ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་ཞི་བའི་བཅིངས་འགྲོལ་ཐོབ་རྗེས་ཀྱི་བོད་ལུགས་གསོ་རིག་འཕེལ་རྒྱས་གྲུབ་འབྲས་སྐོར་མདོ་ཙམ་གླེང་བ།

སྤེལ་དུས 2019-07-24 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། མགོན་པོ་དོན་གྲུབ། མེ་ཏོག་དབྱངས་ཅན།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་དུ་བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་ད་བར་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་གསོ་བ་རིག་པའི་འཕེལ་ཕྱོགས་ལ་སྲིད་ཇུས་གསར་བ་རབ་དང་རིམ་པ་གཏན་འབེབས་ལག་བསྟར་གནང་ནས། སྔ་རྗེས་སུ་སྨན་ཁང་དང་སློབ་གྲྭ། བོད་སྨན་བཟོ་གྲྭ། བོད་སྨན་ཞིབ་འཇུག་ཁང་སོགས་མང་པོ་བཙུགས་ཏེ། བོད་ལུགས་གསོ་རིག་གི་རྒྱུད་འཛིན་དང་འཕེལ་རྒྱས་ལ་གྲུབ་འབྲས་བླ་ན་མེད་པ་ཐོབ་ཡོད་པ་མདོར་བསྡུས་ཀྱི་སྒོ་ནས་གླེང་ཡོད།
[བརྡ་ཆད་གཙོ་བོ།] བོད་ཞི་བའི་བཅིངས་འགྲོལ། བོད་ཀྱི་སྨན་རྩིས། འཕེལ་རྒྱས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0053-11
              སྤྱི་ལོ་1959ལོར་ངོ་ལིག་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོ་བཅོས་བསྒྱུར་བྱས་པ་དང་། ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པ་ནས་བཟུང་། རང་རེའི་ཏང་དང་རྒྱལ་ཁབ་སྲིད་གཞུང་གིས་བོད་ལུགས་གསོ་བ་རིག་པ་འདི་ཉིད་མེས་རྒྱལ་གསོ་རིག་བང་མཛོད་ནང་གི་འོད་སྟོང་རབ་ཏུ་འཕྲོ་བའི་རྩ་ཆེའི་ནོར་བུ་ཞིག་ཡིན་པ་ངོས་འཛིན་གནང་བ་མ་ཟད། ཡང་དག་པའི་འགོ་ཁྲིད་འོག་བོད་ལུགས་གསོ་རིག་འདི་ཉིད་རྒྱུད་འཛིན་དང་། སྔོག་འདོན། ཕྱོགས་སྒྲིགགོང་མཐོ་བཅས་ཀྱི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་ལག་བསྟར་གནང་བ་བརྒྱུད་གཅིག་གྱུར་གྱི་དོ་དམ་ལམ་ལུགས་སྒྲིག་འཛུགས་བྱས་ནས་བོད་ལུགས་གསོ་རིག་གི་དོ་དམ་ཚན་པ་དང་། ནད་ཐོག་སྨན་བཅོས་ཀྱི་རྟེན་གཞི་སྨན་ཁང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་སའི་སློབ་གྲྭ། སྨན་རྫས་སྦྱོར་བཟོ་ཐོན་སྐྱེད་བྱ་ཡུལ་གྱི་བོད་སྨན་བཟོ་གྲྭ།ཚན་རྩལ་ཞིབ་འཇུག་ཚན་པ་སོགས་འཛུགས་གཉེར་གནང་ནས་བོད་ལུགས་གསོ་རིག་གི་བསྟན་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