ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

མཚོ་བོད་མཐོ་སྒང་གི་རིག་གནས་ས་བབ་ལ་ཞིབ་འཇུག་བྱ་སྐབས་ལྟ་བ་ག་འདྲ་ཞིག་རྒྱུན་འཁྱོངས་བྱ་དགོས་པའི་སྐོར་གླེང་བ།

སྤེལ་དུས 2019-07-17 ཡོང་ཁུངས། ང་གོའི་བོད་རིག་པ། རྩོམ་པ་པོ། ཁྲེ་མིང་ཧོའེ་ཡིས་བརྩམས། ཚེ་རིང་སྐྱིད་ཀྱིས་བསྒྱུར།
[ནང་དོན་གནད་བསྡུས།] མཚོ་བོད་མཐོ་སྒང་ནི་རང་རྒྱལ་གྱི་རིག་གནས་དང་ས་བབ་སྐྱེ་ཚུལ་ཅུང་གལ་གནད་ཆེ་བའི་ས་ཁུལ་ཞིག་ཡིན། ས་ཁུལ་འདིའི་རིག་གནས་དང་ས་བབ་ལ་ཞིབ་འཇུག་བྱེད་སྐབས་ཕུལ་བྱུང་རིག་གནས་ཀྱི་གྲུབ་འབྲས་རྒྱུན་འཛིན་བྱ་དགོས་པ་དང་། མི་རིགས་ས་ཁུལ་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་སོགས་ཀྱི་བྱ་གཞག་ལ་ཤེས་རིག་གི་རྒྱབ་རྟེན་བསྐྲུན་དགོས། དེར་བརྟེན། ང་ཚོས་མཚོ་བོད་མཐོ་སྒང་གི་རིག་གནས་བྱུང་རབས་ལ་ཞིབ་འཇུག་བྱེད་སྐབས། ངེས་བར་དུ་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། མཚོ་བོད་མཐོ་སྒང་གི་རིག་གནས་ལོ་རྒྱུས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བྱ་དགོས་པ་དང་གཅིག མཚོ་བོད་མཐོ་སྒང་གི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཆེན་པོའི་ཡན་ལག་ཅིག་ཏུ་བརྩིས་ནས་ཞིབ་འཇུག་བྱ་དགོས་པ་མ་ཟད། ད་དུང་མུ་མཐུད་དུ་བསྒྱུར་བཅོས་དང་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་གཉིས། མི་དམངས་ནི་ལོ་རྒྱུས་གསར་གཏོད་མཁན་ཡིན་པའི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་དེ་ལ་ཞིབ་འཇུག་གཏིང་ཟབ་བྱ་དགོས་པ་དང་གསུམ། མི་རིགས་ཁག་གི་རིག་གནས་རིགས་སོ་སོར་ཕྱེ་ནས་ཞིབ་འཇུག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་གི་ལོ་རྒྱུས་གསར་སྐྲུན་གྱི་གནས་བབ་མངོན་ཐུབ་པ་བྱ་དགོས་པ་དང་བཞི། མི་རིགས་གང་དང་གང་ཡིན་ཀྱང་ལོ་རྒྱུས་འཕེལ་རིམ་ཁྲོད་ཕན་ཚུན་འབྲེལ་བ་གཏིང་ཟབ་ཡོད་པའི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་བར་གྱི་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱ་དགོས་པ་དང་ལྔ། འཇིག་རྟེན་མི་ལུགས་ཀྱི་རིག་གནས་ཨང་དང་པོ་ཡིན་པའི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཆོས་ལུགས་རིག་གནས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མི་མཐུན་པའི་སྐོར་ལ་ངོ་རྒོལ་བྱ་ཐུབ་དགོས་པ་དང་དྲུག མཚོ་བོད་མཐོ་སྒང་ནི་ཀྲུང་གོའི་གོང་བུ་གཅིག་གྱུར་གྱི་གནས་བབ་ཆགས་པའི་ས་བབ་རྒྱུ་རྐྱེན་གལ་ཆེན་པོ་ཡིན་པའི་སྐོར་གྱི་ཞིབ་འཇུག་རྒྱུན་འཁྱོངས་བྱ་དགོས་པ་དང་བདུན། ལྟ་བ་དེ་དག་རྒྱུན་འཁྱོངས་བྱས་ནས་མཚོ་བོད་མཐོ་སྒང་གི་རིག་གནས་ས་བབ་ལ་ཞིབ་འཇུག་བྱས་ན། ད་གཟོད་མཚོ་བོད་མཐོ་སྒང་གི་ས་ཁུལ་རིག་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བར་གྱི་འབྲེལ་བ་གསལ་བོར་མཐོང་ཐུབ་ལ། མི་དམངས་མང་ཚོགས་དང་། མི་རིགས་སོ་སོའི་ལོ་རྒྱུས་གསར་གཏོད་དང་བྱས་རྗེས་མངོན་པར་མཚོན་ཐུབ་པ་དང་། མི་རིགས་སོ་སོའི་ཐུན་མོང་གི་རིག་གནས་ཀྱི་ཁྱིམ་གཞི་ཆེན་པོ་འཛུགས་སྐྲུན་ཡག་པོ་བྱེད་ཐུབ།
[བརྡ་ཆད་གཙོ་བོ།] མཚོ་བོད་མཐོ་སྒང་། རིག་གནས་ས་བབ། ཞིབ་འཇུག ལྟ་བ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0036-17
             མཚོ་བོད་མཐོ་སྒང་གི་རིག་གནས་ས་བབ་ལ་ཞིབ་འཇུག་བྱ་རྒྱུ་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཅུང་ཟད་དོ་སྣང་བྱེད་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཤིག་ཏུ་གྱུར་ཡོད།བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་ད་བར་གྱི་མི་ལོ་སུམ་ཅུ་ལྷག་གི་རིང་ལ། ཁྱབ་ཁོངས་འདིའི་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་ཞིང་དེའི་སྐོར་གྱི་བརྩམས་ཆོས་ཀྱང་གྲངས་ལས་འདས། རི་བོའི་གཏོས་དང་མཉམ་པའི་ཞིབ་འཇུག་གི་གྲུབ་འབྲས་ཁྲོད་དུ། ཞིབ་འཇུག་གྲུབ་འབྲས་མང་ཆེ་བས་སྔོན་ཐོན་རིག་གནས་ཀྱི་གྲུབ་འབྲས་རྒྱུན་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་རིགས་ས་ཁུལ་དར་སྤེལ་དང་བརྟན་ལྷིང་སོགས་ཀྱི་བྱ་གཞག་ལ་ཤེས་རིག་གི་རྒྱབ་རྟེན་བསྐྲུན། འོན་ཀྱང་། ཞིབ་འཇུག་གྲུབ་འབྲས་འགའ་རེ་ནི་མི་རིགས་ཁག་གི་འཇིག་རྟེན་མི་ལུགས་ཀྱི་རིན་ཐང་ལྟ་བ་དང་རྒྱབ་འགལ་དུ་སོང་སྟེ། ལྟ་བ་ཕྱོགས་རེས་བའི་འདམ་རྫབ་ཆུ་རྙོག་གིས་རང་སེམས་རྙོག་པར་བཏང་བ་མ་ཟད། མཚོ་བོད་མཐོ་སྒང་གི་རིག་གནས་སྐྱེ་ཁམས་ཀྱང་འབག་བཙོག་ཏུ་བཏང་བ་རེད། དེར་བརྟེན། ཤེས་ཡོན་ཅན་ཞིག་ཡིན་པའི་ཆ་ནས་འཇིག་རྟེན་མི་ལུགས་ཀྱི་རིན་ཐང་ལྟ་བ་བརྟན་སྲུང་བྱ་རྒྱུ་རང་གི་འོས་འགན་ཞིག་ཡིན་པར་བསམ་བློ་བཏང་ནས།① འདིར་མཚོ་བོད་མཐོ་སྒང་གི་རིག་གནས་ས་བབ་ལ་ཞིབ་འཇུག་བྱེད་སྐབས་ངེས་བར་རྒྱུན་འཁྱོངས་བྱ་དགོས་པའི་ལྟ་བ་ཁ་ཤས་ཞུ་རྒྱུ་ཡིན།
དང་པོ། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། མཚོ་བོད་མཐོ་སྒང་གི་རིག་གནས་ལོ་རྒྱུས་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱ་དགོས།
             མཚོ་བོད་མཐོ་སྒང་གི་ཡུལ་གྲུ་ཆེན་པོ་འདིའི་རིག་གནས་ཀྱི་བྱུང་འཕེལ་སྐོར་ལ་བཤད་ཚུལ་མི་འདྲ་བ་མང་བོ་ཞིག་ཡོད། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་ལྟར་ན། རིག་གནས་ནི་མིའི་ངལ་རྩོལ་ལ་བརྟེན་ནས་བྱུང་བ་རེད། ད་སྔ་མཚོ་བོད་མཐོ་སྒང་གི་རིག་གནས་འབྱུང་ཁུངས་ཀྱི་གནད་དོན་ཐད་ལྟ་བ་མི་མཐུན་པ་མང་པོ་བྱུང་ཡོད་ལ།ཞིབ་འཇུག་པ་མང་ཤོས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། མཚོ་བོད་མཐོ་སྒང་གི་རིག་གནས་འབྱུང་ཁུངས་ཀྱི་སྐོར་ལ་ཞིབ་འཇུག་ཡང་དག་བྱེད་བཞིན་ཡོད། གནའ་རྫས་སྔོག་འདོན་དང་། གནའ་རྩོམ་རིག་གནས་མྱུར་སྐྱོབ་ཞིབ་འཇུག དམངས་ཁྲོད་རིག་གནས་རྟོག་ཞིབ་དང་མྱུར་སྐྱོབ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རིག་གནས་ཀྱི་ལས་ཀ་རྒྱ་ཆེན་པོ་སྒྲུབ་བཞིན་ཡོད་ལ། གྲུབ་འབྲས་ཀྱང་རབ་དང་རིམ་པ་ཐོན་ཡོད།② འོན་ཀྱང་ཞིབ་འཇུག་པ་དང་རྩོམ་པ་པོ་ཁ་ཤས་ཤིག་གིས་ཆོས་ལུགས་རྨོངས་དད་དང་། ལྷ་སྒྲུང་། རྟོག་བཏགས་ཀྱི་གཏམ་རྒྱུད་སོགས་ཚད་མར་བཟུང་ནས་ཞིབ་འཇུག་བྱེད་བཞིན་ཡོད། དེ་དག་གིས་བཏོན་པའི་རིག་གནས་བྱུང་འཕེལ་གྱི་ལྟ་བ་ཡང་རྟོག་བཟོ་དང་ལྷ་སྒྲུང་ལྟ་བུ་ཞིག་ལས་མ་འདས་པས། ཚེ་འདི་ལས་ཕྱི་མ་གཙོ་བོར་བཟུང་སྟེ་མི་ཚེ་སྒྱུ་མའི་འཚོལ་བརྙེགས་ལ་བསྐྱལ་བ་དང་། ཚེ་འདིའི་འཁོར་བའི་བདེ་སྐྱིད་ལས་ཆོས་ལུགས་ཀྱི་དད་པ་གཙོ་བོར་འཛིན་པའི་འདུ་ཤེས། མི་ཚེའི་རང་དབང་གི་ཐོབ་ཐང་ལས་ནང་བསྟན་ཆོས་ལུགས་ཀྱི་རིན་ཐང་ལྟ་སྤྱོད་གཙོ་བོར་འཛིན་པའི་འདུ་ཤེས། ཚན་རིག་ཚོད་ལྟ་ལ་བརྟེན་པའི་རིག་གཞུང་ལྟ་བ་ལས་ཆོས་ལུགས་རིག་གཞུང་ཞིབ་འཇུག་གཙོ་བོར་འཛིན་པའི་འདུ་ཤེས་ཤིག་ཆགས་ཡོད་པ་རེད། འདི་ལྟར་མཚོ་བོད་མཐོ་སྒང་གི་རིག་གནས་ཀྱི་བྱུང་འཕེལ་ར་སྤྲོད་བྱས་ན། ང་ཚོ་ལྷ་སྒྲུང་དང་ཆོས་ལུགས་རྨོངས་དད་ཀྱི་ལམ་ལོག་ཏུ་ཚུད་ངེས་པར་གདོན་མི་ཟ།
             མཚོ་བོད་མཐོ་སྒང་གི་ཤེས་རིག་དང་རིག་གནས་ཀྱི་བྱུང་འཕེལ་ནི་གནའ་བོའི་མི་རིགས་ཕན་ཚུན་གནས་སྤོ་བ་དང་ཤེས་རིག་ཉམས་མྱོང་སྤེལ་རེས་ལ་ཁ་བྲལ་ཐབས་མེད། སྐུ་ཞབས་ཧྲི་ཧྲའོ་ལགས་ཀྱིས་“དེ་རིང་བོད་དབྱིས་ས་རྒྱུད་ཀྱི་བོད་འབར་སྐད་རིགས་སྨྲ་བའི་མི་རིགས་མང་ཆེ་བ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཀན་སུའུ་དང་མཚོ་སྔོན་ས་ཁུལ་ནས་ལྷོ་ཕྱོགས་སུ་གནས་སྤོས་པའི་མི་ཡིན་ལ། རྨ་ཆུའི་སྟོད་རྒྱུད་ཀྱི་མི་རིགས་འདི་དག་ག་དུས་ནས་གནས་སྤོ་འགོ་བཙུགས་པའི་སྐོར་ལ་རིག་གཞུང་ལས་རིགས་ཁྲོད་དུ་ལྟ་ཚུལ་མི་མཐུན་པ་ཁག་གཉིས་ཡོད། སྲོལ་རྒྱུན་གྱི་ལྟ་ཚུལ་གཅིག་ནི་ལོ་རྒྱུས་དེབ་ཐེར་གཞིར་བཟུང་སྟེ་བཏོན་པའི་ལྟ་བ་ཡིན་ཏེ། 《ཧན་ཕྱི་མའི་ནུབ་ཆཱང་གི་ལོ་རྒྱུས་》སུ་ཆིན་ཞན་ཀུང་གི་སྐབས་སུ་རྨ་ཆུ་དང་ཙོང་ཆུའི་རྒྱུད་ཀྱི་ཚོ་བ་འདི་དག་གིས་ཆིན་རྒྱལ་རབས་ཀྱི་གཟི་བརྗིད་མ་བཟོད་པར་ལྷོ་ཕྱོགས་སུ་གནས་སྤོས་པའི་སྐོར་བཀོད་པར་ཁོངས་བཅོལ་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་མི་རིགས་འདི་དག་ལྷོ་ཕྱོགས་སུ་གནས་སྤོས་པའི་དུས་ཚོད་ནི་ཆིན་ཞན་ཀུང་གི་དུས་སྐབས་ཡིན་པར་ངེས་འཛིན་བྱས་པ་མ་ཟད། རྨ་ཆུའི་སྟོད་རྒྱུད་ནས་གནས་སྤོས་འོངས་པའི་མི་རིགས་འདི་དག་ལ་གནའ་བོའི་ཆཱང་རིགས་སམ་ཏི་ཆཱང་རིགས་ཞེས་འབོད། ལྟ་ཚུལ་གཞན་ཞིག་ནི་གནའ་རྫས་རྟོག་ཞིབ་རིག་པར་ཁོངས་བཅོལ་བ་ཡིན་ཏེ། ཡུན་ནན་དང་སི་ཁྲོན་ནུབ་རྒྱུད། བོད་ལྗོངས་ཤར་རྒྱུད་དུ་མི་ལོ་ལྔ་སྟོང་ཡར་མར་གྱི་ཁཱ་རོ་དང་བཙན་ལྷ་སོགས་ནས་ཐོན་པའི་རྡོ་ཆས་གསར་བའི་རིག་རྫས་གནའ་ཤུལ་ལས། རྨ་ཆུའི་སྟོད་རྒྱུད་ཀྱི་གདོད་མའི་རིག་གནས་ཀྱི་གྲུབ་ཆ་མངོན་པར་གསལ་”ཞེས་གསུངས།གཞན་ཡང་③མཚོ་བོད་མཐོ་སྒང་དང་ཁྱད་པར་དུ་ནུབ་ཁུལ་གྱི་ཤེས་རིག་ལ་རྒྱ་གར་རིག་གནས་ཀྱི་ཤན་ཞུགས་པར་སྨྲ་བའི་མཁས་པ་ཡང་མི་ཉུང་བ་ཞིག་ཡོད་མོད། ཞིབ་པར་བརྟག་དགོས་པའི་གནས་སུ་ཁུམས།
             མར་ཁེ་སི་རིང་ལུགས་ཀྱི་དགོངས་དོན་ལྟར་ན། ཤེས་རིག་དང་རིག་གནས། ཐ་ན་རྩོམ་རིག་སྒྱུ་རྩལ་བཅས་ནི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་སྟེ། དེ་ནི་ཕྱི་རོལ་དོན་དངོས་མི་རྣམས་ཀྱི་ཀླད་པར་ཤར་བ་ཚུར་སྣང་བྱས་པའི་ཐོན་རྫས་ཤིག་ཡིན་པ་ལས་མི་རེ་འགའི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་རྩལ་གྱིས་བསྐྲུན་པ་ཞིག་མ་ཡིན་པར། འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་སྤྱི་ཚོགས་ཀྱི་འཚོ་བ་དང་ལག་ལེན་དངོས་ཀྱི་ནུས་པ་ལས་བྱུང་བ་ཞིག་ཡིན། ཚན་རིག་ཚོད་ལྟས་ར་སྤྲད་པ་ལྟར་ན། མི་ཞིག་བཙས་མ་ཐག་པ་ནས་རྣམ་རིག་ག་འདྲ་ལྡན་རུང་ཕྱི་ལ་འབྲེལ་འདྲིས་མེད་པའི་བྲག་ཁུང་ཞིག་ཏུ་བཀག་བསྐྱིལ་བྱས་ན། སྐབས་དེའི་སྤྱི་ཚོགས་ཀྱི་ཚད་ལྡན་ལག་རྩལ་དང་ཤེས་རིག་ཅི་ཡང་འབྱོར་མི་སྲིད་པའི་བདེན་པ་ར་འཕྲོད་པ་རེད། ངལ་རྩོལ་ནི་འགྲོ་བ་མིའི་རིགས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ། མི་རྣམས་ཀྱི་ཤེས་རིག་ལག་རྩལ་གྱི་འབྱུང་ཁུངས་ཡང་ཡིན། དེར་བརྟེན། གནའ་བོའི་རིག་གནས་དང་ལྷག་པར་དུ་རྩོམ་རིག་སྒྱུ་རྩལ་ནི་ངལ་རྩོལ་གྱི་འཚོ་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། མི་དང་མིའི་བར། མི་དང་རང་བྱུང་ཁམས། མི་དང་ཕྱིའི་དངོས་པོ། མིའི་རིགས་ཀྱི་དགའ་སྡུག་སྐྱོ་གསུམ་སོགས་ངལ་རྩོལ་ལ་བརྟེན་ནས་བྱུང་བ་ཡིན་པས། ངལ་རྩོལ་ལག་ལེན་ནི་རིག་གནས་དང་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་ཁུངས་དངོས་ཡིན། ངལ་རྩོལ་དང་ལག་ལེན་མེད་པའི་རིག་གནས་ནི་ཆུ་འགོ་མེད་པའི་ཆུ་རྒྱུན་དང་རྩ་བ་མེད་པའི་སྡོང་བོ་ལྟ་བུ་ཞིག་ཡིན་ལ། མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་ཐོགས་དེ་ལས་ཀྱང་ག་ལ་ཡོད་དེ་མེད་པས་ཡུན་རིང་དུ་གནས་པའི་རིན་ཐང་དེ་ལས་ཀྱང་ག་ལ་ཡོད། མཚོ་བོད་མཐོ་སྒང་གི་རིག་གནས་ཞིབ་འཇུག་ཁྲོད། རིག་གནས་ཀྱི་བྱུང་རབས་དང་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་ཁུངས་སྐོར་གྱི་ངོས་འཛིན་ནི་ཅུང་ཟད་རྙོག་འཛིང་ལྡན་པ་ཞིག་ཡིན། དཔེར་ན། ལྷ་དཀོན་མཆོག་གི་རྫུ་འཕྲུལ་གྱིས་བསྐྲུན་པ་དང་། རིག་བྱེད་གཏམ་རྒྱུད་སོགས་ལས་བྱུང་བ། ཡོད་ཚད་ནང་སེམས་ཀྱི་འགྱུར་བ་ལ་བརྟེན་ནས་བྱུང་བ་ལྟ་བུ། ལྟ་ཚུལ་འདི་དག་བོད་ཁུལ་གྱི་ཆོས་ལུགས་པ་དང་རྩོམ་རིག་སྒྱུ་རྩལ་ཁྲོད་ཤུགས་རྐྱེན་ཅུང་ཆེན་པོ་ཡོད། ང་ཚོས་ལྟ་བ་འདིའི་རིགས་དག་སེལ་ཡག་པོ་བྱེད་མ་ཐུབ་ན། མཚོ་བོད་མཐོ་སྒང་གི་རིག་གནས་དང་རྩོམ་རིག་སྒྱུ་རྩལ་གྱི་ལོ་རྒྱུས་ཡང་དག་པ་ཞིག་སྨྲ་ག་ལ་ཐུབ།
གཉིས་པ། མཚོ་བོད་མཐོ་སྒང་གི་རིག་གནས་ཞིབ་འཇུག་དེ་ནི་ཀྲུང་ཧྭ་མི་རིགས་རིག་གནས་ཆེན་པོའི་ཁོར་ཡུག་ཏུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ་རིག་གནས་ཀྱི་བསྒྱུར་བཅོས་དང་གསར་གཏོད་ལ་གཙིགས་འཛིན་བྱ་དགོས།
             ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་དང་སྟོབས་འབྱོར་མངའ་ཐང་རྒྱས་པའི་བསམ་བློའི་སྲོག་ཤིང་ཡིན། མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་འཕེལ་རིམ་ཁྲོད། ཀྲུང་ཧྭ་མི་རིགས་དཀའ་ཚེགས་ཚད་མེད་མྱངས་ནས་ད་ལྟའི་བར་འཕེལ་རྒྱས་བྱུང་ཐུབ་པ་ནི། ང་ཚོ་ལ་ཟབ་ཅིང་རྒྱ་ཆེ་བའི་ལོ་རྒྱུས་རིག་གནས་ཕུལ་དུ་བྱུང་བ་ཞིག་ཡོད་པས་རེད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ནི་ཀྲུང་གོའི་མངའ་ཁོངས་ཀྱི་མི་རིགས་ཚང་མའི་ཐུན་མོང་གི་རིག་གནས་ཡིན་པས། དེས་རིགས་སོ་སོའི་མི་དམངས་ཀྱི་འཚོ་བའི་གནས་སྟངས་དང་འགུལ་བསྐྱོད་ཀྱི་གྲུབ་འབྲས་མངོན་པར་མཚོན་པ་མ་ཟད། ལྷག་པར་དུ་རིགས་སོ་སོའི་མི་དམངས་ཀྱི་འདུ་ཤེས་འཛིན་སྟངས་དང་། བསམ་བློའི་འཁྱེར་སོ། སྤྱི་ཚོགས་ཀྱི་འབྲེལ་བ། རྩ་འཛུགས་ཀྱི་ལམ་ལུགས་སོགས་ཀྱང་མངོན་པར་མཚོན། 
             མཚོ་བོད་མཐོ་སྒང་གི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པས། ཀྲུང་ཧྭའི་མངའ་ཁོངས་འདིའི་རིགས་སོ་སོའི་མི་དམངས་ཀྱི་འདུ་ཤེས་འཛིན་སྟངས་དང་། བསམ་བློའི་འཁྱེར་སོ། སྤྱི་ཚོགས་འབྲེལ་བ་བཅས་ལ་འབྲེལ་བ་དམ་ཅིང་ཟབ། ཚང་མས་ཤེས་གསལ་ལྟར། མཚོ་བོད་མཐོ་སྒང་ནི་ཕྱིའི་འཇིག་རྟེན་ལ་འབྲེལ་འདྲིས་གཏན་ནས་མེད་པའི་ཡུལ་གྲུ་རང་སྐྱ་འཕེར་བ་ཞིག་མིན་པས།དེའི་རིག་གནས་ཀྱང་གནས་འདིའི་ཉེ་འཁོར་ཏེ་ལྷག་པར་དུ་ཤར་ཕྱོགས་དང་④བྱང་ཕྱོགས་ཀྱི་སྣ་མང་རིག་གནས་ཀྱི་ཤུགས་རྐྱེན་འོག་རིམ་གྱིས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས།གནས་འདིའི་ཤེས་རིག་དང་རིག་གནས་སྣ་ཚོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིག་རིག་གནས་ཀྱི་རྒྱུ་རྐྱེན་འདུ་བ་རེད།
             གནའ་བོའི་བཤད་རྒྱུན་དང་དེང་རབས་ཀྱི་གནའ་ཤུལ་རྟོག་ཞིབ་ལས་ཤེས་གསལ་ལྟར། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ནི་ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བ་མང་བོའི་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པས། ཀྲུང་ཧྭའི་རིག་གནས་ནི་མི་རིགས་སོ་སོའི་ཤེས་རིག་གཅིག་ཏུ་འདུས་པའི་སྣ་འཛོམས་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་ཡིན། དེ་ཡང་ཧན་རྒྱལ་རབས་ཀྱི་སྐབས་སུ་ཀྲུང་ཧྭའི་རིག་གནས་འདི་རྨ་ཆུའི་བར་སྨད་རྒྱུད་ཀྱི་རིག་གནས་ས་ཁུལ་དང་། འབྲི་ཆུའི་བར་སྨད་རྒྱུད་ཀྱི་རིག་གནས་ས་ཁུལ། ལིའོ་ནུབ་དང་ཡན་ཧྲན་རིག་གནས་ས་ཁུལ། ཝེ་ཧོ་དང་ཀོན་ཀྲུང་བདེ་ཐང་རིག་གནས་ས་ཁུལ། རྨ་ཆུའི་སྟོད་རྒྱུད་རིག་གནས་ས་ཁུལ། རྨ་ཆུའི་ཁུགས་སོའི་རིག་གནས་ས་ཁུལ། དབྱིན་ཧྲན་ལྷོ་བྱང་དང་ཨ་ལག་ཤ་བདེ་ཐང་། ཐ་ལི་མུའུ་གཤོང་སའི་རིག་གནས་ས་ཁུལ། ཝུའུ་དབྱི་ཧྲན་དང་ལིང་ནན། མཚོ་འགག་ངོགས་གཉིས་ཀྱི་རིག་གནས་ས་ཁུལ།ཡུན་ཀུའེ་མཐོ་སྒང་དང་འབར་མའི་བྱང་རྒྱུད་ཀྱི་རིག་གནས་ས་ཁུལ། རི་བོ་ཆིན་ལིང་ལྷོ་བྱང་དང་པ་ཧྲུའུ་རིག་གནས་ས་ཁུལ། བོད་དབྱིས་འགྲུལ་ལམ་རིག་གནས་ས་ཁུལ། རྨ་ནུབ་འགྲུལ་ལམ་རིག་གནས་ས་ཁུལ་སོགས་རིག་གནས་ས་ཁུལ་ཆེན་པོ་བཅུ་གཅིག་ཏུ་ཕྱེ་ཡོད། ཐང་རྒྱལ་རབས་སྐབས་ནས་བཟུང་། ཀྲུང་ཧྭའི་རིག་གནས་ཀྱིས་མཚོ་བོད་མཐོ་སྒང་ལ་ཤན་ཤུགས་ཐེབས་འགོ་ཚུགས་པ་དང་། ས་ཁུལ་འདི་དག་དུས་ཡུན་རིང་བོར་སྲིད་དབང་མི་འདྲ་བའི་མངའ་ཁོངས་འོག་གནས་ན་ཡང་། ཐང་དང་སུང་རྒྱལ་རབས་གཉིས་ཀྱི་མི་ལོ་དྲུག་བརྒྱ་ལྷག་གི་རིག་གནས་ཀྱི་ཤན་ཤུགས་ལ་བརྟེན་ནས། ཕྱིས་སུ་ཡོན་རྒྱལ་རབས་སྐབས་སུ་གཅིག་གྱུར་གྱི་མི་རིགས་མང་པོའི་རྒྱལ་ཁབ་འཛུགས་པར་ཐུན་མོང་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་པ་རེད། 
             ལོ་རྒྱུས་ཀྱིས་བདེན་དཔང་བྱས་པ་ལྟར་ན། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་ཤེས་རིག་དར་འགོ་ཚུགས་པ་ནས་འགོ་བརྩམས་པ་ཡིན། ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ངག་རྒྱུན་གྱི་དུས་རབས་སྟེ། རྒྱལ་བོ་གསུམ་དང་གོང་མ་ལྔའི་དུས་རབས་ནས་བཟུང་། རྨ་ཆུའི་བར་རྒྱུད་དང་སྨད་རྒྱུད་ཀྱི་རིག་གནས་མི་འདྲ་བ་རྣམས་ཕན་ཚུན་མཉམ་འདྲེས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་སོང་། ཞ་རྒྱལ་རབས་དར་རྒྱས་ཆེ་བའི་དུས་སྐབས་ནི་ལི་ཆས་དུས་རབས་སུ་འགྱུར་བཞིན་པའི་དུས་སྐབས་ཡིན་ལ། ཧྲང་རྒྱལ་རབས་སྐབས་ལི་ཆས་རིག་གནས་དར་བའི་ཡང་རྩེར་སོན། ཀྲུའུ་རྒྱལ་རབས་ཀྱིས་ཧྲང་རྒྱལ་རབས་ཀྱི་རིག་གནས་ཁྱོན་ཡོངས་ནས་རྒྱུན་འཛིན་བྱས་པ་དང་། བྲན་གཡོག་ལམ་ལུགས་སྐབས་ཀྱི་རིག་གནས་ཀྱི་ཡང་རྩེར་སོན། ཞ་རྒྱལ་རབས་དང་། ཧྲང་རྒྱལ་རབས། ཀྲུའུ་རྒྱལ་རབས་གསུམ་གྱི་སྐབས་རིག་གནས་ཕན་ཚུན་རྒྱུན་འཛིན་དང་མཉམ་འདྲེས་བྱུང་ནས། མཐར་ཅུང་གཏན་འཇགས་དང་ཀུན་གྱིས་དེང་ལེན་བྱེད་ཐུབ་པའི་ཧྭ་ཞའི་རིག་གནས་ཞེས་པ་གྲུབ། ཁྲུན་ཆིའུ་ཀྲན་གོའི་དུས་རབས་སུ་ཧྭ་ཞའི་རིག་གནས་ཀྱི་ནང་ཁུལ་ནས་ཆི་ལུའུ་རིག་གནས་དང་། སན་ཅིན་རིག་གནས། ཡན་ཀྲའོ་རིག་གནས། ཅིང་ཁྲུའུ་རིག་གནས། ཝུའུ་ཡུའེ་རིག་གནས། ལིང་ནན་རིག་གནས། སན་ཞིང་ཏུའེ་རིག་གནས་དང་དེ་དག་གི་མཐའ་འཁོར་གྱི་པེ་ཏིས། ནུབ་རོང་། ཤར་ཧོར། ཞུང་ནུའུ། བོད་དབྱིས་སོགས་མི་རིགས་རིག་གནས་ས་ཁུལ་མང་བོར་ཕྱེ་ཡོད། རིག་གནས་ས་ཁུལ་འདི་དག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ལ། རིམ་གྱིས་ཀྲུང་ཡོན་རིག་གནས་ཀྱི་ཁོངས་སུ་འདྲེས་ནས། ཧྭ་ཞ་རིག་གནས་གྲུབ་ཆ་གཙོ་བོ་ཡིན་པ་དང་། ཉེ་འཁོར་གྱི་གྲངས་ཉུང་མི་རིགས་ཁག་གི་རིག་གནས་དང་ཕན་ཚུན་བརྟེན་ནམ་གནས་པ་དང་ཕན་ཚུན་བརྗེ་རེས་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་གནས་བབ་ཆེན་པོ་ཆགས་པ་རེད།
             ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་ཤར་མ་དང་ནུབ་མ་སྟེ་བསྡོམས་པས་མི་ལོ་བཞི་བརྒྱ་ཙམ་གྱི་རིང་ལ། ཁྲུན་ཆིའུ་ཀྲན་གོའི་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མ་ལག་ཆ་ཚང་དག་སྒྲིག་དང་། གོང་སྤེལ། གསར་བསྐྲུན་སོགས་བྱས་པ་བརྒྱུད་ནས་ཧྭ་ཞ་མི་རིགས་དང་ཧྭ་ཞའི་རིག་གནས་དབྱར་མཚོ་བཞིན་དར་ཞིང་རྒྱས་ནས། ཧྭ་ཞ་མི་རིགས་དེ་ཧན་ཏེ་རྒྱ་རིགས་སུ་འཕེལ་འགྱུར་བྱུང་བ་མ་ཟད། ཉེ་འཁོར་མི་རིགས་ཁག་གི་རིགས་གནས་དང་མཉམ་འདྲེས་བྱུང་ནས་ཧན་ཏེ་རྒྱ་མི་རིགས་ཀྱིས་གཙོ་བོར་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སུ་དར་རྒྱས་བྱུང་། གོང་མ་ཧན་ཝུའུ་ཏི་ཡིས་“ལུགས་གཞན་བཀས་སྤྲད་དེ། རུའུ་ལུགས་གཙུག་ཏུ་བཀུར་”བའི་སྲིད་ཐབས་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་འདི་རུའུ་ལུགས་པའི་རིག་པ་གཙོར་གྱུར་པའི་རིག་གནས་ཀྱི་མ་ལག་ཆེན་པོ་ཞིག་ཏུ་གྱུར་ནས་ནང་བསམ་བློ་གཅིག་གྱུར་དང་ཕྱིའི་ཡུལ་ཁམས་དབང་དུ་འདུ་བའི་སྟོབས་ཤུགས་སུ་གྱུར། ཧན་རྒྱལ་རབས་ཤར་མ་དང་རྒྱལ་ཁབ་གསུམ། ཝེ། ཅིན། རྒྱལ་རབས་ལྷོ་མ་དང་བྱང་མ་བཅས་ཀྱི་སྐབས། ཆབ་སྲིད་ཀྱི་ཟིང་ཆ་ཆེན་པོའི་བརྒྱུད་རིམ་ཁྲོད་རིག་གནས་གཅིག་གྱུར་ཆེན་པོ་བྱུང་། གོང་མ་ཞའོ་ཝིན་ཏི་ཡིས་“སྲིད་ཀྱི་བྱ་བ་སྒྲུབ་སྐབས་བྱང་ཕྱོགས་ཀྱི་ཡུལ་སྐད་བེད་སྤྱོད་མི་ཆོག གལ་སྲིད་བེད་སྤྱད་ན་གོ་གནས་ཕབ་རྒྱུའི་བཀའ་རྒྱ་བསྒྲགས་པ་དང་། ……གལ་སྲིད་བྱང་མི་ཧོ་ནན་ནས་མི་ཚེ་རྫོགས་ན་གནས་དེར་དུར་འཇུག་བྱེད་པ་ལས། ཕུང་བོ་བྱང་དུ་ཕྱིར་འདྲེན་མི་ཆོག་པའི་བཀའ་རྒྱ་བསྒྲགས།”⑤གོང་གསལ་གྱི་སྲིད་ཐབས་འདི་དག་ལ་བརྟེན་ནས་གྲངས་ཉུང་མི་རིགས་མང་བོ་ཞིག་རང་བཞིན་གྱིས་རུའུ་ལུགས་པར་གྱུར་བ་རེད། ཐང་རྒྱལ་རབས་སྐབས་ཆེན་པོ་ཐང་གིས་རིག་གནས་རྒྱལ་ཁམས་ཡོངས་ལ་ཁྱབ་ཏེ། རྒྱ་རིགས་དང་ཐུ་བྷོད།འཇང་། གྲུ་གུ། ཧུའེ་རིགས། ཞུའེ་ཡན་ཐུའོ། ཀའོ་ཁྲང་།ཆུས་ཚི། མོ་ཀོ་སོགས་གྲངས་ཉུང་མི་རིགས་ལ་རིག་གནས་འབྲེལ་འདྲིས་རྒྱ་ཆེར་བྱས་ཤིང་། སུང་དང་ཡོན་རྒྱལ་རབས་སྐབས་ཀྱང་ལིའོ་རྒྱལ་རབས་དང་། ཅིན་རྒྱལ་རབས། མི་ཉགསོག་པོ། ཙོང་ཁ་རྒྱལ་པོ་སོགས་དང་རྒྱ་རིགས་བར་ཆབ་སྲིད་དམག་དོན་འཐབ་འཛིང་དྲག་པོ་བྱུང་སྟེ་མི་རིགས་སོ་སོའི་རིག་གནས་འགལ་འདུས་ཀྱི་དུས་རིམ་ཞིག་བརྒྱུད་ནས། མཇུག་མཐར་ཚང་མས་ཧྭ་ཞའི་རིག་གནས་དང་ལེན་བྱས། དེ་ཡང་དོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ངེས་ལེན་བྱས་པ་གསལ་བོར་མཚོན་ཐུབ། གྲངས་ཉུང་མི་རིགས་ཀྱིས་རྒྱལ་ནང་དུ་དབང་བསྒྱུར་བྱས་པའི་ཡོན་རྒྱལ་རབས་དང་ཆིང་རྒྱལ་རབས་གཉིས་ཀྱི་སྐབས། མོང་གོལ་རིགས་དང་མན་ཇུ་རིགས་གཉིས་གཙོ་བོར་བྱས་པའི་གྲངས་ཉུང་མི་རིགས་ཀྱིས་རྒྱའི་རིག་གནས་ཏེ་ལྷག་པར་དུ་རུའུ་ལུགས་པའི་རིག་གནས་ཀྱི་བསམ་བློ་དང་རྒྱལ་རབས་གོང་མ་རྣམས་ཀྱི་སྲིད་ཐབས་ལམ་ལུགས་ཀྱི་ཉམས་མྱོང་ཡོངས་སུ་རྒྱུད་འཛིན་བྱས་ཤིང་། དེ་དང་དུས་མཚུངས་སུ་རིགས་སོ་སོའི་རིག་གནས་ཀྱི་སྙིང་བཅུད་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཆེན་པོའི་ནང་དུ་འདྲེས་པ་རེད། 
             ཀྲུང་གོ་ནི་མི་རིགས་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། རིག་གནས་ངེས་ལེན་ནི་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་པས་རྒྱལ་ཁབ་བདེ་འཇགས་དང་གཅིག་གྱུར་ཡོང་བའི་འཐབ་ཇུས་ཀྱི་ནང་དོན་གཙོ་བོར་བཞག་ཡོད། 《ཀྲུའུ་དབྱི་》ནང་དུ་“རིག་གནས་ཀྱི་ནུས་པ་ལ་བརྟེན་ནས་རྒྱལ་ཁམས་འདུལ་བའི་”བསམ་བློ་སྔ་མོ་ནས་བཏོན་ཡོད། ཅིན་རྒྱལ་རབས་ཀྱི་སུའུ་ཞི་ལགས་ཀྱིས་“རིག་གནས་ཀྱིས་ནང་འདུལ། དྲག་ཤུགས་ཀྱིས་ཕྱི་འདུལ་”དགོས་པའི་བསམ་བློ་བཏོན། ཆིང་རྒྱལ་རབས་ཀྱི་གུང་ཙི་ཀྲེན་ཡིས་“རྒྱལ་ཁབ་ཅིག་འཇིག་པར་བྱེད་ན། སྔོན་ལ་དེའི་ལོ་རྒྱུས་མེད་པར་བཟོ་དགོས།”⑥ཞེས་གསུངས་ཡོད། བསམ་བློ་འདི་དག་གི་བསྟན་བྱ་གཙོ་བོ་ནི་ཀྲུང་གོའི་ཆབ་སྲིད་པས་“རྒྱལ་ཁབ་ཤེས་རིག་གིས་སྐྱོང་”དགོས་པའི་གལ་ཆེའི་བསམ་བློ་དེ་མཚོན་པ་རེད། རིག་གནས་ངེས་ལེན་དེ་ཆབ་སྲིད་ངེས་ལེན། མི་རིགས་ངེས་ལེན། རྒྱལ་ཁབ་ངེས་ལེན་གྱི་རྨང་གཞི་ཡིན་ལ། དེས་མི་ལོ་སྟོང་ཕྲག་མང་པོའི་རིང་ལ་ཀྲུང་ཧྭ་མི་རིགས་ཀྱི་ཆབ་སྲིད་གཏན་འཇགས་དང་། མི་རིགས་དར་རྒྱས། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པར་བྱེད་པའི་ནང་བསམ་བློའི་སྟོབས་ཤུགས་བསྐྲུན་པ་རེད། 
དེར་བརྟེན། མཚོ་བོད་མཐོ་སྒང་གི་རིག་གནས་འདི་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་མ་ལག་ཏུ་བརྩིས་ནས། ཀྲུང་ཧྭའི་རིག་གནས་ལ་གཏོགས་པའི་མཚོ་བོད་མཐོ་སྒང་གི་སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་ཐམས་ཅད་མུ་མཐུད་དུ་བསྡུ་ལེན་དང་། བེད་སྤྱོད། རྒྱུན་འཛིན་བྱས་ཏེ་གོང་འཕེལ་གཏོང་དགོས། དེ་དང་དུས་མཉམ་དུ་དུས་རབས་དང་མི་འཚམས་པ་དང་མང་ཚོགས་ཀྱིས་དེང་ལེན་མི་བྱེད་པའི་གནའ་བོའི་སྒྱུ་རྩལ་གྱི་རིགས་སོགས་བསྒྱུར་བཅོས་བྱས་ནས། དུས་རབས་ཀྱི་ལང་ཚོ་དར་ལ་སྐྱེས་སྟོབས་ཀྱི་གསོན་ཤུགས་རྒྱས་པའི་རིག་གནས་གསར་སྐྲུན་བྱ་རྒྱུ་ནི་རིག་གནས་ཞིབ་འཇུག་པ་རྣམས་ཀྱི་མིག་སྔར་ལྷགས་པའི་གནད་དོན་རེད། དཔེར་ན། སྲོལ་རྒྱུན་གྱི་ཟློས་གར་ལྟ་བུ་ལོ་བརྒྱ་སྟོང་མང་བོའི་རིང་ལ་སྒྲ་དབྱངས་དང་། འདོན་རྟ། སྒྱུ་རྩལ་གྱི་རྣམ་འགྱུར་སྟོན་སྟངས། གྱོན་ཆས། འཁྲབ་ཆས་སོགས་ལ་འགྱུར་བ་གཏན་ནས་མེད་ན། ཉིན་རེ་ཟླ་རེར་རྣམ་པ་གསར་བ་ཐོན་བཞིན་པའི་དེང་རབས་འཚོ་བའི་རྗེས་མི་ཟིན་པ་དང་། མི་དམངས་མང་ཚོགས་སམ་ལྷག་པར་དུ་གཞོན་རབས་པའི་དགའ་བསུ་མི་ཐོབ་པའི་གནས་སུ་གྱུར་ཡོད། འཚོ་བའི་རྣམ་པ་མཚོན་བྱེད་ཀྱི་གླུ་གར་གྱི་ཐད་བཅོས་བསྒྱུར་མི་ཉུང་བ་རེ་བྱུང་ཡོད་ནའང་། དུས་རབས་ཀྱི་འཕེལ་རྒྱས་དང་དགོས་མཁོར་བསྡུར་ན་ད་དུང་མུ་མཐུད་དུ་ལེགས་བཅོས་བྱ་དགོས་པ་མ་ཟད། གསར་གཏོད་ཀྱང་བྱ་དགོས། རིག་གནས་གསར་གཏོད་ཀྱི་བྱ་གཞག་ལ་རྫོགས་མཐའ་མེད། མཚོ་བོད་མཐོ་སྒང་གི་རིག་གནས་ལ་མཚོན་ན། རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པ་ནས་བཟུང་། ཕྱིའི་རིག་གནས་ནང་འདྲེན་དང་གསར་གཏོད་ཀྱི་འགོ་ཚུགས་ཏེ་ད་ལྟའི་བར་རྒྱུན་མ་ཆད་པ་རེད། ད་ལྟ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དུ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་གྱི་ཁ་ཕྱོགས་གསལ་བོར་བསྟན་པ་མ་ཟད། རིག་གནས་གསར་གཏོད་ཀྱི་ལས་ཀ་ལ་སྲིད་ཇུས་ཀྱི་རྒྱབ་རྟེན་བསྐྲུན་ཡོད། དཔེར་ན། གུང་ཁྲན་ཏང་གི་ལོ་རྒྱུས་དང་དེའི་ཐུན་མོང་མ་ཡིན་པའི་བྱས་རྗེས་མཚོན་པའི་ཐང་ག་ལྟ་བུ། གནའ་བོའི་ལྷ་ཡི་རིག་གནས་དེ་དེང་རབས་མི་ཡི་རིག་གནས་སུ་འགྱུར་བཞིན་པའི་དཔེ་མཚོན་བླ་ན་མེད་པ་ཞིག་རེད། འདི་དང་རིགས་འདྲ་བར། སྒྱུ་རྩལ་གྱི་རིགས་གཞན་པ་ལག་ཤེས་བཟོ་རྩལ་དང་། རི་མོ་བྲིས་རྩལ་སོགས་ཀྱིས་ཀྱང་ངལ་རྩོལ་བའི་བྱ་འགུལ་དང་། མི་དམངས་མང་ཚོགས་ཀྱི་དངོས་ཡོད་འཚོ་བའི་ནང་དོན་དངོས་བརྗོད་བྱ་གཙོ་བོར་འཛིན་དགོས།
གསུམ་པ། མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་མཁན་ཡིན་པའི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་ལོ་རྒྱུས་རིག་གནས་གསར་གཏོད་བྱས་པའི་སྐོར་གྱི་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་དགོས། 
             མི་དམངས་མང་ཚོགས་ཀྱིས་ལོ་རྒྱུས་རིག་གནས་གསར་གཏོད་བྱས་པ་ཡིན་ལ། ལྟ་བ་འདི་ཆེས་སྔ་མོ་ཞིག་ནས་བཟུང་ལོ་རྒྱུས་ཀྱི་ལག་ལེན་དངོས་ཀྱི་ཁྲོད་ནས་ར་འཕྲོད་ཡོད་པ་རེད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དུས་སྐབས་སུ། མཚོ་བོད་མཐོ་སྒང་གི་རིག་གནས་དང་རྩོམ་རིག་སྒྱུ་རྩལ་ཚང་མ་བླ་སྤྲུལ་ཆེ་ཁག་དང་། སྐུ་དྲག་མི་དྲག སྲིད་གཞུང་། ས་སྐྱོང་རྒྱལ་པོ། ལྷག་པར་དུ་བཀོས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བདག་པོ་མངའ་བདག་ཆེན་པོ་གསུམ་གྱིས་སྒེར་གཅོད་བྱས་ཏེ། ངལ་རྩོལ་མི་དམངས་ཀྱིས་གསར་གཏོད་བྱས་པའི་རྩོམ་རིག་སྒྱུ་རྩལ་གྱི་གྲུབ་འབྲས་ཚང་མ་བླ་སྤྲུལ་ཆེ་ཁག་དང་། སྐུ་དྲག་མི་དྲག སྲིད་གཞུང་གིས་སྒེར་གཅོད་དམ་བདག་བཟུང་བྱས་འདུག སྣང་ཚུལ་འདི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་གམ་སྲོལ་རྒྱུན་ལམ་ལུགས་ལྟ་བུ་ཞིག་ཏུ་གྱུར་ནས་གྲངས་ལས་འདས་པའི་ངལ་རྩོལ་མི་དམངས་ཀྱིས་གསར་གཏོད་བྱས་པའི་རིག་གནས་ཀྱི་གྲུབ་འབྲས་མང་ཆེ་བ་ཆོས་ལུགས་པ་ཆེན་པོ་ཞིག་གམ་ལོ་རྒྱུས་མི་སྣ་ག་གེ་མོ་ཁ་ཤས་ཀྱི་ཤེས་རབ་ཀྱིས་བསྐྲུན་པར་སྒྲོ་བཏགས་ནས། ངལ་རྩོལ་མི་དམངས་ཀྱི་གྲུབ་འབྲས་ལ་དམངས་ཁྲོད་རྩོམ་རིག་འགའ་རེའམ་དམངས་ཁྲོད་སྒྱུ་རྩལ་ཁ་ཤས་མ་གཏོགས་ལུས་མེད་པ་འདྲ་རེད། དེར་བརྟེན། ང་ཚོས་རིག་གནས་ཞིབ་འཇུག་བྱེད་སྐབས། ངེས་བར་དུ་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་རྒྱུན་འཁྱོངས་བྱས་ནས། ཞིབ་འཇུག་གི་གྲུབ་འབྲས་ཁྲོད་མི་དམངས་ཀྱིས་ལོ་རྒྱུས་གསར་གཏོད་བྱས་པ་དང་། མི་དམངས་ཀྱིས་རིག་གནས་གསར་གཏོད་བྱས་པའི་ནང་དོན་འབུར་དུ་ཐོན་པ་བྱ་དགོས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གསེར་འོད་ལམ་ལམ་དུ་འཕྲོ་བའི་ཕོ་བྲང་དང་། ལྷ་ཁང་དང་འདུ་ཁང་། ལྷ་རིས་ཐང་ག་སོགས་བཟོ་མཁན་གྱི་ལག་ཤེས་བཟོ་ལས་པ་རྣམས་དང་། རང་བྱུང་གི་མཛེས་ལྗོངས་དང་། ཚ་ཚ་འུར་འུར་གྱི་འཇིག་རྟེན་འཚོ་བ། ཡིད་དུ་འོང་བའི་མཛེས་རྒྱན་སོགས་ལ་རྩོམ་རིག་སྒྱུ་རྩལ་གྱི་ནང་དོན་སྦྱིན་མཁན་མི་སེར་དཀྱུས་མ། དྲང་བདེན་དོན་དུ་གཉེར་ཞིང་ལོག་པའི་ལམ་དུ་འཕྱན་པ་རྣམས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་མི་སེར་དཀྱུས་མ་རྣམས་ཀྱི་གནས་ཚུལ་ལ་ཞིབ་འཇུག་དང་དེ་དག་གི་ལོ་རྒྱུས་རིན་ཐང་ལ་གདེང་འཇོག་ཡག་པོ་བྱ་དགོས། དོན་དངོས་ཐོག ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་འདིའི་ཐད་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དཔེར་ན། གནའ་བོའི་རྩོམ་རིག་སྙན་ངག་གི་བསྟན་བཅོས། ཧན་རྒྱལ་རབས་ཀྱི་ལྷུག་རྩོམ། ཐང་རྒྱལ་རབས་ཀྱི་སྙན་ངག སུང་རྒྱལ་རབས་ཀྱི་སྙན་ཚིག ཡོན་རྒྱལ་རབས་ཀྱི་ཟློས་གར་སོགས་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ནང་དོན་མང་བོ་ཞིག་གི་བརྗོད་བྱ་གཙོ་བོ་ངལ་རྩོལ་མི་དམངས་མཚོན་བཞིན་ཡོད་དེ། དཔེར་ན། སྐད་གྲགས་ཆེ་བའི་《ཨེ་ལྷ་རྒྱ་རིའི་བྱུང་བ་》དང་《སྐུ་དྲག་དང་ཁྲལ་བ་》ལྟ་བུ། གཏམ་རྒྱུད་སྔོན་མས་ངལ་རྩོལ་མི་དམངས་ཀྱི་ཤེས་རིག་དང་སྙིང་སྟོབས་ལ་བསྟོད་བསྔགས་བྱས་པ་དང་། ལོག་སྤྱོད་དབང་བསྒྱུར་མཁན་གྱི་གདུག་རྩུབ་དང་། ཐ་ཆད། བླུན་རྨོངས་ཀྱི་རང་བཞིན་ལ་དགག་པ་བརྒྱབ་ནས། ངལ་རྩོལ་མི་དམངས་ཀྱི་བྱས་རྗེས་དང་མི་སྣ་ཞིབ་འབྲི་བྱ་རྒྱུ་གཙོ་བོར་བཟུང་ཡོད།⑦ གཏམ་རྒྱུད་རྗེས་མ་དེའི་ནང་དོན་ནི་སྐབས་དེའི་སྤྱི་ཚོགས་ཀྱི་རྩ་བའི་གནད་དོན་ཞིག་སྟེ། སྐུ་དྲག་ཁྲལ་བ་ལ་བརྟེན་པའམ་ཁྲལ་བ་སྐུ་དྲག་ལ་བརྟེན་ནས་འཚོ་བ་རོལ་བཞིན་པའི་གནད་དོན་འཇིག་རྟེན་གྱི་འཚོ་བ་དངོས་ལ་སྦྱར་ནས་དྲིས་ལན་བཏབ་པ་རེད། གཏམ་རྒྱུད་འདི་དག་གིས་རབ་བཏགས་ཀྱི་འབྲི་སྟངས་བེད་སྤྱད་དེ་ཁྲལ་བ་རྣམས་ཀྱི་ཤེས་རིག་བཀྲ་ཞིང་ལས་ལ་བརྩོན་པའི་ཚུལ་ལ་བསྟོད་བསྔགས་དང་སྐུ་དྲག་གི་གཞན་རྟེན་གྱི་འཚོ་བ་དང་བླུན་རྟགས་ཀྱི་སྤྱོད་པ་གསལ་བར་བསྟན་པ་རེད།⑧ དེ་མིན་བོད་རིགས་དང་མི་རིགས་གཞན་པའི་རྩོམ་རིག་སྒྱུ་རྩལ་ཁྲོད་ངལ་རྩོལ་མི་དམངས་ཀྱི་སྐོར་བཀོད་ཡོད་པའི་ནང་དོན་མང་པོ་ཡོད། མི་སེར་དཀྱུས་མས་རིག་གནས་ཞིབ་འཇུག་ཁྲོད་གནས་བབ་ངེས་ཅན་ཟིན་ན། གཞི་ནས་རིག་གནས་ཞིབ་འཇུག་གི་རིག་གཞུང་དང་སྤྱི་ཚོགས་རིན་ཐང་མཐོར་རུ་གཏོང་ཐུབ།
