའི་ཆ་རྐྱེན་ནམ་ཚད་གཞི་ག་འདྲ་ཡིན་མིན་དེ་ཡིན་པས་གཤམ་ནས་དེའི་ཐད་ཀྱི་གནད་དོན་ཕྱོགས་གསུམ་ནས་དཔྱད་པ་གཏོང་ཁུལ་བྱ་རྒྱུ་ཡིན།
          དང་པོ། བརྗོད་སྙིང་ངེས་པར་དུ་བོད་ཀྱི་འཚོ་བ་ཡིན་དགོས།
          "དེ་ཡང་བརྗོད་སྙིང་ཞེས་པ་ནི་བརྗོད་བྱའི་སྙིང་བོ་སྟེ་བརྗོད་བྱ་མང་པོ་ཚོགས་པ་ལས་ཐོན་པའི་སྙིང་བོ་ཡིན་ཞིང་རྩོམ་མཁན་རང་ཉིད་ཀྱིས་གནད་དོན་ཞིག་ལ་བཟུང་བའི་ལྟ་བ་དང་ལངས་ཕྱོགས་ཇི་ལྟ་བུ་དེ་ལྟར་བརྗོད་བྱའི་དོན་མང་པོ་ཚོགས་པ་ལ་བརྟེན་ནས། རང་ཉིད་རྗེས་སུ་ཡི་རང་མིན་གང་ཡིན་གྱི་ཆགས་སྡང་གི་རྣམ་འགྱུར་གསལ་བོར་མཚོན་པའི་ཀུན་སློང་ནི་བརྗོད་བྱའི་སྙིང་བོ་ཡིན"①པ་དང་། ད་དུང"བརྗོད་བྱ་གཙོ་བོ་ཞེས་པ་ནི་རྩོམ་པ་པོས་བརྩམས་ཆོས་ནང་བསྟན་བྱའི་དོན་གཙོ་བོ་དེ་ཡིན། རྩོམ་པ་པོས་བསྟན་བྱའི་དོན་དེར་འཛིན་པའི་རྣམ་འགྱུར་དང་གདེང་འཇོག་དེ་གཞིན་བརྩམས་ཆོས་ཀྱི་ནང་དོན་དེ་རྩོམ་ཐབས་གང་ཞིག་བརྒྱུད་ནས་མཚོན་པར་བྱེད་པའི་རྩ་བའི་ལྟ་བ་དེ་ཡིན"②ཞེས་བརྗོད་ཡོད་ཀྱང་ཀུན་ཀྱིས་ཁས་ལེན་དང་ཤུགས་རྒྱག་ས་ནི་རྩོམ་པ་པོས་གང་བརྗོད་པར་བྱ་བའི་དོན་གྱི་སྙིང་བོ་དེ་ཡིན་པས་བརྗོད་སྙིང་ནི་རྩོམ་རིག་བརྩམས་ཆོས་ཀྱི་བླ་སྲོག་ལྟ་བུ་ཞིག་ཏུ་གྲུབ་ཡོད། དེའི་སྟབས་ཀྱིས་བོད་རིགས་རྩོམ་པ་པོ་ཞིག་ཡིན་ཚེ་བརྩམས་ཆོས་ཀྱི་བརྗོད་སྙིང་གིས་བོད་ཀྱི་སྤྱི་ཚོགས་འཚོ་བ་མཚོན་རྒྱུ་ནི་ཧ་ཅང་དགོས་ངེས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན། དེ་ལས་ལྡོག་སྟེ་གཞན་རིགས་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་གནད་དོན་སྐོར་བརྗོད་ཚེ་བོད་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་ཞེས་གླེང་ཐབས་བྲལ་བས་བརྗོད་སྙིང་གདམ་གསེས་བྱེད་རྒྱུར་ངེས་པར་དུ་དོ་སྣང་བྱེད་དགོས། དཔེར་ན། སྔོན་གྱི་