ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

དུས་རབས་བཅུ་གཉིས་ནས་བཅུ་བདུན་པར་དར་བའི་སྨར་ཚང་བཀའ་བརྒྱུད་ཀྱི་དར་རྒུད་ལོ་རྒྱུས་ལ་ཐོག་མར་དཔྱད་པ།

སྤེལ་དུས 2019-05-23 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བཀའ་འབུམ་རྒྱལ།
[ནང་དོན་གནད་བསྡུས།]བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས་ཆུང་བརྒྱད་དུ་བགྲངས་པའི་སྨར་ཚང་བཀའ་བརྒྱུད་ནི་དུས་རབས་བཅུ་གཉིས་པར་སྨར་པ་ཤེས་རབ་ཡེ་ཤེས་ཀྱིས་སྲོལ་བཏོད་པ་དང་། དུས་རབས་བཅུ་གསུམ་ནས་བཅུ་བདུན་གྱི་བར་ཏེ་ས་ཕག་སྲིད་དབང་གི་སྐབས་སུ་དར་རྒྱས་ཆེན་པོ་བྱུང་ནས་ཁམས་ཕྱོགས་ཕལ་ཆེ་བར་ཁྱབ། དུས་རབས་བཅུ་བདུན་པར་དགའ་ལྡན་ཕོ་བྲང་གི་སྲིད་དབང་བྱུང་བ་ནས་ཉམས་དམས་སུ་གྱུར། སྨར་ཚང་བཀའ་བརྒྱུད་དར་ནས་རྒུད་པར་གྱུར་པའི་ལོ་ངོ་ལྔ་བརྒྱ་ལྷག་གི་རིང་བོད་ཀྱི་སྤྱི་ཚོགས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་དང་། སྒོས་སུ་བོད་ཆུ་བཞི་སྒང་དྲུག་ཏུ་ཕྱེ་བའི་སྨར་ཁམས་སྒང་གི་ཆབ་དཔལ་རིག་གསུམ་ཐད་ནུས་པ་བླ་ན་མེད་པ་ཐོན། རྩོམ་འདིར་སྨར་ཚང་གི་འབྲེལ་ཡོད་ཡུལ་དངོས་དག་ལ་རྟོག་ཞིབ་བྱས་པའི་དཔྱད་འབྲས་དང་ལོ་རྒྱུས་ཡིག་ཆ་གཉིས་གུང་བསྒྲིགས་ཏེ་སྨར་ཚང་བཀའ་བརྒྱུད་པའི་དར་རྒུད་ལོ་རྒྱུས་དང་དེའི་རྒྱུ་རྐྱེན་ལ་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] སྨར་ཚང་བཀའ་བརྒྱུད། ཤོ་དགོན་པ། ཙོམ་མདོ་དགོན་པ། སྨར་པ་ཤེས་རབ་ཡེ་ཤེས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-03-0053-10ག
གཅིག སྨར་པ་ཤེས་རབ་ཡེ་ཤེས་དང་སྨར་ཚང་བཀའ་བརྒྱུད་ཀྱི་བྱུང་བ།
          དྭགས་པོ་བཀའ་བརྒྱུད་པ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་དག་ལས་དར་ཁྱབ་ཆེས་ཆེ་བའི་གྲུབ་མཐའ་ཞིག་ཡིན་ཏེ། དུས་རབས་བཅུ་གཅིག་པར་མར་མི་དྭགས་གསུམ་ཀྱིས་གྲུབ་མཐའི་སྲོལ་ཕྱེ་བ་ནས་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། བཀའ་བརྒྱུད་ཆེ་བཞི་དང་ཆུང་བརྒྱད་①ལ་སོགས་པའི་ཡན་ལག་གི་རྣམ་གྲངས་མང་པོ་ཐོན། འདིར་གླེང་བའི་སྨར་ཚང་བཀའ་བརྒྱུད་ནི་བཀའ་བརྒྱུད་ཆུང་བརྒྱད་ཀྱི་གྲས་སུ་གཏོགས་ཤིང་ཕག་གྲུ་རྡོ་རྗེ་རྒྱལ་པོའི་དངོས་སློབ་སྨར་པ་ཤེས་རབ་ཡེ་ཤེས་ཀྱིས་གྲུབ་མཐའི་སྲོལ་བཏོད། དེབ་ཐེར་སྔོན་པོ་སོགས་ལས་སྨར་པ་ཤེས་རབ་ཡེ་ཤེས་ལ་དམར་པ་ཞེས་ཀྱང་བཀོད་ཡོད། ཆོས་རྗེ་སྨར་པའི་རྣམ་ཐར་དྲི་མ་མེད་པའི་འོད་ཀྱི་འཕྲེང་བ་②ལྟར་ན། སྨར་པ་ཤེས་རབ་ཡེ་ཤེས་ནི་རབ་བྱུང་གཉིས་པའི་ཤིང་མོ་ཡོས་ཏེ་སྤྱི་ལོ་1135ལོར་སྨར་ཁམས་རུ་ཤོད་དགེ་རྒྱས་བྱེ་མ་ལུང་③ཞེས་པར་སྐུ་འཁྲུངས་པ་དང་། དགུང་ལོ་ཉེར་གཅིག་སྟེང་རབ་ཏུ་བྱུང་ཞིང་ལོ་དེར་དབུས་སུ་བཞུད། དགུང་ལོ་ཉེར་དྲུག་པར་ཕག་གྲུ་རྡོ་རྗེ་རྒྱལ་པོ་བསྟེན་ནས་དེར་ལོ་ལྔར་བསྡད་དེ་སྔར་ཞུས་མ་མྱོང་པའི་ཆོས་ཆ་ཚང་བར་ཞུས་པ་དང་། ལྷག་པར་དུ་རྗེ་སྒམ་པོ་བ་དངོས་སུ་བརྒྱུད་པའི་བཀའ་བརྒྱུད་ཀྱི་གདམས་པ་མ་ལུས་པར་གསན། མཐར་རང་ལོ་སུམ་ཅུ་སྟེ་སྤྱི་ལོ་1164ལོར་སླར་སྨར་ཁམས་སུ་ལོག་ནས་འགྲོ་དོན་བསྐྱངས་པ་དང་། དེ་ཡང་ཐོག་མར་རི་དགོན་④ཞེས་པར་ལོ་གསུམ་དང་རང་ལོ་སོ་གསུམ་སྟེ་མེ་མོ་ཕག་སྤྱི་ལོ་1167ལོར་བྲག་གཡབ་བྱམས་མདུན་ཕྱོགས་སུ་བཀྲ་ཤིས་ཤོ་དགོན་པ་⑤བཏབ། དུས་དེ་ནས་བཟུང་བོད་ཀྱི་ཆོས་ལུགས་ལོ་རྒྱུས་ལས་སྨར་ཚང་བཀའ་བརྒྱུད་ཅེས་པའི་ཆོས་བརྒྱུད་འདི་བྱུང་། 
          ཆོས་བརྒྱུད་འདི་ལ་སྨར་ཚང་བཀའ་བརྒྱུད་ཅེས་ཐོགས་དོན་ནི་དར་སའི་ཡུལ་རྒྱུ་མཚན་དུ་བྱས་ནས་ཐོ⑥གས་པ་སྟེ། སྨད་མདོ་ཁམས་སྒང་དྲུག་གམ་བོད་ཆུ་བཞི་སྒང་དྲུག་དུ་ཕྱེ་བའི་སྨར་ཁམས་སྒང་གི་སར་དར་པས་ན་སྨར་ཚང་བཀའ་བརྒྱུད་ཅེས་དང་། དཔེར་ན་སྨར་པ་ཤེས་རབ་ཡེ་ཤེས་ཀྱི་བླ་མ་ཕག་གྲུ་རྡོ་རྗེ་རྒྱལ་པོས་གཙང་གི་ཕག་མོ་གྲུར་གདན་ས་བཏབ་པས་ཕག་གྲུ་བཀའ་བརྒྱུད་དང་། སྐྱོབས་པ་འཇིག་རྟེན་མགོན་པོས་འབྲི་གུང་ཁུལ་དུ་གདན་ས་བཏབ་པས་འབྲི་གུང་བཀའ་བརྒྱུད་དུ་ཐོགས་པ་སོགས་གནས་ལུགས་གཅིག་ཡིན། བོད་ཀྱི་ཆོས་འབྱུང་དེབ་ཐེར་དག་ལས་སྨར་ཚང་བཀའ་བརྒྱུད་ལ་སྨར་ཚོང་དང་སྨར་པ་བཀའ་བརྒྱུད་ཅེས་ཀྱང་བྲིས་ཡོད་པ་དང་། སྨར་ཚོང་ནི་སྒྲ་མ་དག་པ་དང་སྨར་པ་བཀའ་བརྒྱུད་ཅེས་པ་ནི་སྨར་པ་ཤེས་རབ་ཡེ་ཤེས་ཀྱི་མཚན་གདགས་གཞིར་བཟུང་ནས་བཏགས་པ་ཡིན་པས་དོན་དུ་སྨར་ཚང་དང་སྨར་པ་དོན་གཅིག་ཡིན།