་རླབས་ཆེན་མང་པོ་སྒྲུབ་པར་བརྟེན། ནད་ཐོག་ལག་ལེན་དང་སྨན་རྫས་ཐོན་སྐྱེད། མི་སྣ་གསོ་སྐྱོང་། ཚན་རྩལ་ཞིབ་འཇུག་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་རྒྱུན་མཐུད་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་གཤམ་དུ་རགས་རམ་ཙམ་ཞིག་གླེང་བར་བྱ།
དང་པོ། ནད་ཐོག་སྨན་བཅོས་ཀྱི་རྟེན་གཞི་འཛུགས་སྐྲུན་སྐོར།
              བོད་ལུགས་གསོ་རིག་གི་འཕེལ་རྒྱས་དང་མི་དམངས་ལ་ཞབས་འདེགས་བྱེད་པའི་འགག་རྩ་གཙོ་བོ་དེ་ནི་ནད་ཐོག་སྨན་བཅོས་ཀྱི་རྟེན་གཞི་སྨན་ཁང་འཛུགས་སྐྲུན་བྱེད་རྒྱུ་དེར་ཐུགས་ཡོད་པར་བརྟེན། སྤྱི་ལོ་1959ལོར་དེ་སྔའི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་བོད་ལུགས་སྨན་དོན་ལག་རྩལ་པ་རྣམས་ལྷ་ས་སྨན་རྩིས་ཁང་དུ་ཟླ་སྒྲིལ་བཏང་སྟེ་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་ཡོན་ཀྲང་གི་ཐུགས་འགན་བཞེས་པ་དང་ལས་བཟོ་མི་གྲངས་བརྒྱད་ཅུ་ལྷག་ཙམ་ལས་གྲུབ་པའི་གྲོང་ཁྱེར་ལྷ་སའི་དམག་དོན་བཀག་སྡོམ་ཨུ་ཡོན་ལྷན་ཁང་གི་སྒོ་བསྟེན་སྨན་ཁང་ཨང་གཉིས་པ་ཞེས་པ་འཛུགས་གཉེར་མཛད། དེ་ནི་བཅིངས་འགྲོལ་རྗེས་སུ་རྒྱལ་ཁབ་ཀྱི་སྒྲིག་ཁོངས་སུ་ཐོན་པའི་བོད་ལུགས་སྨན་བཅོས་ཀྱི་སྒྲིག་གཞིའི་ལྟེ་གནས་ཐོག་མ་དེ་ཡིན། རྨང་གཞི་དེའི་ཐོག་སྤྱི་ལོ་1961ལོར་ཡང་བསྐྱར་མཁས་དབང་མཁྱེན་རབ་ནོར་བུ་མཆོག་དབུ་འཛིན་སྐུ་བགྲེས་པ་དང་། མཁས་དབང་བྱམས་པ་འཕྲིན་ལས་མཆོག་དབུ་འཛིན་སྐུ་གཞོན་པར་བསྐོ་བཞག་གནང་ནས་ལྷ་ས་གྲོང་ཁྱེར་སྨན་རྩིས་ཁང་ཞེས་པའི་མཚན་བྱང་བསྐྱར་གསོ་མཛད་ནས་རིམ་བཞིན་འཕེལ་རྒྱས་བྱུང་།① སྤྱི་ལོ་1980ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཞེས་པར་གནས་སྤར་མཛད་པ་དང་། རིམ་པར་སྤྱི་ལོ་1982ལོར་གཞིས་རྩེ་ས་ཁུལ་སྨན་རྩིས་ཁང་དབུ་བརྙེས་པ་དང་། སྤྱི་ལོ་1983ལོར་ནག་ཆུ་ས་ཁུལ་སྨན་རྩིས་ཁང་དབུ་བརྙེས་པ། དེ་རྗེས་སྤྱི་ལོ་1984ལོ་དང་སྤྱི་ལོ་1985ལོ། སྤྱི་ལོ་1987ལོ། སྤྱི་ལོ་1999ལོ་བཅས་སོ་སོར་མངའ་རིས་ས་ཁུལ་སྨན་རྩིས་ཁང་དང་ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་། ཆབ་མདོ་ས་ཁུལ་སྨན་རྩིས་ཁང་། ཉིང་ཁྲི་ས་ཁུལ་སྨན་རྩིས་ཁང་སོགས་ས་གནས་ཀྱི་བོད་ལུགས་སྨན་ཁང་བཙུགས་