མཁས་པའི་བརྩམས་ཆོས་མང་པོ་ཞིག་ནི་སྐབས་དེའི་བོད་སྤྱི་ཚོགས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་ངོ་རྒོལ་དང་ཁོ་ཚོའི་ནག་ཉེས་ཐེར་འདོན་བྱེད་པ། མི་དམངས་མང་ཚོགས་ཀྱི་སྡུག་ཡུས་བརྗོད་པ་དང་ལུགས་མཐུན་དང་འཆམ་མཐུན་ཞི་བདེ་བཅས་བདེ་སྐྱིད་ཀྱི་འཚོ་བར་རེ་སྙེག་བྱེད་པ། ཆོས་པ་རྫུན་མ་ཚོའི་ཚུལ་མིན་གྱི་བྱ་སྤྱོད་ལ་སུན་འབྱིན་དང་ཟུར་ཟ་བྱེད་པ་སོགས་མདོར་ན་བདེན་དགེ་མཛེས་གསུམ་ལ་བསྔགས་བརྗོད་དང་རྫུན་ངན་བཙོག་གསུམ་ལ་སུན་འབྱིན་བྱེད་པ་བཅས་བོད་མི་རིགས་ཀྱི་འཚོ་བའི་གནས་ཚུལ་རྐྱང་རྐྱང་མཚོན་པ་དང་། དེང་རབས་བོད་ཀྱི་བརྩམས་ཆོས་མང་པོས་གནའ་དེང་རིག་གནས་བར་གྱི་འགལ་འདུ་དང་། ཕྱི་བཟང་ནང་སྤྱོད་དང་སྙིགས་དོར་བཅུད་ལེན་བྱེད་པར་སྐུལ་བ། བཙན་དབང་གཉེན་སྒྲིག་ལ་ངོ་རྒོལ་དང་རང་དབང་གཉེན་སྒྲིག་ལ་བརྩོན་ལེན་བྱེད་པ། རང་མི་རིགས་ཀྱི་ཡ་ང་ཞིང་ཡིད་སྐྱོ་བ། ཞེ་མེར་ཞིང་སྐྱུག་བྲོ་བའི་རྩྭ་ས་རྩོད་གླེང་གི་སྤུན་ཟླ་ནང་དམེའི་གནས་ཚུལ་བཅས་བརྗོད་སྙིང་དུ་བཟུང་ཡོད་པས་ད་གཟོད་བོད་ཀྱི་རྩོམ་རིག་ཅེས་གླེང་ནའང་མིང་དོན་མཚུངས་པ་ཞིག་ཡིན། དཔེར་ན། བོད་ཀྱི་རི་མོ་བ་ཞིག་གིས་རྒྱའི་བརྩམས་ཆོས《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》དང《ནུབ་ཕྱོགས་སུ་བསྐྱོད་པའི་ཟིན་ཐོ》 《ཐོག་ཁང་དམར་པོའི་རྨི་ལམ》ལྟ་བུའི་ནང་དོན་དག་རི་མོར་བཀོད་ཚེ་དེའི་གྲུབ་འབྲས་སུ་ལ་དབང་མིན་དང་དེ་མི་རིགས་གང་གི་བརྩམས་ཆོས་སུ་འགྱུར་བར་ཀུན་གྱིས་སྔོན་དཔག་ཐུབ་པ་ནང་བཞིན་རྩོམ་རིག་བརྩམས་ཆོས་ཀྱང་དེ་ལས་མ་འདས། དེ་བས་བོད་ཀྱི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་ཕྱིན་བརྗོད་སྙིང་གིས་ངེས་པར་དུ་བོད་མི་རིགས་རང་ཉིད་ཀྱི་སྤྱི་ཚོགས་དང་འཚོ་བའི་གནས་ཚུལ་མཚོན་དགོས་ལ་དེར་ཐུགས་ཁུར་ཡང་གནང་དགོས།