བཞི་བ། མཚོ་བོད་མཐོ་སྒང་གི་ས་ཁོངས་ནང་མི་རིགས་ཁག་གི་རིག་གནས་སོ་སོར་ཕྱེ་ནས་ཞིབ་འཇུག་བྱ་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། 
             མི་རིགས་ཁག་གིས་ཐུན་མོང་དུ་མཐོ་སྒང་འདི་གསར་སྤེལ་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་མངོན་ཐུབ་པ་བྱ་དགོས།མཚོ་བོད་མཐོ་སྒང་གི་ལོ་རྒྱུས་འཕེལ་རིམ་ཁྲོད། རིགས་སོ་སོའི་མི་དམངས་ཀྱིས་རང་རང་གི་ངལ་རྩོལ་དང་ཤེས་རབ་ལ་བརྟེན་ནས་མི་རིགས་རང་རང་གི་ལོ་རྒྱུས་རིག་གནས་གསར་བསྐྲུན་བྱས་པ་རེད། མི་རིགས་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཕྱིན། ཁོང་ཚོའི་བློ་ངོ་ན་མཚོ་བོད་མཐོ་སྒང་གི་ལོ་རྒྱུས་དང་རིག་གནས་ནི་མི་རིགས་རྐྱང་རྐྱང་གཅིག་གིས་གསར་བསྐྲུན་བྱས་པ་ཞིག་མ་ཡིན་པར། མི་རིགས་མང་བོའི་ཐུན་མོང་གི་ཤེས་རིག་ལ་བརྟེན་ནས་བསྐྲུན་པའི་འབྲས་བུ་ཡིན་པ་ཤིན་ཏུ་གསལ། མི་རིགས་སོ་སོའི་ལོ་རྒྱུས་ལ་ཞིབ་ལྟ་བྱས་ཚེ། མཚོ་བོད་མཐོ་སྒང་གི་རིག་གནས་ལ་མི་རིགས་མང་བོའི་རིག་གནས་འདྲེས་ཡོད་པ་ཤིན་ཏུ་གསལ། དེང་དུས་དང་བར་ཐག་ག་ཚད་ཉེ་ན། རིག་གནས་ཀྱི་འདྲེས་ཚད་དེ་བས་མངོན་གསལ་དོད་པོ་ཡོད། ཉེ་བའི་དུས་རབས་ཕྱེད་ཙམ་གྱི་ནང་ལ། མི་རིགས་ཁ་ཤས་ཀྱིས་མཚོ་བོད་མཐོ་སྒང་གི་ཐོན་སྒོ་འབྱེད་པ་དང་དཔལ་འབྱོར་དར་སྤེལ་གཏོང་བའི་ཐད་ཕུལ་བའི་བྱས་རྗེས་གཅིག་ལས་གཅིག་ལྷག་བཞག་ཡོད། 
             ལྷག་པར་དུ། མཚོ་བོད་མཐོ་སྒང་ནི་བོད་རིགས་ཀྱི་ཅུང་མང་པའི་མི་རིགས་མང་བོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན། དུས་ཡུན་རིང་མོ་ནས་བཟུང་། མཐོ་སྒང་འདིར་བོད་རིགས་དང་། རྒྱ་རིགས། ཆཱང་རིགས། དབྱིས་རིགས། ཧུའེ་རིགས། སོག་རིགས། འཇང་རིགས། མན་ཇུ་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་མང་པོ་མཉམ་དུ་འཚོ་སྡོད་དང་འབད་བརྩོན་བྱས་པ་བརྒྱུད་ནས། འོད་སྟོང་འབར་བའི་ལོ་རྒྱུས་རིག་གནས་དང་ཤེས་རིག་གསར་སྐྲུན་བྱས་པ་རེད། གསར་སྐྲུན་བྱས་པའི་ཤེས་རིག་འདི་དག་གི་ནང་རིག་གནས་ནི་གྲུབ་ཆ་གཙོ་བོ་སྐོར་རེད། རིག་གནས་སམ་ཡང་ན་རྩོམ་རིག་སྒྱུ་རྩལ་གསར་སྐྲུན་གྱི་ཐད། ང་ཚོས་བོད་རིགས་མི་དམངས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་ཆེན་པོ་བཞག་པ་ངེས་བར་དུ་ཁས་ལེན་དགོས་ལ་གནས་ཚུལ་ངོ་མ་གསལ་བཤད་ཀྱང་ཞུ་དགོས། བོད་རིགས་མི་དམངས་ཀྱིས་མཚོ་བོད་མཐོ་སྒང་གི་རིག་གནས་གསར་སྐྲུན་ཐད་བཞག་པའི་མཛད་རྗེས་ཆེན་པོར་ཞིབ་འཇུག་བྱེད་པ་དང་དུས་མཚུངས་སུ་མི་རིགས་གཞན་པའི་མཛད་རྗེས་ཀྱང་བརྗེད་མི་ཉན། ཉེ་བའི་ལོ་ཁ་ཤས་ཀྱི་རིང་། ཆཱང་རིགས་དང་། དབྱིས་རིགས། འཇང་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་ཀྱི་རིག་གནས་ཞིབ་འཇུག་ཐད་གྲུབ་འབྲས་མི་ཉུང་བ་ཞིག་ཐོན། འོན་ཀྱང་མཐོ་སྒང་འདིར་འཚོ་སྡོད་བྱེད་པའི་རྒྱ་རིགས་དང་། ཧུའེ་རིགས། སོག་རིགས། མན་ཇུ་རིགས་སོགས་ཀྱི་རིག་གནས་གསར་སྐྲུན་དང་མཛད་རྗེས་ཐད་ཞིབ་འཇུག་གཏིང་ཟབ་བྱས་མེད། དཔེར་ན། ལོ་རྒྱུས་དེབ་ཐེར་དུ་བོད་བཞུགས་ཨམ་བན་དང་ཁྲོན་ནུབ་མཐོ་སྒང་གི་དཔོན་རིགས་མང་པོས་རིག་གནས་གསར་སྐྲུན་དང་དར་སྤེལ་ཐད་མཛད་རྗེས་མི་དམན་པ་བཞག་ཡོད། ལྷག་པར་དུ་ཆིང་རྒྱལ་རབས་སྐབས་ཀྱི་བོད་བཞུགས་ཨམ་བན་ཧོ་ལིན་དང་། སུང་ཡུན།ཧོ་ཉིང་སོགས་དང་། མཐའ་མཚམས་ཞིབ་འཇུག་པ་ཀྲའོ་དབྱི་དང་། ཀྲུང་ཧྥང་། ཡའོ་ཡིང་། ཧོང་མུའུ་སུང་སོགས་ཀྱིས་ཤུགས་རྐྱེན་ཆེན་པོ་ཡོད་པའི་བརྩམས་ཆོས་མང་པོ་སྤེལ། དཔེར་ན། ལོ་རྒྱུས་ཡིག་ཆ་དང་། ཁུངས་འཚོལ། སྙན་ངག་བཅད་ལྷུག་སྤེལ་མ་སོགས་ཡོད། གཞན་ད་དུང་སོག་རིགས་དང་མན་ཇུ་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་མང་པོ་ཡོད། གྲུབ་འབྲས་འདི་དག་ང་ཚོས་མུ་མཐུད་དུ་སྔོག་འདོན་བྱ་དགོས། ལྷག་པར་དུ་བོད་ཞི་བས་བཅིང་འགྲོལ་ཐོབ་རྗེས། བོད་ལྗོངས་རིགས་སོ་སོའི་མི་དམངས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་ལོ་རྒྱུས་གར་སྟེགས་སུ་འོད་སྟོང་འབར་བའི་ལེའུ་ཞིག་གསར་གཏོད་བྱས་པ་རེད། བོད་ཞི་བས་བཅིང་འགྲོལ་ཐོབ་རྗེས་ཏང་གི་དབུ་ཁྲིད་འོག་བོད་རིགས་མི་དམངས་ཀྱིས་བོད་ལྗོངས་ཀྱི་རིག་གནས་ཞིབ་འཇུག་དང་རྩོམ་རིག་སྒྱུ་རྩལ་གསར་སྐྲུན་ཐད་དོ་སྣང་ཆེན་པོ་བྱུང་ཡོད་ན་ཡང་། མཚོ་བོད་མཐོ་སྒང་གི་མི་རིགས་གཞན་པའི་རྩོམ་རིག་སྒྱུ་རྩལ་གྱི་གྲུབ་འབྲས་ལ་དེ་འདྲ་བྱུང་མེད། མཚོ་བོད་མཐོ་སྒང་གི་རིག་གནས་ཞིབ་འཇུག་པའི་ཁྲོད་དུ་རིག་གནས་ཆེད་ལས་མཁས་པ་དང་རྩོམ་རིག་སྒྱུ་རྩལ་རྩོམ་པ་པོ་⑨མང་པོ་ཡོད་པ་མ་ཟད། སྲིད་གཞུང་གི་ལས་བྱེད་པས་མཛད་པའི་བརྩམས་ཆོས་ཀྱང་མི་ཉུང་བ་ཞིག་ཡོད། དཔེར་ན། 《བོད་ལྗོངས་ཉིན་རེའི་ཚགས་པར་》གྱི་ཅིན་ཧྲ་དང་། ལི་ཝིན་ཧྲན། དེ་སྔའི་བོད་རང་སྐྱོང་ལྗོངས་ཀྱི་ཧྲུའུ་ཅུའུ་ཁྲེན་ཁུའེ་ཡོན་སོགས་ཀྱིས་བརྩམས་པའི་《ནུབ་ཕྱོགས་ཆོས་ཀྱི་ཞིང་ཁམས་》དང་།《གནམ་ཨ་སྔོན་དང་སྤྲིན་དཀར་པོ་》སོགས་ཚང་མ་ནི་པར་དུ་བསྐྲུན་པ་མ་ཟད། སྤྱི་ཚོགས་སྟེང་དུ་ཡང་ཁས་ལེན་ཐོབ་ཡོད་པ་རེད། སྲིད་གཞུང་གི་ལས་བྱེད་པ་གཞན་དག་གིས་བརྩམས་པའི་སྙན་ངག་དང་། བརྩམས་སྒྲུང་། ལྷུག་རྩོམ། ལོ་རྒྱུས་རྣམ་ཐར་སོགས་ཀྱང་ཞིབ་འཇུག་བྱ་ཡུལ་དུ་ལུས་ཡོད།འདི་ལྟར་བྱས་ན། ད་གཟོད་ཁྱོན་ཡོངས་ནས་མཚོ་བོད་མཐོ་སྒང་གི་རིག་གནས་དང་རྩོམ་རིག་སྒྱུ་རྩལ་གྱི་སྤྱི་ཁོག་གསལ་བཤད་བྱེད་ཐུབ་ལ། ས་གནས་འདིའི་རིག་གནས་དེ་མི་རིགས་གཅིག་ཁོ་ནའི་རིག་གནས་སུ་ངོས་འཛིན་པའི་ལྟ་བ་དེ་ཡང་འདྲ་ཆགས་མི་སྲིད།
ལྔ་བ། མི་རིགས་གང་དང་གང་ཡིན་ཀྱང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མི་རིགས་གཞན་དང་ཕན་ཚུན་འབྲེལ་བ་གཏིང་ཟབ་ཡོད་པའི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། 
             མི་རིགས་དང་མི་རིགས་བར་གྱི་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱ་དགོས།མི་རིགས་སོ་སོའི་རྩོམ་རིག་སྒྱུ་རྩལ་འབྲེལ་འདྲིས་དང་སྤེལ་རེས་བྱས་པའི་ནང་དོན་གསལ་བཤད་བྱ་རྒྱུའི་སྐོར་ལ་ཤུགས་སྣོན་རྒྱག་དགོས། མཚོ་བོད་མཐོ་སྒང་ས་ཁུལ་དུ། རིག་གནས་དང་རྩོམ་རིག་སྒྱུ་རྩལ་གྱི་ནང་དོན་ཤིན་ཏུ་ཕུན་སུམ་ཚོགས་པ་ཞིག་ཡོད། ལྷག་པར་དུ་མི་རིགས་སོ་སོའི་རིག་གནས་ཀྱི་འབྲེལ་བ་དང་སྤེལ་རེས་ཀྱི་བརྒྱུད་རིམ་ཁྲོད། རྩོམ་རིག་སྒྱུ་རྩལ་གྱིས་གོ་གནས་ཧ་ཅང་གལ་ཆེ་བ་ཞིག་ཟིན་ཡོད།ཐང་རྒྱལ་རབས་སྐབས་སུ། ནང་སའི་སྒྲ་དབྱངས་དང་། བྲོ་གར། རྩལ་རྩེད་སྒྱུ་རྩལ་སོགས་བྷོད་ལ་དར་འགོ་ཚུགས། གླུ་གར་དང་སྙན་ངག་མི་ཉུང་བ་ཞིག་བྷོད་ཀྱི་གོང་རིམ་མི་སྣ་དང་སྐུ་དྲག་མི་དྲག་མང་བོའི་དགའ་བསུ་ཐོབ་སྟེ། གསོལ་སྟོན་དང་གླུ་གར་ལ་རོལ་བའི་སྐབས་སུ། རྒྱའི་རོལ་དབྱངས་པ་གདན་འདྲེན་ཞུས་ནས་《ཆིན་ཝང་གིས་རུ་དཔུང་གཏོར་བའི་རོལ་དབྱངས་》བཀྲོལ་དུ་འཇུག་སྲོལ་ཡོད། སྐབས་དེའི་བྷོད་ཀྱི་སྐུ་དྲག་དང་བློན་ཆེན་མང་ཆེ་བས་རྒྱའི་གུས་ལུགས་དང་། རོལ་དབྱངས། སྙན་ངག སྙན་ཚིག་སོགས་ལ་རྒྱུས་མངའ་ཧ་ཅང་ཆེ། ཐང་རྒྱལ་རབས་ཀྱི་བློན་ཆེན་ལ་སྣེ་ལེན་དང་གསོལ་སྟོན་ཞུ་སྐབས། “གསོལ་ཆང་འདྲེན་པ་དང་། ད་དུང་སྙན་ཚིག་བརྗོད་པ་དང་གླུ་གར་གྱི་རམ་འདེགས་བྱེད་པ་སོགས། རྒྱའི་ལུགས་སྲོལ་དང་ཕལ་ཆེར་མཚུངས་”པ་མ་ཟད། བྷོད་སྐད་དུ་རྒྱ་སྐད་སྒྲ་འགྱུར་བ་ཡང་འབོར་ཆེན་མཐོང་ལ། སྐབས་དེའི་ཐང་གི་ལམ་ལུགས་དང་རིག་གནས་མང་བོ་ཞིག་ལག་ལེན་བྱེད་བཞིན་ཡོད། སྐབས་དེའི་སྙན་ངག་པས་རྒྱ་བཟའ་ཀོང་ཇོ་བྷོད་ལ་ཕེབས་པའི་ཚུལ་བརྗོད་པའི་སྐབས་“རྒྱ་བཟའ་བྷོད་ལ་ཕེབས་རྗེས། བྷོད་ཀྱི་སྲོལ་ཕྱེད་འགྱུར་སོང་”ཞེས་བྲིས་ཡོད། ཐང་རྒྱལ་རབས་སྐབས་སུ། སྙན་ངག་དང་ལྷུག་རྩོམ། དེབ་ཐེར་པར་མ་མང་པོ་བྷོད་ལ་དར།ལྷོ་ཁའི་བཙན་པོའི་བང་སོའི་ལྷོ་ཞོལ་དུ་ཐང་རྒྱལ་རབས་ཀྱི་རྡོ་རིང་ཞིག་དུས་ད་ལྟའི་བར་དུ་ཡོད། ཏུན་ཧོང་གི་གནའ་བོའི་ཤོག་དྲིལ་དུ། རྒྱའི་བསྟན་བཅོས་《ཧྲང་ཧྲུའུ་》དང་《ཁྲུན་ཆིན་ཧོ་ཡུས་ཝེ་ཡུས།》 《ཁུང་ཙི་དང་ཞང་ཐོ་གཉིས་ཀྱི་དྲི་བ་དྲིས་ལན་》སོགས་བྷོད་ཡིག་ཏུ་འགྱུར་བ་འབོར་ཆེན་མཐོང་ཐུབ།⑩ ས་སྐྱ་དགོན་པར་དུས་ད་ལྟའི་བར་དུ་ཡོན་རྒྱལ་རབས་སྐབས་སུ་པེ་ཅིང་ནས་གདན་འདྲེན་ཞུས་པའི་རྒྱ་ཡིག་གི་ཆོས་དཔེ་མཇལ་རྒྱུ་ཡོད། ཁང་བ་དང་ཨར་ལས་བཟོ་སྐྲུན་གྱི་སྐོར་ལ་ཡང་ས་སྐྱའི་མཁར་རྫོང་ནང་སའི་མཁར་རྫོང་ལ་དཔེ་བལྟས་པ་ཤིན་ཏུ་གསལ་ལ། ཞ་ལུ་དགོན་པའི་འདུ་ཁང་ཆེན་མོའི་རྒྱ་ཕིབས་སྟེང་གི་རྫ་གཡམ་དང་ཀ་གདུང་བཟོ་སྟངས། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི་རྒྱ་གར་དང་། རྒྱ་ནག བོད་གསུམ་གྱི་ལུགས་སུ་བཞེངས་པར་གྲགས་པ་དང་། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་《དམངས་ཁྲོད་རྩོམ་རིག་ཕྱོགས་བསྒྲིགས་》དུ་《རྒྱ་རིགས་སྲས་པོ་》ཞེས་པ་ལྟ་བུ་རྒྱ་བོད་འབྲེལ་འདྲིས་ཀྱི་སྐོར་མཚོན་པའི་རྩོམ་རིག་བརྩམས་ཆོས་མི་ཉུང་ཞིག་ཡོད་པ་བཞིན་ནོ།། དུས་རབས་བཅོ་བརྒྱད་པའི་རྗེས་ནས། ཆིང་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་བོད་བཞུགས་ཨམ་བན་མངགས་གཏོང་དང་། རྒྱུན་སྡོད་དམག་མི་བཀོད་སྒྲིག་བྱས་ནས། རྒྱ་བོད་མི་རིགས་གཉིས་ཀྱི་འབྲེལ་འདྲིས་ལ་སྔར་ལས་ལྷག་པའི་མཐུན་རྐྱེན་བསྐྲུན་པ་དང་། རྒྱའི་བརྩམས་ཆོས་མང་བོ་བོད་ལ་དར་རྒྱུར་གོ་སྐབས་གསར་བ་ཞིག་བྱུང་ནས། དམངས་ཁྲོད་སྒྱུ་རྩལ་བ་འགའ་རེས་“རྒྱ་སྒྲུང་བཤད་ནས་སྐད་གྲགས་ཆགས་”ཡོད། ཁོང་ཚོས་བཤད་རྒྱུའི་རྒྱ་སྒྲུང་གཙོ་བོ་《ཆུ་ངོགས་གཏམ་རྒྱུད་》དང་། 《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།》 《ཐང་སིན་བླ་མའི་རྟོགས་བརྗོད།》 《ལིའོ་ཀྲེའི་མཚར་སྒྲུང་།》 《པའོ་ཀུང་གི་གྱོད་གཞི།》 《ཞེ་རིན་ཀུའེ་ཤར་འདུལ་》སོགས་ཡིན། རྒྱ་སྒྲུང་བཤད་མཁན་གྱི་སྒྲུང་བ་འདི་དག་ལ་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་མ་ཟད། མཐོ་རིམ་མི་དྲག་གིས་ཆེད་དུ་ཁྱིམ་ལ་གདན་འདྲེན་ཞུས་ནས་རྒྱ་སྒྲུང་བཤད་དུ་འཇུག་སྲོལ་ཡོད། ཚུལ་འདི་དག་གིས་རྒྱ་སྒྲུང་གི་རིགས་ལ་བོད་རིགས་མི་དམངས་ཀྱི་དགའ་བསུ་ཐོབ་བཞིན་པ་མངོན་པར་གསལ། དཀར་མཛེས་ས་ཁུལ་གྱི་ལག་ཤེས་བཟོ་ལས་པའི་ཁྲོད་དུ་ཡང་རྒྱ་སྒྲུང་བཤད་མཁན་གྱི་དམངས་ཁྲོད་སྒྱུ་རྩལ་པ་ཡོད། ཁོ་ཚོས་《ཆུ་ངོགས་གཏམ་རྒྱུད་》དང་《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།》 《དཔའ་རྒོད་བདུན་དང་བདེན་འཛིན་པ་ལྔ་》སོགས་ཀྱི་གཏམ་རྒྱུད་འགོ་ནས་མཇུག་བར་བཤད་ཐུབ། དེའི་ནང་ནས་“ཝུའུ་སུང་གིས་སྟག་བསད་པ་”དང་། “བཙུན་པ་ལུའུ་ཀྲུའུ་ཧྲིན།”“ཁྲུའུ་པུའུ་དམག་འཁྲུགས།”“དམག་ཤུགས་གཡོ་རྫུས་ཀྱི་ཐབས་ཇུས་”སོགས་ལ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། ལྷག་པར་དུ་《ཐང་སིན་བླ་མའི་རྟོགས་བརྗོད་》ཁ་ནས་ཤར་མར་བཤད་ཐུབ་པ་མ་ཟད། སྔ་མོ་ནས་བོད་ཡིག་ཏུ་བསྒྱུར་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད།
             དེ་དང་འདྲ་བར། བོད་ཀྱི་རྩོམ་རིག་བརྩམས་ཆོས་དང་དམངས་ཁྲོད་ཕུལ་བྱུང་རྩོམ་རིག་མང་བོ་རྒྱ་ཡིག་ཏུ་བསྒྱུར་ཏེ་ནང་སའི་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ངོ་སྤྲོད་བྱེད་བཞིན་ཡོད། ལྷག་པར་དུ། བསྒྱུར་བཅོས་སྒོ་འབྱེད་བྱས་པའི་རྗེས་ནས་བོད་རྩོམ་རྒྱ་འགྱུར་གྱི་ཚ་རླབས་གསར་བ་ཞིག་གི་འགོ་ཚུགས། དཔེར་ན། 《གླིང་གེ་སར་རྒྱལ་བོའི་སྒྲུང་》ཡིག་མི་ཉུང་བ་ཞིག་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་རྒྱ་རིགས་མཁས་པས་རྒྱ་ཡིག་ཏུ་བསྒྱུར་པའམ་གཏམ་རྒྱུད་མང་བོ་བྲིས་ནས་དུས་དེབ་སྟེང་བཀོད་པ་མ་ཟད། དཔྱད་གཏམ་སྤེལ་བ་དང་ཞིབ་འཇུག་བྱས། 《མི་རོ་རྩེ་སྒྲུང་》རྒྱ་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་པ་དང་དུས་མཉམ་དུ་དམངས་ཁྲོད་ཀྱི་རྩོམ་རིག་མང་པོ་འཚོལ་བསྡུ་བྱས་ནས་རྒྱ་ཡིག་ཏུ་བསྒྱུར་ཏེ་ནང་སར་དར་ཁྱབ་ཆེན་པོ་བྱུང་ལ། དེའི་ནང་ནས་ཀྱང་མང་བོ་ཞིག་དཔེ་ཚོགས་སུ་བཀོད་ཡོད། གཞན་ད་དུང་ལྷ་སྒྲུང་གི་རིགས་མི་ཉུང་བ་ཞིག་ཀྱང་རྒྱ་རིགས་མི་དམངས་ཀྱི་ཁྲོད་དུ་དར་ཁྱབ་བྱུང་ཡོད། དེ་མིན་ཟློས་གར་འཁྲབ་གཞུང་གི་ཐད་ནས་《འགྲོ་བ་བཟང་མོ་》དང་། 《གཟུགས་ཀྱི་ཉི་མ།》 《རྒྱ་བཟའ་ཀོང་ཇོ་》སོགས་ཀྱང་རྒྱ་ཡིག་ཏུ་བསྒྱུར་ཏེ་རྒྱ་རིགས་མི་དམངས་ཀྱི་རྩོམ་རིགས་ཀློག་དེབ་ཏུ་གྱུར་ཡོད།ལྷག་པར་དུ་ཉེ་བའི་ལོ་བཅུ་ཙམ་གྱི་རིང་ལ། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་ཞིབ་འཇུག་དང་ལྟ་ཀློག་བྱེད་པའི་ཚ་རླབས་དྲག་ཏུ་འཕྱུར་ཏེ།⑾ ཚངས་དབྱངས་རྒྱ་མཚོ་ཞེས་པའི་མིང་དེ་རྒྱ་རིགས་ན་གཞོན་ཁྲོད་ན་ཕལ་ཆེར་མི་ཤེས་མཁན་མེད་པའི་ཚོད་དུ་སླེབས་འདུག
             བོད་ཀྱི་རིག་གནས་དང་མི་རིགས་གཞན་པའི་རིག་གནས་ཐད་ལ་ཡང་འབྲེལ་བ་ཟབ་མོ་བྱུང་ཡོད་དེ། སྐུ་ཞབས་ཧྲི་ཧྲའོ་ལགས་ཀྱིས་བོད་ཀྱི་ཤེས་རིག་ཤར་དུ་དར་བའི་ལོ་རྒྱུས་ཞིབ་འཇུག་བྱས་པ་དང་། སྐུ་ཞབས་ཀྲའོ་ཞིན་ཡུས་ལགས་ཀྱིས་བོད་དང་འཇང་གི་ལོ་རྒྱུས་འབྲེལ་བར་ཞིབ་འཇུག་བྱས་པ་སོགས་ཀྱིས་མི་རིགས་མི་འདྲ་བའི་རིག་གནས་འབྲེལ་འདྲིས་དང་ཕན་ཚུན་ཤུགས་རྐྱེན་ཐེབས་པའི་སྐོར་གསལ་བོར་བསྟན་ཡོད། གནའ་བོའི་ལོ་རྒྱུས་འཕེལ་རིམ་དང་ད་ལྟའི་གནས་བབ་སོགས་ཕྱོགས་གང་ནས་བལྟས་ཀྱང་མི་རིགས་སོ་སོའི་རིག་གནས་ནི་ཕན་ཚུན་འབྲེལ་བ་མ་གཏོགས་རང་གེར་བ་ཞིག་གཏན་ནས་མིན་པ་མཐོང་ཐུབ། གོང་དུ་བཤད་མ་ཐག་པ་འདི་དག་གིས་རིག་གནས་དང་རྩོམ་རིག་སྒྱུ་རྩལ་གང་ཡིན་ཀྱང་མི་རིགས་དང་མི་རིགས་ཕན་ཚུན་ཁ་བྲལ་ཐབས་མེད་པ་མངོན་པར་མཚོན་ཡོད། ལྷག་པར་དུ་བོད་ཞི་བས་བཅིང་འགྲོལ་ཐོབ་པ་ནས་བཟུང་། དཔལ་འབྱོར་གོང་འཕེལ་དང་དངོས་པོ་སྣ་ཚོགས་ཀྱིས་ཡུལ་ཕྱོགས་གང་བར་གྱུར་བ་འདིས་མི་རིགས་ཕན་ཚུན་འབྲེལ་འདྲིས་བྱ་རྒྱུ་ཉིན་རེ་ནས་ཉིན་རེ་མི་འདྲ་བར་ཇེ་མགྱོགས་ཇེ་མང་དུ་བསྒྱུར་བཞིན་ཡོད།
དྲུག་པ། འཇིག་རྟེན་མི་ལུགས་ཀྱི་རིག་གནས་ཨང་དང་པོ་ཡིན་པའི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཆོས་ལུགས་རིག་གནས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མི་མཐུན་པའི་སྐོར་ལ་ངོ་རྒོལ་བྱ་ཕོད་དགོས།
             ལུགས་དང་མཐུན་པའི་སྤྱི་ཚོགས་ཤིག་ཡིན་ཕྱིན་འཇིག་རྟེན་པའི་རིག་གནས་ལ་གཙུག་ཏུ་མི་བཀུར་མཁན་གཅིག་ཀྱང་ཡོད་མི་སྲིད། འདི་ནི་ཕྱི་དངོས་པོས་ནང་བསམ་བློ་ཐག་གཅོད་པ་དང་། ཡོད་པས་འདུ་ཤེས་ཐག་གཅོད་པའི་ཕྱི་དངོས་པོའི་གནས་ལུགས་རེད། མཚོ་བོད་མཐོ་སྒང་ལ་མཚོན་ན། ནང་བསྟན་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་ནས་ཆོས་ལུགས་འདུ་ཤེས་ཀྱིས་མིའི་བསམ་བློ་ལ་དབང་བསྒྱུར་ཏེ། ས་ཆ་མི་ཉུང་བ་ཞིག་ཏུ་ཆོས་ལུགས་རིག་གནས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁྱབ་ནས། མི་རྣམས་ཀྱི་བསམ་བློ་དང་རིག་གནས་ལྟ་བ་སོགས་ལ་བོད་བརྒྱུད་ནང་བསྟན་གྱི་ཤན་ཤུགས་ཐེབས་མེད་པ་ཕལ་ཆེར་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད།
             མཚོ་བོད་མཐོ་སྒང་གི་རིག་གནས་ལས་ཀ་དང་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད། ཆོས་ལུགས་ཀྱི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་ཤིན་ཏུ་གསལ། སྲིད་གཞུང་གིས་ཐུན་མོང་རིག་གནས་ཀྱི་ལས་དོན་སྒྲུབ་སྐབས་ཆོས་ལུགས་ཀྱི་བཀག་རྒྱ་དང་ཁ་བྲལ་ཐབས་ལ་འབད་འབུངས་བྱས་ན་ཡང་། རིག་གནས་ཞིབ་འཇུག་དང་། རྩོམ་རིག་སྒྱུ་རྩལ་གསར་རྩོམ། བརྙན་འཕྲིན་གྱི་ནང་དོན་སོགས་དུས་ད་ལྟའི་བར་ཆོས་ལུགས་ཀྱི་ཤུགས་རྐྱེན་དང་ཁ་བྲལ་ཐུབ་མེད།རྩོམ་རིག་གི་བྱ་དགའ་ཆེན་པོ་ཐོབ་པའི་རྩོམ་མི་ཉུང་བ་ཞིག་ཆོས་ལུགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རྩོམ་རིག་ལ་ཁ་ཕྱོགས་འདུག བོད་ལྗོངས་ལ་ཆ་མཚོན་ན། དེ་སྔོན་དུས་ངེས་ཅན་ཞིག་ལ། ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་པའི་མཁས་པ་མི་ཉུང་བ་ཞིག་གིས་གནའ་ནས་ད་བར་བོད་ཀྱི་རིག་གནས་ནི་ཆོས་ལུགས་རིག་གནས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། འདི་ལྟ་བུའི་ལྟ་བ་ལ་ལྟ་བ་ཕྱོགས་རིས་ཅན་ཟེར། ལོ་རྒྱུས་དངོས་དོན་གྱིས་ལྟ་བ་འདི་ལྟ་བུའི་རིགས་ཡོ་བསྲང་ཆེན་པོ་བྱས་དང་བྱེད་བཞིན་ཡོད།⑿ བོད་ཀྱི་རིག་གནས་ཆོས་ལུགས་རིག་གནས་ཡིན་པར་ངོས་འཛིན་བྱེད་མཁན་དེ་དག་གིས། དོན་དངོས་ཐོག་དེང་རབས་རིག་གནས་གོང་འཕེལ་གྱི་རེ་བ་དེ་ཆོས་ལུགས་རིག་གནས་ལ་བཅོལ་བའི་རྣམ་འགྱུར་རེད། གནས་ཚུལ་འདིའི་རིགས་བོད་ལྗོངས་གཅིག་པོ་མ་ཡིན་པར་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་འདིའི་སྟེང་གི་རིག་གནས་ཞིབ་འཇུག་གི་བྱ་གཞག་ཁྲོད་རྟག་པར་མཐོང་ཐུབ།
             འཇིག་རྟེན་པའི་རིག་གནས་གཙོ་བོར་འཛིན་པའི་ལྟ་བ་རྒྱུན་འཁྱོངས་བྱེད་ན། ཆོས་ལུགས་རིག་གནས་ཁྲོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མི་མཐུན་པའི་ནང་དོན་ལ་ངོ་རྒོལ་བྱ་ཐུབ་པ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་མར་ཁེ་སི་རིང་ལུགས་འཛིན་པའི་སྲིད་ཏང་གི་བསམ་བློའི་དར་ཆ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དུ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ནང་དོན་གཙོ་བོས།⒀ཆོས་ལུགས་ཀྱི་དགོངས་དོན་གང་དང་གང་ཡིན་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་འགལ་མི་ཆོག་པའི་བླང་བྱ་བསྟན་ཡོད། ས་ཁུལ་འགའ་རེར་ཆོས་ལུགས་རིག་གནས་ཀྱིས་རིག་གནས་གླེང་སྟེགས་ལ་དབང་བསྒྱུར་བྱས་ཡོད་པ་ལྟར་སྣང་ཡང་། གང་དྲན་དྲན་བྱས་ན་ཆག་སྒོ་ཉོ་བའི་རྒྱུ་རུ་འགྱུར་སྲིད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སམ་ས་སྐྱོང་རྒྱལ་པོས་དབང་བསྒྱུར་པའི་དུས་ལ་ཡང་། ཆོས་ལུགས་རིག་གནས་ཁྲོད་ཀྱི་གནས་ལུགས་དང་མི་མཐུན་པའི་རིགས་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་བཞིན་ཡོད། དཔེར་ན། 《ཞི་ལ་སྟོན་པའི་གཏམ་རྒྱུད་》ལྟ་བུ། གཏམ་རྒྱུད་དེ་ནི་ཞི་ལ་སྟོན་པ་དང་བྱི་བ་དད་ལྡན་མང་ཚོགས་ལ་སྦྱར་ནས་བོད་ཀྱི་དགོན་པ་ཁ་ཤས་ཀྱི་ནང་དུ་རྒྱུན་འབྱམས་སུ་གྱུར་བའི་གྲྭ་བཙུན་འགའ་རེའི་ཚུལ་མིན་གྱི་བྱ་སྤྱོད་ལ་ཟུར་ཟ་བྱས་ཡོད། དེ་ཡང་ཞི་ལས་བྱི་བའི་ཤ་ཟ་འདོད་དེ། ཞི་ལ་བླ་མ་ཆེན་པོ་ཞིག་ཡིན་ཁུལ་གྱིས་བྱི་བའི་ཚོགས་ལ་བཤད་རྒྱུར། རང་ཉིད་དེ་སྔོན་ཡ་ང་སྙིང་རྗེ་བྲལ་བའི་ཞི་ལ་གཏུམ་པོ་ཞིག་ཡིན་ལ། བྱི་བ་ཆུང་ཆུང་གྲངས་ལས་འདས་པ་ཟོས་མྱོང་། མཐར་བླ་མ་ག་གེ་མོ་ཞིག་གིས་རྗེས་སུ་བཟུང་ནས་ཆོས་ཀྱི་གདམས་པ་ཟབ་ཚད་གནང་ནས་སྒོམ་པས། རིམ་གྱིས་སྔར་བྱས་ཀྱི་ལས་ལ་ནོངས་འགྱོད་དྲག་པོ་སྐྱེས། འཇིག་རྟེན་སྲིད་པའི་བདེ་སྐྱིད་ཐལ་བའི་རྡུལ་ལྟར་དོར་ཏེ་དགོན་པར་སོང་ནས་བློ་སེམས་རྩེ་གཅིག་གིས་ཆོས་འབའ་ཞིག་ཉམས་སུ་བླངས་ནས་ཉམས་རྟོགས་རྒྱས་པའི་བླ་མ་ཞིག་ཏུ་གྱུར་བ་སོགས་མི་བདེན་རྫུན་གྱི་འཁོར་ལོ་བསྐོར།བྱི་བའི་ཚོགས་རྣམས་ཀྱིས་བདེན་པར་གོ་ནས་ཞི་ལ་དེ་ཁོ་ཚོའི་བླ་མར་བཀུར། ཞི་ལས་བྱི་བ་རྣམས་རང་གི་གཡོ་འོག་ཏུ་ཚུད་པ་མཐོང་རྗེས་ཡང་བསྐྱར་བྱི་བ་གསོད་པའི་གཡོ་ཐབས་བཤམས་ནས། རྔ་སྒྲ་ཆེན་པོས་བྱི་བའི་འོ་དོད་ཀྱི་སྒྲ་བཀབ་ནས་བྱི་བ་རེ་རེ་བཞིན་བཟུང་སྟེ་ཟ་བཞིན་ཡོད། དུས་ནམ་ཞིག་ལ་བྱི་བའི་ཚོགས་དཔོན་གྱིས་རང་གི་འཁོར་རྣམས་ཇེ་ཉུང་ཇེ་ཉུང་དུ་འགྲོ་བཞིན་པ་མཐོང་ནས་བློ་མ་བདེ། ཞིབ་ཏུ་བརྟག་སྟེ་གནས་ཚུལ་ཧ་གོ་བས་ཁོས་བྱི་བ་གཞན་ལ་གནས་ཚུལ་བཤད་དེ། ཡང་སྔོན་མ་བཞིན་ཆོས་ལ་ཉན་ཁུལ་བྱས།གློ་བུར་དུ་བྱི་བའི་ཚོགས་དཔོན་གྱིས་སྐད་ཆེན་པོ་ཞིག་བརྒྱབ་པ་དང་ཚང་མས་དུས་གཅིག་ཏུ་ཞི་ལ་སྟོན་པར་བལྟས་ཚེ།ཞི་ལ་སྟོན་པས་བྱི་བ་ཞིག་བཟུང་སྟེ་ཟ་རྩིས་བྱེད་པ་མཐོང་ནས། བྱི་བ་ལ་ལས་ངའི་ཨ་ཕ་དགོས་ཟེར་བ་དང་། ལ་ལས་ཨ་མ་དགོས་ཟེར། ལ་ལས་ངའི་བུ་དགོས། ལ་ལས་ངའི་བུ་མོ་དགོས་ཞེས་ངུ་འབོད་དང་སྨྲེ་སྔགས་འདོན་བཞིན། ཞི་ལ་སྟོན་པ་བཟུང་སྟེ་ཁྲིམས་ལ་སྦྱར། གཏམ་རྒྱུད་འདི་《སྐྱེ་བོ་གསོ་ཐིགས་》ཞེས་པའི་དེབ་ཐེར་དུ་བཀོད་ཡོད། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ཁོངས་ཀྱི་མི་སེར་ཁྲོད་འདི་དང་རིགས་འདྲ་བའི་གཏམ་རྒྱུད་གཞན་ཀྱང་ཡོད།
             《མོ་སྟོན་ཕག་མགོའི་》གཏམ་རྒྱུད་ཀྱང་ཆོས་ལུགས་པར་ཟུར་ཟ་བྱས་པའི་གཏམ་རྒྱུད་ཅིག་ཡིན། གཏམ་རྒྱུད་དེ་《མི་རོ་རྩེ་སྒྲུང་》དུ་ཡོད་ལ་དམངས་ཁྲོད་ཀྱི་ཁ་རྒྱུན་དུ་ཡང་དར་ཁྱབ་ཧ་ཅང་ཆེ། གཏམ་རྒྱུད་དེར་གྲྭ་བ་རྫུན་མ་ཞིག་གིས་རྒྱལ་པོ་ཐེངས་གསུམ་ལ་མགོ་སྐོར་བཏང་པའི་སྐོར་ཞིབ་འབྲི་བྱས་ཏེ་ཕྱོགས་གཅིག་ནས་གྲྭ་བ་རྫུན་མའི་བྱ་སྤྱོད་ལ་ཟུར་ཟ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་གླེན་ལྐུག་རྒྱལ་པོའི་སྐྱུགས་དྲི་བྲོ་བའི་བྱ་སྤྱོད་ལ་ཡང་ཟུར་ཟ་བྱས་པ་རེད། གཏམ་རྒྱུད་དེ་དག་ཏུ་མི་སེམས་དབང་མེད་དུ་འགུགས་པའི་གཏམ་རྒྱུད་ཀྱི་ནང་དོན་དང་ཟུར་ཟའི་⒁ཚིག་དེ་འདྲ་བ་ད་ལྟའི་རྩོམ་རིག་སྒྱུ་རྩལ་ཁྲོད་དུ་ཡང་ཐོན་དཀའ་ཙམ་འདུག འདི་ལྟ་བུའི་རྩོམ་རིག་གི་ནང་དོན། དམངས་གཙོའི་བཅོས་བསྒྱུར་སྐབས་དང་སྤྱི་ཚོགས་རིང་ལུགས་གསར་བརྗེའི་དུས་སྐབས་སུ་ཐོན་འོས་མོད། ད་ལྟའི་ཆོས་ལུགས་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱི་སྙིང་སྟོབས་དང་སྤོབས་པ་ཆུང་དྲགས་པའི་ཞན་ཆ་ཆེན་པོ་ཞིག་གི་རྐྱེན་གྱིས་ཡིན་པ་འདྲ།
བདུན་པ། མཚོ་བོད་མཐོ་སྒང་ནི་ཀྲུང་གོ་གཅིག་གྱུར་གྱི་གནས་བབ་ཆགས་པའི་ས་བབས་གྲུབ་རྐྱེན་གལ་ཆེན་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་ཆེན་པོའི་ས་བབས་རྒྱུ་རྐྱེན་ལ་ཞིབ་འཇུག་ནན་ཏན་བྱ་དགོས།
             མཚོ་བོད་མཐོ་སྒང་གི་རིག་གནས་དང་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་འབྲེལ་བ་ཞིབ་འཇུག་བྱེད་ན། ཐོག་མར་རང་བྱུང་ས་བབ་ཀྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ངོས་འཛིན་ཡང་དག་པ་ཞིག་བྱེད་དགོས། ཀྲུང་གོའི་མངའ་ཁོངས་ཀྱི་སྐད་གྲགས་ཆེ་བའི་ཆུ་བོ་ཆེན་པོ་གཉིས་ནི་ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་རྨ་ཆུ་དང་འབྲི་ཆུ་གཉིས་རེད། ཆུ་བོ་ཆེན་པོ་གཉིས་ཀྱི་འགོ་ཁོངས་ནི་མཚོ་བོད་མཐོ་སྒང་ཡིན། མི་ལོ་སྟོང་ཕྲག་མང་བོའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད། རྨ་ཆུ་དང་འབྲི་ཆུའི་འབབ་རྒྱུད་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐོག་མའི་འབྱུང་ཁོངས་དང་འཚར་ལོངས་བྱུང་ས་ཡིན་ལ་རིམ་གྱིས་ལྷོ་དང་བྱང་དུ་རྒྱ་བསྐྱེད། རྨ་ཆུ་དང་འབྲི་ཆུའི་འབབ་རྒྱུད་ནི་མིའི་ལུས་ཁམས་ལ་འཕྲོད་པའི་རང་བྱུང་འཁོར་ཡུག་དང་ས་ཞིང་གཤིན་པོ་ཡིན་པས། ས་ཕྱོགས་འདིར་འཚོ་སྡོད་བྱེད་པའི་མི་རིགས་གང་དང་གང་ཡིན་ཀྱང་དུས་ཡུན་ཆེས་སྔ་མོ་ཞིག་ནས་ཞིང་ལས་ཤེས་རིག་དར། དེ་ནས་རིམ་གྱིས་ཕྱུགས་ལས་དར་ནས་ཆུ་བོ་ཆེན་པོའི་སྟོད་རྒྱུད་ལ་གནས་སྤོས་ཞིང་། བྱང་དུ་ས་སེར་མཐོ་སྒང་བར་དང་། དེ་ནས་རྨ་ཆུའི་ཁུགས་མགོ་བར།དེ་ནས་སོག་པོའི་མཐོ་སྒང་གི་ལྷོ་སྣེ་བར། དེ་ནས་མཚོ་བོད་མཐོ་སྒང་བར་དུ་འཕེལ་ལ། ལྷོ་རུ་འབྲི་ཆུའི་སྨད་རྒྱུད་ནས་ཡར་ཅིན་ཁྲུའུ་ས་ཆེན་དང་། དེ་ནས་ཡར་རི་བོ་པ་ཧྲན་ཧྲུའུ་ཆུ་དང་། འབྲི་ཆུ།(金沙江) ཉག་ཆུ། རྨེ་ཆུ་སོགས་ལ་འདྲེས་ནས་ཆུ་འགོ་མཚོ་བོད་མཐོ་སྒང་ལ་གཏུག དེ་དང་དུས་མཉམ་དུ། རྨ་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་འབྲོག་པ་རྣམས་རྩྭ་ཆུའི་བབ་དང་བསྟུན་ནས་གནས་སྤོ་བཞིན་ཡོད་ན་ཡང་། རྩྭ་ཆུ་འཛོམས་པའི་རྨ་འབྲིའི་སྟོད་རྒྱུད་ནས་གཞུང་རྒྱུད་ལ་གནས་སྤོས་ནས་འཚོ་བ་རོལ་རྒྱུ་ནི་ཁོ་ཚོའི་རེ་བ་ཉག་ཅིག་ཏུ་གྱུར་ཡོད་པ་རེད། དེར་བརྟེན། མཐོ་སྒང་རིག་གནས་ཀྱང་ཆུ་བོའི་གཞུང་རྒྱུད་ལ་དར་ནས་ཞིང་ལས་ཤེས་རིག་དང་མཉམ་དུ་འདྲེས། རང་རྒྱལ་གྱི་མི་རིགས་སོ་སོའི་རིག་གནས་ནི་འདི་ལྟར་རྨ་འབྲི་ཆུ་བོ་ཆེན་པོ་གཉིས་ཀྱི་འབབ་རྒྱུད་ལ་བརྟེན་ནས་ཕན་ཚུན་སྤེལ་རེས་དང་གཅིག་འདྲེས་བྱུང་བ་རེད།
             རང་རྒྱལ་གྱི་ཆུ་བོ་ཆེན་པོ་རྨ་ཆུ་དང་འབྲི་ཆུ་གཉིས་བ་ཡན་ཧ་རིའི་ཤར་ལྡེབས་དང་ལྷོ་ཕྱོགས་ནས་བབས་ཏེ་ཀྲུང་གོའི་ས་བབ་སྐས་རིམ་གསུམ་གྱི་འབྲེལ་ཐག་ལྟ་བུར་གྱུར་ཡོད། ལོ་རྒྱུས་ས་བབ་ཀྱི་ཐད་ནས་བལྟས་ན། ཀྲུང་གོའི་སྐས་རིམ་གསུམ་པའི་ས་ཁུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐོག་མའི་འབྱུང་ཁོངས་རེད། འོན་ཀྱང་། སྐས་རིམ་གསུམ་པའི་ཤར་ཕྱོགས་ནི་ཕྱིའི་ཞི་བདེ་རྒྱ་མཚོ་ཆེན་པོ་ཡིན་པས། སྐབས་དེ་དུས་ང་ཚོའི་མེས་པོ་རྣམས་ཀྱི་ཐོན་སྐྱེད་ནུས་ཤུགས་ཤིན་ཏུ་ཞན་པའི་རྐྱེན་གྱིས་མཐའི་རྒྱ་མཚོ་ཆེན་པོར་འཚོ་གནས་འཚོལ་ཐབས་བྲལ་བར་བརྟེན། ངེས་བར་དུ་སྐས་རིམ་གཉིས་པ་དང་སྐས་རིམ་གསུམ་པའི་ཕྱོགས་ལ་འཕེལ་རྒྱས་མི་གཏོང་ཐབས་མེད་བྱུང་ཡོད་པ་རེད། ཆིན་དང་ཧན་རྒྱལ་རབས་ཀྱི་སྐབས་སུ། མི་རིགས་མང་བོ་མཉམ་འདྲེས་བྱུང་བ་དང་བསྟུན་ནས། ནང་སའི་ཤེས་རིག་རིམ་གྱིས་སྐས་རིམ་གསུམ་པའི་བར་དར་ཁྱབ་བྱུང་། སྐབས་དེ་དུས་ནས་རྒྱ་བོད་ཤེས་རིག་གི་འབྲེལ་བ་ནི་གོས་དང་གོང་བའི་འབྲེལ་བ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད། དཔེར་ན། གངས་ཏི་སེ་ནི་ཆུ་བོ་ཀུན་གྱི་འགོ་ཁོངས་ཡིན་པ་དང་། བོད་ལྗོངས་ནི་“ཉེན་གསུམ་ས་ཁུལ་”⒂ཡིན་པར་ལྟ་བ་བཞིན། རྨ་ཆུ་དང་འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་གྱུར་ལོ་རྒྱུས་གནས་བབ་གྲུབ་པའི་སྲོག་གི་འཕར་རྩ་དང་། རིགས་སོ་སོའི་མི་དམངས་བར་གྱི་ཆད་མེད་དར་གྱི་མདུད་པ་ཡང་ཡིན།
             གཞན་ཡང་། རང་རྒྱལ་ཤར་བྱང་ནས་ལྷོ་ནུབ་བར་ནི་ཟླ་ཚེས་ཀྱི་དབྱིབས་དང་འདྲ་བའི་རིག་གནས་དར་སྤེལ་ས་ཁུལ་ཞིག་ཡིན། དེ་ཡང་ལམ་ཕྱོགས་གཉིས་སུ་གྱེས་ནས་དར་ཁྱབ་བྱུང་ཡོད་དེ། ཕྱོགས་གཅིག་ནི་མཚོ་སྔོན་མདོ་ལ་རིང་མོ་ནས་ཉིང་ཞ་ཧོ་ལན་ཧྲན་རི་རྒྱུད་དང་། མོང་གོལ་དབྱིན་ཧྲན་རི་རྒྱུད། དེ་ནས་རྒྱ་ནག་ལྕགས་རི་རིང་བོའི་འགྲམ་ལོགས་བརྒྱུད་ནས་ཞིན་ཨན་ལིན་ཆེ་བའི་ལྷོ་འདབས་ལ་གཏུགརྒྱུད་ལམ་གཞན་ཞིག་ནི་ཡུན་ནན་ནུབ་བྱང་གི་ཧིན་ཏོན་ཧྲན་རི་རྒྱུད་ནས་ཁྲོན་ནུབ་མཐོ་སྒང་གི་རི་བོ་ཆིན་ལིང་བརྒལ་ཏེ་རི་བོ་ལུའེ་ལེང་ཧྲན་དང་ཐའེ་ཧང་ཧྲན་བར་ཡིན། ཤེས་རིག་དར་སྤེལ་གྱི་ལམ་ཕྱོགས་འདི་གཉིས་ནི་མི་རྒོད་ཀྱི་དཔུང་བ་ཆེན་པོ་གཉིས་དང་འདྲ་བར་ཀྲུང་གོའི་ཤེས་རིག་གི་བང་མཛོད་དམ་དུ་བཟུང་ཡོད། དེ་ཡང་རྡོ་ཆས་གསར་བའི་དུས་རབས་ནས་ལི་ཆས་སྤྱོད་པའི་དུས་རབས། ལྕགས་ཆས་སྤྱོད་པའི་དུས་རབས་སོགས་སུ་རིགས་མི་འདྲ་བའི་རིག་གནས་མང་བོ་ཞིག་ལམ་ཕྱོགས་འདི་གཉིས་བརྒྱུད་ནས་ཕན་ཚུན་སྤེལ་རེས་དང་དར་ཁྱབ་བྱུང་བ་རེད། དེ་ནས་ཀྲུང་གོའི་ཤེས་རིག་ཆེན་པོ་རི་བོ་ཐའེ་ཧང་ཧྲན་དང་ལུའེ་ལེང་ཧྲན་བརྒལ་ནས་ལྷོ་བྱང་གཉིས་ལ་དར། བྱང་ཕྱོགས་སུ་ཡན་ཧྲན་རི་བོ་དང་། དབྱིན་ཧྲན་རི་བོ་བརྒལ་ནས་ཞིན་ཨན་ལིང་ཆེ་བའི་བར་དང་། ནུབ་ཕྱོགས་སུ་ལྕགས་རི་རིང་བོའི་འགྲམ་བརྒྱུད་ནས་རྨ་ཆུའི་ཁུགས་སོ་བར་དང་། རྨ་ཆུ་དང་ཙོང་ཆུའི་འབབ་རྒྱུད་ནས་ལྷོ་རུ་དར། དེ་ནས་མཚོ་བོད་མཐོ་སྒང་གི་ཤར་རྒྱུད། ཐད་ཀར་ཡུན་ནན་ནུབ་རྒྱུད་ཀྱི་རྒྱལ་ཐང་དང་། བོད་ལྗོངས་ཆབ་མདོ། ཀོང་པོ། ལྷོ་ཁ་ས་ཁུལ་སོགས་ཡིན་ལ། རྨ་ཆུའི་སྟོད་བརྒྱུད་ནི་རྨ་ནུབ་རིག་གནས་འགྲུལ་ལམ་གྱི་མི་རིགས་མང་བོ་མཉམ་འདུས་ཀྱི་ལྟེ་བ་ཡིན།
             དེ་ན་ང་ཚོས་ནུབ་བྱང་ས་ཁུལ་དང་བྱང་ཕྱོགས་ས་ཁུལ་གྱི་ལོ་རྒྱུས་ས་བབ་ཀྱི་རྣམ་པ་ལ་འགྲེལ་བཤད་ག་འདྲ་བྱེད་དགོས་ཤེ་ན། ཀྲུང་ཡོན་ཤེས་རིག་དེ་སྐས་རིམ་གཉིས་པའི་བར་དར་སྤེལ་བྱུང་སྐབས། ནུབ་བྱང་ས་ཁུལ་དུ་རྨ་ནུབ་འགྲུལ་ལམ་བྱུང་། འགྲུལ་ལམ་འདི་ཤེས་རིག་གི་དངོས་པོ་འདྲེན་པའི་ཆུ་བོའི་བཞུར་རྒྱུན་ཆེན་པོ་ཞིག་དང་འདྲ་བར།ཀྲུང་ཡོན་ཤེས་རིག་ནུབ་ཕྱོགས་ཤེས་རིག་དང་འབྲེལ་འདྲིས་བྱུང་། ཆིན་དང་ཧན་རྒྱལ་རབས་སྐབས་སུ། ཀྲུང་ཡོན་ཤེས་རིག་ནུབ་ཕྱོགས་སུ་དར་བའི་གོམ་སྟབས་ཇེ་མགྱོགས་སུ་གྱུར།ཀྲང་ཆན་ནུབ་ཁུལ་དུ་ཉུལ་ཞིབ་ཏུ་བཏང་བ་དང་། ཧན་རྒྱལ་རབས་སྐབས་སུ་པན་ཁྲའོ་ཡིས་ནུབ་ཁུལ་བདེ་འཇགས་སུ་བཏང་བ་དང་། དབང་བསྒྱུར་ལས་ཁུངས་བཙུགས་པ་སོགས་འགྲུལ་ལམ་འདི་ལ་བརྟེན་པ་ཡིན་ལ། དུས་ཡུན་ཤིན་ཏུ་རིང་བོ་བརྒྱུད་ནས་རིམ་གྱིས་རྨ་ནུབ་འགྲུལ་ལམ་འདི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་འབྲེལ་འདྲིས་བྱེད་སའི་བརྒྱུད་ལམ་དུ་གྱུར་པ་མ་ཟད། དམག་དོན་འགྲན་རྩོད་གྱི་བརྒྱུད་ལམ་དུ་ཡང་གྱུར། མཐར་མོང་གོལ་དང་མན་ཇུ་མི་རིགས་གཉིས་ཀྱིས་སྔ་ཕྱིར་ཀྲུང་ཡོན་དུ་གནས་བཅས་ནས་རྒྱལ་ཁབ་གཅིག་གྱུར་གྱི་སྲིད་དབང་འཛུགས་ཐུབ་པ་སོགས་ཐུན་མོང་གི་ས་བབ་འདིར་འབྲེལ་བ་དམ་ཟབ་ཡོད་དེ། མོང་གོལ་མི་རིགས་ལ་མཚོན་ན་བྱང་ཕྱོགས་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ཞི་པའོ་ལི་ཡ་ས་ཁུལ་ཡིན། དེར་ནགས་ཚལ་སྟུག་པོ་དང་གཏེར་ཁ་ཕུན་སུམ་ཚོགས་པ་ཡོད་ན་ཡང་། སྐབས་དེའི་ཐོན་སྐྱེད་ནུས་ཤུགས་ཤིན་ཏུ་ཞན་པས་བེད་སྤྱོད་ཡག་པོ་བྱེད་མི་ཐུབ། མོང་གོལ་སྲིད་འཛིན་དཔོན་རིགས་ཀྱིས་མངའ་ཁོངས་ལྷོ་ཕྱོགས་སུ་རྒྱ་བསྐྱེད་པའི་ཆེད་དུ། ཐོག་མར་མཚོ་བོད་མཐོ་སྒང་གི་སྲིད་དབང་ཁག་བླངས་ཏེ་དེ་ནས་སུང་ལྷོ་མ་དབང་དུ་བསྡུ་རྒྱུའི་སྲིད་ཐབས་བེད་སྤྱད། འདི་ནི་མོང་གོལ་དཔོན་རིགས་ཀྱིས་མཚོ་བོད་མཐོ་སྒང་དང་རྨ་འབྲི་ཆུ་བོའི་འབབ་རྒྱུད་ཚང་མ་ཧྲིལ་བོ་གཅིག་ཏུ་བརྩིས་ཏེ་ཡོན་རྒྱལ་རབས་འཛུགས་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། མོང་གོལ་མི་རིགས་ཀྱིས་ཡོན་རྒྱལ་རབས་བཙུགས་རྗེས། མི་གྲངས་ཉུང་བ་དང་ཐོན་སྐྱེད་ནུས་ཤུགས་རྗེས་ལུས་ཡིན་པས་དུས་ཡུན་མི་རིང་བར་ཀྲུང་ཡོན་ཤེས་རིག་གི་རྒྱ་མཚོ་ཆེན་པོའི་ནང་ནུབ་སོང་བ་རེད། ཤེས་རིག་འདིས་རིམ་གྱིས་རྒྱ་དང་། སོག་པོ། ཐུ་བྷོད། ནུབ་ཁུལ་སོགས་མི་རིགས་ཚང་མ་མཉམ་དུ་སྦྲེལ། མན་ཇུ་རིགས་ནི་ཉུས་ཀྲུན་རིགས་ཀྱི་རྒྱུད་པ་རེད། ཁོ་ཚོའི་མེས་པོ་ཏུང་པེ་ས་ཁུལ་ནས་འཚར་ལོངས་བྱུང་། མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཁོ་ཚོས་ཏུང་པེ་ས་ཁུལ་གྱི་ཞིན་ཨན་ལིང་ཕྱི་མ་དང་། ཁུའུ་ཡེ་གླིང་ཕྲན། བྱེ་ཐང་ལྷོ་རྒྱུད་ཀྱི་མོང་གོལ་ས་ཁུལ་དབང་དུ་བསྒྱུར་ཅིང་། མཐར་མིང་རྒྱལ་རབས་རྩ་མེད་དུ་གྱུར་རྗེས་མན་ཇུ་མི་རིགས་ཀྱིས་རྒྱལ་ཡོངས་གཅིག་གྱུར་གྱི་སྲིད་དབང་གསར་དུ་བཙུགས་ནས། ཏུང་པེ་དང་། ཕྱི་སོག་དང་ནང་སོག ཞིན་ཅང་། བོད་ལྗོངས་སོགས་མཐའ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཚང་མ་གཅིག་ཏུ་སྒྲིལ་ནས། མངའ་ཁོངས་རྒྱ་ཆེ་ཞིང་སྟོབས་འབྱོར་མངའ་ཐང་འགྲན་ཟླ་བྲལ་བའི་ཆེན་པོ་ཆིང་གི་རྒྱལ་ཁབ་བཙུགས་པ་རེད།
             ཆིང་རྒྱལ་རབས་ཀྱིས་ཀྲུང་གོའི་མངའ་ཁོངས་འདི་མུ་མཐུད་དུ་རྒྱ་བསྐྱེད་མ་བཏང་བའི་རྒྱུ་མཚན་ཡང་རང་བྱུང་ས་བབ་ཀྱི་རྐྱེན་རེད། ཆིང་རྒྱལ་རབས་ཀྱི་སྐབས་སུ། ཀྲུང་གོའི་བྱང་ཕྱོགས་ས་ཡན་ལིང་ཤར་ནུབ་དང་ཡ་པུའུ་ལུའོ་ནུའོ་ཧྥུ་རི་རྒྱུད་ལ་གཏུག་པ་དང་། ཤར་ནུབ་ཞིན་ཨན་ལིན་ཕྱི་མ་བར་གཏུག་པས།རང་བྱུང་ཁོར་ཡུག་གི་ཐད་ནས་རི་རྒྱུད་ཆེན་པོས་བར་བཅད་ཅིང་། རི་བོ་ཆེན་པོའི་བྱང་ཕྱོགས་ནི་གྲང་ངར་ཧ་ཅང་ཆེ་བའི་ཞི་པའོ་ལི་ཡ་ས་ཁུལ་ཡིན། འདི་ལྟ་བུའི་རང་བྱུང་ཁོར་ཡུག་གིས་མུ་མཐུད་དུ་མངའ་ཁོངས་བྱང་ལ་རྒྱ་བསྐྱེད་པའི་འདུན་པ་མེད་པར་གྱུར། དེར་མ་ཟད་ཤར་ཕྱོགས་སུ་རྒྱ་བསྐྱེད་པའི་ཨུ་རུ་སུ་རྒྱལ་ཁབ་དང་འཕྲད་པའང་རྒྱུ་རྐྱེན་ཞིག་རེད། གོང་མ་ཁང་ཞིས་ཉི་པུའུ་ཁྲུའུ་ནས་ཨུ་རུ་སུ་རྒྱལ་ཁབ་བར་ཆིངས་ཡིག་བཞག་རྗེས། ཀྲུང་གོའི་མངའ་ཁོངས་ལ་འགྱུར་ལྡོག་ཆེན་པོ་མ་བྱུང་། གནམ་གཤིས་ཀྱི་ཐད་ནས་བཤད་ན། རྒྱུ་འབྱོར་མངའ་ཐང་ལྡན་པའི་རྗེ་རྒྱལ་དཔོན་པོའི་རིགས་རྣམས་ས་བབ་དམའ་ཞིང་གནམ་གཤིས་དྲོད་འཇམ་ལྡན་པའི་ས་ཁུལ་དུ་གནས་བཅའ་བ་ལས། ས་བབ་མཐོ་ལ་གནམ་གཤིས་གྲང་ངར་ཆེ་བའི་བྱང་ཕྱོགས་ལ་རྒྱ་བསྐྱེད་པའི་འདུན་པ་ཡོད་མི་སྲིད། ལྷོ་ནུབ་ས་ཁུལ་ལ་མཚོན་ན། ཀྲུང་ཡོན་ཤེས་རིག་སྐས་རིམ་དང་པོར་དར་སྤེལ་བྱུང་རྗེས། རིང་ཚད་སྤྱི་ལེ་2500ཅན་གྱི་ཧི་མ་ལ་ཡའི་རི་རྒྱུད་རིང་བོར་ཐུག རང་བྱུང་གི་རི་རྒྱུད་ཆེན་པོས་རི་བོ་ཆེན་པོའི་ཕར་རྒྱབ་ཀྱི་མི་རིགས་དང་ཤེས་རིག་སྤེལ་རེས་ཀྱི་བར་མཚམས་བཅད་པ་མ་ཟད། ཕྱིའི་མི་རིགས་ཀྱི་བཙན་འཛུལ་དང་ཕྱིའི་རིག་གནས་ནང་འདྲེན་གྱི་བར་མཚམས་བཅད་དེ། རང་རྒྱལ་གྱི་མངའ་ཁོངས་འདི་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་ཐག་གཅོད་བྱས་པ་རེད།
             དེ་ཡང་རང་བྱུང་གི་བཀག་རྒྱ་དང་རང་བྱུང་ས་བབ་ནི་ཐག་གཅོད་བྱེད་པའི་རྒྱུ་རྐྱེན་དུ་ངེས་པ་ཡང་མ་ཡིན་ཏེ། སྤྱི་ལོ་1840ལོའི་རྗེས་ནས། ཧམ་སེམས་མེ་རི་ལྟར་འབར་བའི་ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཞིན་ཨན་ལིན་ཕྱི་མ་བརྒལ་ནས་བཙན་འཛུལ་གྱི་འདྲེ་ལག་ཆིང་རྒྱལ་ཁབ་ཆེན་པོར་བསྐྱངས་པ་མ་ཟད། མངའ་ཁོངས་མང་བོ་བཅད་བཟུང་བྱས། སྐབས་འདི་ནི་ཉེ་རབས་ལོ་རྒྱུས་ཀྱི་སྐོར་རེད། དུས་སྐབས་དེར་ཕྱིའི་རྒྱལ་ཁབ་དེ་དག་གི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ང་ཚོ་ལས་སྔོན་ཐོན་ཅན་དུ་ཕྱིན་ཏེ། ས་བབ་ཀྱི་བཀག་རྒྱས་སྔོན་ཐོན་བཟོ་ལས་ཀྱི་དྲག་ཆས་སྤྲས་པའི་ཕྱིའི་བཙན་འཛུལ་འགོག་པའི་ནུས་པ་ཤོར། མཚོ་བོད་མཐོ་སྒང་གི་ཤེས་རིག་ལ་མཚོན་ན། ཤར་དུ་དར་སྤེལ་བྱེད་པའི་འཕེལ་ཕྱོགས་དང་རྨ་ཆུ་དང་འབྲི་ཆུའི་འབབ་རྒྱུད་ནས་ཡར་རྒྱུན་ཆད་མེད་པར་སྤེལ་བའི་ཤེས་རིག་གཉིས་ཕན་ཚུན་འབྲེལ་འདྲིས་དང་མཉམ་འདྲེས་བྱུང་ནས།རིམ་གྱིས་གོས་དང་གོང་བ་མཉམ་འབྲེལ་དང་། སྣ་བརྒྱ་གཅིག་འདུས་ཀྱི་མི་རིགས་སོ་སོས་ངེས་ལེན་བྱེད་པའི་ཤེས་རིག་གྲུབ་པ་དང་། རིག་གནས་མི་འདྲ་བ་མང་པོ་ཕན་ཚུན་ནང་འདྲེན་མཉམ་འདྲེས་བྱས་པ་ས་བབ་ཀྱི་མཐུན་རྐྱེན་ལ་བརྟེན་ནས་འབྲེལ་ཐག་ཇེ་སྲ་དང་ཇེ་དམ་དུ་གྱུར་ཡོད་པ་རེད།
མཆན་འགྲེལ།
             ①ཧྥེ་ཞི་ཐེ་ལགས་ཀྱིས་《ཤེས་ཡོན་ཅན་གྱི་འགན་འཁྲི་དང་མིའི་འགན་འཁྲི་བཤད་པ།》ཞེས་པའི་དཔེ་ཆར། ཤེས་ཡོན་ཅན་ཞིག་ཡིན་ན་ཚན་རིག་ཤེས་བྱ་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་རྒྱུའི་འགན་འཁྲི་ཡོད། དེ་ཡང་འགྲོ་བ་མིའི་རིགས་ཀྱི་བྱ་གཞག་གི་འཕེལ་རྒྱས་ལ་དོ་སྣང་བྱས་ནས། མིའི་རིགས་འདི་འཕེལ་རྒྱས་མེད་པ་དང་རྗེས་ལུས་སུ་ཐེབས་པ་སྔོན་འགོག་བྱ་དགོས། ཤེས་ཡོན་ཅན་ཞིག་ཡིན་ན་མིག་སྔའི་ཁེ་ཕན་ལ་བསམ་བློ་གཏོང་ཐུབ་དགོས་པ་མ་ཟད། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཀྱང་མཐོང་དགོས། ཤེས་ཡོན་ཅན་གྱིས་དཀའ་བ་བརྒྱ་ཕྲག་དང་དུ་བླངས་ནས་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་འཁུར་ཐུབ་པ་དང་། བྱ་བ་གང་དང་གང་ཡིན་ཀྱང་བསམ་ཕོད་ལ་ལས་ཡང་ཕོད་པ། བདེན་དོན་གྱི་ཆེད་དུ་རང་གི་ཚེ་སྲོག་ཀྱང་གཏོང་ཐུབ་པའི་སྙིང་སྟོབས་ལྡན་དགོས་པར་གསུངས་ཡོད།
             ②ཧུའོ་ཝིས་དང་ལི་ཡུང་ཞོན་སོགས་ཀྱིས་བོད་རིགས་ས་ཁུལ་ནས་བཏོན་པའི་གནའ་རྫས་སྔོགས་འདོན་གྱི་གྲུབ་འབྲས། ཧྲི་ཧྲུའོ་ཡི་《བོད་ཀྱི་འབྱུང་ཁུངས་དང་བོད་ཤར་མཐའི་གནའ་བོའི་ཤེས་རིག》། 《བོད་དབྱིས་འགྲུལ་ལམ། ལོ་རྒྱུས་དང་རིག་གནས།》 ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་《བོད་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་རྟོག་དཔྱོད།》 ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།》མ་ཞུའེ་ལིའང་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་《བོད་ཀྱི་རྩོམ་རིག་ལོ་རྒྱུས་》དང་། དབྱི་མོའུ་ཡོན་གྱི་《དབྱིས་རིགས་ཀྱི་ལོ་རྒྱུས་གནད་བསྡུས།》 ཧོང་པུའུ་ཧྥན་དང་ཀྲུའུ་ཧྥ་ཁྲེང་གི་《དབྱིས་སྐད་ཞིབ་འཇུག་》སོགས།
             ③ཧྲི་ཧྲུའོ་ཡི་《མཚོ་བོད་མཐོ་སྒང་གི་ལོ་རྒྱུས་དང་ཤེས་རིག》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་པར་དུ་བསྐྲུན་པའི་ཤོག་ངོས་81ནས་82བར།
             ④ལྷོ་ཕྱོགས་དང་ནུབ་ཕྱོགས་སུ་ཧི་མ་ལ་ཡའི་རི་རྒྱུད་སོགས་ཀྱིས་བཅད་པས། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མེད་པའི་གནའ་དུས་སུ་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་པར་རང་བྱུང་ས་བབ་ཀྱི་བཀག་རྒྱ་ཆེན་པོ་ཐེབས་ཡོད།
             ⑤《ཀྲུང་གོའི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་》གནའ་བོའི་སྐོར་དེབ་གསུམ་པ། ཀྲུང་ཧྭ་དཔེ་ཁང་གིས་1965ལོར་པར་དུ་བསྐྲུན། ཤོག་ངོས་237པ།
             ⑥ཀུང་ཙི་ཀྲེན་གྱི་《གནའ་བོའི་ལོ་རྒྱུས་རྟོག་ཞིབ་》དེབ་གཉིས་པར། “མིའི་རྒྱལ་ཁབ་རྩ་མེད་དུ་གཏོང་ན། སྔོན་ལ་ཁོའི་ལོ་རྒྱུས་རྩ་མེད་དུ་གཏོང་དགོས་ལ། མི་ཞིག་ཕམ་པར་རྒྱག་ན། ཐོག་མར་ཁོའི་སྤྱོད་ལམ་བསྒྱུར་ཏེ་མཚན་སྙན་མེད་པར་བཟོ་དགོས། མི་ཡི་ནུས་པ་སྨད་དགོས་ན། ཐོག་མར་ཁོའི་སློབ་གསོའི་ལམ་བུ་བཀག་སྟེ་ལོ་རྒྱུས་ཉམས་པར་བྱ་དགོས། གཞན་གྱི་མེས་པོ་དམའ་ཕབ་དགོས་ན། ཐོག་མར་ཁོའི་ལོ་རྒྱུས་མེད་པར་བཟོ་དགོས།” ཞེས་གསུངས་ཡོད། 《ཀུང་ཏིང་ཨན་གྱི་གསུང་འབུམ་》ཤོག་ངོས་101ན་གསལ།