          སྨར་ཚང་བཀའ་བརྒྱུད་ཅེས་པའི་གྲུབ་མཐའ་ཡན་གར་བ་འདི་བྱུང་བའང་མདོར་ན་སྐབས་དེའི་སྤྱི་ཚོགས་དང་རིག་གནས་ལ་བརྟེན་པ་ཡིན་ཏེ། དུས་རབས་བཅུ་གཉིས་པ་ནི་བོད་ཁམས་སིལ་བུའི་སྐབས་ཡིན་པས་ཆོས་ལུགས་གྲུབ་མཐའ་སྤེལ་བ་ལ་ཆབ་སྲིད་ཀྱི་བཀག་སྡོམ་མེད་ཅིང་། སྒོས་སུ་བསྟན་པ་ཕྱི་དར་གྱི་མགོ་ཚུགས་ནས་ཡུན་རིང་འགོར་མེད་པས་སྤྱིའི་ཆ་ནས་ནང་བསྟན་དར་རྒྱས་ཆེན་པོར་ཕྱིན་མེད་ལ། ས་གནས་སོ་སོས་བསྟན་པ་བསྐྱར་གསོ་ལ་རེ་སྙེག་དང་རྒྱབ་སྐྱོར་ཆེན་པོ་བྱེད་པས་ག་ས་གང་དུ་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་གྱི་ཁ་དབུགས་སྟུག་པོ་ཞིག་ཆགས་ཡོད། སྨར་ཁམས་ཀྱི་ཡུལ་འདིར་ཡང་བླ་མ་དབུ་སུག་པ་དང་སྒོམ་བརྒྱ་བ་སོགས་ཆོས་པ་འགའ་རེས་བུ་སློབ་བསྐྱངས་ནས་ནང་ཆོས་སྤེལ་བཞིན་པ་ནི་ཆོས་རྗེ་སྨར་པའི་རྣམ་ཐར་ལས་གསལ་བ་དང་། ཡང་གྲུབ་ཐོབ་ཉག་རེ་སེ་པོ་⑦ལྟ་བུའི་ཕག་གྲུའི་ཆོས་བརྒྱུད་འཛིན་པའི་མཁས་གྲུབ་ཀྱང་བྱུང་ཡོད། གཞན་སྨར་པའི་རྣམ་ཐར་ལས། སྨར་པ་ཤེས་རབ་ཡེ་ཤེས་བླ་མ་ཕག་གྲུའི་མདུན་ནས་ལོ་ལྔར་བཞུགས་པའི་ཚེ་ཁམས་ནས་སུན་རྟ་འབྱོར་ནས་ཁམས་སུ་བྱོན་པར་བབས་⑧ཞེས་པ་དང་། ཡང་རྣམ་ཐར་ལ་ལར་ཁམས་ནས་ཕེབས་བསུ་ལ་འོངས་ནས་ཁམས་སུ་ལོག་ཅེས་པ་ལས་སྐབས་དེར་ཁམས་ཕྱོགས་སུ་ཆོས་ལུགས་དར་སྤེལ་བྱེད་པ་ཤིན་ཏུ་གཙིགས་སུ་འཛིན་བཞིན་པ་དང་། ལྷག་དོན་སྨར་པ་ཤེས་རབ་ཡེ་ཤེས་ནི་སྨར་ཁམས་ནས་ཡིན་པས་རང་ཡུལ་དུ་ཆོས་ལུགས་སྤེལ་བ་ལ་དགའ་བསུ་ཆེན་པོ་བྱེད་བཞིན་པ་རྟོགས།
          སྨར་པ་ཤེས་རབ་ཡེ་ཤེས་ཀྱིས་སྨར་ཁམས་སུ་ཆོས་བརྒྱུད་སྤེལ་བ་ལ་མདོར་ན་རྒྱུ་རྐྱེན་གསུམ་ལྡན་པ་སྟེ། དང་པོ། ཁོང་གི་ཆོས་བརྒྱུད་སྤེལ་བ་ལ་ཡུལ་དུས་གང་གི་ཆ་ནས་ཀྱང་མཐུན་རྐྱེན་ལེགས་པོ་འཛོམས་ཡོད། དུས་ཀྱི་ཆ་ནས་བོད་ཁམས་སིལ་བུར་འཐོར་ནས་ས་ཕྱོགས་ཀུན་ཏུ་ཆོས་ལུགས་དར་སྤེལ་དང་གྲུབ་མཐའ་གསར་འབྱེད་ཀྱི་ཚ་རླབས་ཤིག་འཕྱུར་ཡོད་པ་དང་། ཡུལ་གྱི་ངོས་ནས་སྨར་ཁམས་ཏེ་རང་གི་འཁྲུངས་ཡུལ་དུ་གྲུབ་མཐའ་སྐྱོང་པ་ནི་ཡུལ་གྲུ་གཞན་ལས་ཕྱོགས་གང་ཐད་ནས་སྟབས་བདེ་བ་ཡིན། གཉིས་པ། དུས་སྐབས་དེར་ཕག་གྲུ་རྡོ་རྗེ་རྒྱལ་པོས་རང་གི་བུ་སློབ་དག་ས་ཕྱོགས་སོ་སོར་མངགས་ནས་གྲུབ་མཐའ་རྒྱ་བསྐྱེད་བཞིན་པ་དང་། སྨར་པ་ཤེས་རབ་ཡེ་ཤེས་ཀྱང་དེ་བཞིན་ཁོའི་འཁྲུངས་ཡུལ་སྨར་ཁམས་སུ་མངགས་ནས་ཆོས་བརྒྱུད་སྤེལ་བའང་མདོར་ན་ཕག་གྲུ་བཀའ་བརྒྱུད་ཀྱིས་སྨར་ཁམས་ཀྱི་ས་ཆ་བདག་ཏུ་བཟུང་བ་དང་། བཀའ་བརྒྱུད་ཆུང་བརྒྱད་སོགས་ཀྱི་ནང་གསེས་མང་པོ་བྱུང་པའང་ཕག་གྲུ་བཀའ་བརྒྱུད་རྒྱ་བསྐྱེད་པའི་མཚོན་རྟགས་སམ་གྲུབ་འབྲས་ཤིག་ཡིན། གསུམ་པ། གོང་དུ་སྨྲས་པ་ལྟར་སྨར་པ་ཤེས་རབ་ཡེ་ཤེས་ཀྱིས་སྨར་ཚང་བཀའ་བརྒྱུད་ཀྱི་སྲོལ་བཏོད་པ་དེས་ཕག་གྲུ་བཀའ་བརྒྱུད་ཁྱབ་སྤེལ་བྱེད་པ་ལ་ནུས་པ་ཆེན་པོ་ཐོན་པ་དང་། དེས་ཕྱིས་སུ་བྱུང་བའི་ཕག་གྲུའི་སྲིད་དབང་ལའང་ནུས་པ་ཆེན་པོ་ཐོན་ཡོད་པའོ།།
གཉིས་པ། ས་ཕག་དུས་སུ་འཕེལ་རྒྱས་ཆེན་པོ་བྱུང་ཚུལ་དང་དེའི་རྒྱུ་རྐྱེན།
          སྤྱི་ལོ་1264ནས་1619ལོའི་བར་ཏེ་ལོ་ངོ་སུམ་རྒྱ་ལྷག་གི་རིང་ལ་བོད་ཁམས་ཡོངས་སུ་ས་སྐྱ་དང་ཕག་གྲུ་གཉིས་ཀྱིས་དབང་བསྒྱུར་པ་དེ་ནས་བཟུང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དངོས་སུ་བྱུང་ཞིང་བར་སྐབས་ཤིག་ལ་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་། སྒོས་སུ་ཆོས་ལུགས་རིག་གནས་ནི་བོད་ཀྱི་ལོ་རྒྱུས་སྟེང་འཕེལ་རྒྱས་ཀྱི་རྩེར་བསྙེགས་པའི་དུས་ལ་སླེབས། དུས་སྐབས་འདིའི་རིང་ལ་སྨར་ཚང་བཀའ་བརྒྱུད་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ། དུས་རབས་བཅུ་གཉིས་པར་སྨར་པ་ཤེས་རབ་ཡེ་ཤེས་ཀྱིས་གདན་ས་ཤོ་དགོན་པ་བཏབ་རྗེས་དེ་གར་བུ་སློབ་སྟོང་ཕྲག་གཉིས་ལྷག་འདུས་ནས་ཆོས་བརྒྱུད་འདི་དར་སྤེལ་དང་ཉམས་ལེན་བྱས་ཞེས་འགོས་ལོའི་《དེབ་སྔོན་》དང་《སྨར་ཚང་གི་རྣམ་ཐར་》ཀུན་ལས་གསལ་ལ། ཡང་སྨར་པ་ལ་སློབ་བུ་འགྲོ་མགོན་རིན་ཆེན་དཔལ་དང་ཡང་དགོན་ཡེ་ཤེས་རྒྱལ་མཚན། སྤྱན་སྔ་བ་བྱང་ཆུབ་གྲགས་པ། དགེ་བཤེས་ཆོས་ཀྱི་ཡེ་ཤེས་སོགས་ཡོན་ཏན་གྱི་རྩེར་སོན་པ་མང་པོ་ཡོད་པ་ལས། འགྲོ་མགོན་རིན་ཆེན་དཔལ་⑨གྱིས་རབ་བྱུང་གསུམ་པའི་ལྕགས་ཕོ་སྤྲེལ་སྟེ་སྤྱི་ལོ་1200ལོར་ཙོམ་མདོ་གནས་གསར་གཙུག་ལག་ཁང་⑩ཕྱག་བཏབ་པ་དང་། དེར་དགེ་འདུན་བརྒྱ་ཕྲག་བཅུ་གསུམ་ལྷག་འདུས་ཏེ་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་གཉིས་པར་གྱུར། དེར་མཐུད་སྨར་ཁམས་ཀྱི་ཕྱོགས་འདིར་སྨར་ཚང་བཀའ་བརྒྱུད་དར་རྒྱས་ཆེན་པོ་བྱུང་བ་དང་གདན་ས་གཉིས་ལ་ཤོ་ཙོམ་ཉི་ཟླ་ཟུང་འབྲེལ་ཞེས་མཚན་སྙན་ཆེན་པོ་རྒྱས། དེ་དང་བསྟུན་ནས་སྨར་ཚང་བཀའ་བརྒྱུད་ཀྱི་གྲུབ་མཐའ་རྒྱ་བསྐྱེད་པའི་ཚུལ་ནི། 《ཙོམ་མདོ་གདན་རབས་ཀུན་བཏུས་》ལས། ཆོས་རྗེ་སྨར་པས་ཕྱག་བཏབ་པའི་དགོན་བཅོ་ལྔ། འགྲོ་མགོན་གྱིས་དགོན་ཡན་ལག་བདུན་ཅུ་རྩ་གཅིག་ཕྱག་བཏབ། ཆོས་རྗེ་རིན་ཆེན་རྒྱལ་མཚན་གྱིས་དགོན་བདུན་ཕྱག་བཏབ། ཆོས་རྗེ་དཀོན་མཆོག་རྒྱལ་⑾མཚན་གྱིས་དགོན་བརྒྱད་ཕྱག་བཏབ། ཆོས་རྗེ་དཀོན་མཆོག་རྡོ་རྗེས་དགོན་གསུམ་ཕྱག་བཏབ། གདན་ས་གཉིས་ཀྱི་བསྟན་པའི་ཆུ་བོའི་བརྒྱུད་ནི། སྨད་རྒྱལ་རོང་། འཇང་ས་ཐང་། རོང་ཁ་བ་དཀར། ཚ་བ་རོང་། མི་ཉག ལི་ཐང་། འབའ་ཐང་། གོ་བོ་རོང་། གོ་ཇོ། བྲག་གཡབ། དཔལ་ཡུལ། པདྨ་ཀོ གནས་ཙ་རི། ཀོང་པོ་སོགས་ལ་དར་ཁྱབ་ཆེ་བ་བྱུང་། ཞེས་པ་ལས་སྨར་ཚང་གི་མཁས་གྲུབ་མང་པོས་དགོན་སྡེ་བཏབ་ནས་ཆོས་བརྒྱུད་སྤེལ་བ་གསལ་པོར་མཐོང་ཞིང་། ལྷག་པར་དུ་སྨར་ཚང་གི་བསྟན་པ་འདི་སྨར་ཁམས་ལས་བརྒལ་ཏེ་ཉེ་འཁོར་གྱི་ས་ཆ་མང་པོར་དར་བ་རྟོགས། འབྲེལ་ཡོད་ཡིག་ཆ་ལས་དགོན་པ་དེ་དག་དུས་ནམ་ཞིག་ལ་བཏབ་པ་གསལ་པོར་བཀོད་མེད་ནའང་། དམ་པ་དག་གི་རྣམ་ཐར་ལ་ཞིབ་པར་གཞིགས་ཚེ་དུས་རབས་ནམ་ཞིག་ལ་ཡིན་པ་གསལ་པོར་ངེས། ཆོས་རྗེ་སྨར་པའི་རྣམ་ཐར་ལས་དགོན་པ་དེ་དག་ཕྱག་བཏབ་པའི་སྐོར་བཀོད་མེད་ཀྱང་། སྤྱི་ལོ1167ལོར་གདན་ས་ཤོ་དགོན་པ་བཏབ་རྗེས་དགོན་གཞན་དག་བཏབ་པ་ནི་རིགས་པས་གྲུབ། “འགྲོ་མགོན་རིན་ཆེན་གྱིས་སྤྱི་ལོ་1203ལོར་ཆོས་རྗེ་སྨར་པ་སྐུ་གཤེགས་རྗེས་དགོན་པ་མང་པོ་བཏབ་པ་ནི་ཁོང་གི་རྣམ་ཐར་ལས་འདི་ལྟར་བཀོད་ཡོད་དེ། འགྲོ་མགོན་རིན་ཆེན་ལྷ་འདུས་ལ་བཞུགས་རིང་ལ། ཆོས་རྗེ་སྨར་པ་རིན་པོ་ཆེ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས། ཞེས་ཤོ་དགོན་གྱི་བང་མི་འབྱོར། འགྲོ་མགོན་རིན་པོ་ཆེ་སླར་ཤོ་དགོན་དུ་བྱོན། དགོངས་རྫོགས་ཀྱི་མཆོད་སྤྲིན་རྒྱ་ཆེར་ཕུལ། ཆོས་རྗེ་སྨར་པའི་སྐུ་བརྙན་ཐོག་ཕྱེད་མ་ཞིག་བཞེངས། ཆོས་རྗེའི་གསུང་རྣམས་ཕྱོགས་གཅིག་ཏུ་ཤིང་སྤར་བརྐོས། ཡང་དགོན་ཡེ་ཤེས་རྒྱལ་མཚན་ཤོ་དགོན་གྱི་ཁྲི་པ་བསྐོས། རྟེན་འབྲེལ་གྱི་མཛད་སྒོར་རྒྱ་ཆེར་མཛད། སླར་ཡང་ལྷ་འདུས་ལ་བྱོན་ནས་ལས་རིམ་མཇུག་སྒྲིལ། བྲག་འགོ་དགོན། རྒྱ་གཉེན་དགོན།རོང་དགོན་བཅས་བཏབ། དགོན་རེ་ལ་རབ་ཏུ་བྱུང་བ་བཅུ་ཕྲག་ལྔ་རེ་ཙམ་བྱུང་།”⑿ཞེས་དགོན་འདི་དག་ནི་སྨར་པ་ཤེས་རབ་ཡེ་ཤེས་སྐུ་གཤེགས་པའི་ལོར་བཏབ་པ་གསལ་པོར་མཐོང་། དེར་མཐུད་ཡང་ཁོང་གི་རྣམ་ཐར་ལས། “ལམ་དུ་འགྲོ་མགོན་རིན་པོ་ཆེ་སྨར་སྟོད་ཙོང་ཤོད་ལ་བྱོན། ཙོང་སྨད་བྱང་ཆུབ་དགོན་དང་། ཙོང་སྟོད་འབུམ་དགོན་གཉིས་བཏབ།”⒀ཞེས་དང་། ཡང་། “འགྲོ་མགོན་རིན་ཆེན་དཔལ་ཚྭ་ཁའི་བརྒྱུད་ས་ཁ་བ་དཀར་པོར་བྱོན། འགྲོ་མགོན་བཞུད་ལམ་དུའང་། ཝ་དུང་དགོན་སོགས་དགོན་ཆེ་ཕྲ་དུ་མ་བཏབ། དད་ཚད་ཀྱི་འགྲོ་བ་ཐམས་ཅད་ཐར་པའི་ས་ལ་བཀོད། ཁ་བ་དཀར་པོ་དང་ཉེ་བའི་མཆོད་རྟེན་དཀར་ཆུང་གི་རི་རྩེར་ཇོ་བོ་དང་དེའི་ལྷ་ཁང་ཡང་བཞེངས། ལྷ་ཁང་ལ་ནམ་མཁའ་བཀྲ་ཤིས་ཞེས་མཚན་གསོལ། ལོ་སྨད་དགོན།རོང་དགོན། ཀོལ་ཁྲོམ་དགོན། འདོར་བཟང་དགོན་ཞེས་ཀྱང་བཏབ།”⒁ཅེས་ཁོང་གིས་དགོན་པ་མང་པོ་བཏབ་པ་ཡོངས་སུ་ཆོས་རྗེ་སྨར་པའི་རྗེས་སུ་སྟེ་དུས་རབས་བཅུ་གསུམ་པའི་སྟོད་ལ་བཏབ། ཡང་ཙོམ་མདོའི་ཁྲི་རབས་དྲུག་པ་《ཆོས་རྗེ་རིན་ཆེན་རྒྱལ་མཚན་གྱི་རྣམ་ཐར་》ལས། “ཆོས་རྗེ་རིན་ཆེན་རྒྱལ་མཚན་ཁ་བ་དཀར་པོར་བཞུད། དིབ་ཆུ་ནག་པོ་འདུལ། བསྟན་པའི་བྱེད་སྒོར་རྒྱ་ཆེར་སྤེལ། རྟག་གཟིག་རྒྱལ་པོའི་ལོངས་སྤྱོད་ཐམས་ཅད་ཕུལ། རྟག་གཟིག་ནོར་སྣང་མང་པོ་བྱུང་། ལོ་སྨད་དགོན། རོམ་དགོན། ཀོལ་ཕྲོམ་དགོན། འདོར་བཟང་དགོན། དཔལ་འཛོམ་དགོན། ཚེ་དུ་མཛོ། རྦ་མདོ་དགོན། བཅུ་འགོ་དགོན། དོལ་ཀར་དགོན།རོལ་ཐོ་དགོན། རྒྱལ་དགོན་རྣམས་སུ་བཞུད། དགོན་ཐམས་ཅད་ལ་ཆོས་ཀྱི་སྦྲང་ཆར་ཕབས། གོང་མ་འགྲོ་མགོན་(འགྲོ་མགོན་རིན་ཆེན་དཔལ་)བཞིན་དུ་གཟིགས་སྲོལ་གནང་།”⒂ཞེས་བཀོད་ཡོད་པ་ལས་དགོན་འདི་དག་ཀྱང་འགྲོ་མགོན་རིན་ཆེན་གྱིས་བཏབ་པ་གསལ་པོར་རྟོགས།
          གོང་དུ་གླེང་བའི་ཙོམ་མདོའི་ཁྲི་རབས་དྲུག་པ་ཆོས་རྗེ་རིན་ཆེན་རྒྱལ་མཚན་⒃གྱིས་དགོན་བདུན་ཕྱག་བཏབ་⒄ཅེས་པ་ལས་དུས་ནམ་ཞིག་ལ་བཏབ་པ་བཀོད་མེད་ཀྱང་། ཁོང་གི་རྣམ་ཐར་ལ་ཞིབ་པར་གཞིགས་ཚེ་ཙོམ་མདོའི་ཁྲི་བ་བཞེས་རྗེས་བཏབ་པ་ཡིན་ལ། དེ་ལྟར་ན་དུས་རབས་བཅུ་གསུམ་པའི་སྨད་དམ་དུས་རབས་བཅུ་བཞི་པའི་སྟོད་ལ་འཁེལ་ཡོད། གཞན་ཡང་ཆོས་རྗེ་དཀོན་མཆོག་རྒྱལ་མཚན་ནི་ཙོམ་མདོའི་ཁྲི་རབས་དགུ་པ་དང་ཁོང་གི་རྣམ་ཐར་ལས་དགུང་ལོ་ལྔ་བཅུའི་རྗེས་སུ་ཙ་རི་དང་ཀོང་པོ་སོགས་ནས་དགོན་པ་བཏབ་ཅེས་བཀོད་ཡོད་པས། ཁོང་གིས་ཕྱག་བཏབ་པའི་དགོན་བརྒྱད་པོའང་དུས་རབས་བཅུ་བཞི་པའི་སྨད་ལ་བཏབ་པ་ཤེས། ཆོས་རྗེ་དཀོན་མཆོག་རྡོ་རྗེ་⒅ནི་ཙོམ་མདོའི་ཁྲི་རབས་བཅུ་གཉིས་པ་དང་ཁོང་གི་རྣམ་ཐར་ལྟར་ན་དགོན་པ་དེ་དག་དུས་རབས་བཅོ་ལྔ་པའི་སྟོད་ལ་བཏབ་པ་ཡིན། དེ་བཞིན་གོང་དུ་གླེང་པའི་སྨར་ཚང་གི་མཁས་གྲུབ་རིམ་བྱོན་གྱིས་ཁྱོན་སྡོམ་དགོན་པ་བརྒྱ་ཕྲག་ལྷག་བཏབ་པ་དག་དུས་རབས་བཅུ་གཅིག་ནས་བཅོ་ལྔ་པར་བྱུང་བ་གྲུབ། ཡང་《དེབ་ཐེར་སྔོན་མོ་》ལས། “ཁམས་སུའང་ཆོས་རྗེ་དམར་བས་ཤོ་དགོན་བཏབ་པ་ལས་ཚོགས་པ་ཉིས་སྟོང་ཙམ་འདུས་ཤིང་། ཆོས་རྗེ་དམར་བའི་རྗེས་སུ་ཤ་ཡང་དགོན་པ། རྨོག་སྤྱན་སྔ་རིན་པོ་ཆེ། ཤ་དབུ་རྩེ་བ། རྣལ་རིན་ཆེན་གླིང་པ་ལ་སོགས་ཁྱད་⒆འཕགས་མང་དུ་བྱོན། དེ་ལས་བརྒྱུད་པའི་བུ་ཆེན་ཡང་སྒི་ལི་ཆོས་འོད་ཀྱིས་རི་རྒྱ་དགོན་བཏབ། དེའི་དགོན་ལག་རྒྱལ་དགོན་ལ་སོགས་མང་དུ་ཡོད།”ཅེས་བཀོད་ཡོད་པ་དང་། སྒི་ལི་ཆོས་འོད་ནི་ཤོ་དགོན་པའི་གདན་རབས་བདུན་པ་དང་། ཁོང་གི་རྣམ་ཐར་ལྟར་ན་རབ་བྱུང་དྲུག་པའི་ས་སྟག་སྟེ་སྤྱི་ལོ་1338ལོར་ཤོ་དགོན་གྱི་གདན་ས་བཟུང་བས། ཁོང་གིས་ཕྱག་བཏབ་པའི་རི་རྒྱ་དགོན་ཞེས་པ་དང་དེའི་དགོན་ལག་དག་ཀྱང་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ལམ་རྗེས་སུ་བྱུང་བ་ཤེས།
