ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

སྟོང་ཉིད་ཀྱི་ལྟ་བ་དང་མག་མོག་རིག་པའི་གཤིབ་བསྡུར།

སྤེལ་དུས 2019-07-18 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། རིན་ཆེན་རྒྱལ།
[ནང་དོན་གནད་བསྡུས།]སངས་རྒྱས་ཆོས་ལུགས་ཀྱིས་ཆོས་རྣམས་ཀྱི་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་ལ་བརྟེན་ནས་སྟོང་བ་ཉིད་ཀྱི་ལྟ་བ་བཏོན་པ་དང་། ནུབ་ཕྱོགས་མཚན་ཉིད་རིག་པས་ཆོས་རྣམས་ཀྱི་“མག་མོག་རང་བཞིན་”ལ་བརྟེན་ནས་“མག་མོག་རིག་པ་”བཏོན། དཔྱད་རྩོམ་འདི་ལས་ཐོག་མར་གཞུང་ལུགས་འདི་གཉིས་སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་འགལ་བ་ཇི་ལྟར་འཕྲད་པ་དང་། དེ་ནས་གཞིའི་གནད་དོན་གཅིག་ལ་ཟུར་མི་འདྲ་བའི་སྒོ་ནས་འགྲེལ་བ་ཇི་ལྟར་བྱས་པ། ལྷག་པར་དེ་དག་གི་རྒྱུ་རྐྱེན་ཅི་ཡིན་པ་གནད་དུ་བཟུང་ནས་ཕན་ཚུན་གཤིབ་བསྡུར་གྱིས་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] སྣང་ཚུལ་དང་གནས་ཚུལ། མག་མོག་རང་བཞིན། ཐ་སྙད། གཤིབ་བསྡུར།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0100-13
              འཇིག་རྟེན་ན་ཡོངས་སུ་མཚུངས་པའི་ལོ་མ་གཉིས་ཀྱང་མེད་ན་སྟོང་བ་ཉིད་ཀྱི་ལྟ་བ་དང་“མག་མོག་རིག་པ་(模糊学)”①གཉིས་ནི་འབྲེལ་མེད་དོན་གཞན་ཞིག་མ་ཡིན་ནམ། སྟོང་བ་ཉིད་ཀྱི་ལྟ་བ་ནི་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་སྤོངས་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པ་དང་། “མག་མོག་རིག་པ་”ནི་ནུབ་ཕྱོགས་ཀྱི་རྩིས་རིག་གི་རིག་པའི་གཞུང་ལུགས་ཤིག་ཡིན་པས་ན་དེ་གཉིས་ལ་ཁྱད་པར་གནམ་ས་ལྟ་བུ་ཡོད། ཡིན་ནའང་། ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་འདི་གཉིས་ལ་ཐུན་མོང་དུ་འཕྲད་པའི་གནད་དོན་གཅིག་ཡོད། དཔལ་ལྡན་ཟླ་བ་གྲགས་པས་ཤིང་རྟ་གང་དུ་ཡོད་པ་འཚོལ་བའི་སྐབས་སུ། གནའ་བོའི་གེ་རི་སིའི་མཚན་ཉིད་རིག་པ་བ་ཚོས་ཀྱང་བྱེ་ཕུང་གང་དུ་ཡོད་པ་འཚོལ་བཞིན་ཡོད།
དང་པོ། ཤིང་རྟ་གང་དུ་ཡོད།
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0100-13
              སངས་རྒྱས་ཆོས་ལུགས་ཀྱི་དབུ་མ་པའི་མཁས་པ་ཆེན་པོ་སློབ་དཔོན་ཟླ་བ་གྲགས་པས་རྣམ་བདུན་གྱི་རིགས་པ་ཞེས་པ་བཏོན། རྣམ་བདུན་གྱི་རིགས་པ་ནི། 《དབུ་མ་འཇུག་པ།》ལས། “ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན།། གཞན་མིན་མ་ཡིན་དེ་ལྡན་ཡང་མ་ཡིན།། ཡན་ལག་ལ་མེད་ཡན་ལག་དག་དེར་མེད།། འདུས་ཙམ་མ་ཡིན་དབྱིབས་མིན་ཇི་བཞིན་ནོ།།”②ཞེས་གསུངས་པ་ལྟར་ཤིང་རྟ་དེ་རང་གི་ཡན་ལག་དང་གཅིག་མ་ཡིན། ཡིན་ན་ཤིང་རྟ་ཡན་ལག་གི་གྲངས་དང་མཉམ་པ་ཡོད་པའི་སྐྱོན་ཡོད། ཐ་དད་མ་ཡིན། ཡིན་ན་ཤིང་རྟ་ཡན་ལག་ལས་ལོགས་སུ་ཡོད་པའི་སྐྱོན་ཡོད། རྟེན་མ་ཡིན། ཡིན་ན་ཤིང་རྟ་འཇིག་ན་ཡན་ལག་ཡང་འཇིག་པའི་སྐྱོན་ཡོད། བརྟེན་པ་མ་ཡིན། ཡིན་ན་ཡན་ལག་གི་ཟུར་དུ་ཤིང་རྟ་ཡོད་པའི་སྐྱོན་ཡོད། ཡན་ལག་དང་ལྡན་པ་མ་ཡིན། ཡིན་ན་རྟེན་བརྟེན་པ་སོ་སོར་ཡོད་པའི་སྐྱོན་ཡོད། ཡན་ལག་ཚོགས་པ་ཙམ་མ་ཡིན། ཡིན་ན་ཡན་ལག་སྤུངས་པ་ཙམ་གྱིས་ཀྱང་ཤིང་རྟ་ཡིན་པའི་སྐྱོན་ཡོད། དབྱིབས་མ་ཡིན། ཡིན་ན་འདྲ་དབྱིབས་ཙམ་ཡང་ཤིང་རྟ་ཡིན་པའི་སྐྱོན་ཡོད་པ་བཅས་བདུན་པོ་གང་རུང་ཞིག་ལ་ཤིང་རྟ་འཇོག་གིན་ཡོད་མེད་དཔྱད་ན་རྣམ་པ་བདུན་པོ་གང་ལའང་ཤིང་རྟ་འཇོག་མི་རུང་བས། ཤིང་རྟའི་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་ཡིན། དེ་བཞིན་དུ་ཤིང་རྟའི་ལྷུ་ལག་འཁོར་ལོ་ལྟ་བུ་ལ་མཚོན་ནའང་། འཁོར་ལོ་དེ་ཡང་རང་གི་ཡན་ལག་དང་གཅིག་མ་ཡིན། ཐ་དད་མ་ཡིན། རྟེན་མ་ཡིན། བརྟེན་པ་མ་ཡིན།ཡན་ལག་དང་ལྡན་པ་མ་ཡིན། ཡན་ལག་ཚོགས་པ་ཙམ་མ་ཡིན། དབྱིབས་མ་ཡིན་པ་སོགས་ཐམས་ཅད་གོང་དང་འདྲ།དེ་ཡང་ཤིང་རྟ་གཏན་ནས་མེད་པ་མ་ཡིན་ཏེ། ཡིན་ན་འཁོར་འདས་ཀྱི་ཆོས་ཀུན་ཀྱང་བཏགས་དོན་བཙལ་ན་མི་རྙེད་པ་ལ་དེ་དག་ཐམས་ཅད་ཀྱང་གཏན་མེད་དུ་འགྱུར་བའི་སྐྱོན་ཡོད། འདི་ནི་དཔེ་ཤིང་རྟ་ལ་སྦྱར་ནས་དོན་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་ཡིན་ཏེ། “དགག་བྱ་བདག་འཛིན་དེ་མེད་པར་གཏོང་བྱེད་ཀྱི་རིགས་པ་གཙོ་བོ་ནི་རྣམ་བདུན་ཤིང་རྟའི་རིགས་པ་ཞེས་པ་འདི་ཡིན།”③
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0100-13
              དེ་ལྟར་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་རྣམས་ཆོས་ཐམས་ཅད་ཀྱི་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པའི་གནད་དོན་ལ་འཕྲད། མ་བརྟག་མ་དཔྱད་པའི་སྣང་ངོར་ཤིང་རྟ་ཡོད་ན་ཡང་། བརྟག་ཅིང་དཔྱད་པའི་ཚེ་ན་ཤིང་རྟ་རྙེད་རྒྱུ་མེད་པ་ཡིན། དེ་ཡང་སྣང་ཚུལ་དང་གནས་ཚུལ་བར་ལ་ཁ་ངོ་མ་འཕྲོད་པའི་འགལ་བ་ཞིག་ཡིན་ཏེ། སྣང་ཚུལ་ལྟར་དུ་གནས་ཚུལ་ལ་མ་གྲུབ་པ་ཡིན། སྣང་ཚུལ་ལྟར་དུ་གནས་ཚུལ་ལ་གྲུབ་ན་སྣང་བ་ལྟར་དུ་བཙལ་ན་རིག་ཤེས་ཀྱིས་རྙེད་དགོས་པ་ཡིན་མོད་རྙེད་རྒྱུ་མེད་པས། འདི་ལ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དུ་སྣང་བ་ལྟར་དུ་མ་གྲུབ་པ་ཡང་ཟེར།
གཉིས་པ། བྱེ་ཕུང་གང་དུ་ཡོད།
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0100-13
              བྱེ་རྡུལ་དུང་ཕྱིར་གཅིག་གིས་གྲུབ་པའི་བྱེ་ཕུང་④ཆེན་པོ་ཞིག་ཡོད། གལ་སྲིད་བྱེ་ཕུང་དེ་ལས་བྱེ་རྡུལ་གཅིག་བླངས་ན་བྱེ་ཕུང་དེ་སྔར་བཞིན་བྱེ་ཕུང་ཡིན་པ་སུ་ཞིག་གིས་ཀྱང་བསྙོན་དུ་མེད། དེ་བཞིན་དུ་བྱེ་རྡུལ་གཉིས་དང་གསུམ་བླངས་ན་ཡང་བྱེ་ཕུང་དེ་སྔར་བཞིན་བྱེ་ཕུང་ཡིན། འོན་ཀྱང་བྱེ་རྡུལ་རེ་རེ་བཞིན་བླངས་ནས་བྱེ་རྡུལ་གཅིག་ལ་ཐུག་པའི་ཚེ། བྱེ་རྡུལ་གཅིག་ལ་བྱེ་ཕུང་ཞེས་མིང་མི་འདོགས་པ་ཡང་བཤད་མ་དགོས་པ་ཞིག་རེད་ལ། བྱེ་རྡུལ་གཉིས་དང་གསུམ་ལྷག་ན་ཡང་མིག་གིས་མཐོང་མི་མཐོང་ཙམ་དུ་ཡོད་པས་དེ་ལ་ཡང་བྱེ་ཕུང་ཞེས་པའི་མིང་མི་འདོགས། འོ་ན་བྱེ་རྡུལ་ག་ཚོད་སྤུངས་པ་ནས་བྱེ་ཕུང་ཞེས་པའི་མིང་འདོགས་སམ། བྱེ་རྡུལ་ཆིག་ཁྲི་སྤུངས་པ་ནས་བྱེ་ཕུང་ཞེས་པའི་མིང་འདོགས་ཟེར་ན། བྱེ་རྡུལ་དགུ་སྟོང་དགུ་བརྒྱ་དགུ་བཅུ་གོ་དགུ་སྤུངས་པ་ལ་བྱེ་ཕུང་ཞེས་པའི་མིང་ཅིའི་ཕྱིར་མི་འདོགས། དེ་གཉིས་ལ་བལྟས་ཙམ་ཉིད་ནས་འདི་ནི་བྱེ་ཕུང་ངོ་སྙམ་པ་དང་དེ་ནི་བྱེ་ཕུང་མ་ཡིན་ནོ་སྙམ་པའི་འདུ་ཤེས་ངང་གིས་འདྲེན་ནུས་པའི་ཁྱད་པར་མེད་པས་ན། དེ་ནི་བྱེ་ཕུང་ཞེས་མིང་འདོགས་མི་འདོགས་ཀྱི་ཚད་ཐིག་ཏུ་མི་རུང་། དེ་བས་བྱེ་ཕུང་ཞེས་བརྗོད་པས་དོན་ལ་བྱེ་མའི་རྡུལ་ཅི་ཙམ་ཡོད་པ་གོ་མི་ནུས་ལ་བྱེ་ཕུང་ཆུང་ངུ་དང་ཆེན་པོ་ཞེས་ཅུང་ཟད་ཁ་གསལ་དུ་བཏང་ནའང་། ཆེན་པོ་དང་ཆུང་ངུ་ཞེས་པ་དེ་ཡང་དོན་ལ་ཆེ་ཆུང་གི་ཚད་ཅི་ཙམ་ཡིན་པ་ཤེས་མི་ཐུབ། དེ་བཞིན་དུ་བྱེ་མ་ཞེས་པའང་མག་མོག་གམ་དོན་མི་གསལ་བའི་ཐ་སྙད་ཅིག་ཡིན་ཏེ། བྱེ་མའི་གྲུབ་ཆ་ལའང་དངོས་པོ་རིགས་མང་པོ་ཡོད་ལ། དེ་དག་ཀྱང་དངོས་པོ་རིགས་གཅིག་གིས་བྱེ་མ་འགྲུབ་མི་ཐུབ་པ། རིགས་གཅིག་མ་འཛོམས་ཡང་བྱེ་མ་འགྲུབ་པ། རིགས་ག་ཚོད་འཛོམས་པ་ནས་བྱེ་མར་བརྩི་བ་ཐག་གིས་མི་ཆོད་པ་སོགས་གོང་དང་འདྲ་བ་ཡིན།