པ་དང་།② དེ་དང་ཕྱོགས་མཚུངས་སུ་ཆབ་མདོ་གོ་འཇོ་རྫོང་དང་། ནག་ཆུ་ཤན་རྩ་རྫོང་། སོག་རྫོང་། འབྲི་རུ་རྫོང་། སྦྲ་ཆེན་རྫོང་། ལྷ་རི་རྫོང་།གཞིས་རྩེ་ངམ་རིང་རྫོང་སོགས་སུའང་བོད་ལུགས་སྨན་ཁང་འཛུགས་ཐུབ་པ་བྱུང་བའི་ཁར། བོད་ལྗོངས་ཀྱི་རྫོང་ཁག་བདུན་ཅུ་ལྷག་ཙམ་ལ་བོད་སྨན་སྡེ་ཁག་འཛུགས་ཐུབ་པ་བྱུང་ཡོད། སྤྱི་ལོ་2013ལོ་བར་ལྗོངས་ཡོངས་སུ་གཞུང་བཙུགས་བོད་སྨན་སྨན་བཅོས་ཀྱི་སྒྲིག་གཞི་30ཡོད་པ་དེས་བོད་ལུགས་གསོ་རིག་སྨན་བཅོས་ཀྱིས་ཞབས་འདེགས་ཁྱབ་ཚད་དེ་ཤན་བརྒྱ་ཆ་བརྒྱ་དང་ཤང་གྲོང་འཕྲོད་བསྟེན་ཁང་བརྒྱ་ཆ་བདུན་ཅུ་དོན་ལྔ་ཟིན་ཡོད། བོད་ལུགས་གསོ་རིག་གིས་སྨན་བཅོས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་གོང་མཐོར་ཕྱིན་ནས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དེ་རིམ་གསུམ་ཀ་པའི་མི་རིགས་གསོ་རིག་གི་སྨན་ཁང་དང་། ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་དང་། ཆབ་མདོ་ས་ཁུལ་སྨན་རྩིས་ཁང་། གཞི་རྩེ་ས་ཁུལ་སྨན་རྩིས་ཁང་བཅས་གསུམ་པོར་རིམ་གསུམ་ཁ་པའི་མི་རིགས་གསོ་རིག་གི་སྨན་ཁང་འཛུགས་ཐུབ་པ་བྱུང་ཡོད། འབྱུང་འགྱུར་བོད་ལུགས་གསོ་རིག་དེ་རྨང་གཞིའི་ཐུན་མོང་གི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ནང་དུ་འཇུག་རྒྱུ་ཡིན་སྟབས་ཀྲུང་ལུགས་གསོ་རིག་གི་སྨན་རྫས་ལ་དཔེར་བཟུང་བ་དང་། བོད་ལུགས་གསོ་རིག་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་བདེ་ཐང་དོ་དམ་ཞབས་ཞུའི་ལག་རྩལ་བཀོལ་སྤྱོད་བྱ་ཐབས་དང་། བོད་རང་སྐྱོང་ལྗོངས་གཞི་རིམ་གྱི་བོད་ལུགས་སྨན་རྫས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བའི་ལས་དོན་གྱི་ལག་བསྟར་ཇུས་གཞི་གཏན་འབེབས་བཅས་བྱས་པ་རེད། ལྗོངས་ཡོངས་ཀྱི་གཞི་རིམ་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་འཛུགས་ཚང་མས་བོད་ལུགས་གསོ་རིག་ལས་གསེར་མེ་དང་། ཧོར་མེ། སྨན་ལུམས། འཕུར་མཉེད་དང་བྱུག་པ། ཁྲག་གཏར་བ། རྭ་འཇིབ་གི་བཅོས་ཐབས་སོགས་བོད་ལུགས་གསོ་རིག་གི་ཁྱད་ལྡན་བཅོས་ཐབས་ཀྱི་ལག་རྩལ་བེད་སྤྱོད་གཏོང་ཐུབ་པ་དང་། རྒྱུན་མཐོང་ནད་དང་། ན་མང་བ། དལ་བའི་རང་བཞིན་གྱི་ནད། བཅོས་དཀའ་བའི་ནད་སོགས་ལ་བརྟག་བཅོས་བྱེད་ཐབས་དར་སྤེལ་བཏང་བ། རྫོང་འགའ་ཞིག་གི་བོད་ལུགས་གསོ་རིག་སྨན་ཁང་གིས་ས་གནས་དེ་རང་གི་བོད་ལུགས་སྨན་རྫས་ཐོན་ཁུངས་བེད་སྤྱོད་བྱས་ཏེ་རྒྱུན་སྤྱོད་བོད་སྨན་སྨན་སྦྱོར་བརྒྱ་ལྷག་ཙམ་སྦྱོར་བཟོ་བཅས་བྱས་ཡོད།