          གཉིས་པ། རྗོད་བྱེད་ངེས་པར་དུ་བོད་སྐད་ཡིན་དགོས།
          དེང་སྐབས་མི་མང་པོ་ཞིག་གིས་སྐད་ཆ་ནི་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་སྤྱད་ཀྱི་ལག་ཆ་རྐྱང་རྐྱང་དུ་ངེས་འཛིན་བྱེད་བཞིན་ཡོད་པས། རྒྱ་ཆེའི་རྩོམ་པ་པོ་དག་གིས་ཀྱང་རྩོམ་རིག་བརྩམས་ཆོས་ཀྱི་རྗོད་བྱེད་ལ་དེ་འདྲའི་དོ་སྣང་མི་བྱེད་པའི་གོམས་གཤིས་ངན་པ་ཞིག་ཆགས་ཡོད། "སྤྱིར་སྐད་ཆ་ཞེས་པ་ནི་མི་རྣམས་ཕན་ཚུན་བསམ་བློ་བརྗེ་བྱེད་ཀྱི་བརྡ་ཐབས་གལ་ཆེན་ཞིག་གམ། མི་རིགས་ཤིག་གི་རིག་གནས་ཀུན་གྱི་ཉིང་བཅུད་དང་རྟེན་གཞིར་གྱུར་བ་ལྟར། བོད་སྐད་ཅེས་པ་ནི་བོད་ཀྱི་རིག་གནས་དང་བོད་མིའི་ཀུན་རྟོག་སྣ་ཚོགས་ཀྱི་རྟེན་གཞིར་གྱུར་ཅིང་ཕན་ཚུན་བར་གོ་བརྡ་སྤྲོད་བྱེད་ཀྱི་བརྡ་ཐབས་གལ་ཆེན་ཞིག་ལ་བྱའོ"③ཞེས་བརྗོད་པ་ལྟར་བོད་སྐད་ནི་བོད་མི་ཕན་ཚུན་དབར་གོ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་རྐྱང་བ་ཙམ་མ་ཡིན་པར་རང་གི་རིག་གནས་ཀྱི་ཉིང་བཅུད་ཀྱང་འདུས་ཡོད། དེར་མ་ཟད་རང་རིགས་ལ་གཞན་དང་མི་མཚུངས་པའི་ཚིག་གི་སྦྱོར་ཚུལ་དང་སྐད་གཤིས་ཁྱད་པར་ཅན་ཡོད། དེ་དག་བརྩམས་ཆོས་ཀྱི་རྗོད་བྱེད་དུ་མ་བཀོལ་བར་གཞན་རིགས་ཀྱི་སྐད་ཡིག་སྟེང་ནས་གསར་རྩོམ་བྱས་ཚེ་བོད་རང་ལ་མ་གཞི་ནས་གྲུབ་པའི་ཁྱད་ཆོས་འདི་དག་དམིགས་མེད་དུ་དོར་བ་ཡིན། དེ་ལྟར་དོར་ཚེ་བོད་རང་གི་ཕ་སྐད་སློབ་སྦྱོང་དང་བཀོལ་སྤྱོད་ལ་མི་ཕན་པ་མ་ཟད་མི་རིགས་སྐད་ཡིག་ལ་ལྡོག་ཕྱོགས་ཀྱི་ནུས་པའང་ཐོན་སྲིད་པ་ཡིན། དེ་ལྟར་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ན་ཐོག་མར་རང་མི་རིགས་ཀྱི་ཚིག་སྦྱོར་གྲུབ་ཚུལ་དང་བརྡ་སྤྲོད་ཆོས་ཉིད་ཉམས་འགྲོ་བ་དང་། སྐད་གཤིས་རང་ལ་མི་དབང་བ་ཞིག་ཏུ་ཆགས་འགྲོ་བ། མཐའ་མར་རང་གི་སྐད་ཡིག་ཡོངས་སུ་འདོར་བའི་ཉེན་ཁའང་ཡོད་པ་རེད། དེ་བས་བོད་རིགས་རྩོམ་པ་པོ་ཞིག་ཡིན་ཕྱིན་རྗོད་བྱེད་དམ་སྐད་ཆ་གལ་ཆེར་འཛིན་དགོས་ལ། "སྐད་ཆ་ནི་མི་རིགས་རང་མཚན་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་འབྲས་བུ་ཡིན་ལ་རིག་གནས་སྤེལ་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཀྱང་ཡིན་པས་སྐད་ཆ་ནི་རྗོད་བྱེད་དང་རིག་གནས་ནི་བརྗོད་བྱའི་ཚུལ་དུ་གནས་ཏེ་སྐད་ཆས་རིག་གནས་སྤེལ་ཅིང་རིག་གནས་ཀྱིས་སྐད་ཆར་ཚེ་སྲོག་གསར་བ་བསྐྲུན་པར་བརྟེན་དེ་གཉིས་ཕན་ཚུན་རྟེན་ཅིང་འབྲེལ་བའང་ཡིན"④པ་དང"སྐད་ཡིག་ནི་ལག་ཆ་ཁོ་ན་ཞིག་མ་ཡིན་ཏེ་མི་རིགས་ཤིག་གི་གཟི་འོད་འབར་བའི་རིག་གནས་ཀྱི་འདེགས་ཤིང་དང་བསམ་གཞིགས་བྱེད་སྟངས་ཤིག འདུ་ཤེས་ཤིག་ཀྱང་ཡིན"⑤པས་བོད་ཀྱི་རྩོམ་རིག་ལ་འཇུག་མཁན་ཞིག་ཡིན་ཕྱིན་བོད་སྐད་ཀྱི་ལམ་ནས་གསར་རྩོམ་བྱེད་དགོས་པ་ནི་ཐོག་མའི་གོམ་པ་སྤོ་ས་ཡིན་ལ་བོད་ཀྱི་རྩོམ་རིག་དག་མ་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཡང་ཡིན་ཏེ། དཔེར་ན། ཨ་ལེས་བརྩམས་པའི《རྡུལ་འཚུབ་དྭངས་སོང》དང་ཚེ་རིང་ནོར་བུས་བརྩམས་པའི《ལུག་ཚེ་ཐར》སོགས་ལ་མཚོན་ན། བརྗོད་བྱ་བོད་ཀྱི་འཚོ་བ་ཡིན་ཡང་རྗོད་བྱེད་མི་རིགས་གཞན་གྱི་ཡི་གེ་ཡིན་པས། བོད་ཀྱི་རྩོམ་རིག་གི་གྲས་སུ་བགྲང་དཀའ་བ་ལྟ་བུས་མཚོན་ནོ། །
          གསུམ་པ། རྩོམ་པ་པོ་ངེས་པར་དུ་བོད་རིགས་ཡིན་དགོས་པ།
          རྩོམ་པ་པོ་ནི་རྩོམ་རིག་བརྩམས་ཆོས་ཀྱི་ལས་བཟོ་བ་དང་ལག་རྩལ་པ། གསར་གཏོད་པ་ལྟ་བུ་ཡིན། རྩོམ་པ་པོ་མེད་ན་བརྩམས་ཆོས་མེད་པས་མི་རིགས་ཀྱི་འཚོ་བ་དང་བདེ་སྡུག་མཚོན་པའི་རྩོམ་རིག་ཀྱང་ཡོང་ཐབས་བྲལ། དེ་བས་རྩོམ་རིག་བརྩམས་ཆོས་ཤིག་མཛད་པ་ལ་རྩོམ་པ་པོ་ནི་གལ་ཆེ་ལ་བོད་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་དགོས་ན་རྩོམ་པ་པོ་བོད་རིགས་ཡིན་མིན་ནི་དེ་བས་ཀྱང་གལ་ཆེ། གལ་ཏེ་བྱིས་པ་ཞིག་ལ་མཚོན་ན་ཁོའི་ཨ་ཕ་ནི་མི་རིགས་གཞན་ཞིག་ཡིན་ཚེ་ང་ནི་བོད་པ་གཙང་མ་ཡིན་ཞེས་བརྗོད་དཀའ་བ་ནང་བཞིན་ནོ། ། བརྗོད་སྙིང་གིས་བོད་ཀྱི་སྤྱི་ཚོགས་དང་འཚོ་བའི་བདེ་སྡུག་མཚོན་ཡང་གཞན་རིགས་ཀྱིས་གསར་རྩོམ་གནང་བའི་བརྩམས་ཆོས་ཤིག་ཡིན་ན་ནི་ནམ་ཡང་རང་ལ་མི་དབང་བ་མ་ཟད། དེའི་ནང་དོན་དང་རྣམ་པ་སོགས་ཕྱོགས་གང་ཐད་ལ་མ་རྟོག་ལོག་རྟོག་གི་གནད་དོན་ཡང་མང་དུ་འབྱུང་སྲིད་ལ་དེའི་གསར་རྩོམ་གྱི་འདུ་ཤེས་དང་དམིགས་ཡུལ། ཀུན་སློང་ཡང་ཚོང་རའི་དཔལ་འབྱོར་དང་མཚན་སྙན་གྲགས། རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་སྟེང་ལ་བབས་མེད་ཅེས་སུས་ཀྱང་བརྗོད་དཀའ། བོད་རིགས་རྩོམ་པ་པོ་ཞིག་ཡིན་ཚེ་མ་མཐའ་ཡང་ཆུང་དུས་ནས་ཁོར་ཡུག་འདིར་འཚར་ལོངས་བྱུང་བས་གཞན་ལས་ལྷག་པའི་རང་གི་འཚོ་བར་རྒྱུས་མངའ་དང་གསལ་ཆ་ཡོད་ལ་གསར་རྩོམ་གྱི་འདུ་ཤེས་དང་ཀུན་སློང་ཡང་གཙང་མ་ཡིན་ངེས། སྤྱིར་རྩོམ་རིག་གསར་རྩོམ་གནང་མཁན་ནི་ཧ་ཅང་མང་ལ་དེར་འགན་འཁུར་མཁན་ནི་ཤིན་ཏུ་ཉུང་། དེ་ལྟར་ཡིན་ཡང་རྩོམ་མཁན་བོད་རིགས་ཤིག་ཡིན་ཕྱིན་གསར་རྩོམ་རྗེས་ཀྱི་གནས་ཚུལ་ལའང་སྔོན་དཔག་དང་བསམ་གཞིགས་རང་ཤུགས་ཀྱིས་གཏོང་སྲིད་པས་བརྩམས་ཆོས་ཀྱི་ནང་དོན་དང་རྣམ་པ་སོགས་ཕྱོགས་གང་ཐད་ནས་དེ་འདྲའི་ཐ་ཤལ་ཞིག་ཡིན་ཐབས་བྲལ་ལ་གཞན་གྱི་བདག་དབང་དང་རྩོད་གླེང་ཡང་རང་ཤུགས་ཀྱིས་ཞ་འགྲོ་ངེས། དེ་བས། མི་རིགས་རྩོམ་རིག་ཅིག་ཡིན་དགོས་ཚེ་རྩོམ་པ་པོ་རང་རིགས་ཡིན་མིན་ཡང་ཧ་ཅང་གལ་ཆེན་ཡིན་ཏེ། དཔེར་ན། ཧི་མ་ཡིས་བརྩམས་པའི《བོད་སའི་གསང་ཨང》ལྟ་བུ་ལ་མཚོན་ན་བོད་ཁུལ་གྱི་གནས་ཚུལ་མང་པོ་ཞིག་མཚོན་བཞིན་ཡོད་ཀྱང་རྩོམ་པ་པོ་མི་རིགས་གཞན་ཡིན་པའི་ཆ་ནས་བོད་ཀྱི་རྩོམ་རིག་གི་མཚན་གཞི་ལ་འཇོག་དཀའ་བ་ལྟ་བུའོ། །