          གོང་གསལ་ལས་སྨར་ཚང་བཀའ་བརྒྱུད་ནི་དུས་རབས་བཅུ་གཉིས་ནས་བཅོ་ལྔ་པའི་བར་དུ་དར་རྒྱས་ཆེན་པོ་བྱུང་སྟེ་ཡུལ་ལུང་མང་པོར་ཁྱབ་ཡོད་པ་བདེན་པར་གྲུབ་ཅིང་། དུས་སྐབས་དེ་ནི་བོད་ཀྱི་ལོ་རྒྱུས་ལས་ས་ཕག་སྲིད་དབང་གི་སྐབས་ལ་འཁེལ་ཡོད། ས་སྐྱ་བས་བོད་ཀྱི་སྲིད་དབང་བཟུང་རྗེས་བཀའ་བརྒྱུད་པ་དང་འགལ་བ་ཅུང་ཟད་བྱུང་ཞིང་།སྒོས་སུ་སྤྱི་ལོ་1290ལོར་འབྲི་གུང་གླེང་ལོག་ཅེས་པའི་འཁྲུག་རྩོད་བྱུང་པ་དེས་འབྲི་གུང་ལུགས་འཛིན་གྱི་དགོན་སྡེ་མང་པོ་ས་སྐྱར་བསྒྱུར་པ་དང་། ས་པཎ་གྱི་《སྡོམ་གསུམ་རབ་དབྱེ་》ལས་བཀའ་བརྒྱུད་ལ་དགག་པ་སོགས་ས་སྐྱ་དང་བཀའ་བརྒྱུད་གཉིས་ལ་ཆུང་ལྟ་དགོངས་ནས་ཆེ་གཡུལ་འཁྲུག་གི་འགལ་བ་སྣ་མང་བྱུང་ཡོད། དེ་གཉིས་བར་གྱི་འགལ་བ་ནི་ཐོག་མར་གྲུབ་མཐའ་སོ་སོའི་ཁེ་ཕན་ལས་བྱུང་བ་སྟེ། སྐབས་དེར་ས་སྐྱ་དང་བཀའ་བརྒྱུད་གཉིས་ཀ་དུས་མཉམ་ངང་དབུས་གཙང་དུ་དར་བས་ཕྱོགས་གཉིས་ཀ་ནས་གྲུབ་མཐའ་དར་སྤེལ་བྱེད་པ་ལ་ཕན་ཚུན་གནོད་རྐྱེན་ཐེབས་པ་དང་། དེ་ཟློག་པའི་ཆེད་དུ་ཕན་ཚུན་དབར་འགལ་བ་མང་པོ་བྱུང་། འོན་ཀྱང་སྨར་ཚང་བཀའ་བརྒྱུད་ནི་སྐབས་དེར་སྨར་ཁམས་ཕྱོགས་སུ་གནས་ཤིང་ས་སྐྱས་གྲུབ་མཐའ་སྤེལ་བ་ལ་གནོད་འགལ་མེད་པ་དང་། ཡང་སྨར་ཚང་དང་ས་སྐྱ་གཉིས་ཀ་སྐབས་དེར་མཚན་སྙན་ཆེན་པོ་རྒྱས་ཡོད་པས་ཕན་ཚུན་འགྲོ་འོང་གི་འབྲེལ་བའང་ལེགས་པོ་བཙུགས་ཡོད་དེས་པཎ་ནང་སར་ཕེབས་སྐབས་སྨར་ཚང་ཤོ་དགོན་ལ་སྔ་ཕྱིར་འཕྲིན་ཡིག་གཉིས་སྤྲིངས་པ་དང་། སྒོས་སུ་འགྲོ་མགོན་རིན་ཆེན་དཔལ་ལ་སྤྲིངས་པའི་ཡི་གེ་ལས་འདི་ལྟར་གསུངས་ཡོད།“སླད་མ་ངེད་ལ་ཧོར་གྱི་རྒྱལ་པོས་བླ་མཆོད་ལ་འོང་དགོས་བྱ་བའི་གདན་འདྲེན་ནན་ཅན་ཡང་ཡང་བྱུང་བས་ད་ལོ་འགྲོ་བ་ལགས། ཁྱེད་ཀྱིས་ཀྱང་རྒྱལ་པོའི་བླ་མཆོད་རྒྱུ་དང་། མི་གོ་ཆོད་འགའ་འདབ་ནོར་དང་ངེད་ཀྱི་ཟླ་ལ་བཏང་ནས་རྒྱལ་པོའི་གསེར་ཡིག་དང་འཇའ་ས་ཞུས་ན་ངོ་ལྟ་བརྟན་པ་ཡིན་པས་ཐུགས་ལ་འཐད་ན་ངེས་རོགས་ལྡན་གང་དགོས་བྱེད་པ་ལགས།”⒇ ཞེས་སྨར་ཚང་བཀའ་བརྒྱུད་པས་མི་རྒྱུ་མངགས་ནས་གོང་མར་འཇའ་ས་དང་གསེར་ཡིག་སློང་བར་སྐུལ་བ་དང་། དེ་ལྟར་ན་ཆོས་སྡེ་བརྟན་པོ་ཡོང་ངེས་ཞེས་ནན་གྱིས་གསུངས་ཡོད་ལ། གཞན་ཡང་ས་པཎ་གྱིས་ཤོ་དགོན་གྱི་དགེ་འདུན་རྣམས་ལ་སྤྲིངས་པའི་ཡི་གེ་ལས། “ཁམས་ཀྱི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་ལ་སྨར་ཚང་གི་དགེ་འདུན་ཡོངས་ནས་འབད་དགོས་”ཞེས་སྐུལ་སློང་མཛད་པ་དག་ལས་སྨར་ཚང་བཀའ་བརྒྱུད་ནི་སྐབས་དེར་རང་བཞིན་གྱི་གྲུབ་མཐའ་ཆུང་ངུ་ཞིག་མིན་པ་རྟོགས་ཐུབ། ཁོང་གིས་འཕྲིན་ཡིག་སྤྲིངས་ནས་སྨར་ཚང་གི་བསྟན་པ་ལ་ཐུགས་ཁྲལ་བྱེད་པ་ལས་དེ་གཉིས་བར་འབྲེལ་བ་ལེགས་པོ་ཡོད་པའང་མཚོན། ས་པཎ་རྒྱ་ནང་དུ་ཕེབས་དུས་ཀྱང་གདན་ས་ཤོ་དགོན་བརྒྱུད་ནས་ཕེབས་པ་ནི་སྨར་ཚང་གི་རྣམ་ཐར་དག་ལས་གསལ་ལ། ཁོང་གི་འཕྲིན་ལྟར་སྨར་ཚང་འགྲོ་མགོན་རིན་ཆེན་གྱིས་མི་ནོར་མངགས་སྟེ་གོང་མར་གསེར་ཡིག་དང་འཇའ་ས་ཞུས་པ་ནི་འབྲེལ་ཡོད་ཡིག་ཚང་དག་ལས་མི་གསལ།《དཔལ་ལྡན་སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་སུ་ཁར་རྞའི་ཕྲེང་བ་》ལས་“སྤྱན་སྔ་བ་བྱང་ཆུབ་གྲགས་པའི་རྣམ་ཐར་ནང་། སྤྱན་སྔ་བས་ས་སྐྱ་པཎ་ཆེན་ཧོར་ཡུལ་དུ་བྱོན་པ་ལ་ཆབ་ཤོག་དང་སྐྱེལ་རྫོང་རྒུན་འབྲུམ་སོགས་ཕུལ་”(21)ཞེས་དང་། ཡང་། “ཧོར་རྒྱལ་པོས་གསེར་གྱི་སྒྲོམ་བུ། གླང་ཆེན་མཆེ་བ་ར་རྣའི་ཕྲ་རྒྱན་ཅན་བསྐུར་ནས་སྨོན་ལམ་ཞུས། རྒྱལ་བུས་དངུལ་བྲེ་ཆེན་ན་བཟའ་ཕྱིང་མང་པོ་བསྐུར་བ་སོགས་ཆེ་རྒུ་རྣམས་ཀྱིས་ངང་གིས་བསྙེན་བསྐུར་བྱུང་།བོད་ཀྱི་ཆེན་པོ་རྣམས་ཀྱིས་གསེར་དངུལ་གྱིས་བཞེངས་པའི་གསུང་རབ་པུ་ཏྭི་ཏ་བརྒྱ་ཕྲག་མང་པོ་ཕུལ། ཞལ་སློབ་གཞན་དོན་གདུལ་བྱ་སྨིན་གྲོལ་མཛད་པའི་སྐྱེས་བུ་དམ་པ་གྲངས་མེད་པ་བྱུང་།” (22) ཞེས་པ་ལས་ཤོ་དགོན་པའི་ཁྲི་རབས་གསུམ་པ་སྤྱན་སྔ་བྱང་ཆུབ་གྲགས་ཀྱི་རིང་ལ་ཐོག་མར་ཡོན་གོང་མ་དང་འབྲེལ་བ་བཙུགས་ཤིང་སྨར་ཚང་གི་གྲུབ་མཐའ་རྒྱ་བསྐྱེད་པར་ཡོན་གོང་མས་ཀྱང་རྒྱབ་སྐྱོར་བྱེད་པ་དང་། དེར་བསྟུན་སྤྱན་སྔ་བྱང་ཆུབ་གྲགས་ལ་བོད་ཁམས་སུ་ངོ་སོ་ཆེན་པོ་རྒྱས་ཤིང་སྨར་ཚང་བཀའ་བརྒྱུད་ལ་བོད་ཀྱི་སྤྱི་ཚོགས་ཁྲོད་གོ་གནས་ཆེན་པོ་ཡོད་པ་མཚོན། མདོར་ན་འདི་ལས་སྨར་ཚང་བཀའ་བརྒྱུད་འཕེལ་རྒྱས་སུ་འགྲོ་བ་ལ་ཡོན་གོང་མ་དང་ཡང་འབྲེལ་བ་ཆེན་པོ་ཡོད་པ་རྟོགས།
          སྤྱི་ལོ་1354ལོར་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཀྱི་སྲིད་དབང་བཟུང་རྗེས་སྤྱི་ཚོགས་དང་རིག་གནས་གང་གི་ཆ་ནས་ཀྱང་སྔར་ལས་དར་རྒྱས་ཆེན་པོ་བྱུང་བ་དང་། བོད་ཀྱི་ལོ་རྒྱུས་ལས་འདི་ལ་རྒན་མོ་གསེར་འཁུར་གྱི་དུས་ཞེས་བཏགས་ཡོད། སྐབས་དེར་བོད་ཡོངས་སུ་སྤྱི་ཚོགས་བདེ་འཇགས་དང་རིག་གནས་གུ་ཡངས་པ་སོགས་ཀྱིས་ཆོས་ལུགས་གྲུབ་མཐའ་མང་པོ་དར་ཞིང་རྒྱས་པར་གྱུར་ལ། སྨར་ཚང་བཀའ་བརྒྱུད་ཀྱང་སྐབས་དེར་མ་ཉམས་གོང་འཕེལ་དུ་གྱུར་ཡོད་པ་ནི་གོང་གི་སྨར་ཚང་བཀའ་བརྒྱུད་ཀྱི་འཕེལ་རིམ་ལས་གསལ། སྒོས་སུ་སྨར་ཚང་གི་ཆོས་བརྒྱུད་འདིའང་ཕག་གྲུ་བཀའ་བརྒྱུད་ལས་མཆེད་པ་ཡིན་ལ། དེ་དར་རྒུད་གང་དུ་གྱུར་པ་ནི་ཕག་གྲུ་བཀའ་བརྒྱུད་ཀྱི་དར་རྒུད་ལའང་རག་ལས་པ་དང་། སྒོས་སུ་ཕག་གྲུའི་སྲིད་དབང་སྲ་བརྟན་ཡོང་བ་ལའང་འབྲེལ་བ་ཆེན་པོ་ཡོད་པས། སྨར་ཚང་བཀའ་བརྒྱུད་དར་རྒྱས་སུ་གྱུར་པ་ནི་ཕག་གྲུའི་སྲིད་དབང་དང་ཡང་འབྲེལ་བ་ཆེན་པོ་ཡོད་པར་སེམས། 