              དེ་བཞིན་དུ་མདོ་སྨད་ཁུལ་དུའང་སྤྱི་ལོའི་ལོ་རབས་བརྒྱད་ཅུ་པའི་དུས་འགོར་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དབུ་བརྙེས་པ་དང་། སྔ་རྗེས་སུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་། མཚོ་ནུབ་སོག་རོགས་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་སོགས་ཞིང་ཆེན་དང་ས་ཁུལ་རིམ་པའི་བོད་ལུགས་སྨན་ཁང་བཙུགས་པ་དང་། དེ་བཞིན་དུ་བ་ཡན་རྫོང་བོད་སྨན་ཁང་དང་། རྩེ་ཁོག་རྫོང་བོད་སྨན་ཁང་།ནང་ཆེན་རྫོང་བོད་སྨན་ཁང་། ཀོས་ནན་རྫོང་བོད་སྨན་ཁང་།ཐུན་ཏེ་རྫོང་བོད་སྨན་ཁང་། ཧོང་ཀྲུང་རྫོང་བོད་སྨན་ཁང་།རྐང་ཚ་རྫོང་བོད་སྨན་ཁང་སོགས་རྫོང་རིམ་པའི་བོད་ལུགས་སྨན་ཁང་25ཙམ་བཙུགས་ཡོད་ལ། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུའང་དར་མདོ་རྫོང་བོད་སྨན་ཁང་དང་། དཀར་མཛེས་རྫོང་བོད་སྨན་ཁང་།དཔལ་ཡུལ་རྫོང་བོད་སྨན་ཁང་། སེར་ཤུལ་རྫོང་བོད་སྨན་ཁང་། ཕྱག་ཕྲེང་རྫོང་བོད་སྨན་ཁང་། འབའ་ཐང་རྫོང་བོད་སྨན་ཁང་། ཉག་རོང་རྫོང་བོད་སྨན་ཁང་། སྡེ་དགེ་རྫོང་བོད་སྨན་ཁང་། ལི་ཐང་རྫོང་བོད་སྨན་ཁང་། སྡེ་རོང་རྫོང་བོད་སྨན་ཁང་། རྔ་བ་བོད་རིགས་ཆའང་རོགས་རང་སྐྱོང་ཁུལ་བོད་སྨན་ཁང་། མཁས་དབང་བསྟན་འཛིན་དོན་གྲུབ་མཆོག་ནས་གཙོ་བོའི་ཐུགས་འགན་བཞེས་ནས་བཙུགས་པའི་མཛོད་དགེ་རྫོང་བོད་སྨན་ཁང་སོགས་ས་ཁུལ་དང་རྫོང་རིམ་པའི་བོད་ལུགས་སྨན་ཁང་ཡོད་པ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྨན་ཁང་དང་། བསང་ཆུ་རྫོང་བོད་སྨན་ཁང་། ཐེ་བོ་རྫོང་བོད་སྨན་ཁང་། ཀླུ་ཆུ་རྫོང་བོད་སྨན་ཁང་། དཔའ་རིས་རྫོང་བོད་སྨན་ཁང་། ཅོ་ནེ་རྫོང་བོད་སྨན་ཁང་། རྨ་ཆུ་རྫོང་བོད་སྨན་ཁང་སོགས་ས་ཁུལ་དང་རྫོང་རིམ་པའི་སྨན་ཁང་ཡོད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་བྱང་ཚུལ་ཁྲིམས་རྒྱ་མཚོས་གཙོ་བོའི་ཐུགས་འགན་བཞེས་ཏེ་བཙུགས་པའི་བདེ་ཆེན་ཁུལ་བོད་ལུགས་སྨན་ཁང་སོགས་བོད་སྨན་གྱི་ནད་ཐོག་རྟེན་གཞི་མི་ཉུང་པ་ཞིག་བཙུགས་ཡོད། གཞན་ད་དུང་སྒེར་ངོས་ནས་བཙུགས་པའི་སྨན་ཁང་ལའང་ལྷ་སར་ལྷ་སྦྲེལ་བོད་སྨན་ཁང་། ཁམས་གསུམ་བོད་སྨན་ཁང་། ཆབ་མདོ་རི་དུང་བོད་སྨན་ཁང་དང་གཡུ་ཐོག་ཉི་ཤར་བོད་སྨན་ཁང་།མཚོ་སྔོན་དུ་འཇིགས་མེད་བོད་སྨན་ཁང་སོགས་ཀྱིས་གཙོ་བོའི་བོད་སྨན་ཁང་གྲངས་ལས་འདས་པ་ཞིག་ཡོད་པ་མ་ཟད། བོད་ལུགས་གསོ་རིག་གི་མཚན་སྙན་རྒྱལ་ཁབ་ཕྱི་ནང་གང་སར་ཁྱབ་པར་བརྟེན་ནས་ལྷོ་ཁ་སྨན་རྩིས་ཁང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཉིས་ཟུང་འབྲེལ་ཐོག་རྒྱལ་ས་པེ་ཅིན་དུ་པེ་ཅིན་བོད་སྨན་ཁང་བཙུགས་པ་སོགས་རྒྱལ་ཕྱི་རྒྱལ་ནང་དུའང་བོད་སྨན་ཁང་བཙུགས་ནས་བོད་ལུགས་གསོ་རིག་འདི་འཛམ་གླིང་ཡོངས་སུ་ཁ་ཕྱོགས་ནས་སྐྱེས་འགྲོ་ཀུན་གྱི་གསོས་སུ་འགྱུར་བཞིན་ཡོད། ཉེ་བའི་ལོ་ཤས་ནང་ལྗོངས་སྨན་རྩིས་ཁང་གི་ནད་སྡོད་པུའུ་རྒྱ་བསྐྱེད་གཏོང་རྒྱུར་བོད་རང་སྐྱོང་ལྗོངས་ནས་འགྲོན་དངུལ་སྒརོ ་དུང་ཕྱུར་1﹑7བཏང་ནས་ཁོག་ནད་དང་མཆིན་ནད་གི་ནད་སྡོད་ཁང་དང་། སྒོ་བསྟེན་དང་ནད་སྡོད་ཁང་གི་སྨན་རྩལ་ཕྱོགས་བསྡུས་ཁང་ཆེན་འཛུགས་སྐྲུན་གནང་བ་དང་། རྒྱལ་ཁབ་ནས་འགྲོན་དངུལ་ཁྲི་4092བཏང་ནས་རྒྱལ་ཁབ་ནད་ཐོག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱས་པ་དེ་གཉིས་ལེགས་སྒྲུབ་ཟིན་ནས་སྤྱི་ལོ་2014ལོར་དངོས་སུ་ལས་གཉེར་བེད་སྤྱོད་གཏོང་འགོ་ཚུགས་པ་རེད།
གཉིས་པ། སྨན་རྫས་སྦྱོར་བཟོ་དང་ཐོན་སྐྱེད་ཀྱི་སྐོར།
              གོམ་པ་མདུན་སྤོས་ཀྱིས་བོད་ལུགས་གསོ་རིག་སྨན་རྫས་ཚན་རྩལ་ཞིབ་འཇུག་སྒྲིག་གཞི་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ལོ་2006ལོར་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་འཛུགས་རྒྱུར་མཆོག་མཆན་ཐོབ་པ་དང་། ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་གིས་ཞིང་ཆེན་རིམ་པའི་ཞིབ་འཇུག་རྣམ་གྲངས་34ཙམ་འགན་ཁུར་ནས་ཡིག་ཚགས་ཞིབ་འཇུག་ལེགས་སྒྲིག་དང་། སྨན་གསར་གསར་སྤེལ། སྨན་རྫས་འདེབས་གསོ། སྤུས་ཚད་ཚད་གཞི་གཏན་འབེབས། སྨན་འདུལ་བཟོ་རྩལ་སོགས་ཀྱི་ཞིབ་འཇུག་ལས་ཀ་རྒྱ་ཆེར་སྤེལ་བར་བརྟེན་དགའ་འོས་པའི་སྒྲུབ་འབྲས་ཐོབ་ཡོད་ལ། ནད་ཐོག་སྟེང་བོད་ལུགས་གསོ་རིག་གི་ཚད་ལྡན་སྨན་སྦྱོར་ལེགས་འདེམས་དང་། ཕྱོགས་བསྡོམས། ལེགས་སྒྲིག་གིས་མཆིན་ནད་དང་། ཕོ་རྒྱུའི་ནད་རིགས། གཅིན་སྙི་ཟ་ཁུའི་ནད། རུས་ཆག