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0100-13
              དེ་ལྟར་གནའ་བོའི་གེ་རི་སིའི་མཚན་ཉིད་རིག་པ་བ་དག་ཆོས་རྣམས་ཀྱི་རང་བཞིན་མག་མོག་ཡིན་པའི་གནད་དོན་ལ་འཕྲད། ཁོ་ཚོས་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་འགལ་བ་འདི་ཡུལ་དང་ཡུལ་ཅན་གང་རུང་གི་ངོས་ནས་སམ། རིག་གཞུང་སྣ་མང་གི་ཁྱབ་ཁོངས་སུ་ཁྱེར་ནས་ཞིབ་འཇུག་དང་དཔྱད་གླེང་བྱས། “མག་མོག་རིག་པ་”ནི་ཉེ་རབས་སུ་གསར་དུ་བྱུང་བ་ཞིག་ཡིན་མོད། “མག་མོག་རང་བཞིན་”ནི་གནའ་སྔ་མོ་ནས་མཚན་ཉིད་རིག་པའི་གླེང་གཞི་ཞིག་ཡིན།
གསུམ་པ། ཤིང་རྟ་དང་བྱེ་ཕུང་གི་བརྗེ་རེས།
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0100-13
              གོང་དུ་ཤིང་རྟ་དང་བྱེ་ཕུང་གཉིས་ཀྱི་བཏགས་དོན་འཚོལ་བའི་སྐབས་སུ། དཔེ་ཐ་དད་དང་དཔྱད་པ་གཏོང་བའི་ཟུར་ཡང་ཐ་དད་ཡིན་མོད། འོན་ཀྱང་ཕྱོགས་གཉིས་ཀར་ཐུན་མོང་དུ་འཕྲད་པའི་གནད་དོན་ནི་སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་འགལ་བ་འདི་ཡིན་པས། གཉིས་ཀའི་རིག་པ་ཕན་ཚུན་བརྗེ་བའམ་དཔེ་ཕན་ཚུན་བརྗེས་ནས་དེ་གཉིས་ལ་བསམ་བློ་གཏང་ཆོག དཔེར་ན། བྱེ་ཕུང་དེ་བྱེ་རྡུལ་དང་གཅིག་མ་ཡིན། ཐ་དད་མ་ཡིན། རྟེན་མ་ཡིན། བརྟེན་པ་མ་ཡིན། ཡན་ལག་དང་ལྡན་པ་མ་ཡིན། ཡན་ལག་ཚོགས་པ་ཙམ་མ་ཡིན། དབྱིབས་མ་ཡིན་པ་སོགས། 《དབུ་མ་འཇུག་པ།》ལས། “རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར།། ཡོད་ཅེས་རྣལ་འབྱོར་བས་འདིའི་ཡོད་མི་རྙེད།།”⑤ཅེས་གསུངས་པ་ལྟར་རྣམ་པ་བདུན་གྱི་རིགས་པའི་ལམ་ནས་བཙལ་ཚེ་བྱེ་ཕུང་གི་བཏགས་དོན་མི་རྙེད། དེ་བཞིན་དུ་ཤིང་རྟ་ཡང་རང་གི་ལྷུ་ལག་གམ་ཆ་ཤས་གཅིག་བླངས་པས་ཤིང་རྟ་མིན་པར་འགྱུར་རམ་ཟེར་ན་མི་འགྱུར། ལྷུ་ལག་གཅིག་ཡོད་ན་དེ་ལ་ཤིང་རྟ་ཞེས་མིང་འདོགས་སམ་ཞེ་ན་མི་འདོགས། ལྷུ་ལག་ཅི་ཙམ་འདུས་པ་ནས་ཤིང་རྟར་གྱུར་པ་ཡིན་ཞེ་ན་ཐག་མི་ཆོད་ཅེས་དཔྱད་པ་བཏང་ཚེ་ཤིང་རྟ་ལའང་“མག་མོག་རང་བཞིན་”སྣང་ཡོང་། ཁྱད་མཚར་བའི་སྣང་ཚུལ་ཞིག་ནི། དེ་གཉིས་ཀྱི་རིགས་པ་དང་དཔེ་ཕན་ཚུན་བརྗེས་ནའང་མཇུག་མཐའི་རྙེད་དོན་ལ་འགྱུར་བ་མི་འབྱུང་སྟེ། བཏགས་དོན་བཙལ་ན་མི་རྙེད་པའམ་མག་མོག་རང་བཞིན་འདི་ཡིན། དེ་བས་འདི་གཉིས་ནི་མགོ་མཚུངས་ཀྱི་རིག་པ་ལྟ་བུར་སོང་ཡོད། ནུབ་ཕྱོགས་མཚན་ཉིད་རིག་པའི་མཁས་པ་རྣམས་ཀྱིས་གཙོ་བོ་ཚད་ཆེ་ཆུང་གི་ཐོག་ནས་དཔྱད་དེ་བྱེ་ཕུང་དེ་ཚད་ཅི་ཙམ་ཞིག་ཏུ་འཇོག་རྒྱུའི་ཐད་ལ་བསམ་བློ་བཏང་། སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་རྣམས་ཀྱིས་གཙོ་བོ་གཞིའི་ཁྱད་པར་གྱི་སྟེང་ནས་དཔྱད་དེ་ཤིང་རྟ་དེ་གཞི་གང་ཞིག་གི་སྟེང་འཇོག་རྒྱུའི་ཐད་ལ་བསམ་བློ་བཏང་། དཔྱད་པ་གཏོང་བའི་ཟུར་མི་འདྲ་ཡང་ཡུལ་ཅན་གྱིས་ཡུལ་འཇལ་བའི་སྐབས་སུ་ཐུན་མོང་དུ་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་འགལ་བ་ལ་ཐུག དེ་བས་གཞུང་ལུགས་འདི་གཉིས་ཀྱིས་ཐོག་མར་གཞིའི་གནད་དོན་གཅིག་ལ་བསམ་བློ་བཏང་བ་ཡིན་ཏེ་སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་འགལ་བའོ།།
བཞི་པ། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་རྒྱུ་རྐྱེན།
གཅིག ཡུལ་ཅན་གྱི་ངོས་ནས་དཔྱད་པ།
              1.ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་གྱི་ཐད་ནས་བཤད་ན། ཆེས་ཐོག་མར་ཆ་ཚང་བའི་འཇིག་རྟེན་འདི་དང་ཁ་གཏད་དུས་ང་ཚོས་འདིའི་བྱེ་བྲག་ཅིག་ནས་ངོས་འཛིན་བྱེད་པ་སྟེ། དེ་ནི་ཤེས་བྱའི་རྣམ་གཞག་མཐའ་དག་ནི་ཅི་ཞིག་ཡིན་པའི་གནད་དོན་རེད། དེ་ཡང་བྱེ་བྲག་གི་སྣང་ཚུལ་རེ་རེ་སོ་ཕག་བཞིན་བསྒྲིགས་ཏེ། བྱེ་བྲག་གི་སྣང་ཚུལ་གྱིས་སྤྱི་ལ་རིགས་དབྱེ་དང་། བྱེ་བྲག་གི་ཆོས་ཉིད་ཀྱིས་སྤྱི་ལ་རིགས་འདེད། བྱེ་བྲག་གི་ངོས་འཛིན་གྱིས་སྤྱི་ལ་འགྲེལ་བཤད་བྱེད་པ་ཡིན་ལ། ཐ་ན་སྤྱིའི་ཁྱད་ཆོས་ལ་བརྟེན་ནས་བྱེ་བྲག་གི་ཁྱད་ཆོས་དཔོག་པ་ཡང་ཐོག་མར་བྱེ་བྲག་གི་“སྣང་ཚུལ་རེ་རེས་སྤྱི་དེ་ཉིད་ཡུན་རིང་གི་ཉམས་མྱོང་ཁྲོད་སྤྱི་བསྡོམས་བྱས་རྗེས། ད་གཟོད་དེ་ལ་བརྟེན་ནས་དཔྱད་པ་བྱེད་ཐུབ་པ་ཡིན།”⑥ དཔེར་ན། ཁ་ཏྭ་ཐམས་ཅད་ནག་ནག་ཡིན་ཟེར་བ་ལྟ་བུ་སྟེ། མཐོང་མྱོང་བའི་ཁ་ཏྭ་བྱེ་བྲག་པ་རེ་རེ་ནི་ནག་ནག་ཡིན་པ་ལ་བརྟེན་ནས་ཁ་ཏྭ་ཐམས་ཅད་ནག་ནག་རེད་ཟེར་བ་ལས་རྒྱུ་མཚན་གཞན་མེད། དེ་བས་ཞུག་མའོ་(休谟)ཡིས་“ཉམས་མྱོང་ལ་བརྟེན་པའི་རིགས་འདེད་ཚང་མ་ནི་གོམས་གཤིས་ཀྱི་འབྲས་བུ་ཡིན་པ་ལས། དཔྱོད་ཤེས་ཀྱི་འབྲས་བུ་མིན་”⑦ཡང་ཟེར། བྱེ་བྲག་གི་སྣང་ཚུལ་རེ་རེ་ནི་སྤྱི་ལ་ཁྱབ་པ་མ་ངེས་པས། འདི་ལྟ་བུའི་ངོས་འཛིན་ལ་བྱེ་བྲག་གི་སྣང་ཚུལ་དང་སྤྱིའི་གནས་ཚུལ་མི་མཐུན་པའི་འགལ་བ་ཅིས་ཀྱང་འབྱུང་སྲིད་དེ། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་རྒྱུ་རྐྱེན་དང་པོའོ།།
              ཆེས་ཐོག་མར་མུ་རྒྱུན་གཅིག་པའི་འཇིག་རྟེན་འདི་དང་ཁ་གཏད་དུས་ང་ཚོས་དེ་དུམ་བུར་བགོས་ཏེ་ངོས་འཛིན་བྱེད་པ་ཡིན། དེ་ཡང་ཤེས་བྱའི་རྣམ་གཞག་མཐའ་དག་ནི་ཇི་ལྟར་བཞག་པའི་གནད་དོན་རེད། ཆོས་རྣམས་ཀྱི་ངོ་བོ་ཇི་བཞིན་དུ་ཤེས་བྱའི་རྣམ་གཞག་གི་ཁྱབ་ཁོངས་སུ་ཧྲིལ་གྱིས་བསྡུ་བ་ནི་མི་སུས་ཀྱང་མི་ནུས་ལ་དེ་ལྟར་བསྡུ་བ་ང་ཚོའི་དམིགས་བྱ་ཡང་མ་ཡིན་ཏེ། འདི་དག་ཆ་ཤས་མང་པོར་བགོས་ནས་ངོས་འཛིན་པ་ཡིན། དེ་ཡང་ཡུལ་ཕྲ་བ་ལ་འཇུག་པའི་སྐབས་སུ་ཆ་ཤས་མང་པོ་དང་། ཡུལ་རག་པ་ལ་འཇུག་པའི་སྐབས་སུ་ཆ་ཤས་ཉུང་ངུར་བགོས་ཏེ་ངོས་འཛིན་བྱེད་པ་ཡིན། དཔེར་ན། དུས་ཚོད་ཀྱི་ཆ་ནས་འདས་མ་འོངས་ད་ལྟ། ཚུ་ཚོད། སྐར་མ། སྐར་ཆ་སོགས་སུ་དབྱེ་བ་དང་། བར་སྟོང་གི་ཆ་ནས་ཤར་ལྷོ་ནུབ་བྱང་། གཡས་གཡོན་མདུན་རྒྱབ་ཏུ་དབྱེ་བ་ལྟ་བུ་ཡིན། ཧི་ལ་ཁི་ལེ་ཐི་(赫拉克利特)ཡིས་ཐམས་ཅད་འགྱུར་ལྡོག་གི་ཁྲོད་ན་ཡོད་པས། “ཆུ་གཅིག་ལ་ཐེངས་གཉིས་བརྒལ་མི་ཐུབ་”⑧ཟེར་བ་ཡང་། ཆུ་ཁོ་ན་བཟུང་ནས་དུས་དང་འགྱུར་བ་དོར་བའི་ངོས་འཛིན་བྱེད་སྟངས་དེར་དགག་པ་ཡིན། ཡིན་ནའང་། ཐབས་ལམ་འདིས་གནད་དོན་ཅུང་ཇེ་གསལ་དུ་གཏོང་བ་ལས་མེད་པར་གཏོང་མི་ནུས་པ་ཤེས་དགོས། འདི་ནི་གནས་ཚུལ་གྱི་ཧྲིལ་བོ་དེ་སྣང་ཚུལ་ལ་བཅད་ཅིང་གཏུབ་ཟིན་པའི་ཆ་ཤས་རེ་རེར་འཛིན་པ་ཡིན་པས། འདི་ལ་ཡང་ཆ་ཤས་ཀྱི་སྣང་ཚུལ་དང་ཆ་ཅན་གྱི་གནས་ཚུལ་མི་མཐུན་པའི་འགལ་བ་འབྱུང་སྲིད་དེ། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་རྒྱུ་རྐྱེན་གཉིས་པའོ།།
              ཆེས་ཐོག་མར་རྒྱུས་མེད་པའི་འཇིག་རྟེན་འདི་དང་ཁ་གཏད་དུས་ང་ཚོས་དེ་ལ་ཆོས་ཉིད་སྦྱར་ཏེ་ངོས་བཟུང་། དེ་ཡང་ཤེས་བྱའི་རྣམ་གཞག་མཐའ་དག་ཅིའི་ཕྱིར་དེ་ལྟར་ངོས་བཟུང་བའི་སྐོར་གྱི་གནད་དོན་རེད། གོང་དུ་བཤད་པ་ལྟར་ང་ཚོས་བྱེ་བྲག་གི་བྱ་དངོས་ལ་སྤྱི་བསྡོམས་བྱས་ནས་ཆོས་ཉིད་བཙལ་བ་དང་། ཆོས་ཉིད་ལ་བརྟེན་ནས་ཆོས་རྣམས་ལ་ངོས་འཛིན་དང་རིགས་འདེད། དབྱེ་ཞིབ་བྱས་པ་ཡིན།“ཚན་རིག་གི་མཇུག་མཐའི་དམིགས་ཡུལ་ཡང་ཆོས་ཉིད་སྟབས་བདེ་ཞིག་གིས་འཇིག་རྟེན་ཡོངས་ལ་འགྲེལ་བཤད་བྱེད་པ་དེ་ཡིན།”⑨ང་ཚོས་ཆོས་ཉིད་མང་པོ་ཞིག་ཆོས་ཉིད་དེ་ལས་ཉུང་བ་ཞིག་གི་ཁོངས་སུ་བསྡུས། དེ་ཡང་དེ་ལས་ཉུང་བ་ཞིག་གི་ཁོངས་སུ་བསྡུས་ཏེ་མཐར་སྤྱི་ཁྱབ་ཀྱི་ཆོས་ཉིད་གཅིག་གི་ཁོངས་སུ་བསྡུ་བར་རྩོམ་པ་ཡིན། ཆོས་ཉིད་ངོ་མ་ནི་ཁྱབ་མཐའ་ཅན་ཞིག་ཡིན་དགོས་མོད། ང་ཚོས་བཙལ་བའི་“ཆོས་ཉིད་དག་ཉམས་མྱོང་དང་འབྲེལ་བ་ཡོད་ན་དེ་ལ་ཁྱབ་པ་ཅན་གཅིག་ཀྱང་མེད།”⑩བྱེ་བྲག་གི་ཉམས་མྱོང་ལ་བརྟེན་ནས་ཆོས་ཉིད་དུ་བཞག་པ་དག་ཆོས་ཉིད་ཡིན་པའི་ངེས་པ་མེད་དེ། སྔོན་ཆད་ཆོས་ཉིད་དུ་བརྩི་བ་རྣམས་རྗེས་ནས་ཆོས་ཉིད་མིན་པར་ཤེས་པ་ལོ་རྒྱུས་སུ་མང་པོ་ཡོད། དེ་བས་སྣང་ཚུལ་གྱི་ཆོས་ཉིད་དང་གནས་ཚུལ་གྱི་ཆོས་ཉིད་མི་མཐུན་པ་ཡོང་སྲིད་དེ། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་རྒྱུ་རྐྱེན་གསུམ་པའོ།།
              2.རྟོག་པ་བློའི་ཐ་སྙད་ཀྱི་ངོས་ནས་བཤད་ན། གོང་དུ་བཤད་པ་ལྟར། ཤེས་པ་ཡུལ་ལ་འཇུག་ཚུལ་དེ་གསུམ་ནི་ང་ཚོའི་ཤེས་རབ་ཀྱི་ལྕོགས་མཚམས་ནས་ཐོན་པའི་གནས་བབ་ཀྱི་གདམ་ཀ་ཞིག་ཡིན། གདམ་ཀ་དེ་ཆེས་ཐོག་མ་ཡིན་ལ་ཆེས་མཐའ་མའང་ཡིན་སྲིད། གང་ལྟར་ང་ཚོས་བྱེད་ཐབས་དེ་འདྲ་ཞིག་ལ་བརྟེན་ནས་འཇིག་རྟེན་ལ་ངོས་འཛིན་བྱས་པ་ནས་བཟུང་། བྱ་དངོས་ཤིག་གི་ཆེས་ཐོག་མའི་ངོས་འཛིན་དེ་རྟོག་པ་བློའི་ཐ་སྙད་ཀྱི་ངོ་བོར་སྲ་འཐས་སུ་གྱུར་ཅིང་། དེ་ཉིད་ངག་ནས་བརྗོད་པའི་སྐབས་སུ་བརྗོད་པ་སྒྲའི་ཐ་སྙད་⑾བྱུང་བ་ཡིན། རྟོག་པ་བློའི་ཐ་སྙད་ལ་སྐད་རིགས་ཀྱི་ཁྱད་པར་མེད་ལ། བརྗོད་པ་སྒྲའི་ཐ་སྙད་ལ་སྐད་རིགས་ཀྱི་ཁྱད་པར་ཡོད། རྟོག་པ་བློའི་ཐ་སྙད་ནི་ཤེས་པས་ཡུལ་འཇལ་སྟངས་ཤིག་ཡིན་ལ། ཐ་སྙད་དེ་བག་ཆགས་ཀྱི་གཏིང་རིམ་དུ་ཟུག་རྗེས། ཤེས་པས་ཡུལ་གཞལ་པ་ཡང་ཡུལ་དེ་ཇི་བཞིན་དུ་གཞལ་བར་མི་བརྩོན་པར་ཐ་སྙད་ལྟར་འཇལ་བ་ཡིན། དེ་ལྟ་བུའི་རྟོག་པ་བློའི་ཐ་སྙད་ཀྱི་གོ་དོན་ལ་མི་རིགས་དང་རིག་གནས། ས་ཁོངས། མི་སྒེར་གྱི་ཤེས་ཡོན་གྱི་ཆུ་ཚད་སོགས་ཀྱིས་ཤུགས་རྐྱེན་ཐེབས་པ་ཡིན། དཔེར་ན། སོག་པོ་མི་རིགས་ཀྱིས་སྤྱང་ཀི་མཐོང་བ་ན་སྲོག་ཆགས་བཟང་བོ་ཞིག་ཏུ་སྣང་ཡོང་བ་དང་། བོད་མི་རིགས་ཀྱིས་མཐོང་ན་སྲོག་ཆགས་ངན་པ་ཞིག་ཏུ་སྣང་ཡོང་བ་ཡིན། སོ་སོས་སྤྱང་ཀི་ཞེས་པ་ངོས་འཛིན་པའི་སྐབས་སུ་བཟང་ངན་གང་ཡིན་པ་དང་། རིགས་གང་ཡིན་པ། ཁྱད་ཆོས་ཅི་ཡོད་པ་སོགས་མཉམ་དུ་འཛིན་བཞིན་ཡོད། ཡིན་ནའང་། སྤྱང་ཀིའི་ངོ་བོར་བོད་སོག་སོ་སོར་སྣང་བ་ཇི་བཞིན་དུ་གྲུབ་མེད་པས།“སྣང་བའི་ན་བུན་འདི་ཡི་ཕ་རོལ་ན།། ཆོས་ཉིད་དོན་གྱི་ནམ་མཁའ་དངོས་སུ་བཞུགས།།”⑿ཟེར་བ་བཞིན་དེ་ཉིད་ལས་བརྒལ་ན་ད་གཟོད་ཆོས་རྣམས་ཀྱི་རང་བཞིན་ངོ་མ་མཐོང་ཐུབ་པར་འདོད། དཔེ་གཞན་ཞིག་བཀོད་ན། བོད་ཀྱི་“གཡར་བ་”དང་“བསྐྱིས་པ་”ཞེས་པའི་ཐ་སྙད་གཉིས་ཀྱི་ཁ་གཏད་དུ་རྒྱ་ལ་“借”ཞེས་པ་གཅིག་པུ་མ་གཏོགས་མེད།“གཡར་བ་”ནི་གཞན་གྱི་དངོས་པོ་བཀོལ་རྗེས་དངོས་པོ་དེ་ཕྱིར་སྤྲོད་དགོས་པ་ལ་ཟེར། དཔེར་ན། སྣོད་དང་ཅ་ལག་སོགས་གཡར་བ་ལྟ་བུ། “བསྐྱིས་པ་”ནི་གཞན་གྱི་དངོས་པོ་བཀོལ་རྗེས་དེའི་ཚབ་ཏུ་དངོས་པོ་གསར་པ་ཞིག་སྤྲོད་དགོས་པ་ལ་ཟེར། དཔེར་ན། དངུལ་དང་འབྲུ་རིགས་སོགས་བསྐྱིས་པ་ལྟ་བུ་ཡིན། ཡིན་ན་ཡང་། རྒྱ་མི་རིགས་ཀྱིས་དེ་གཉིས་གཅིག་ཏུ་འཛིན་པས་དངོས་པོ་གཡར་ན་འདྲ་བསྐྱིས་ན་འདྲ་“借”ཞེས་པ་གཅིག་པུ་མ་གཏོགས་ཡིད་ལ་འཆར་རྒྱུ་མེད། དེ་བས་ཐ་སྙད་ནི་འཇིག་རྟེན་གྱི་ཕ་མཐའ་ཡིན། ཐ་སྙད་དུ་མེད་ན་འཇིག་རྟེན་དུ་ཡང་མེད་ཅེས་བཤད་སྲོལ་ཡོད། རྟོག་པ་བློའི་ཐ་སྙད་ནི་འཇིག་རྟེན་དང་ཁ་ངོ་འཕྲོད་པ་ཞིག་མིན་པས། དེ་ལ་བརྟེན་ནས་ཆོས་རྣམས་ལ་ངོས་འཛིན་དང་འཆད་པ་ཡང་སྣང་ཚུལ་དང་གནས་ཚུལ་མཐུན་པ་ཞིག་མི་ཡོང་པས། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་རྒྱུ་རྐྱེན་བཞི་པའོ།།
              3.བརྗོད་པ་སྒྲའི་ཐ་སྙད་ཀྱི་ངོས་ནས་བཤད་ན། བརྗོད་པ་སྒྲའི་ཐ་སྙད་ནི་རྟོག་པ་བློའི་ཐ་སྙད་ངག་ནས་བརྗོད་པ་ཡིན་པས། རྟོག་པ་བློའི་ཐ་སྙད་ཀྱི་དོན་མི་གསལ་བ་ཡིན་ན་བརྗོད་པ་སྒྲའི་ཐ་སྙད་ཀྱི་དོན་ཡང་མི་གསལ་བ་ཡིན་པས་ཁྱབ་ཀྱང་། བརྗོད་པ་སྒྲའི་ཐ་སྙད་རང་སྟེང་དུ་ཡང་དོན་མི་གསལ་བའི་རྒྱུ་ཡོད། འདི་ལ་སྐད་བརྡ་རིག་པའི་གཞུང་དུ་བཤད་པ་མང་དུ་ཡོད་ཀྱང་དེ་དག་རེ་ཞིག་བཞག་སྟེ་ཧ་ཅང་གི་རྒྱུན་ལྡན་གྱི་དཔེ་ཞིག་བཀོད་ན། ང་ཚོས་སྐད་ཆ་བཤད་པའི་སྐབས་སུ་སྐད་ལ་ཕྲ་སྦོམ། ངག་ལ་འགྱུར་ཁུག གདངས་ལ་མཐོ་དམའ། དབུགས་ལ་ཆེ་ཆུང་། བྱེད་རྩོལ་ལ་དྲག་ཞན་སོགས་བྱེད་ཐབས་ཧ་ཅང་མང་པོ་བཀོལ་བ་ལ་ཡིད་མ་ཚིམས་པར། ད་དུང་དེའི་སྟེང་ལ་གདོང་གི་ཉམས་འགྱུར། ལུས་ཀྱི་ཕྱག་རྒྱ། གོམ་པའི་འདེགས་འཇོག་སོགས་མཚོན་ཐབས་ཅི་ཡོད་བཀོལ་བ་ནི་བརྗོད་པ་སྒྲའི་ཐ་སྙད་ཀྱིས་རྟོག་པ་བློའི་ཐ་སྙད་ཇི་བཞིན་མཚོན་མ་ཐུབ་པའི་རྟགས་སུ་ངེས། འཕྲིན་ལམ་དང་རླུང་འཕྲིན་ལྟ་བུའི་སྒྲ་རྐྱང་བའི་སྐད་ཆ་ནི་ཉམས་འགྱུར་དང་བྲལ་བས་དེ་དང་བསྡུར་ན་མཚོན་སྟོབས་ཅུང་ཞན་ལ། ཡི་གེར་ཕབ་པའི་སྐད་ཆ་ནི་དེ་བས་ཀྱང་མཚོན་སྟོབས་ཞན་པར་གྱུར་ཡོད། གཞན་ཡང་། བརྗོད་པ་སྒྲའི་ཐ་སྙད་གཅིག་རྟོག་པ་བློའི་ཐ་སྙད་དུ་མར་འཇུག་ཆོག་ལ། རྟོག་པ་བློའི་ཐ་སྙད་གཅིག་བརྗོད་པ་སྒྲའི་ཐ་སྙད་དུ་མར་འཇུག་ཀྱང་ཆོག