གསུམ་པ། དགའ་ལྡན་ཕོ་བྲང་གི་དུས་སུ་ཉམས་ཚུལ་དང་དེའི་རྒྱུ་རྐྱེན། 
          ཕག་གྲུའི་སྲིད་སྐྱོང་དགུ་པ་སྤྱན་སྔ་ངག་གི་དབང་པོས་(སྤྱི་ལོ་1448-1490)ཕག་གྲུའི་སྲིད་དབང་བཟུང་བའི་སྐབས་སུ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བཀོད་པའི་སྒྲིག་སྲོལ་དང་མ་བསྟུན་པར་ཁྱིམ་དུ་ཕབ་ཅིང་། རིན་སྤུངས་པའི་སྲས་མོ་ཞིག་བཙུན་མོར་བླངས་ནས་སྲས་ངག་དབང་བཀྲ་ཤིས་གྲགས་པ་འཁྲུངས། སྤྱན་སྔ་ངག་གི་དབང་པོ་སྐུ་གཤེགས་རྗེས་སྲིད་དབང་ཁོང་གི་སྲས་ངག་དབང་བཀྲ་ཤིས་གྲགས་པ་ལ་གཏད། འོན་ཀྱང་སྐབས་དེར་སྲས་ངག་དབང་བཀྲ་ཤིས་གྲགས་པ་ལོ་ན་གཞོན་པས་སྲིད་སྐྱོང་གི་འགན་མི་ཐེགས་པ་དང་། དེར་དམིགས་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེ་དང་ཀརྨ་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་གཉིས་ཀྱིས་སྤྱི་ལོ་1490ནས་1499བར་སྔ་རྗེས་སུ་ལོ་དགུའི་རིང་ལ་རྒྱལ་ཚབ་བྱས། དེ་ལ་བོད་ཀྱི་ལོ་རྒྱུས་ལས་དཔོན་ཚབ་ཐེལ་གཏོང་གི་དུས་སྐབས་ཟེར། དཔོན་ཚབ་ཐེལ་གཏོང་གི་དུས་སུ་དགེ་ལུགས་པའི་ལྷ་སའི་སྨོན་ལམ་ཆེན་མོར་བཀག་འགོག་བྱས་ཤིང་བཀའ་དགེ་བར་འགལ་བ་ཅུང་ཟད་བྱུང་། སྤྱི་ལོ་1499ལོར་ངག་དབང་བཀྲ་ཤིས་གྲགས་པས་སྲིད་སྐྱོང་གི་འགན་དངོས་སུ་བཞེས་ཏེ་དགེ་ལུགས་པའི་སྨོན་ལམ་ཆེན་མོ་བསྐྱར་གསོ་བྱས། སྤྱི་ལོ་1560ལོར་ངག་དབང་བཀྲ་ཤིས་གྲགས་པ་སྐུ་གཤེགས་པ་དང་ཁོང་གི་སྲས་སྤྱན་སྔ་གྲགས་འབྱུང་ལ་སྲིད་གཏད། སྤྱན་སྔ་གྲགས་འབྱུང་གིས་སྲིད་བཟུང་བའི་སྐབས་སུ་སྟེ་སྤྱི་ལོ་1619ལོར་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་ཕག་གྲུའི་སྲིད་དབང་རྩ་གཏོར་བྱས་ཏེ་གཙང་པ་རྒྱལ་པོའི་སྲིད་དབང་བཙུགས། གཙང་པ་རྒྱལ་པོ་ནི་ཀརྨ་བཀའ་བརྒྱུད་པའི་ལུགས་ཡིན་པས་མཁས་པ་ལ་ལས་ཀརྨ་བཀའ་བརྒྱུད་ཀྱི་སྲིད་དབང་ཞེས་ཀྱང་བཏགས་ཡོད།(23) གཙང་པ་རྒྱལ་པོས་སྲིད་དབང་བཟུང་རྗེས་དགེ་ལུགས་པར་ཤིན་ཏུ་སྡང་ཞིང་དབུས་གཙང་ཁུལ་དུ་དགེ་ལུགས་པའི་གྲུབ་མཐའ་སྤེལ་བར་མཐའ་གཅིག་ཏུ་བཀག་འགོག་བྱས་པས། སླད་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་དང་རྒྱལ་དབང་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་ལྐོག་ཏུ་སོག་པོ་ཧོ་ཐོག་ཐུ་གུ་ཧྲི་ཧན་ལ་འབྲེལ་བ་བྱས་པ་དང་། སྤྱི་ལོ་1647ལོར་གུ་ཧྲི་ཧན་གྱིས་སྣེ་དྲངས་པའི་སོག་དམག་དབུས་སུ་འབྱོར་ནས་དབུས་དམག་དང་དཔུང་བསྡེབས་ཏེ་གཙང་པ་རྒྱལ་པོའི་སྲིད་དབང་མགོ་རྟིང་སློག་ཅིང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས།
          དགའ་ལྡན་ཕོ་བྲང་གི་སྲིད་དབང་བྱུང་བ་དང་བསྟུན་སྔར་དགེ་ལུགས་པ་དང་འགལ་བ་ལྟག་སྤྲོད་དུ་གྱུར་པའི་ས་གནས་སྲིད་དབང་དང་གྲུབ་མཐའ་དག་ལ་ངན་སྐྱེན་སློག་པ་སྟེ། སྤྱི་ལོ་1637ལོར་གུ་ཧྲི་ཧན་གྱིས་དཔུང་ཁྲིད་ནས་མཚོ་སྔོན་ཕྱོགས་ཀྱི་ཁར་ཁ་ཆོག་ཐུའི་སྲིད་དབང་གཏོར་པ་དང་སྤྱི་ལོ་1639ལོར་སྨར་ཁམས་སུ་དམག་བསྒྱུར་ནས་ཁམས་བེ་རི་རྒྱལ་པོའི་སྲིད་དབང་རྩ་གཏོར་བྱས། དེར་མཐུད་རིན་སྤུངས་པ་དང་གཙང་པ་རྒྱལ་པོས་སྔ་རྗེས་ཐེངས་གཉིས་ལ་དགེ་ལུགས་པར་གཉའ་མནོན་བཏང་བར། སྔར་གཙང་པ་རྒྱལ་པོ་དང་འབྲེལ་བ་ལེགས་པའི་ཇོ་ནང་བའི་དགོན་པ་དང་བཀའ་བརྒྱུད་ཀྱི་དགོན་པ་མང་པོ་དགེ་ལུགས་པར་བསྒྱུར་ཞིང་། ཀརྨ་བསྟན་སྐྱོང་དབང་པོའི་རྗེས་འབྲང་མཆོད་གཞིས་རྣམས་གཞུང་བཞེས་བྱས་ཏེ་དགའ་ལྡན་ཕོ་བྲང་གི་དཔོན་རིགས་དག་ལ་གནང་། སྤྱི་ལོ་1643ལོར་ཀརྨ་སྐུ་ཕྲེང་བཅུ་པའི་ཆོས་ཚོགས་འཛམ་གླིང་སྒར་ཆེན་(24)ཞེས་པ་རྡུལ་དུ་བརླག དེ་ལྟར་བོད་ཁམས་ཡོངས་དགའ་ལྡན་ཕོ་བྲང་གི་མངའ་འོག་ཏུ་བཅུག་པ་དང་དགེ་ལུགས་པའི་གྲུབ་མཐའ་ནི་དབུས་ནས་འཕྲོས་ཏེ་བོད་སྤྱི་ལ་དར་ཁྱབ་དུ་བཏང་།
          ཁམས་བེ་རི་རྒྱལ་པོའི་སྲིད་དབང་རྩ་གཏོར་བྱས་པ་དང་བསྟུན་ནས་ཁམས་ཀྱི་ཕྱོགས་སུ་དགེ་ལུགས་པའི་གྲུབ་མཐའ་སྤེལ་བ་ལ་རྒྱབ་འགལ་བྱེད་མཁན་མེད་པར་གྱུར། སྤྱི་ལོ་1682ལོར་བྲག་གཡབ་གྲགས་པ་རྒྱལ་མཚན་གྱི་སྤྲུལ་སྐུ་ངག་དབང་བསོད་ནམས་ལྷུན་གྲུབ་ཀྱིས་བྲག་གཡབ་བྱམས་མདུན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་བཏབ་པ་དེས་བྲག་གཡབ་ཀྱི་ཕྱོགས་སུ་དགེ་ལུགས་པའི་གྲུབ་མཐའ་རྐང་ཚུགས། 《མཁར་ནག་ཆོས་འབྱུང་》སོགས་ལས་སྨར་ཁམས་སྒང་དུ་རྗེ་ཙོང་ཁ་བའི་སློབ་བརྒྱུད་ཀྱིས་སྔར་ནས་དགེ་ལུགས་པའི་བསྟན་པ་སྤེལ་བར་གསུངས་ཡོད་མོད། 《སྨར་ཁམས་ཀྱི་ལོ་རྒྱུས་》དང་《བྲག་གཡབ་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར》 《དགའ་ལྡན་ཆོས་འབྱུང་བེེཌྱཱ་སེར་པོ་》སོགས་ལས་རྒྱལ་དབང་ལྔ་པའི་ཞལ་སློབ་བྲག་གཡབ་གྲགས་པ་རྒྱལ་མཚན་གྱིས་སྤྱི་ལོ་1621ལོར་བྲག་གཡབ་བཀྲ་ཤིས་ཆོས་རྫོང་བཏབ་པ་ནི་བྲག་གཡབ་ཕྱོགས་ཀྱི་དགེ་ལུགས་པའི་ཆོས་སྡེ་ཐོག་མ་ཡིན་ལ། འོན་ཀྱང་དེ་ནི་རང་བཞིན་གྱི་ལྷ་ཁང་ཆུང་ངུ་ཙམ་ཞིག་མ་གཏོགས་མེད་པ་དང་། སྐབས་དེར་བྲག་གཡབ་ཕྱོགས་སུ་སྨར་ཚང་བཀའ་བརྒྱུད་དར་ཁྱབ་ཆེ་བ་དང་དེའི་གཞོགས་སུ་བེ་རི་རྒྱལ་པོས་སྲིད་ཤུགས་ལ་བརྟེན་ནས་བོན་ཆོས་སྤེལ་ཞིང་གྲུབ་མཐའ་གཞན་བཀག་འགོག་བྱེད་བཞིན་པས་དགེ་ལུགས་པའི་གྲུབ་མཐའ་དར་མ་ནུས། དེ་ཕུད་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབ་པའི་ས་སྐྱའི་དགོན་པ་ཞིག་ཀྱང་ཡོད་པ་《བྲག་གཡབ་བླ་དགོན་གྱི་ལོ་རྒྱུས་》དང་《སྨར་ཚང་གི་རྣམ་ཐར་》དག་ལས་གསལ།