             ⑦གནའ་སྔ་མོར་བོད་ལྗོངས་ལྷོ་ཁ་ཨེ་ལྷ་རྒྱ་རི་ན་བུ་སྤུན་གསུམ་ཡོད། སྤུན་ཆེ་བ་ལྷ་རིས་པ་ཞིག་ཡིན། སྤུན་འབྲིང་བ་ཤིང་བཟོ་ཞིག་ཡིན། སྤུན་ཆུང་བ་ལྕགས་བཟོ་ཞིག་ཡིན། ཁོང་གསུམ་གྱི་ལག་རྩལ་འགྲན་ཟླ་བྲལ་ཞིང་མི་གཤིས་ཀུན་དང་མཐུན་པས།། ཡུལ་མི་རྣམས་ཀྱི་རྒྱབ་སྐྱོར་དང་བཀུར་བསྟི་ཆེན་པོ་ཐོབ། གནས་ཚུལ་འདི་ཨེ་ལྷ་རྒྱ་རིའི་རྒྱལ་པོས་ཐོས་མ་ཐག རང་དབང་མེད་པར་ཡིད་ལ་སྐྲག་སྣང་དང་ཕྲག་དོག་གིས་གང་ནས་ཐབས་བརྒྱ་ཇུས་སྟོང་གིས་བུ་སྤུན་གསུམ་ལ་གནོད་འཚེ་ཐེངས་མང་བོ་བྱས་ཀྱང་ལམ་འགྲོ་མ་རྒྱུགས། དུས་ནམ་ཞིག་ལ། ཁོ་ལ་གདུག་རྩུབ་ཀྱི་ཐབས་བཀོད་ཅིག་རྙེད་དེ་སྤུན་གསུམ་ལ་བཤད་རྒྱུར། ལྷ་ཡུལ་དུ་ཕོ་བྲང་ཞིག་བཞེངས་དགོས་པས་ཁྱེད་གསུམ་གདན་འདྲེན་ཞུ་བཞིན་འདུག ལྷ་ཡུལ་དུ་འགྲོ་ཐབས་ནི་ཤིང་ཕོན་ཆེན་པོ་གནམ་ལ་ཐུག་འདྲ་ཞིག་བརྩེགས། དེའི་སྟེང་དུ་མར་ཁུ་མང་བོ་བླུགས། བུ་སྤུན་གསུམ་དེའི་སྟེང་དུ་བསྡད་ནས་མེ་སྤར་མ་ཐག ལང་ལོང་དུ་འཕྱུར་བའི་དུ་བས་གནམ་ལ་སྐྱེལ་ཐུབ་ཅེས་བཤད། བུ་སྤུན་གསུམ་གྱིས་དེ་མ་ཐག་ཁོའི་གཡོ་སྒྱུ་ཧ་གོ་ནས། སྔ་མོ་ནས་ས་འོག་ཏུ་དོང་ཆེན་པོ་ཞིག་བརྐོས། དུ་བ་ལང་ལོང་དུ་འཕྱུར་བ་དང་ཁོ་གསུམ་དོང་ལམ་བརྒྱུད་ནས་བྲོས་ཏེ་ཡུན་རིང་བོར་སྦས། དུས་ཡུན་རིང་བོ་ཞིག་ཕྱིན་པ་ན། བུ་སྤུན་གསུམ་ཨེ་ལྷ་རྒྱ་རིའི་རྒྱལ་པོ་མཇལ་དུ་སོང་ནས་ཁོ་གསུམ་གྱིས་ལྷ་ཡུལ་གྱི་ལས་དོན་ཚང་མ་བསྒྲུབས་ནས་ལེགས་གྲུབ་བྱུང་། རྒྱལ་པོ་ཁྱེད་ལྷ་ཡུལ་དུ་ཕོ་བྲང་ལེགས་གྲུབ་གྱི་སྟོན་མོར་གདན་འདྲེན་ཞུ་བཞིན་འདུག འགྲོ་སྟངས་སྔོན་མ་ནང་བཞིན་བྱས་ན་འགྲིག་ཅེས་བཤད་དེ། ཨེ་ལྷ་རྒྱ་རིའི་རྒྱལ་པོ་མེ་དུ་ཡི་འོབས་ཆེན་པོར་བསྐྱལ་ལོ།།
             ⑧གཏམ་རྒྱུད་འདིའི་ནང་དོན་གཙོ་བོ་ནི། ཐེངས་ཤིག་ལ། སྐུ་དྲག་དང་ཁྱིམ་གྱི་ཁྲལ་པའི་བར་རྩོད་པ་ཤོར་ཏེ། སྐུ་དྲག་ན་རེ། “ངས་ཁྱོད་ཚོ་བཀའ་དྲིན་གྱིས་མ་བསྐྱངས་ན། ཁྱོད་ཚོ་འཚོ་ཐབས་བྲལ”ཞེས་བཤད་པར། ཁྲལ་བ་རྣམས་མ་དགའ་ནས་བཤད་རྒྱུར། “ང་ཚོས་སྐུ་ངོ་ཁྱེད་ཀྱི་གཡོག་ལས་བྱེད་མ་དགོས་ན། ང་ཚོའི་འཚོ་བ་འདི་ལས་སྐྱིད་པ་ཡོད་ངེས་རེད། གལ་སྲིད་ང་ཚོ་སྐུ་ངོ་ཁྱེད་དང་ཁ་བྲལ་ན། སྐུ་ངོ་ཁྱེད་འཚོ་མི་ཐུབ་པ་ཐག་ཆོད་”ཅེས་རྒོལ་ལན་ཚ་དྲག་པོ་སྤྲད་པས། སྐུ་དྲག་ཚིག་པ་ཟ་ནས་ཁྲལ་པ་རྣམས་གནས་དབྱུང་བཏང་། དེ་ནས་ཁྲལ་པ་དེ་དག་ཡར་ཀླུང་གཙང་པོའི་འབབ་རྒྱུད་ནས་སྡོད་ཁང་བཟོས་ཤིང་གནས་བཅས། ས་རྒོད་བསློགས་ཏེ་ཞིང་བཏབ། བདེ་སྐྱིད་ཀྱི་འཚོ་བ་ལ་ལོངས་སྤྱོད་ཐུབ་པར་གྱུར། སྐུ་དྲག་དེས་སླེ་བོ་རྒྱབ་ལ་འཁུར་ནས་ཆུ་ལེན་པ་དང་། མེ་སྦུག་གིས་མེ་ལ་ཕུ་རྒྱག་པ། འབྲུ་མཛོད་དུ་ཁྱི་བཏགས་ནས་བྱི་བ་སྲུང་དུ་འཇུག་པ། ཕག་མ་ཞོན་ནས་རྔོན་རྒྱག་ཏུ་འགྲོ་བ……། རྟ་ལ་སྒ་གཏོད་མ་ཤེས་པར་རང་དང་སྒ་རྟའི་ཕོ་འོག་ཏུ་དྲུད།
             ⑨བོད་རང་སྐྱོང་ལྗོངས་ལ་དཔེ་མཚོན་ན། བོད་ཞི་བས་བཅིང་འགྲོལ་ཐོབ་རྗེས་རིགས་སོ་སོའི་ཆེད་ལས་མཁས་པ་དང་རྩོམ་རིགས་སྒྱུ་རྩལ་པ་ཁག་ཅིག་འཚར་ལོངས་བྱུང་ཡོད་དེ། ཝང་ཁྲེང་ཏུང་དང་། ལུའོ་ཉན་དབྱི། དབྱང་ཞིན་ཧུའོ། ཡེ་ཡུས་ལིན། ཡེ་ཤེས་བསྟན་འཛིན། ཆིན་ཝིན་ཡུས། མ་ལི་ཧྭ། བསྟན་འཛིན། ཧན་ཧྲུའུ་ལི། དབྱང་ཧྲོང་ཅུས། བཀྲ་ཤིས་ཟླ་བ་སོགས་དང་། དེ་མིན་བོད་ཀྱི་རིག་གནས་ལས་དོན་གྱི་རུ་ཁག་འཕེལ་ཚད་ཧ་ཅང་མགྱོགས་པོ་བྱུང་ཡོད་དེ། རིག་རྩལ་མཁས་པ་དང་། ལྷ་རིས་པ། ཨར་ལས་སྒྱུ་རྩལ་བ་སོགས།
             ⑩《བོད་ཀྱི་རྩོམ་རིག་ལོ་རྒྱུས་》སུ་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་154―157བར།
             ⑾སྙན་པའི་གྲགས་པ་འབར་བའི་《ཚངས་དབྱངས་རྒྱ་མཚོའི་མགུར་གླུ།》 1930ལོ་ནས་སློབ་དཔོན་ཡུས་ཏའོ་ཆོན་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་(དུས་མཚུངས་དུ་དབྱིན་ཡིག་ཏུ་བསྒྱུར།) ནས་བཏོན་པས་རྒྱ་རིགས་མཁས་པའི་དགའ་བསུ་ཆེན་པོ་ཐོབ་སྟེ། ཞིབ་འཇུག་དང་བསྐྱར་བསྒྱུར་བྱེད་མཁན་མང་བོ་བྱུང་། ཉེ་བའི་ལོ་ཁ་ཤས་རིང་། འགྱུར་མི་འདྲ་བ་བཅུ་ལྷག་ཙམ་དུས་དེབ་མི་འདྲ་བ་མང་བོར་བཏོན་ཡོད།དེ་དང་དུས་མཚུངས་སུ། ཚངས་དབྱངས་རྒྱ་མཚོ་ངོ་སྤྲོད་རྒྱས་བསྡུས་མི་འདྲ་བ་སྣ་ཚོགས་ཡོད་པ་དང་། མགུར་གླུ་ལ་དབྱེ་ཞིབ་དང་གདེང་འཇོག་བྱས་ནས་རྒྱ་རིགས་ཀློག་པ་པོའི་དགའ་བསུ་དང་བསྟོད་བསྔགས་བླ་ན་མེད་པ་ཐོབ།
             ⑿བོད་ཀྱི་རིག་གནས་ལོ་རྒྱུས་ལ། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་སྤུ་རྒྱལ་བཙན་པོའི་རྒྱལ་རབས་བཙུགས་པ་ནས་ད་བར་མི་ལོ་2100ལྷག་གི་ལོ་རྒྱུས་ཡོད། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་རྒྱལ་རབས་32ཕྱིན། སྐབས་དེ་ནི་ཧན་རྒྱལ་རབས་ནུབ་མ་སྟོབས་འབྱོར་མངའ་ཐང་དར་བའི་ཡང་རྩེར་ཕྱིན་པའི་དུས་སྐབས་ནས་ཐང་རྒྱལ་རབས་ཀྱི་རྒྱལ་རབས་ཚུགས་ཁ་མའི་བར་རེད། དུས་སྐབས་འདིའི་རིང་ལ། བོད་ཀྱིས་ནང་ས་དང་། རྒྱ་གར། བལ་བོ་སོགས་ཉེ་འབྲེལ་རྒྱལ་ཁབ་རྣམས་དང་གཞི་རྒྱ་ཆེ་བའི་རིག་གནས་འབྲེལ་འདྲིས་བྱས། ཡི་གེ་གསར་གཏོད་བྱས། སྨན་དང་རྩིས་དར། སྐབས་དེའི་རྩོམ་རིག་སྒྱུ་རྩལ་གྱི་ཆུ་ཚད་ཀྱང་ཧ་ཅང་མཐོན་པོར་སླེབས། དམངས་ཁྲོད་རྩོམ་རིག་《གླིང་གེ་སར་རྒྱལ་བོའི་སྒྲུང་》ནི་ཀྲུང་གོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གསུམ་གྱི་ཡ་གྱལ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཏུན་ཧོང་ནས་བོད་ཀྱི་གནའ་བོའི་དཔེ་ཆ་དང་། ལོ་རྒྱུས་ཡིག་ཆ། རྩོམ་རིག་བརྩམས་ཆོས་ཤིན་ཏུ་ཕོན་ཆེན་པོ་རྙེད། གོང་གསལ་འདི་དག་ནི་ངལ་རྩོལ་མི་དམངས་ཀྱིས་གསར་གཏོད་བྱས་པའི་འཇིག་རྟེན་པའི་རིག་གནས་ཀྱི་མཚོན་བྱེད་ཡིན།
             ⒀སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བརྗོད་བྱའི་ནང་དོན་མདོར་བསྡུས་ན་ཡི་གེ་ཉེར་བཞིའི་ནང་དུ་བསྡུ་ཐུབ་སྟེ། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ནི་རྒྱལ་ཁབ་རིམ་ངོས་ཀྱི་རིན་ཐང་དམིགས་ཚད་དང་། རང་མོས་དང་། འདྲ་མཉམ། གཞུང་དྲང་། ཁྲིམས་སྐྱོང་བཅས་ནི་སྤྱི་ཚོགས་རིམ་ངོས་ཀྱི་རིན་ཐང་འཛིན་སྟངས། རྒྱལ་གཅེས་དང་། ལས་བཀུར། ཁ་དན་ཚིག་གནས། མཛའ་མཐུན་བཅས་ནི་སྤྱི་དམངས་མི་སྒེར་གྱི་རིན་ཐང་ཚད་གཞི་བཅས་ཡིན།
             ⒁གཏམ་རྒྱུད་ནང་དུ་བསྟན་དོན། ཐེངས་དང་པོར། རྒྱལ་པོའི་སྲས་མོའི་རིན་པོ་ཆེའི་རྣ་རྒྱན་བོར། ཇི་ལྟར་བཙལ་ཡང་མ་རྙེད་པས་མོ་བ་མི་བཙལ་ཐབས་མེད་བྱུང་། སྤྲང་བོ་དེས་དུས་སྔ་མོ་ནས་གཡུ་འོད་ལམ་ལམ་དུ་འཕྲོ་བའི་རྣ་རྒྱན་གྱི་སྟེང་འབྲི་མོའི་ལྕི་བས་མནན་པ་དང་། གཡོག་མོས་ལྕི་བ་གྱང་ངོ་ལ་སྦྱར་བ་མཐོང་བས། ཁོ་གྲྭ་བ་ཡིན་ཁུལ་གྱིས་ཉིན་གསུམ་ལ་རིམ་གྲོ་བྱེད་ཁུལ་བྱས། དེ་ནས་ཉིན་རྗེས་མའི་དུས་ལ་རྒྱལ་བོ་འཁོར་དང་བཅས་པ་ཁྲིད་ནས་གྱང་ངོས་ཀྱི་ལྕི་བ་སྐམ་པོ་དེ་ལ་མཛུབ་མོ་བཙུགས་ཏེ་རྣ་རྒྱན་འདི་ན་ཡོད་ཅེས་བཤད་དེ། ལྕི་སྐམ་ལེབ་མོ་བཀོག་པ་ན་རྣ་རྒྱན་རྙེད། རྒྱལ་པོ་ཤིན་ཏུ་དགའ་སྟེ་རྟ་ཟོག་གསེར་དངུལ་གྲངས་ལས་འདས་པ་བྱ་དགར་སྤྲད། ཐེངས་གཉིས་པར། རྒྱལ་མོ་ལ་ན་ཚ་ངན་པ་ཞིག་བྱུང་། ལུས་ཀྱི་མདངས་ཉམས་ཤིང་རིད་པར་གྱུར། སྨན་དང་རིམ་གྲོ་གང་གིས་ཀྱང་ཕན་ཐོགས་མ་བྱུང་པས། རྒྱལ་པོ་ཅི་བྱ་ཐབས་མེད་དུ་གྱུར་ནས་གྲྭ་བ་དེར་ཉིན་གསུམ་ལ་ནད་བཅོས་ཐུབ་དགོས་པའི་བཀའ་ཕབ། གྲྭ་བ་རྫུན་མ་དེས་རྒྱལ་པོའི་ཁྱིམ་ན་ཕག་པ་ཆེན་པོ་ཞིག་ཡོད་པ་བསད་ན་ནད་ལ་ཕན་ཐོགས་པར་བཤད་ནས་བསད་དུ་བཅུག་ཀྱང་ཕན་ཐོགས་མ་བྱུང་བས། རྒྱལ་བོའི་ཁྱིམ་ན་གཡག་ཅིག་ཡོད་པ་ཞོན་ནས་འབྲོ་རྩིས་བྱས་ཀྱང་གཡག་གིས་རྡུང་ནས་འབྲོ་མ་ཐུབ་པས། ཁོ་གཡག་ལ་ཚིག་པ་ཟ་ནས་གཡག་ཀྱང་གསོད་དགོས་པར་བཤད་ནས་གསོད་དུ་བཅུག སྐབས་དེར་རྒྱལ་མོའི་ནད་ཀྱང་ཅུང་དགའ་རུ་ཕྱིན་པས། ཁོས་ད་ལྟ་ཕག་འདྲེ་དང་གཡག་འདྲེ་གཉིས་ཀ་ཚར་བཅད་པས་རྒྱལ་མོ་ལ་སྐྱོན་མེད་ཅེས་མི་བདེན་རྫུན་གྱི་འཁོར་ལོ་སྐོར། རྒྱལ་པོས་ཀྱང་བདེན་པར་གོ་ནས་གསེར་དངུལ་གྱི་བྱ་དགའ་མི་ཉུང་བ་ཞིག་སྤྲད། ཐེངས་གསུམ་པར་ཕྱིའི་དགྲ་དམག་གིས་རྒྱལ་བོའི་ཕོ་བྲང་སྐོར་ལ་ཉེ་བས་རྒྱལ་བོས་ཡང་བསྐྱར་ཕག་འདྲེ་དང་གཡག་འདྲེ་འདུལ་མཁན་གྱི་གྲྭ་བ་རྫུན་མ་དེར་དགྲ་དམག་བཟློག་པའི་ཐབས་སྟོན་དགོས་པའི་བཀའ་ཕབ། གྲྭ་བ་རྫུན་མ་དེ་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། ཁང་བའི་ཀ་གདུང་ལ་མིག་གིས་ཅེ་རེར་བལྟས་ནས་རང་དབང་མེད་པར་ཀ་བ། གདུང་མ་ཞེས་ཁ་ནས་ཤོར། རྒྱལ་པོས་ཕྱི་དགྲ་དམག་བཟློག་པའི་ཐབས་སུ་གོ་ནས། དམག་རྣམས་ལ་ཀ་བ་དང་གདུང་མ་བཟུང་ནས་འཐབ་དགོས་པའི་བཀའ་ཕབ། དགྲ་དམག་གིས་ཀྱང་ཅི་ཡིན་ཧ་མ་གོ་བར་ཁ་འཐོར་དགུ་འཐོར་དུ་བྲོས། མི་བདེན་རྫུན་གྱི་མགོ་སྐོར་གཏོང་མཁན་གྱི་བྱ་སྤྱོད་ནི་མ་ཡིན་ཡིན་མདོག་གི་བློ་དང་ཐབས་ཇུས་རྫུན་མ་འདི་ལས་མ་འདས་པས། སྤྱི་ཚོགས་སྟེང་གི་མི་བདེན་རྫུན་གྱིས་གཞན་མགོ་སྐོར་བའི་རྫུན་པོ་དེ་དག་གི་མགོ་ལ་མེ་སྟག་འཕྲོ་བའི་ཐོ་བ་ཞིག་དང་། མོ་རྩིས་རྨོངས་དད་ལ་ཡིད་ཆེས་པའི་བླུན་པོ་དེ་དག་ལ་གསལ་བརྡ་ཞིག་སྤྲད་པ་ཡིན།
             ⒂ཀྲང་ཧྥ་དབྱིན་གྱི་《བོད་ལྗོངས་ཀྱི་རིགས་རྒྱུད་འཕེལ་རིམ་དང་ས་རྒྱུས་སྐོར་གྱི་དཔྱད་པ་》ཞེས་པའི་ནང་། “ཆུང་བྱིས་པའི་དུས་ནས་ཡུས་ཀུང་སྦྱངས། ཆུ་ནག་པོ་སན་ཝེ་ཡུལ་དུ་དྲངས། དོན་དམ་པར་སན་ཝེ་ཡུལ་ཁམས་དེ། ཡུལ་ཞིང་ཆེན་གསུམ་གྱི་ཚོད་དུ་འདྲ།” ཡང་། “ལེགས་སྦྱར་གཞུང་དུ་ཁ་འབབ་ཆུ་བོ་བཞི། ཨ་རོ་ཏཱ་ཡི་རི་ནས་བབས། ཨ་རོ་ཏཱ་ཡི་མཚོ་མོ་འཁྱིལ། ད་ལྟ་ཞིབ་འཇུག་བྱས་པ་ན། བོད་དུ་གངས་དཀར་ཏི་སེ་ཟེར། གངས་དཀར་ཏི་སེ་སྐད་པ་དེ། རི་ཆུ་ཀུན་གྱི་འགོ་ཁོངས་ཡིན། ནང་པའི་ཆོས་དང་བཤད་ཚུལ་མཐུན། གངས་དཀར་ཏི་སེའི་གངས་མདུན་དུ། མཚོ་གཉིས་ཨ་ལོང་བཞིན་དུ་འཁྱིལ། ས་གནས་མི་ཡིས་བཤད་རྒྱུན་དུ། ལྷ་མོ་དབང་མོའི་ཁྲུས་རྫིང་ཟེར། དེ་ཨ་རོ་ཏཱ་ཡི་མཚོ་མོ་ཡིན།”ཞེས་པའི་བཤད་ཚུལ་འདི་དག་སྐབས་དེར་ཚན་རིག་གིས་ར་སྤྲོད་བྱེད་ཐུབ་མེད་ན་ཡང་། རང་རྒྱལ་གྱི་གནའ་བོའི་བཤད་རྒྱུན་ཁྲོད་ཀྱི་ས་ཁམས་ཆགས་ཚུལ་དང་ཕལ་ཆེར་མཐུན།