འདི་ལ་མིང་གཅིག་དོན་མང་དང་དོན་གཅིག་མིང་མང་ལ་འཇུག་པ་ཡང་ཟེར། དེ་ཡང་སྐད་ཆའི་ཁོར་ཡུག་དང་བྲལ་བའི་སྐབས་སུ་དེའི་དོན་གཏན་འཁེལ་བྱེད་ཐབས་མེད་པ་སྨྲས་མ་དགོས་ལ། སྐད་ཆའི་ཁོར་ཡུག་དང་བསྟུན་ན་ཡང་དོན་འཁྲུགས་པ་སོགས་ཀྱི་གནད་དོན་འབྱུང་སླ་བ་ཡིན། བརྗོད་པ་ཅི་ཙམ་ཁ་གསལ་དུ་བཏང་ནའང་རྗོད་བྱེད་ལ་ཁ་མི་གསལ་བའི་རང་བཞིན་ཞིག་ད་དུང་ལྷག་ཡོད་པས་སྐད་ཆ་ནི་ཅུང་ཟད་ཨུ་ཚུགས་ཀྱིས་སྦྱར་བའི་འཇིག་རྟེན་གྱི་འགྲེལ་བཤད་ཅིག་ཡིན། འདི་ནི་སྣང་ཚུལ་དང་མཚོན་ཚུལ་མ་མཐུན་པའི་འགལ་བ་ཞིག་ཡིན་པ་མ་ཟད། འདི་ལ་བརྟེན་ནས་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་འགལ་བའང་འདྲེན་གྱིན་ཡོད་པས། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་རྒྱུ་རྐྱེན་ལྔ་བའོ།།
གཉིས། ཡུལ་གྱི་ངོས་ནས་དཔྱད་པ།
              ཆོས་རྣམས་ཀྱི་ཁྱད་པར་དང་དབྱེ་བ་ཡང་ཞིབ་ཏུ་བཙལ་ན་འབྱེད་མི་ནུས་པ་ཡིན་ཏེ། ཨིན་གི་སི་(恩格斯)ཡིས་ཀྱང་།“ཁྱད་པར་ཡོད་ཚད་འབྲེལ་མཚམས་སུ་འདྲེས་ཤིང་། འགལ་བ་ཡོད་ཚད་ཀྱང་འབྲེལ་མཚམས་སུ་ཞི་”⒀ཞེས་བཤད་མྱོང་། དེ་བཞིན་དུ་ཆོས་རྣམས་ཀྱི་རང་བཞིན་དང་ངོ་བོ། ཆོས་ཉིད་སོགས་ཀྱང་ཡིན། དཔེར་ན། གོང་ཏུ་བཤད་པ་བཞིན་བྱེ་མའི་གྲུབ་ཆ་ལའང་རིགས་མང་པོ་ཡོད་པ་ལ། དེ་དག་ཀྱང་སོ་སོར་མ་འདྲེས་པར་མཐའ་གཅིག་ཏུ་ཁྱད་པར་ཞིག་འབྱེད་དོ་སྙམ་ནས་ཞིབ་ཏུ་དབྱེ་ན་འབྱེད་མི་ནུས་པ་ཡིན་ལ་དངོས་པོ་གཞན་རྣམས་ཀྱང་དེ་ལྟར་ཡིན། རྒྱུ་མཚན་ནི། ཚན་རིག་གི་འདོད་པ་ལྟར་ན་འཇིག་རྟེན་གྱི་དངོས་པོའི་རྣམ་གྲངས་ཤིན་ཏུ་མང་ན་ཡང་དེ་དག་གི་རྒྱུ་ནི་གཞི་རྒྱུ་རིགས་ཧ་ཅང་ཉུང་ཉུང་ཞིག་འཚོགས་པ་ལ་བརྟེན་ནས་གྲུབ་པ་ཡིན། གཞི་རྒྱུ་དེ་དག་ཀྱང་ཞིབ་ཏུ་དབྱེ་ན་ཆེས་མཐར་ཐུག་ལ་ཚོད་དཔག་དང་བློས་བསླངས་ཙམ་ལས་སུ་ཞིག་གིས་ཀྱང་གང་ཡིན་འདི་ཡིན་ལ་ཁ་ཚོན་གཅོད་མི་ནུས། ཐ་ན་ཆུང་མཐའ་ཞིག་ཀྱང་འཇོག་པར་མི་ནུས། དེ་བཞིན་དུ་འཇིག་རྟེན་གྱི་ཆེ་མཐའ་འང་འཇོག་མི་ནུས། ཡང་དག་པར་བཤད་ན་ཆེ་ཆུང་གི་མཐའ་ནི་ཐག་གིས་མ་ཆོད་པའམ། མི་ཆོད་པའམ།གཅོད་དུ་མེད་པ་སོགས་གང་ཡིན་པ་ཙམ་ཡང་ཐག་གིས་མི་ཆོད། བར་སྟོང་ཙམ་མ་ཟད་དུས་ཀྱི་ཆ་ནས་ཀྱང་དེ་ལྟར་ཡིན། “དེ་བས་ཚན་རིག་ཀྱང་མཐར་གཏུགས་ན་བེད་ཆོད་པའི་ལྷ་སྒྲུང་ཞིག་ལས་དངོས་ཡོད་ཀྱི་གསེལ་འགྲོལ་མིན་ཞེས་ཁ་ཅིག་སྨྲ།”⒁སྔོན་ཆད་ང་ཚོས་བདེན་པར་རློམ་བཞིན་པའི་ཚན་རིག་གི་རྣམ་གཞག་དག་ཀྱང་རེ་རེ་ནས་བཀག་ཅིང་བཤིག་སྟེ་འོང་ན་ད་ལྟ་ང་ཚོས་བདེན་པར་ཡིད་ཆེས་པ་རྣམས་ཡང་ནམ་ཞིག་རྫུན་དུ་མི་སྒྲུབ་པའི་ངེས་པ་ཅི་ལ་ཡོད། དེ་བས་ཕྱི་རོལ་ཡུལ་གྱི་ངོས་ནས་ཀྱང་ཁྱད་པར་མི་གསལ་བའི་རང་བཞིན་ཅན་ཡིན། ཡུལ་ཇི་ལྟ་བ་ལ་ཡུལ་ཅན་ཇི་ལྟ་བུས་གཞལ་ན་འཇལ་བར་ནུས་ཀྱང་སྲིད་མོད། ཡིན་ནའང་། ང་ཚོའི་རྒྱུད་ལ་ཆོས་རྣམས་མ་འདྲེས་པ། མ་བསྣོལ་བ། མ་འཆུག་པའི་ངང་ནས་ཁྱད་པར་གསལ་གྱི་ལེར་མཚོན་འདོད་ཀྱི་འདུན་པ་ཞིག་ལྷན་སྐྱེས་སུ་ཡོད་པས་དེ་གཉིས་འགལ་བར་སོང་། འདི་ནི་ཡུལ་གྱི་ངོས་ནས་ཏེ་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་རྒྱུ་རྐྱེན་དྲུག་པའོ།།
ལྔ་པ། སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་འགལ་བ་ནས་སྟོང་ཉིད་བར།
              སངས་རྒྱས་ཆོས་ལུགས་ཀྱིས་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་འགལ་བ་འདི་ལ་བཏགས་དོན་བཙལ་ནས་རྙེད་རྒྱུ་མེད་པར་ཟེར་ཞིང་། ཆོས་ཐམས་ཅད་ཀྱི་བཏགས་དོན་བཙལ་ན་མི་རྙེད་པའི་རྒྱུ་རྐྱེན་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའམ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཡིན། “གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་མ་གྲུབ་པས་ཁྱབ་”⒂པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའམ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ནི་ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་ཡིན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། “རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། ཆོས་འགའ་ཡོད་པ་མ་ཡིན་ནོ།།”⒂ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བ་ཡིན་པས། རང་བཞིན་གྱིས་གྲུབ་པ་དང་། རང་ཚུགས་ཐུབ་པ། བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་ཡིན། དེ་བས་ན་གང་ཟག་གི་བདག་དང་ཆོས་ཀྱི་བདག་ཀྱང་མེད་པ་ཡིན་ཏེ། གོང་གི་རྣམ་བདུན་ཤིང་རྟའི་རིགས་པ་ནི། གང་ཟག་གི་བདག་མེད་གཏན་ལ་འབེབས་པའི་རིགས་པ་གཙོ་བོ་ཡིན། “ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་རིགས་པ་ནི་གཅིག་དུ་བྲལ་གྱི་གཏན་ཚིགས། རྡོ་རྗེའི་གཟེགས་མའི་གཏན་ཚིགས། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། མུ་བཞི་སྐྱེ་འགོག་གི་གཏན་ཚིགས་བཅས་གཏན་ཚིགས་ཆེན་པོ་བཞི་ཞེས་པ་དེ་ཡིན།”⒃དེ་གཉིས་ཀྱི་ཐུན་མོང་དུ་རིག་པའི་རྒྱལ་བོ་རྟེན་འབྲེལ་གྱི་གཏན་ཚིགས་ཡིན་ལ། རྟེན་འབྲེལ་ལ་ཡང་“ཕྲད་པའི་རྟེན་འབྲེལ། ལྟོས་པའི་རྟེན་འབྲེལ། བརྟེན་པའི་རྟེན་འབྲེལ་”⒄སུམ་དུ་དགར་ནས་སྨྲ་བར་བྱེད། དེ་རྣམས་ཀྱི་བྱེ་བྲག་གི་རིག་ལམ་ནི་གཞུང་གཞན་ལས་ཤེས་པར་བྱ། མཐར་རྟེན་འབྲེལ་གྱི་རིགས་པ་ལ་བརྟེན་ནས་ཆོས་རྣམས་ཀྱི་རང་བཞིན་ནམ་གནས་ལུགས་ཇི་བཞིན་དུ་སྟོན་པ་ཟབ་མོ་སྟོང་བ་ཉིད་གཏན་ལ་ཕབ་པ་ཡིན། “ལྟོས་མེད་ཚིགས་ཐུབ་ཏུ་གྲུབ་པ་རྡུལ་ཙམ་མེད་པས་སྟོང་བ་དང་།རང་གི་ཆ་ཤས་ལ་ལྟོས་ནས་སྣང་རྒྱུ་ཡོད་པ་འདི་ལ་སྣང་སྟོང་འགལ་མེད་དང་སྟོང་དང་རྟེན་འབྱུང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅེས་སྡོམ་ཚིག་བཀོད་ཡོད།”⒅དེ་བས་རྟེན་འབྲེལ་ལ་གོ་བ་ཟབ་མོ་ཆགས་ན་སྟོང་ཉིད་ལ་ངེས་པ་འདྲེན་ནུས་ཤིང་། སྟོང་ཉིད་ལ་གོ་བ་ཟབ་མོ་ཆགས་ན་རྟེན་འབྲེལ་ལའང་ངེས་པ་འདྲེན་ནུས་པར་འདོད། འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་ཆེས་མཐོ་བའི་ལྟ་བའི་ཚད་དུ་བྱེད་དེ། རྗེ་ཙོང་ཁ་བས་མཛད་པའི་《རྩ་ཤེས་ཊིཀ་ཆེན་》ལས། “སྟོང་བའི་དོན་རྟེན་འབྱུང་གི་དོན་དུ་འགྲོ་བ་ནི་རང་བཞིན་གྱིས་གྲུབ་པ་ཚད་མས་ཁེགས་པའི་དབུ་མ་བ་རྣམས་ལ་ཡིན་གྱི་གཞན་ལ་མ་ཡིན་ནོ་”⒆ཞེས་གསུངས་པ་ལྟར་རོ།། གཞན་“མོ་གཤམ་གྱི་བུ་ལྟར་གཏན་མེད་དུ་བཟུང་ནས་ཅི་ཡང་ཡིད་ལ་མི་བྱེད་པ་ཉམས་ལེན་གྱི་མཆོག་ཏུ་འཛིན་པ་རྣམས་ལ་ཐལ་འགྱུར་བའི་དྲི་ཙམ་ཡང་མི་བྲོའོ།།” ﹙20﹚ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་སྟོང་བ་ཉིད་ཡིན་ཞེས་པ་ནི་ཆོས་ཐམས་ཅད་གཏན་ནས་མེད་ཟེར་བ་མིན། རང་བཞིན་གྱིས་མ་གྲུབ་ཟེར་བ་ཡིན། སྔ་མ་དེས་ཆད་པའི་མཐའ་ལས་གྲོལ་ཞིང་། རྗེས་མ་དེས་རྟག་པའི་མཐའ་ལས་གྲོལ་བས་ན་ལུགས་འདི་ལ་དབུ་མ་ཟེར། དབུ་མ་ནི་སློབ་དཔོན་ཀླུ་སྒྲུབ་སོགས་ཀྱིས་གསར་དུ་བཏོད་པ་ཞིག་མིན་པར་སྟོན་པ་ཤཀྱྰ་ཐུབ་པས་དངོས་སུ་གསུངས་པ་ཡིན་ཏེ། 《འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་》ལས་ཀྱང༌། “འོད་སྲུངས་བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ།། མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་གཟུགས་མེད་པ་བསྟོན་དུ་མེད་པ་རྟེན་མེད་པ་སྣང་བ་མེད་པ་རྣམ་པར་རིག་པ་མེད་པ་གནས་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ།།” ﹙21﹚ཞེས་གསུངས་ཡོད་ལ།《འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་》ནི་སྟོན་པ་ཞལ་བཞུགས་པའི་རིང་བརྩམས་པ་ཡིན་པས་སངས་རྒྱས་ཆོས་ལུགས་ཀྱི་ཐོག་མའི་དུས་རིམ་ནས་དབུ་མའི་རིག་པ་དར་ཡོད་པ་ཤེས་ཐུབ། དེ་ལྟར་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་འགལ་བ་དེ་མཐར་སྟོང་བ་ཉིད་ལ་དེད།
དྲུག་པ། སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་འགལ་བ་ནས་མག་མོག་རིག་པའི་བར།
              ནུབ་ཕྱོགས་མཚན་ཉིད་རིག་པ་བ་རྣམས་གནད་དོན་འདིའི་སྐོར་ལའང་ལྟ་ཚུལ་མི་འདྲ་བ་མང་པོ་བྱུང་། ཡིན་ནའང་། ཁོ་ཚོ་ཐུན་མོང་དུ་འདི་ལ་“མག་མོག་རང་བཞིན་”ཞེས་འབོད། དེ་ཡང་གཙོ་བོ་དུས་རིམ་གཉིས་སུ་བགོས་ནས་བཤད་ཆོགདུས་རིམ་དང་པོ་ནི་དུས་རབས་18པའི་ཡར་སྔོན་ཡིན་ལ་འདིའི་སྐབས་ཀྱི་མཁས་པ་རྣམས་ཀྱིས། སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་འགལ་བ་འདི་ལ་ཞིབ་འཇུག་བྱས་པའི་ཁྱད་ཆོས་གཙོ་བོ་ནི། འདི་ཉིད་སྤངས་བྱའམ་སྐྱོན་ཆ་ཞིག་ཏུ་བརྩིས་ཤིང་དེ་སེལ་བའི་ཐབས་ལ་འབད་པ་རེད། སྤྱི་ལོ་སྔོན་གྱི་ལོ་400ཡི་ཡས་མས་ཙམ་ལ་ཏི་མོ་ཁུ་ལེ་ཐུ་(德谟克利特)ཡིས་དབང་ཤེས་ཀྱི་ངོས་ཐད་ནས་མག་མོག་རང་བཞིན་ལ་ཞིབ་འཇུག་བྱས་ཏེ་མིག་སོགས་དབང་བོ་ལྔའི་ཤེས་པ་ནི་མག་མོག་གམ་མི་གསལ་བའི་རང་བཞིན་ཡིན་པར་བཤད། ལེ་པུ་ཉི་ཚི་(莱布尼茨)ཡིས་སྐད་ཆའི་ངོས་ཐད་ནས་ཞིབ་འཇུག་བྱས་ཤིང་། ཁོས་“མཚན་ཉིད་རིག་པ་བ་རྣམས་རྩོད་གླེང་རྒྱུན་ཆད་མེད་པར་འབྱུང་བ་ནི་‘རང་བྱུང་སྐད་ཆའི་(自然语言)’བརྡ་དོན་མ་གསལ་བ་ཡིན་པས།གྲངས་རིག་གི་སྐད་ཆ་སྤྱི་སྤྱོད་སྐད་ཆར་གཏན་འཁེལ་བྱས་ཏེ་གནད་དོན་འདི་ཐག་གཅོད་དགོས་པར་འདོད།” ﹙22﹚དུས་རབས་17པའི་ནང་དུ་བྱོན་པའི་ཧྥུར་ཐེལ་(伏尔泰)གྱིས་ཀྱང་སྐད་ཆའི་ངོས་ཐད་ནས་ཞིབ་འཇུག་བྱས་ཤིང་། “འཇིག་རྟེན་ན་ང་ཚོའི་ཚོར་འདུ་མཐའ་དག་ཇི་བཞིན་དུ་མཚོན་ཐུབ་པའི་སྐད་ཆ་ཞིག་མི་འདུག་ཅེས་བཤད།” ﹙23﹚ དུས་རིམ་གཉིས་པ་ནི་དུས་རབས་18པའི་དུས་མགོ་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་དུ་ཡིན། འདིའི་རིང་གི་མཁས་པ་རྣམས་ཀྱིས་སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་འགལ་བ་འདི་ལ་ཞིབ་འཇུག་བྱས་པའི་ཁྱད་ཆོས་གཙོ་བོ་ནི། དེ་ཉིད་སྤངས་བྱ་མ་ཡིན་ལ་དགེ་མཚན་དང་བཅས་པ། ཡང་ན་དགེ་སྐྱོན་གཉིས་ཀ་དང་ལྡན་པ་ཞིག་ཏུ་ངོས་བཟུང་། དེ་ཡང་དུས་རབས་18པའི་ནང་དུ་བྱོན་པའི་ཁང་ཏི་(康德)ནས་མགོ་བརྩམས། ཁོས་ཆེས་ཐོག་མར་མག་མོག་རང་བཞིན་འདི་དགེ་མཚན་དང་བཅས་པ་ཡིན་པར་བཤད། ཁོས་“མག་མོག་གི་སྐད་ཆ་ནི་ཁ་གསལ་བའི་སྐད་ཆ་ལས་ཀྱང་མཚོན་སྟོབས་ཆེ་ལ་མག་མོག་གི་སྐད་ཆ་ལས་སྒྱུ་རྩལ་དང་མཛེས་པ་ཁྱད་པར་བ་ཞིག་མངོན་ཐུབ། མཛེས་པ་ངོ་མ་དེ་ཡང་མ་གཞི་ནས་སྨྲ་བསམ་བརྗོད་བྲལ་ཞིག་དང་། ང་ཚོའི་སེམས་ཀྱི་འགྱུར་བ་མཐའ་དག་ཀྱང་སྐད་ཆས་ཇི་བཞིན་དུ་མཚོན་མི་ཐུབ་” ﹙24﹚ཅེས་བཤད། 1923ལོར་རོ་སོ་(罗素)ཡིས་《མག་མོག་རང་བཞིན་གླེང་བ་》ཞེས་པའི་དཔྱད་རྩོམ་སྤེལ་ཏེ། ཚད་ངེས་ཅན་ཞིག་གི་སྟེང་ནས་སྐད་ཆ་ཡོད་ཚད་ནི་མག་མོག་རང་བཞིན་ཅན་ཡིན་པའི་ལྟ་བ་བཏོན་པ་དང་མག་མོག་གི་ཤེས་བྱ་ནི་ལྷག་ཏུ་བདེན་པ་དང་ཐག་ཉེ་བར་བཤད། གཞན་ཡང་། དངོས་ལུགས་རིག་པ་བ་ཏུའུ་འུན།(杜恩)སྐད་བརྡ་རིག་པ་བ་འན་ཏུང་མར་ཏེ། (安东•马尔蒂)མིའི་རིགས་རིག་པ་བ་ས་ཕེར།(萨丕尔)མཚན་ཉིད་རིག་པ་བ་ཝེ་ཐི་གིན་སི་ཐན་(维特根斯坦)སོགས་རིག་གཞུང་སྣ་མང་གི་མཁས་པས་སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་འགལ་བ་འདི་ལ་ཕྱོགས་སྒོ་མོ་ནས་ཞིབ་འཇུག་བྱས་ཤིང་། 1965ལོར། ཨ་མེ་རི་ཁའི་ཅ་ཀྲིག་སློབ་ཆེན་གྱི་ཆེད་མཁས་པ་ཀྲ་དིག་(札德)གིས་“མག་མོག་གི་ཚོགས་སྤྱི་”ཞེས་པ་བཏོན་པ་དང་“མག་མོག་རིག་པ་”བྱུང་བར་བརྩི་བཞིན་ཡོད།
བདུན་པ། སྟོང་ཉིད་བསྟན་པའི་རྒྱུ་རྐྱེན།
              སྤྱི་ཚོགས་གནས་བབ་ཀྱི་ཐད་ནས་བཤད་ན། “ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་1500ནས་སྤྱི་ལོ་སྔོན་གྱི་ལོ་900ཡས་མས་སུ་” ﹙25﹚གནའ་བོའི་རྒྱ་གར་ལ་བྲམ་ཟེའི་ཆོས་ལུགས་ཀྱིས་དབང་སྒྱུར་བྱས་ཤིང་གྲལ་རིམ་ཆེན་པོ་བཞི་ཡོད་དེ། བྲམ་ཟེའི་རིགས། རྒྱལ་རིགས། རྗེ་རིགས། དམངས་རིགས་བཅས་བཞི་ཡིན། གོ་གནས་ཆེས་མཐོ་ཤོས་བྲམ་ཟེའི་རིགས་དང་། དེ་ནས་རྒྱལ་རིགས། དེ་ནས་རྗེ་རིགས། ཆེས་དམའ་བ་དམངས་རིགས་ཡིན། རྒྱུ་མཚན་ནི་ལྷ་ཚངས་པ་ཡིས་འཇིག་རྟེན་བསྐྱེད་པའི་སྐབས་སུ། “ཁ་ནས་བྲམ་ཟེ། དཔུང་བ་ལས་རྒྱལ་རིགས། བརླ་ལས་རྗེ་རིགས། རྐང་བའི་མཐིལ་ལས་དམངས་རིགས་རྣམས་བསྐྱེད་” ﹙26﹚པར་འདོད་ཅིང་། བྲམ་ཟེ་རྣམས་ཀྱིས་སྐབས་དེའི་སྤྱི་ཚོགས་སྟེང་གི་རིམ་པ་དང་པོའི་གོ་གནས་ཟིན་ཡོད། བྲན་གཡོག་གི་བདག་པོ་སྟེ་དབང་བསྒྱུར་གྲལ་རིམ་གྱིས་རིམ་པ་སོ་སོའི་མི་རྣམས་ཀྱི་སྤྱི་ཚོགས་གོ་གནས་དང་། དབང་ཆ། འོས་འགན། འཚོ་བ་རོལ་སྟངས་བཅས་ལ་གཏན་འཁེལ་རང་བཞིན་གྱི་ཁྲིམས་ལུགས་ནན་མོ་བཟོས་ཤིང་། རིམ་པ་དམའ་བའི་མི་རྣམས་ཀྱིས་རིམ་པ་མཐོ་བའི་ལས་རིགས་བྱེད་མི་ཆོག་པ་དང་། རིམ་པ་མི་མཐུན་པའི་མི་ཕན་ཚུན་གཉེན་སྒྲིག་དང་། མཉམ་འདུག་སོགས་བྱེད་མི་ཆོག་པར་མ་ཟད། ཉེས་ཆད་གཅོད་པའི་ཐད་ལའང་ཧ་ཅང་འདྲ་མཉམ་མིན། དཔེར་ན། “བྲམ་ཟེའི་རིགས་ཀྱིས་དམངས་རིགས་ལ་བརྙས་བཅོས་བཏང་ན་དངུལ་ཆད་ཅུང་ཙམ་སྤྲད་པས་ཆོག་ལ། དམངས་རིགས་ཀྱིས་གོང་གི་རིམ་པ་གསུམ་ལ་གནོད་འཚེ་བཏང་ན་ལྕེ་གཅོད་པ་དང་སྣུམ་ཁོལ་མ་ཁ་ནང་དུ་ལྡུག་པ་སོགས་ཅི་འདོད་ཀྱི་ཉེས་ཆད་བཟོད་གླགས་མེད་པ་གཏོང་བར་《མ་ནུ་》ཞེས་བྱ་བའི་བྲམ་ཟེའི་ཁྲིམས་ཡིག་ཏུ་བཤད།” ﹙27﹚དེ་བས་གནའ་བོའི་རྒྱ་གར་ལ་བྲམ་ཟེའི་ཆོས་ལུགས་ཀྱིས་དབང་བསྒྱུར་བྱས་པའི་རིང་། གྲལ་རིམ་བར་ལ་མཐོ་དམན་གྱི་ཁྱད་པར་ཧ་ཅང་ཆེ་ཞིང་། རིགས་མཆོག་ཏུ་གྱུར་བ་ནི་ནམ་ཡང་རིགས་མཆོག་ཏུ་གྱུར་བ་དང་གཉའ་གནོན་བྱེད་མཁན་ཡིན་པ། རིགས་ཐ་ཤལ་བ་ནི་ནམ་ཡང་རིགས་ཐ་ཤལ་བ་དང་གཉའ་གནོན་མྱོང་མཁན་ཡིན་པའི་འདུ་ཤེས་ཆགས་ཡོད།
              ནང་བསྟན་ཆོས་ལུགས་ཀྱིས་དེ་ལྟ་བུའི་སྤྱི་ཚོགས་གནས་བབས་ལ་དམིགས་ནས་བྲམ་ཟེའི་ཆོས་ལུགས་ཀྱི་དགོངས་པ་ལ་མཐའ་གཅིག་ཏུ་རྒྱབ་ཀྱིས་ཕྱོགས་ཏེ། ང་ཡི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ། ཞེས་པ་ལྟར་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པའི་ལྟ་བ་བཏོན། དེ་ཡང་འཇིག་རྟེན་ནི་ལྷ་ཚངས་པ་དང་“དབང་ཕྱུག་ལ་སོགས་པ་སུས་ཀྱང་བློ་སྔོན་དུ་བཏང་སྟེ་བྱས་པ་མ་ཡིན་གྱི་འོན་ཀྱང་སེམས་ཅན་རྣམས་ཀྱི་ལས་དགེ་མི་དགེ་སྣ་ཚོགས་ལས་སྣོད་བཅུད་ཀྱི་འཇིག་རྟེན་བདེ་སྡུག་དང་བཟང་ངན་ལ་སོགས་པ་སྣ་ཚོགས་སྐྱེས་”﹙28﹚ཤིང་། སེམས་ཅན་ཐམས་ཅད་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་འདྲ་མཚུངས་ཡིན། རང་ནི་གཅིག་དང་སེམས་ཅན་གྱི་གྲངས་མཐའ་ཡས་པའི་ཕྱིར། སེམས་ཅན་གྱི་བདེ་བ་ནི་རང་གི་བདེ་བ་ལས་གལ་ཆེ།“འཇིག་རྟེན་གྱི་བྱ་བ་ངན་པ་ཚང་མའི་རྩ་བ་ནི་སྒེར་སེམས་ལ་ཐུག་ཡོད་ཅིང་།” ﹙29﹚སྒེར་སེམས་ནི་སྲིད་པའི་ཕུན་ཚོགས་ལ་ཞེན་ཆགས་ཀྱི་དབང་གིས་བྱུང་། ཆགས་ཞེན་གྱི་རྩ་བ་ནི་བདག་འཛིན་ཡིན་ལ། “བདག་ཉིད་ཡོངས་སུ་མ་བཏང་ན།། སྡུག་བསྔལ་སྤོངས་པར་མི་ནུས་ཏེ།།” ﹙30﹚“བདག་འཛིན་ཡོད་ན་སྡུག་བསྔལ་མི་འདོད་ཀྱང་ནན་གྱིས་སྐྱེད།” ﹙31﹚བདག་འཛིན་གྱི་གཉེན་པོ་ནི་བདག་མེད་རྟོགས་པའི་ཤེས་རབ་ཡིན་ཏེ། “བཞི་བརྒྱ་བར། ཡུལ་ལ་བདག་མེད་མཐོང་ན་ནི།།སྲིད་པའི་ས་བོན་འགག་པར་འགྱུར།།” ﹙32﹚ཞེས་གསུངས། ཡིན་ནའང་། “འཇིག་རྟེན་རྒུད་པ་ཇི་སྙེད་པ།། དེ་ཡི་རྩ་བ་མ་རིག་སྟེ།།” ﹙33﹚ཞེས་གསུངས་པ་ལྟར། མ་རིག་པའི་དབང་གིས་སྣང་ཚུལ་དང་གནས་ཚུལ་འགལ་བའི་སྒོ་ནས། ཆོས་བདག་མེད་པ་ལ་བདག་ཏུ་བཟུང་། མི་གཙང་བ་ལ་གཙང་བར་བཟུང་། མི་རྟག་པ་ལ་རྟག་པར་བཟུང་། སྡུག་བསྔལ་བ་ལ་བདེ་བར་བཟུང་བས། “སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་འཇུག། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་འཇོམས།།” ﹙34﹚དེ་བས་ན་ཐམས་ཅད་ཀྱི་རྩ་བ་ནི་ཆོས་རྣམས་ཀྱི་རང་བཞིན་ནམ་ངོ་བོའི་གནས་ལུགས་མཐར་ཐུག་པ།ཟབ་མོ་སྟོང་བ་ཉིད་འདི་རྟོགས་མི་རྟོགས་ལ་རག་ལས་ཤིང་། འདི་རྟོགས་ན་མ་རིག་པ་འགག མ་རིག་པ་འགག་ན་བདག་འཛིན་འགག་པ་སོགས་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་འགལ་བ་ཐམས་ཅད་ཞི་ཞིང་། “སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་འདུལ།།” ﹙35﹚བ་ལ་སོགས་པའི་ལེགས་ཚོགས་ཐམས་ཅད་ཀྱང་འདི་ལ་བརྟེན་ནས་འབྱུང་བས་ན། སྟོང་བ་ཉིད་ནི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་གཞི་རྐང་དང་སྲོག་རྩ་ལྟ་བུར་སོང་ཡོད། ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་ཉིད་ཡིན་པ་གཞིར་བཞག་ན་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་ཐམས་ཅད་ཀྱང་འཐད་ལྡན་དུ་འགྲུབ་པས། སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་འགལ་བ་འདི་སྟོང་བ་ཉིད་ལ་གཏུགས་པར་འདོད།
              སངས་རྒྱས་ཆོས་ལུགས་ཀྱི་འབྱུང་ཡུལ་ཏེ་གནའ་བོའི་རྒྱ་གར་དུ་གྲུབ་མཐའ་མང་པོས་ཕན་ཚུན་བར་གཏན་ཚིགས་རིགས་པའི་རྩོད་པ་བྱེད་ལུགས་སྔ་མོ་ནས་ཤུགས་ཆེན་དར་ཡོད། “གཅེར་བུ་བའི་གླེགས་བམ་དུ་དུས་དེར་ལྟ་བ་མི་འདྲ་བ་སུམ་བརྒྱ་དང་རེ་གསུམ་དར་ཡོད་པར་བཤད་པ་དང་།ནང་བའི་གཞུང་དུ་དུས་དེར་ཕྱི་རོལ་བའི་ལྟ་བ་གོ་དྲུག་དར་ཡོད་པར་བཤད་ལ། མང་ཆེ་ཤོས་ནི་གཏན་ཚིགས་རང་བཞིན་ཅན་གྱི་ལྟ་བ་ཤ་སྟག་ཡིན།”﹙36﹚རྩོད་པ་བྱེད་པའི་སྐབས་སུ་སྟོན་པ་དང་བསྟན་པ་དཔང་ལ་འཇོག་པ་དང་། རྩོད་པ་ལས་ཕམ་ན་རང་གི་བསྟན་བཅོས་ཁྱིའི་རྔ་མར་འདོགས་པ། རྩོད་པ་ལས་རྒྱལ་ན་རྒྱལ་རྔ་རྡུང་བ་དང་དར་འཕྱར་བ་སོགས་ཀྱི་སྲོལ་ཡོད་དེ། པཎ་ཆེན་ཆོས་མཆོག་ལ་རྒྱལ་རྔ་གསུམ་པ་དང་སློབ་དཔོན་ཆོས་གྲགས་ལ་རྒྱལ་རྔ་བདུན་པ་ཞེས་འབོད་པ་ཡང་ཕྱི་རོལ་བ་ཕམ་པར་བརྒྱབ་པའི་ཐེངས་གྲངས་ལ་བརྟེན་ནས་བཏགས། གཞན་ཡང་སློབ་དཔོན་ཨརྱ་དེ་ཝས་སློབ་དཔོན་རྟ་དབྱངས་ནང་བར་བཀུག་པ། སློབ་དཔོན་ཕྱོགས་གླང་གིས་དྲང་སྲོང་ཐུབ་སྦྱིན་གྱི་རྒོལ་བ་ཚར་བཅད་པ། སློབ་དཔོན་དབང་ཕྱུག་སྡེ་ཡིས་ཕྱི་རོལ་བའི་པཎྜིཏ་མང་བོ་ཕམ་པར་བརྒྱབ་པ་བཅས་ཀྱི་ལོ་རྒྱུས་ད་ལྟའི་བར་དུའང་མ་ཉམས་པར་ཡོད་པས་སྐབས་དེར་གཏན་ཚིགས་རིག་པའི་རྩོད་པ་བྱེད་ལུགས་ཤུགས་ཇི་ཙམ་ཆེ་བ་ཤེས་ཐུབ། གྲངས་ཅན་པ་ལ་སོགས་ཕྱི་རོལ་བའི་གྲུབ་མཐའ་དག་ཀྱང་ཕན་ཚུན་རྩོད་པས་འཐབ་སྟེ་རྩ་བའི་སྡེ་དྲུག་གི་བར་དུ་ཐུག སངས་རྒྱས་ཆོས་ལུགས་ནི་དེ་ལྟ་བུའི་ཁོར་ཡུག་ནས་འཚར་ལོངས་འབྱུང་བར་གཏན་ཚིགས་རིགས་པའི་རྒྱབ་རྟེན་ནམ་རྨང་གཞི་མཐུག་པོ་ཞིག་ཅིས་ཀྱང་ཡོད་དགོས་པ་ཡིན་ལ། དག་དག་སྟོང་ཉིད་ཀྱི་རིག་པ་འདི་རྩོད་པའི་ཟླ་དང་བྲལ་བ་ཞིག་ཏུ་འདུག་སྟེ། “ཡོད་མེད་གཉིས་ལས་འདས་པའི་དབུ་མ་བའི་རིགས་པ་ནི། འཇིག་རྟེན་ཕལ་བའི་རིགས་པས་ལས་འདས་པའི་རིགས་པ་ཡིན་པས་ཡོད་མེད་གཉིས་ལ་རྩ་བ་བརྟེན་པའི་རིགས་པ་གང་གིས་ཀྱང་སུན་འབྱིན་མི་ནུས་པ་ཡིན་ཞེས། འཇུག་འགྲེལ་ལས། གཉིས་སུ་སྨྲ་བ་འདི་མི་རིགས་པ་དེ་ཉིད་ཀྱི་ཕྱིར་གཉིས་ལ་བརྟེན་ནས་སུན་འབྱིན་པ་དང་ལན་སྨྲ་བས་དབུ་མ་བ་ལ་རྣམ་པ་ཐམས་ཅད་དུ་གླགས་མི་རྙེད་གསུངས།” ﹙37﹚ཞེས་གསུངས་ཤིང་། དེ་ཡང་དོན་ལ་སྟོང་བ་ཉིད་ཀྱི་རིག་པ་འདི་སུས་ཀྱང་སུན་འབྱིན་མི་ནུས་ཞེས་པ་དང་གཅིག་ཡིན་ཏེ། “སློབ་དཔོན་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། དེ་ནི་སྟོང་བ་ཉིད་དུ་བཤད།། དེ་ནི་བརྟེན་ནས་གདགས་པ་སྟེ།།དེ་ནི་དབུ་མའི་ལམ་ཡིན་ནོ།།” ﹙38﹚ཞེས་གསུངས། དེ་བས་སྐབས་ཤིག་ན་མུ་སྟེགས་པ་རྣམས་ཀྱང་རིག་པ་འདི་ལ་འགྲམ་ཆུ་ལྡང་ནས་རང་གི་གཞུང་ཏུ་དྲངས་པར་བརྩམ་པའི་ལོ་རྒྱུས་ཀྱང་ཡོད་པས། འདི་ཡང་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དུ་སྟོང་ཉིད་བསྟན་པའི་རྒྱུ་རྐྱེན་ཞིག་ཏུ་འདོད།