          དགེ་ལུགས་པའི་གྲུབ་མཐའ་སྨར་ཁམས་ཕྱོགས་སུ་སྤེལ་བ་དེས་སྨར་ཚང་བཀའ་བརྒྱུད་ལ་བགེགས་རྐྱེན་ཆེན་པོ་བཟོས་པ་སྟེ། 《སྨར་ཚང་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་སྒྲིག་》ལས། “གོང་ས་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་གངས་ཅན་གྱི་མངའ་བདག་མཛད་སྐབས་བྲག་གཡབ་བླ་མ་གྲགས་པ་རྒྱལ་མཚན་གྱི་ཡང་སྲིད་ངག་དབང་བསོད་ནམས་ལྷུན་གྲུབ་ལ་སྨར་ཚོང་ཉག་རེའི་སྡེ་འབང་ཐམས་ཅད་ཆོས་གཞི་དུ་སྩལ། དགེ་འདུན་སྡེ་འཁྲུགས་རྣམས་ཟླུམ་ནས།དབྱེན་ཟླུམ་དང་བྱམས་མདུན་ཆོས་སྡེ་བཏབ།” (25)ཅེས་པ་ལས་སྤྱི་ལོ་1682ལོར་བྲག་གཡབ་བྱམས་མདུན་དགའ་ལྡན་བྱང་ཆུབ་གླིང་མ་བཏབ་སྔོན་ནས་སྨར་ཚང་གི་ཆོས་སྡེ་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པ་རྟོགས་ལ། རྒྱུ་མཚན་ནི་རྒྱལ་དབང་ལྔ་བ་ནི་སྤྱི་ལོ་1680ལོར་སྐུ་གཤེགས་ཞེས་བོད་ཀྱི་ལོ་རྒྱུས་ཀུན་ལས་གསུངས་ཡོད་པས། རྒྱལ་དབང་ལྔ་བ་གཙོ་ཡིན་པའི་དགའ་ལྡན་ཕོ་བྲང་ཕྱོགས་ཁག་གིས་དེ་སྔོན་ནས་སྨར་ཚང་གི་བསྟན་པ་ལའང་བཀག་འགོག་བྱས་ཤིང་དེའི་མཆོད་གཞིས་རྣམས་གཞུང་བཞེས་བྱས་ཏེ་དགེ་ལུགས་པའི་བླ་སྤྲུལ་ངག་དབང་བསོད་ནམས་ལྷུན་གྲུབ་ལ་གནང་ནས་དགེ་ལུགས་པའི་གྲུབ་མཐའ་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་དང་། མཐར་ལྔ་བ་མཆོག་གཤེགས་ནས་ལོ་གཉིས་ཀྱི་རྗེས་སུ་ངག་དབང་བསོད་ནམས་ལྷུན་གྲུབ་ཀྱིས་བྲག་གཡབ་དགའ་ལྡན་བྱང་ཆུབ་གླིང་ངམ་ངག་རྒྱུན་དུ་བྲག་གཡབ་བུ་དགོན་ཞེས་པའི་དགོན་སྡེ་བཏབ། ཡང་སྨར་ཚང་གི་མཆོད་གཞིས་བླངས་པ་དེས་སྨར་ཚང་གི་ཆོས་སྡེའི་འཚོ་རྟེན་བཅད་པས། སྨར་ཚང་བཀའ་བརྒྱུད་ཀྱང་ཟས་གོས་བྲལ་བའི་སྐྱེ་བོ་བཞིན་རིམ་བཞིན་ཉམས་ཤིང་རྒུད་པར་གྱུར། སྨར་ཚང་བཀའ་བརྒྱུད་པ་ཉམས་རྗེས་དཔལ་ཡུལ་དགོན་དུ་མཆེད་དེ་རྙིང་མ་དང་འདྲེས་ནས་ཕྱག་རྫོགས་མཉམ་འདྲེས་ཀྱི་ཆོས་བརྒྱུད་བྱུང་(26)ཞེས་ལོ་རྒྱུས་ཡིག་ཆ་མང་པོར་བཀོད་ཡོད་མོད། འོན་ཀྱང་ཇི་ལྟར་འདྲེས་པ་དང་ཅིའི་ཕྱིར་འདྲེས་པའི་ཚུལ་ལ་ད་དུང་མཁས་པ་སུ་ཞིག་གིས་ཀྱང་གསུངས་མེད་ལ། འབྲེལ་ཡོད་ཀྱི་རྒྱུ་ཆའང་ལག་ཏུ་མ་སོན་པས་དེའི་སྐོར་ལ་དཔྱད་པའི་ངལ་བ་མི་བྱའོ།།
མཇུག་སྡོམ།
          སྨར་ཚང་བཀའ་བརྒྱུད་ཅེས་པའི་ཆོས་བརྒྱུད་ཆེན་མོ་འདི་ནི་དུས་རབས་བཅུ་གཅིག་པའི་སྨད་ལ་སྨར་ཁམས་སུ་བྱུང་ཞིང་། རིམ་བཞིན་དུས་རབས་བཅུ་བདུན་པའི་བར་ཏེ་ལོ་ངོ་ལྔ་བརྒྱ་ཙམ་གྱི་རིང་ལ་བོད་ཀྱི་སྤྱི་ཚོགས་སུ་གནས་ཤིང་དར་རྒྱས་ཕྱིན། སྒོས་སུ་ས་ཕག་གཉིས་ཀྱི་རིང་ལ་ཁམས་ཀྱི་ས་ཆ་མང་པོར་དར་ཏེ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སྤྱི་ལས་དར་ཁྱབ་ཆེས་ཆེ་བའི་གྲས་སུ་ཚུད། མཐར་དུས་རབས་བཅུ་བདུན་པར་དགའ་ལྡན་ཕོ་བྲང་གི་སྲིད་དབང་བྱུང་བ་ནས་བཟུང་ཉམས་རྒུད་དུ་གྱུར་པ་བཅས་དར་རྒུད་རིམ་པ་གསུམ་དུ་ཕྱེ་ཡོད། མདོར་ན་སྨར་ཚང་བཀའ་བརྒྱུད་དར་ནས་རྒུད་པར་གྱུར་བའི་རྒྱུ་གང་ལ་གཞིགས་ཀྱང་སྲིད་དབང་དང་མ་འབྲེལ་བ་ཞིག་མིན་ཏེ། ས་ཕག་དུས་སུ་ཡོན་གོང་མ་དང་མིང་གོང་མས་བོད་ཁམས་གཅིག་གྱུར་བྱེད་པ་ལ་དམིགས་ནས་སྨར་ཚང་ལ་རྒྱབ་སྐྱོར་བྱས་ཏེ་གྲུབ་མཐའ་སྤེལ་བ་དང་། དགའ་ལྡན་ཕོ་བྲང་གི་སྐབས་སུ་དགེ་ལུགས་པའི་གྲུབ་མཐའ་དར་སྤེལ་དང་སྲིད་དབང་གཅིག་གྱུར་ཡོང་བ་ལ་མ་འཚམས་པས་ཉམས་རྒུད་དུ་བཏང་བའོ།། སྨར་ཚང་བཀའ་བརྒྱུད་དར་རྒྱས་ཀྱི་ལོ་ངོ་ལྔ་བརྒྱའི་རིང་ལ་བོད་བརྒྱུད་ནང་བསྟན་དར་སྤེལ་བྱེད་པར་ནུས་པ་བླ་མེད་ཐོན་ཡོད་པ་དང་། ལྷག་དོན་འཇང་བོད་མཆོད་འབྲེལ་དང་སོག་བོད་མཛའ་འབྲེལ་གྱི་ཐད་ལ་འཕྱར་བ་གྲུ་འདེགས་ལྟ་བུའི་ནུས་པ་ཐོན་ཡོད་པ་ནི་སྨར་ཚང་ལོ་རྒྱུས་ལས་གསལ་པོར་མཐོང་བས། འདིས་བོད་ཀྱི་ལོ་རྒྱུས་སྟེང་གོ་གནས་ཆེན་པོ་བཟུང་ཡོད་པ་རྟོགས། དེ་བཞིན་འདི་ལྟ་བུའི་ཆོས་ལུགས་གྲུབ་མཐའ་མང་པོ་ཞིག་དེང་ཆར་ཉམས་ནས་ལོ་རྒྱུས་དེབ་ཐེར་དག་ལས་མིང་གི་ལྷག་མ་ཙམ་ལས་མེད་ཅིང་། མདོར་ན་དེ་དག་ཕལ་མོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའི་ཆགས་སྡང་ལས་བྱུང་བའི་འབྲས་བུ་ཡིན་པ་ཤེས་ནུས་སོ།།
མཆན་འགྲེལ།
          ①བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་པའི་འབོད་ལུགས་འདི་ནི་སྔར་མེད་པ་ཀརྨ་དེ་བཞིན་གཤེགས་པའི་སློབ་མ་བན་སྒར་བ་འཇམ་དཔལ་བཟང་པོས་ཐོག་མར་བཏགས་པ་སྟེ། ཁོང་གིས་མཛད་པའི་བཀའ་བརྒྱུད་གསོལ་འདེབས་རྡོ་རྗེ་འཆང་ཆུང་མར། རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་།། མར་པ་མི་ལ་ཆོས་རྗེ་སྒམ་པོ་བ།། དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ།། ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་པ་རྣམས།། འབྲི་སྟངས་ཚལ་གསུམ་དཔལ་ལྡན་འབྲུག་པ་སོགས།། ཞེས་པ་ལས་ཐོག་མར་བརྡ་འདི་བྱུང་ཞིང་། ཕྱིས་སུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་ལས་གསལ་བོར་བཏོན་པའི་རྗེས་སུ་རིམ་བཞིན་འབོད་ལུགས་དེ་བྱུང་། དེའང་ཆེ་བཞི་དང་ཆུང་བརྒྱད་ཀྱི་བརྩི་ལུགས་ནི་གྲུབ་མཐའི་མཆེད་ཁུངས་གཙོ་བོར་བཟུང་ནས་བཏགས་པ་ཡིན་པ་ལས། དགོན་སྡེའི་ཆེ་ཆུང་དང་དགེ་འདུན་གྱི་མང་ཉུང་སོགས་ལ་དམིགས་ནས་བཏགས་པ་མིན།