བརྒྱད་པ། མག་མོག་རིག་པ་བྱུང་བའི་རྒྱུ་རྐྱེན།
              ནུབ་ཕྱོགས་སུ་རྩ་བའི་ཆ་ནས་སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་འགལ་བ་འདི་ལ་འགྲེལ་ཚུལ་མི་མཐུན་པ་གཉིས་བྱུང་ཡོད་པས་འབྱུང་རྐྱེན་ཡང་དུས་རིམ་གཉིས་ལ་བགོས་ནས་འཆད་འདོད། དུས་རབས་18པའི་དུས་མགོ་ནི་དེ་གཉིས་ཀྱི་དབྱེ་མཚམས་ཡིན། དེའི་ཡར་སྔོན་དུ་གནའ་བོའི་རོ་མའི་མཚན་ཉིད་རིག་པ་དང་དུས་རབས་བར་མའི་ཆོས་ལུགས་བསམ་བློ་གཙོ་བོ་ཡིན་ལ། དེ་གཉིས་ལ་བདེན་ལུགས་འདུ་ཤེས་(真理意识)ཧ་ཅང་ཤུགས་དྲགས་པོ་ཡོད།དབྱིན་སྐད་དུ་མཚན་ཉིད་རིག་པ་ལ་Philosophyཟེར་ཞིང་། དེ་ནི་གེ་རི་སིའི་མིང་ཚིག་Philaདང་Sophia གཉིས་འདུས་པ་ལས་བྱུང་། དེའི་དོན་ནི་ཤེས་རབ་བམ་གནས་ལུགས་ལ་དགའ་བ་དེ་ཡིན་ལ། གནས་ལུགས་འཚོལ་རྒྱུ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན། “གེ་རི་སིའི་ཡི་གེ་རུ་གནས་ལུགས་ལ་aletheiaཟེར་ཞིང་། དབྱེ་འབྱེད་དང་བསྔོག་འདོན་བྱེད་པའི་དོན་ཡིན་པས། གནས་ལུགས་ནི་གབ་པ་ཞིག་མངོན་པར་བཏོན་པ་ལ་ངོས་འཛིན།” ﹙39﹚དེའི་ཤུགས་སུ་གནས་ལུགས་མཐར་ཐུག་ཅིག་ཅིས་ཀྱང་ཡོད་པར་འཛིན་པའི་འདུ་ཤེས་ཤིག་ཡོད་ལ། དེ་ཉིད་གསལ་བར་བྱེད་པ་གཙིགས་སུ་བཟུང་ནས། གནད་གང་ལ་ཡང་བདེན་པ་ཡང་དག་འཚོལ་བར་བརྩོན། སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་འགལ་བ་འདི་ཡང་མག་མོག་ཡིན་པའི་རང་བཞིན་ལ་ལྟོས་ཏེ་སྐྱོན་དུ་བགྲང་ཞིང་དེ་སེལ་བའི་ཐབས་ལ་འབད་པ་རེད་སྙམ། དུས་རབས་18པའི་ལོ་རབས་30པ་ནས་བཟུང་། “འཛམ་གླིང་རྙེད་པ་དང་མི་རྙེད་པ་” ﹙40﹚ཞེས་པ་ལྟར། རིག་རྩལ་བསྐྱར་དར་གྱི་ཤུགས་རྐྱེན་ལ་བརྟེན་ནས་ནུབ་ཕྱོགས་སུ་མི་སྒེར་རིང་ལུགས་(个人主义)དར་མགོ་ཚུགས། དེ་ཡང་དུས་རབས་16པའི་ཆོས་ལུགས་གསར་བརྗེ། དུས་རབས་17པའི་དབྱིན་ཇིའི་ཆབ་སྲིད་གསར་བརྗེ། དུས་རབས་18པའི་བཟོ་ལས་གསར་བརྗེ། ད་དུང་ཧྥ་རན་སིའི་གསར་བརྗེ་ཆེན་མོ། ཨ་མེ་རི་ཁའི་རང་བཙན་གསར་བརྗེ་སོགས་རིམ་པར་བརྒྱུད་དེ་ཡོངས་ཁྱབ་དང་གཏན་འཇགས་སུ་གྱུར། དེ་ནས་བཟུང་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་རྣམས་དང་ནུབ་ཕྱོགས་མཚན་ཉིད་རིག་པའི་མཁས་པ་དག་གིས་གནད་དོན་འདིར་བཟུང་བའི་ལྟ་བ་ལ་ཁྱད་པར་ཆེན་པོ་བྱུང་། སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་རྣམས་ཀྱིས་འདི་ནི་བདག་འཛིན་མ་རིག་པ་ལས་བྱུང་བར་འདོད་ལ། སྤངས་བྱ་ཡིན་པ། སྤངས་པར་ནུས་པ་བཅས་ཡིན་པར་འདོད། དེ་ལས་ལྡོག་སྟེ། ནུབ་ཕྱོགས་མཚན་ཉིད་རིག་པའི་མཁས་པ་རྣམས་ཀྱིས་འདི་ནི་དགོས་དབང་གིས་ཆེད་དུ་བཞག་པ་ཡིན་ལ། སྤངས་པར་མི་ནུས་པ། དགེ་མཚན་དང་བཅས་པ་ཡིན་པར་འདོད། མི་སྒེར་རིང་ལུགས་ལ་རང་ཁེ་རིང་ལུགས་(利己主义)ཀྱང་ཟེར།སྒེར་དབང་ལམ་ལུགས་(私有制)ཀྱི་བསྐྱེད་འབྲས་ཡིན་པར་གྲགས་ཤིང་མི་སྒེར་གྱི་ཁེ་ཕན་ནི་བྱ་བ་ཐམས་ཅད་ཀྱི་གཞི་འཛིན་ས་ཡིན། བསམ་བློ་གཙོ་བོ་ནི་མི་སྒེར་གྱི་ཁེ་ཕན་དེ་སྤྱིའི་ཁེ་ཕན་གྱི་གོང་ཏུ་འཇོག་པ་ཡིན་ཏེ། ཧའེ་གུར་(黑格尔)གྱིས་“མི་ཚང་མས་རང་གི་དམིགས་འབེན་སྒྲུབ་” ﹙41﹚ཟེར་བ་དང་། ཨུན་གི་སི་(恩格斯)ཡིས་“མི་རྣམས་རང་དོན་གཉེར་ནས་ལོ་རྒྱུས་བསྐྲུན་” ﹙42﹚ཟེར་བ་ལྟར་ཡིན། དེ་བས་སྐབས་དེ་ནས་བཟུང་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་འགལ་བ་འདི་ལའང་མི་སྒེར་གྱི་ཁེ་ཕན་གྱི་ངོས་ཐད་ནས་བསམ་བློ་བཏང་། དཔེར་ན། སྐད་ཆའི་མག་མོག་རང་བཞིན་ལྟ་བུ་ཡིས་མི་སྒེར་གྱི་བསམ་བློ་མཚོན་པ་དང་ཁེ་ཕན་སྲུང་བ་སོགས་ཀྱི་ཐད་ནུས་པ་ཐོན་ཐུབ་པ་ལ་དམིགས་ནས་དེ་དགེ་མཚན་དང་བཅས་པ་ཡིན་པར་འགྲེལ། མི་སྒེར་རིང་ལུགས་ཀྱི་བེད་ཆོད་རིང་ལུགས་དང་མི་སྒེར་རིང་ལུགས་ཀྱི་བྱེད་ནུས་རིང་ལུགས་སོགས་བསམ་བློའི་ཤུགས་རྐྱེན་ལ་བརྟེན་ནས། གནད་དོན་འདི་ཡང་ལག་ལེན་རང་བཞིན་དང་བེད་ཆོད་རང་བཞིན་ལྡན་པའི་མག་མོག་རིག་པར་འཕེལ་རྒྱས་སུ་བཏང་བ་ཡིན་པར་འདོད།
དགུ་པ། མཇུག་སྡོམ།
              སངས་རྒྱས་ཆོས་ལུགས་ཀྱིས་ཆོས་རྣམས་ཀྱི་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་ལ་བརྟེན་ནས་སྟོང་བ་ཉིད་ཀྱི་ལྟ་བ་བཏོན་པ་དང་། ནུབ་ཕྱོགས་མཚན་ཉིད་རིག་པས་ཆོས་རྣམས་ཀྱི་“མག་མོག་རང་བཞིན་”ལ་བརྟེན་ནས་“མག་མོག་རིག་པ་”བཏོན། འདིར་གོང་དུ་སོང་ཟིན་པ་ལྟར་དེ་གཉིས་ཕན་ཚུན་གཤིབ་བསྡུར་བྱས་པའི་མྱོང་ཚོར་རྣམས་བསྡོམས་དེ་བཀོད་ན།1.སྣང་ཚུལ་དང་གནས་ཚུལ་མ་མཐུན་པ་ནི་གཞུང་ལུགས་འདི་གཉིས་ཐོག་མར་འཕྲད་པའི་ཐུན་མོང་གི་གནད་དོན་དེ་ཡིན་པ།2.སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་འགལ་བ་ནི་མིའི་རིགས་སྤྱི་ལ་ཡོད་པ་དང་ཡོད་པའི་རྒྱུ་མཚན་ཡོད་པ།3.མག་མོག་རིག་པ་དང་སྟོང་ཉིད་ཀྱི་རིག་པ་ནི་གཞིའི་གནད་དོན་གཅིག་ལ་ཟུར་མི་འདྲ་བའི་སྒོ་ནས་དབྱེ་ཞིབ་དང་འགྲེལ་བཤད་བྱས་པ་ཡིན་པ།4.གཞུང་ལུགས་འདི་གཉིས་ཀྱིས་གཞིའི་གནད་དོན་གཅིག་ལ་འགྲེལ་བཤད་བྱེད་སྟངས་མི་འདྲ་བ་བཏོན་པ་ནི་སྐབས་དེའི་སྤྱི་ཚོགས་དང་རིག་གནས་རྒྱབ་ལྗོངས། རིན་ཐང་ལྟ་ཚུལ་སོགས་ཀྱི་བསྐྱེད་འབྲས་ཡིན་པ།5.གཞུང་ལུགས་གཉིས་ཕན་ཚུན་གཤིབ་བསྡུར་བྱེད་པ་ལ་ངེས་པར་དུ་འདྲ་ས་དང་མི་འདྲ་ས་ཕྱོགས་གཉིས་ཀ་ནས་བསམ་བློ་གཏོང་དགོས་པ་བཅས་སོ།།
མཆན་འགྲེལ།
              ①མག་མོག་རིག་པ།(模糊学) དུས་རབས་20བའི་ལོ་རབས་70ནང་བྱུང་བའི་ནུབ་ཕྱོགས་ཀྱི་རྩིས་རིག་གཞུང་ལུགས་ཤིག
              ②《གཞུང་པོ་ཏི་ལྔའི་རྩ་བ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996 ཤ195
              ③བསོད་ནམས་རྒྱལ་མཚན། 《སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009 ཤ206
              ④དཔེ་འདི་ནི་གནའ་བོའི་གེ་རི་སིའི་མཚན་ཉིད་རིག་པ་བ་ཡོ་པུ་ལེ་ཏེ་(欧布里德Eubulides)ཡིས་ཐོག་མར་བཤད།
              ⑤《གཞུང་པོ་ཏི་ལྔའི་རྩ་བ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996 ཤ196
              ⑥བེ་ལིམ་ཕང་ཏིག་ཟི་ཐོང་(威廉姆•庞德斯通)གིས་བརྩམས། ལིས་ཏ་ཆིང་(李大强)གིས་བསྒྱུར། 《རིགས་འདེད་ཀྱི་གསང་ལམ》(《推理的迷宫》)པེ་ཅིང་ཚན་རྩིས་དཔེ་སྐྲུན་ཁང་། 2005 ཤ18
              ⑦ཧུའུ་ཅོན།(胡军)《མཚན་ཉིད་རིག་པ་ནི་ཅི་ཞིག་ཡིན》(《哲学是什么》)པེ་ཅིང་སློབ་ཆེན་དཔེ་སྐྲུན་ཁང་། 2002 ཤ191 དཔེ་འདི་ནི་གནའ་བོའི་གེ་རི་སིའི་མཚན་ཉིད་རིག་པ་བ་ཡོ་པུ་ལེ་ཏེ་(欧布里德Eubulides)ཡིས་ཐོག་མར་བཤད།
              ⑧སི་ཐུང་ཕུ་ཧྥུ་(斯通普夫)དང་ཧྥེ་ཙིག་(菲泽)གིས་བརྩམས། ཁང་ཧོང་(匡宏)དང་ཏིན་ཞའོ་མིང་(邓晓明)གིས་བསྒྱུར། 《ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས》(《西方哲学史》)འཛམ་གླིང་དཔེ་དེབ་དཔར་སྐྲུན་ཀུང་ཟི། 2012 ཤ10
              ⑨ཧྲི་ཐེ་ཧྥིན་ཧའོ་ཁིན་(史蒂芬•霍金)གྱིས་བརྩམས། བུའུ་ཀྲུང་ཁྲའོ་(吴忠超)ཡིས་བསྒྱུར། 《དུས་ཚོད་ཀྱི་ལོ་རྒྱུས་ཐུང་ངུ》(《时间简史》) ཧུའུ་ནན་ཚན་རིག་ལག་རྩལ་དཔེ་སྐྲུན་ཁང་། 2008 ཤ13
              ⑩ཁྲིན་པའོ།(陈波)《གཏན་ཚིགས་མཚན་ཉིད་རིག་པའི་འཇུག་ངོགས》(《逻辑哲学引论》)མི་དམངས་དཔེ་སྐྲུན་ཁང་། 1990 ཤ262
              ⑾དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009 ཤ1036
              ⑿དགེ་འདུན་ཆོས་འཕེལ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013 སྨད་ཆ། ཤ509
              ⒀ཨེན་གི་སི་(恩格斯)ཡིས་བརྩམས། ཡིས་ཀོང་ཡོན་(于光远)སོགས་ཀྱིས་བསྒྱུར། 《རང་བྱུང་རྟེན་འབྲེལ་རིག་པ》(《自然辨证法》) མི་རིགས་དཔེ་སྐྲུན་ཁང་། 1984 ཤ84
              ⒁ཏ་བེ་ཨེ་ཏིག་མིན་(大卫•埃德蒙)དང་ནེ་ཅེ་འར་བོ་པོ་ཏོན་(奈杰尔•沃伯顿)གཉིས་ཀྱིས་བརྩམས། ཅང་ཧྲུའུ་(江舒)ཡིས་བསྒྱུར། 《མཚན་ཉིད་རིག་པ་བས་ཇི་ལྟར་དཔྱད》(《哲学家怎么想》) ཞིན་ཧ་དཔེ་སྐྲུན་ཁང་། 2012 ཤ79
              ⒂ཀུན་མཁྱེན་འཇིགས་མེད་དབང་པོ། 《གྲུབ་མཐའ་རིན་ཆེན་ཕྲེང་བ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994 ཤ43
              ⒃《དབུ་མ་རྩ་བ་ཤེས་རབ་རྩ་འགྲེལ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998 ཤ7
              ⒄བསོད་ནམས་རྒྱལ་མཚན། 《སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009 ཤ210
              ⒅དུང་དཀར་བློ་བཟང་འཕྲིན་ལས། 《གྲུབ་མཐའི་སྐོར་གྱི་རྣམ་བཤད》 མི་རིགས་དཔེ་སྐྲུན་ཁང་། 2013 ཤ348
              ⒆དགེ་འདུན། 《ནང་དོན་རིག་པའི་སྤྱི་བཤད》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2013 ཤ233
              ⒇རྗེ་ཙོང་ཁ་བ། 《རྗེ་ཙོང་ཁ་བ་ཆེན་པོའི་གསུང་འབུམ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012 པོད་15 ཤ417
              ﹙21﹚ཀུན་མཁྱེན་འཇིགས་མེད་དབང་པོ། 《གྲུབ་མཐའ་རིན་ཆེན་ཕྲེང་བ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994 ཤ48
              ﹙22﹚ཀུན་མཁྱེན་འཇམ་དབྱངས་བཞད་པ། 《གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002 ཤ545
              ﹙23﹚ཡང་གོ་ཀྲང་(杨国璋)སོགས། 《དེང་རབས་ཚན་རིག་གསར་པ》(《当代新科学手册》) ཧྲང་ཧའེ་མི་དམངས་དཔེ་སྐྲུན་ཁང་། 1985 ཤ164
              ﹙24﹚ཡོར་མུན།(Ullmann) 《ཚིག་དོན་རིག་པ》(Semantics) དབྱིན་ཇིའི་མཚན་སྙན་པར་ཁང་། 1962 ཤ116
              ﹙25﹚ཁུའུ་འུན་གྱིས་བརྩམས།(库恩)ཧོང་ཐེན་ཧྲིན་(黄添盛)གྱིས་བསྒྱུར། 《ཁང་ཏིའི་རྟོགས་བརྗོད》(康德传)ཧྲང་ཧའེ་མི་དམངས་དཔེ་སྐྲུན་ཁང་། 2008 ཤ115
              ﹙26﹚བསོད་ནམས་རྒྱལ་མཚན། 《སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009 ཤ3
              ﹙27﹚ལྕང་སྐྱ་རོལ་བའི་རྡོ་རྗེ། 《གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998 ཤ28
              ﹙28﹚དགེ་འདུན། 《ནང་དོན་རིག་པའི་སྤྱི་བཤད》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2013 ཤ20
              ﹙29﹚མཆིམས་འཇམ་པའི་དབྱངས། 《མཛོད་འགྲེལ་མངོན་པའི་རྒྱན》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007 ཤ315
              ﹙30﹚དུང་དཀར་བློ་བཟང་འཕྲིན་ལས། 《གྲུབ་མཐའི་སྐོར་གྱི་རྣམ་བཤད》 མི་རིགས་དཔེ་སྐྲུན་ཁང་། 2013 ཤ142
              ﹙31 32﹚《《སྤྱོད་འཇུག་རྩ་འགྲེལ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2001 ཤ69 ཤ4
              ﹙33﹚《རྗེ་ཙོང་བ་ཆེན་པོའི་གསུང་འབུམ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008 པོད་14 ཤ657
              ﹙34﹚མཁྱེན་རབ་དབང་ཕྱུག 《གྲུབ་མཐའ་རིན་ཆེན་ཕྲེང་བའི་ཚིག་འགྲེལ》 མི་རིགས་དཔེ་སྐྲུན་ཁང་། 2007 ཤ85
              ﹙35﹚《རྗེ་ཙོང་ཁ་བའི་བསྟོད་ཆེན་བཞིའི་རྩ་འགྲེལ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996 ཤ3
              ﹙36﹚འཇམ་དབྱངས་གྲགས་པ། 《གྲུབ་མཐའི་སྤྱི་དོན་འཆར་བའི་མེ་ལོང》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2004 ཤ77
              ﹙37﹚དགེ་འདུན། 《ནང་དོན་རིག་པའི་སྤྱི་བཤད》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2013 ཤ23
              ﹙38﹚དགེ་འདུན་ཆོས་འཕེལ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013 སྨད་ཆ། ཤ134
              ﹙39﹚《རྗེ་ཙོང་ཁ་བའི་བསྟོད་ཆེན་བཞིའི་རྩ་འགྲེལ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996 ཤ44ནས45
              ﹙40﹚ཧྥུའུ་ཕེ་རུང་།(傅佩荣)《མཚན་ཉིད་རིག་པ་དང་མི་ཚེ》(《哲学与人生》)ཤར་ཕྱོགས་དཔེ་སྐྲུན་ཁང་། 2005 ཤ16
              ﹙41﹚ཨ་ལོན་པུ་ལོ་ཁུ་(阿伦•布洛克)ཡིས་བརྩམས། ཏུང་ལིག་ཧྲན་(董乐山)གྱིས་བསྒྱུར། 《ནུབ་ཕྱོགས་མི་ཚུལ་རིང་ལུགས་ཀྱི་སྲོལ་རྒྱུན》 (《西方人文主义传统》)
སུམ་འབྲེལ་དཔེ་ཁང་། 1997 ཤ50
              ﹙42﹚ཧའེ་གུར།(黑格尔)《གཏན་ཚིགས་ཆུང་བ》(《小逻辑》)པེ་ཅིན་ཚོང་དོན་དཔར་ཁང་། 1962 ཤ102
              ﹙43﹚《《མར་ཁེ་སི་དང་ཨིན་གི་སིའི་གསུང་རྩོམ་ཕྱོགས་བསྒྲིགས》(《马克思恩格斯选集》)མི་རིགས་དཔེ་སྐྲུན་ཁང་། 1972 པོད་4 ཤ243