          ②དགེ་སློང་ཆོས་ཀྱི་ཡེ་ཤེས་ཀྱིས་མཛད། ལག་བྲིས་མ། 《ཙོམ་མདོ་གདན་རབས་ཀུན་བཏུས་》ལས་ཁོང་ནི་ཆོས་རྗེ་སྨར་པའི་དངོས་སློབ་ཡིན་པར་བརྗོད་པ་དང་། ཡང་རྣམ་ཐར་འདིའི་མཇུག་ཏུ། འདིར་རང་གི་བློ་ངོར་རྟོགས་ཚད་དང་། རྗེ་བཙུན་ཆེན་པོ་ཉིད་ཀྱི་རྗེས་སུ་འབྲང་ནས། སྒྲོ་སྐུར་དྲི་མ་དང་བྲལ་བར། དགེ་སློང་ཆོས་ཀྱི་ཡེ་ཤེས་ཀྱིས། དོན་དང་མི་འགལ་བར་ཡི་གེར་བཀོད་པ་ཞེས་བྲིས་ཡོད་པ་ལས་ཁོང་ནི་ཆོས་རྗེ་སྨར་པའི་སློབ་མ་ཡིན་པ་གསལ་པོར་རྟོགས།
          ③ས་ཆ་འདིར་དེང་སྐབས་ཀྱང་རི་ཤོད་ཟེར་ལ། ཆབ་མདོ་སྨར་ཁམས་རྫོང་གི་ཁོངས་སུ་གཏོགས་ཤིང་རྫོང་ནས་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཙམ་གྱི་བྱང་ཤར་ཏེ་བྲག་གཡབ་ཕྱོགས་སུ་ཡོད།
          ④《སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་སྒྲིག་》 ནང་འདུས་པའི་ཙོམ་མདོ་གདན་རབས་ཀུན་བཏུས། ཤོག་80ལས། ཆོས་རྗེ་སྨར་པ་ཤེས་རབ་ཡེ་ཤེས་དཔལ་ཤིང་མོ་བྱའི་ལོར་མདོ་ཁམས་སུ་བྱོན། སྨར་ཁམས་རུ་ཤོད་རི་དགོན་དུ་བཞུགས། ཆོས་རྗེ་རིན་པོ་ཆེ་དགུང་ལོ་སུམ་ཅུ་རྩ་གསུམ་ལོན་པའི་མེ་མོ་ཕག་གི་ལོར་གདན་ས་ཆེན་མོ་དཔལ་གྱི་ཤོ་དགོན་པ་བཏབ།ཅེས་བཀོད་ཡོད་པ་ལས་རི་དགོན་ཞེས་པ་ནི་སྨར་པའི་འཁྲུངས་ཡུལ་སྨར་ཁམས་རུ་ཤོད་དུ་ཡོད་པ་རྟོགས།
          ⑤ཤོ་དགོན་པ་ནི་བྲག་གཡབ་རྫོང་རོང་འགྲུབ་གྲོང་བརྡལ་དང་བྱམས་མདུན་གྲོང་བརྡལ་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད་ལ། བྲག་གཡབ་རྫོང་མཁར་གྱི་ཤར་ཕྱོགས་སུ་སྤྱི་ལེ་ལྔ་བཅུ་ཙམ་གྱི་སར་རི་སྒང་ཞིག་ཏུ་ཆགས་ཡོད། དེང་སྐབས་དགོན་ཤུལ་འདིར་ཞིག་རལ་དུ་གྱུར་པའི་གྱང་ཤུལ་དང་རྫ་ཆག རྡོ་བརྐོས་ཡི་གེ་དང་རྡོ་བརྐོས་ལྷ་སྐུ་གང་མང་། མཆོད་རྟེན་གྱི་ཤུལ་སོགས་ལས་ཅི་ཡང་མེད་ལ། དུད་ཁྱིམ་གསུམ་གནས་འདིར་གཞིས་ཆགས་ཡོད་པ་དང་དགོན་ཤུལ་ནི་བྲག་གཡབ་བུ་དགོན་གྱི་ཁང་ཚན་བཅུ་གཉིས་ཀྱི་ནང་གསེས་འབི་དཀར་ཁང་ཚན་གྱིས་བདག་པོ་རྒྱབ་ཡོད།
          ⑥སྨར་ཁམས་སྒང་གི་ཁོངས་གཏོགས་ནི་དེང་གི་ཆབ་མདོ་ས་ཁུལ་གྱི་བྲག་གཡབ་དང་སྨར་ཁམས། ཀོ་འཇོ། དཀར་མཛེས་ཁུལ་གྱི་དཔལ་ཡུལ་བཅས་ཡིན།
          ⑦འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 [M] ཁྲིན་ཏུའུ། 1984ལོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་663ལས། སྐལ་ལྡན་ཡེ་ཤེས་སེངྒེ། རྟོགས་རྟོགས་ལྡན་མི་ཉག་སྒོམ་རིངས། གྲུབ་ཐོབ་ཉག་རེ་སེ་བོ། ཀུན་ལྡན་གཙང་པ་རས་ཆུང་རྣམས་ལ་གདམས་པའི་བུ་བཞི་ཟེར། ཞེས་ཕག་གྲུ་རྡོ་རྗེ་རྒྱལ་པོའི་གདམས་པའི་བུ་བཞིར་བགྲངས་ཡོད་པ་དང་།ཁོང་གི་འཁྲུངས་ཡུལ་ནི་ཉག་རེ་སྟེ་དེང་གི་བྲག་གཡབ་ཡིན་ལ། དུས་རབས་བཅུ་གཉིས་པར་བྲག་གཡབ་གླ་དགོན་པ་བཏབ། ཡང་ཁོང་གི་འཁྲུངས་འདས་དང་དགོན་པ་བཏབ་པའི་ལོ་ཚིགས་སོགས་འབྲེལ་ཡོད་ཡིག་ཆ་དག་ལས་མི་གསལ་ལ། ཁོང་གི་གསུང་རྩོམ་དང་ས་གནས་ངག་རྒྱུན་ལྟར་ན་དགོན་པ་འདི་ནི་ཁོང་གིས་གླ་བྱས་ནས་བཏབ་པའི་དགོན་པ་ཡིན་པས་གླ་དགོན་དུ་བཏགས་ཞེས་དང་། ལོ་རྒྱུས་དཔེ་དེབ་ལ་ལར་འདི་ལ་གླེས་དགོན་དང་བླ་དགོན་སོགས་འབྲི་ཚུལ་གཞན་ཡང་འདུག
          ⑧《སྨར་ཚང་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་སྒྲིག་》 ལས་《དཔལ་ལྡན་སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་སུ་ཁར་རྞའི་ཕྲེང་བ》 [M]ཁྲིན་ཏུའུ། 2006ལོར ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་163ལས།
          ⑨《སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་སྒྲིག》[M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006ལོར། ཤོག82ལས། འགྲོ་མགོན་རིན་ཆེན་དཔལ་ནི། སྨར་སྟོད་ཀྱི་ས་ཡི་ཐིག་ལེ་རུ་གཏོགས་པ་རིན་ལྡན་ཞེས་པའི་ཁྱིམ་དུ། ཡབ་ནོར་བཟང་ལྷ་རྒྱས་དང་ཡུམ་པདྨ་ཆོས་མོ་གཉིས་ཀྱི་སྲས་སུ། རབ་བྱུང་གསུམ་པའི་ལྕགས་ཕོ་སྟག་(སྤྱི་ལོ་1170)གི་ལོ་དབྱར་ཟླ་དང་པོའི་ཚེས་བཅུ་ལ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་ལ་བཀའ་གདམས་གསེར་ཏོག་དགོན་དུ་ཞུགས་ནས་རབ་ཏུ་བྱུང་། རབ་བྱུང་གསུམ་པའི་ཆུ་ཕོ་བྱི་བའིལོར་ཆོས་རྗེ་སྨར་པ་བསྟེན།རབ་བྱུང་གསུམ་པའི་ལྕགས་པོ་སྤྲུལ་(སྤྱི་ལོ་1200)ལ་ཙོམ་མདོ་གཙུག་ལག་ཁང་བཏབ། རབ་བྱུང་བཞི་པའི་ས་མོ་བྱ་ཡི་ལོར་(སྤྱི་ལོ་1249)དབྱར་ཟླ་གསུམ་པའི་ཚེས་བཅོ་ལྔར་དགོངས་པ་རྫོགས།
          ⑩ད་ལྟའི་ཆབ་མདོ་སྨར་ཁམས་རྫོང་གི་རུ་ཤོད་ཅེས་པའི་སར་གནས་ཡོད་པ་དང་མཁར་ཤུལ་ཙམ་ལས་མི་འདུག སྨར་ཁམས་རྫོང་མཁར་གྱི་བྱང་ཤར་གྱི་ཕྱོགས་ཏེ་བྲག་གཡབ་ཕྱོགས་སུ་མཆིས་ཤིང་། རྫོང་ནས་སྤྱི་ལེ་བརྒྱ་དང་ལྔ་བཅུ་ལྷག་ཡོད་འདུག
          ⑾《སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་སྒྲིག》[M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006ལོར། ཤོག152ལས།
          ⑿⒀《ཙོམ་མདོ་གདན་རབས་ཀུན་བཏུས》 སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་སྒྲིག་ལས་དྲངས་པ། [M] 2006ལོར། ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།ཤོག97、100ལས།
          ⒁⒂《ཙོམ་མདོ་གདན་རབས་ཀུན་བཏུས》 《སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་སྒྲིག་》ལས་དྲངས་པ། [M] 2006ལོར། ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།ཤོག་106、130ལས།
          ⒃《ཙོམ་མདོ་གདན་རབས་ཀུན་བཏུས་》ལས་གསལ་བའི་ཁོང་གི་རྣམ་ཐར་ལྟར་ན། སྨར་ཁམས་སྒང་གི་ཤར་རྒྱུད་འབྱོར་ལྡན་སྡང་ཞེས་པའི་ཁྱིམ་དུ་རབ་བྱུང་ལྔ་པ་ས་ཕོ་སྟག་གི་ལོར་(སྤྱི་ལོ་1266)འཁྲུངས། དགུང་ལོ་བཅུ་གཅིག་པར་ཙོམ་མདོ་གཙུག་ལག་ཁང་དུ་ཞུགས་པ་དང་བཅུ་གསུམ་སྟེང་རབ་ཏུ་བྱུང་། སྔ་རྗེས་སུ་ཤོ་དགོན་དང་ཙོམ་མདོ་དགོན་གཉིས་ཀྱི་ཁྲི་པའི་འགན་བཞེས། དགུང་ལོ་བདུན་ཅུ་རྩ་དྲུག་སྟེ་ཤིང་ཕོ་རྟའི་ལོར་(སྤྱི་ལོ་1341)གཤེགས།
          ⒄《ཙོམ་མདོ་གདན་རབས་ཀུན་བཏུས་》ལས་གསལ་བའི་ཁོང་གི་རྣམ་ཐར་ལྟར་ན། སྨར་ཁམས་སྒང་གི་ནུབ་རྒྱུད་དུ་སྦྲ་རིགས་ཞེས་པའི་ཁྱིམ་དུ་རབ་བྱུང་དྲུག་པའི་ཤིང་ཕོ་འབྲུག་གི་ལོར་(སྤྱི་ལོ་1364)འཁྲུངས། དགུང་ལོ་བཅུ་གསུམ་པར་རབ་ཏུ་བྱུང་། དགུང་ལོ་ཉེར་བརྒྱད་པར་ཙོམ་མདོའི་ཁྲི་པར་བསྐོར། དགུང་ལོ་ཞེ་གསུམ་གྱི་སྟེང་ཁྲི་པ་དགོངས་ཞུས་བྱས་ཏེ་ལུང་སྟོང་འགྲིམ། དགུང་ལོ་ང་བཅུ་ལ་ཙ་རི་ཊ་རུ་བྱོན། ཁམས་ཀོང་པོ་དང་ཙ་རི་རྣམས་སུ་བཞུད། བཀྲ་ཤིས་དགོན། རིན་ཆེན་གླིང་སོགས་དགོན་མང་པོ་བཏབ། དགུང་ལོ་དོན་བརྒྱད་(སྤྱི་ལོ་1421)སྟེང་གཤེགས།
          ⒅《ཙོམ་མདོ་གདན་རབས་ཀུན་བཏུས་》ལས་གསལ་བའི་ཁོང་གི་རྣམ་ཐར་ལྟར་ན། རབ་བྱུང་བདུན་པ་མེ་མོ་སྦྲུལ་(སྤྱི་ལོ་(1437)ལ་ཤར་རྒྱལ་མོ་རོང་དུང་རྡ་ཞེས་པའི་ཡུལ་དུ་འཁྲུངས། དགུང་ལོ་བཅུ་བཞིའི་སྟེང་ཙོམ་མདོ་དགོན་དུ་ཞུགས། དགུང་ལོ་རྩ་ལྔ་བར་སྙུང་གཞི་ཕོག་པས་ཙོམ་མདོ་དང་བྲལ་ནས་རང་ཡུལ་རྒྱལ་མོ་རོང་སུ་ལོག དེ་དུས་རྒྱལ་མོ་རོང་སྨར་ཚང་བཀའ་བརྒྱུད་པའི་དགོན་ཡན་ལག་བདུན་ལ་གཟིགས་པ་ཆེན་པོས་ཉམས་གསོ་མཛད། དགུང་ལོ་ང་བཅུ་རྩ་གསུམ་ལ་ཡང་བསྐྱར་སྨར་ཁམས་སུ་བཞུད་ནས་དགུང་ལོ་ང་བཅུ་རྩ་གསུམ་པར་ཙོམ་མདོའི་ཁྲི་བ་མཛད། དགུང་ལོ་རེ་གཉིས་(སྤྱི་ལོ་1498)སྟེང་གཤེགས།
          ⒆འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 སྟོད་ཆ། [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོར། ཤོག664ལས།
          ⒇《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》 གླེགས་བུམ་གསུམ་པ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992ལོར། ཤོག་188ལས།
          (21)《སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་སྒྲིག》 [M]ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006ལོར། ཤོག་182ལས།
          (22)《སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་སྒྲིག》 [M]ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006ལོར། ཤོག་182ལས།
          (23)牙含章:《明代中央和西藏地方帕竹政权的关系》[J],中国藏学,1989年第一期,第22页。
          (24)ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིག》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོར། ཤོག་314ལས། དུས་རབས་དེར་དད་ལྡན་གྱི་སྐྱེ་བོ་རྣམས་བླ་མའི་ཉེ་སྐོར་དུ་འདུས་ནས་སྒར་བཏབ་ཅིང་། སྐྱ་སེར་ཐམས་ཅད་ལྷན་ཅིག་ཏུ་འཚོགས་ནས་རང་རང་གི་ཤེས་ཚད་དང་བསྟུན་པའི་ཁ་ཏོན་དགེ་སྦྱོར་གང་ནུས་བྱེད་པའི་ལུགས་སྲོལ་ཞིག་བྱུང་པ་དེ་ལ་ཀརྨ་པའི་ཆོས་ཚོགས་སྒར་ཆེན་འཛམ་གླིང་རྒྱན་ཞེས་ཟེར། དེ་ཡང་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་དེ་ཐོག་མར་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེའི་སྐབས་སུ་བྱུང་ཡོད།
          (25)《སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་སྒྲིག》 [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006ལོར། ཤོག་239ལས།
          (26)《སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་ཀཾ་ཚང་བཀའ་བརྒྱུད་ཀྱི་རྣམ་ཐར་》དང་《བཀའ་བརྒྱུད་གསེར་ཕྲེང》 《འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་པའི་གངས་ཅན་བོད་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་ངོ་མཚར་པདྨོའི་དགའ་ཚུལ》 མཁན་པོ་ཁྲོ་རུ་ཚེ་རྣམ་གྱིས་མཛད་པའི་《དཔལ་མཉམ་མེད་མར་པ་བཀའ་བརྒྱུད་ཀྱི་གྲུབ་པའི་མཐའ་རྣམ་པར་ངེས་པར་བྱེད་པ་མདོར་བསྡུས་སུ་བརྗོད་པ་དྭགས་བརྒྱུད་གྲུབ་པའི་མེ་ལོང》 གུ་གེ་ཚེ་རིང་རྒྱལ་པོའི་《བཀའ་བརྒྱུད་པའི་ལོ་རྒྱུས་མདོར་བསྡུས་》སོགས་ལས་གཅིག་མཐུན་དུ་གསུངས་ཡོད།