པགས་ནད།མོ་ནད། མིག་ནད་སོགས་ཀྱི་ཁྱད་ལྡན་སྨན་སྦྱོར་དང་ཆེད་སྦྱོང་ཚན་ཁག་གི་སྨན་རྫས་ལས་སྣོན་བཅས་ལ་ཤུགས་སྣོན་བརྒྱབ་ནས་ནད་ཐོག་ཕན་ནུས་དང་སྨན་གསར་གསར་སྤེལ་བྱེད་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བོད་སྨན་ལ་ཡིད་རྟོན་དང་དགའ་མོས་བྱེད་མཁན་ཡང་ཇེ་མང་དུ་སོང་བ་དང་བསྟུན་ནས། དེ་དག་ལ་མེད་དུ་མི་རུང་བའི་ཚད་ལྡན་གྱི་སྨན་སྦྱོར་གྲངས་འབོར་ཆེན་ཞིག་དགོས་ངེས་རེད། དེར་བརྟེན་ཐོག་མར་བོད་སྨན་གྱི་སྦྱོར་བཟོ་ཁྲོད་མེད་དུ་མི་རུང་བ། ལག་ལེན་ཧ་ཅང་ཞིབ་ཕྲ་ལ་དཀའ་ཚེགས་ཆེ་བའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་དེ་གནས་ལྔ་རིག་པའི་པཎྜི་ཏ་ཆེན་མོ་ཚེ་རྣམ་རིན་པོ་ཆེ་ནས་མ་ཉམས་བརྒྱུད་སྤེལ་གནང་བ། སྤྱི་ལོ་1980ལོར་མདོ་ཁམས་སྡེ་དགེའི་སྨན་ཁང་དུ་མཁས་དབང་ཚེ་རིང་རྣམ་རྒྱལ་གྱིས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། རིན་ཆེན་མང་སྦྱོར་ཆེན་མོ། ཟུར་ལུགས་བཙོ་བཀྲུ་ཟླ་ཤེལ་སོགས་རིན་པོ་ཆེའི་སྦྱོར་བའི་ཕྱག་ལེན་སྤེལ་བ་དང་།③ 1987ལོར་མཚོ་སྔོན་རྨ་ལྷོ་ཁུལ་ནས་མཁས་དབང་ཚེ་རྣམ་མཆོག་གདན་དྲངས་ཏེ་དངུལ་ཆུ་བཙོ་བཀྲུ་དང་། རིན་ཆེན་རིལ་ནག་སོགས་ཀྱི་ཕྱག་རྒྱུན་སྤེལ་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་སྔར་བཞིན་མ་ཉམས་པར་རྒྱུད་འཛིན་བྱས་ནས་རིན་ཆེན་མང་སྦྱོར། བཙོ་བཀྲུ་ཟླ་ཤེལ་སོགས་ཀྱི་སྨན་མཆོག་རྣམས་མཁོ་འདོན་ཚུལ་བཞིན་བྱེད་ཐུབ་པ་བྱུང་ཡོད།④ བོད་སྨན་བཟོ་གྲྭའི་འཛུགས་སྐྲུན་སྐོར་ལའང་སྤྱི་ལོ་1964ལོར་མི་དམངས་སྲིད་གཞུང་ནས་ཆོག་མཆན་གནང་སྟེ་བོད་ལྗོངས་བོད་སྨན་བཟོ་གྲྭ་གསར་འཛུགས་མཛད་པ་དང་། དེ་འཕྲལ་པེ་ཅིང་ཐུང་རན་སྨན་བཟོ་གྲྭར་ཆེད་མངགས་མི་བཏང་ནས་འཕྲུལ་འཁོར་བེད་སྤྱད་དེ་རིལ་བུ་བཟོ་རྒྱུ་སོགས་ལག་རྩལ་གསར་པ་བསླབས་པས་རིལ་བུ་བཟོ་རྒྱུའི་དཀའ་ངལ་ཐག་གཅོད་ཐུབ་པ་དང་སྦྲགས་ཕྱེ་མ་འཐག་པའི་འཕྲུལ་འཁོར་བེད་སྤྱོད་བྱས་པས་ལོ་དེར་སྨན་གྱི་ཐོན་སྐྱེད་འཕར་སྣོན་ཆེན་པོ་བྱུང་། རིམ་བཞིན་གཞིས་རྩེ་དང་། ལྷོ་ཁ། ཆབ་མདོ། མངའ་རིས། ནག་ཆུ་བཅས་ས་ཁུལ་རིམ་པ་དང་། རྫོང་རིམ་པའི་བོད་ལུགས་སྨན་ཁང་མང་ཆེ་བར་ཡང་བོད་སྨན་སྦྱོར་བཟོ་བྱེད་འགོ་ཚུགས། དེ་བཞིན་མདོ་སྨད་དུའང་མཚོ་སྔོན་ཨ་རུ་གསེར་མདོག་བོད་སྨན་བཟོ་གྲྭ་དང་། མཚོ་ལྷོ་ཁུལ་བོད་སྨན་བཟོ་གྲྭ། འཇིགས་མེད་བོད་སྨན་བཟོ་གྲྭ། སྡེ་དགེ་རྫོང་བོད་སྨན་བཟོ་གྲྭ། ཀན་ལྷོ་ཁུལ་བོད་སྨན་བཟོ་གྲྭ། ཡུན་ནན་བོད་སྨན་བཟོ་གྲྭ་སོགས་རིམ་བཞིན་འཕེལ་རྒྱས་བྱུང་ནས་བོད་སྨན་འབོར་ཆེན་ཐོན་བསྐྱེད་བྱེད་བཞིན་ཡོད། བོད་སྨན་སྦྱོར་བཟོ་བྱེད་པ་དང་ཆབས་གཅིག་ཏུ་བོད་སྨན་གྱི་ཚད་གཞི་གཏན་འབེབས་བྱེད་པ། སྨན་རྒྱུ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ལས་གཞི་ཡང་རབ་དང་རིམ་སྤེལ་ཡོད་དེ། སྤྱི་ལོ་1974ལོར་ཡུན་ནན་ཁུན་མིན་དུ་སྐོང་འཚོགས་གནང་བའི་རྒྱལ་ཁབ་ཀྱི་ཚིག་མཛོད་ནང་གྲངས་ཉུང་མི་རིགས་ཀྱི་སྨན་རྫས་བསྡུ་ལེན་བྱ་རྒྱའི་སྐོར་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་གྲོས་ཞིབ་གནང་བ་བརྒྱུད་ཟླ་ཤེལ་བདུད་རྩི་མ་དང་། འཕྲུལ་ཐང་། ཨ་གར་15བཅས་རྒྱལ་ཁབ་སྨན་གྱི་ཚིག་མཛོད་དུ་ཚུད་ཐུབ་པ་བྱུང་པ་དང་།⑤ སྤྱི་ལོ་1977དང་1978ལོ་སོ་སོར་ཞིང་ཆེན་དང་། རང་སྐྱོང་ལྗོངས་ལྔས་ཐེངས་དང་པོ་དང་གཉིས་པའི་བོད་སྨན་ཚད་གཞི་གཏན་ལ་འབེབས་པའི་ཚོགས་འདུའི་ཐོག་སྔ་ཕྱིར་བོད་སྨན་རྐྱང་པ་རྣམ་གྲངས་174དང་། སྦྱོར་ཚད་ཁག་290བོད་སྨན་ཚད་གཞིའི་ཁོངས་སུ་ཚུད་པ་དེ་དག་གིས་ཕྱིན་ཆད་བོད་སྨན་ཐོན་སྐྱེད་དང་། མཁོ་འདོན། བེད་སྤྱོད། ཞིབ་བཤེར་བཅས་བྱེད་པར་གཞི་འཛིན་ས་ཡོད་པ་དང་། མང་ཚོགས་ཀྱིས་བོད་སྨན་བསྟེན་པར་ཉེན་ཁ་མེད་པའི་ཕན་ཆ་བྱུང་ཡོད།⑥ སྤྱི་ལོ་1995ལོར་ཀྲུང་དབྱང་གི་ཡིག་ཨང་64པའི་ནང་ད་ཡོད་རྒྱུན་སྤྱོད་བོད་སྨན་རྣམས་ལ་ཚད་གཞི་བཟོ་དགོས་པའི་དགོངས་དོན་སྤེལ་ནས་ཁྱུང་ལྔ་ལ་སོགས་སྨན་སྦྱོར་གྲངས་14དང་། སྨན་རྐྱང་པ་གྲངས་17བཅས་རྒྱལ་ཁབ་སྨན་མཛོད་ནང་དུ་ཚུད་ཐུབ་པ་བྱུང་ཡོད་ལ།⑦ ལྷག་པར་དུ་2000ལོར་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཐོན་འབྱེད་ཆེན་མོའི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་བྱས་པའི་ནང་། བོད་ལྗོངས་སུ་བོད་སྨན་ཐོན་སྐྱེད་བྱ་རྒྱུ་དེ་གཞི་འགངས་ཐོན་ལས་ཆེན་པོ་དྲུག་གི་ནང་ཨང་གཉིས་པར་བཞག་ནས་བོད་སྨན་ཐོན་སྐྱེད་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་གོ་སྐབས་བཟང་པོ་ཐོབ་ཡོད། མིག་སྔར་རང་ལྗོངས་སུ་བོད་སྨན་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ཚན་པ་21བར་འཕེལ་རྒྱས་ཕྱིན་པ་དང་། ཚང་མར་རྒྱལ་ཁབ་ཀྱི་GMPཚད་གཞི་ལོན་པར་ཁས་ལེན་ཐོབ་པ། བོད་སྨན་སྨན་སྦྱོར་གྲངས་360ཙམ་ཐོན་སྐྱེད་བྱེད་བཞིན་ཡོད་ཅིང་དེའི་ནང་ནས་རྒྱལ་ཁབ་རིམ་པའི་ཆོག་མཆན་ཨང་རྟགས་ཐོབ་པའི་ཐོན་རྫས་311ཡོད་པ། བོད་སྨན་རྐྱང་པ་18རྒྱལ་ཁབ་སྨན་མཛོད་ནང་དུ་ཚུད་ཐུབ་པ། ད་དུང་བོད་སྨན་སྨན་སྦྱོར་གྲངས་200དང་། བོད་སྨན་སྨན་རྫས་གྲངས་136ཞིང་ཆེན་རིམ་པའི་བོད་སྨན་ཚད་གཞིའི་ནང་ཚུད་ཡོད།⑧ བོད་རང་སྐྱོངས་ལྗོངས་སྨན་རྩིས་ཁང་ནི་རྒྱལ་ཁབ་ཀྱི་མི་རིགས་གསོ་རིག་གི་ནད་ཐོག་ཞིབ་འཇུག་ལྟེ་གནས་གཅིག་བུ་དེ་ཡིན་ཞིང་། ནད་ཐོག་ཞིབ་འཇུག་གི་ཐོག་མའི་སྟེགས་བུ་བཙུགས་པ་དང་། གྲགས་ཅན་བོད་ལུགས་སྨན་པ་རྒན་གྲས་ཀྱི་སྨན་སྦྱོར་གྲངས་ཁྲི་བཅུ་ཙམ་བསྡུ་ལེན་ཕྱོགས་བསྒྲིགས་ཀྱིས་དུས་མཚམས་དང་པོའི་ཆེད་ལས་འཛུགས་སྐྲུན་ལས་ཀར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
གསུམ་པ། མི་སྣ་གསོ་སྐྱོང་གི་སྐོར།
              བོད་ལུགས་གསོ་རིག་འདི་སྔར་བཞིན་མ་ཉམས་རྒྱུན་འཛིན་བྱེད་མཁན་གྱི་ཚད་ལྡན་མི་སྣ་གསོ་སྐྱོང་གནང་བའི་ཚུལ་ལ། སྤྱི་ལོ་1963ལོར་ལྷ་ས་སྨན་རྩིས་ཁང་ནས་སློབ་མ་མི་གྲངས་45ཙམ་བསྡུ་སྐོང་གིས་སྨན་སློབ་སྦྱོང་བརྡར་འཛིན་གྲྭ་གཉེར་ཏེ་ཐོག་མའི་རྗེས་འཛིན་ཁག་གཅིག་གསོ་སྐྱོང་མཛད་པ་དང་། 1972ལོར་གྲོང་ཁྱེར་ལྷ་སའི་འབྲིང་རིམ་འཕྲོད་བསྟེན་སློབ་གྲྭའི་ཁོངས་སུ་བོད་སྨན་འཛིན་གྲྭ་གཉེར་ནས་རྗེས་འཛིན་པ་ཚོ་དང་ཚོ་བྱས་ནས་གསོ་སྐྱོང་མཛད།⑨ སྤྱི་ལོ་1981ནས་1986བར་ལྗོངས་སྨན་རྩིས་ཁང་དུ་སྔ་ཕྱིར་བོད་སྨན་ཟབ་སྦྱོང་འཛིན་གྲྭ་ཐེངས་ལྔ་གཉེར་ནས་གཞི་རིམ་གྱི་བོད་ལུགས་གསོ་རིག་སྨན་དོན་མི་སྣ་གྲངས་220སྦྱོང་བརྡར་བྱས།⑩ སྤྱི་ལོ་1983ལོའི་ཟླ་8པར་བོད་རང་སྐྱོང་ལྗོངས་འབྲིང་རིམ་བོད་སྨན་སློབ་གྲྭ་ཞེས་པ་དངོས་སུ་དབུ་བརྙེས་ཏེ་ལོ་དང་པོར་དམའ་རིམ་སློབ་འབྲིང་ཐོན་པའི་སློབ་མ་མི་གྲངས་བཞི་བཅུ་ཐམ་པ་དང་། དེའི་སྟེང་མཚོ་སྔོན་ནས་སློབ་མ་མི་གྲངས་བཅུ་བཅས་བསྡུས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་བོད་སྨན་འབྲིང་རིམ་ཆེད་ལས་ཀྱི་སློབ་མ་གསོ་སྐྱོང་བྱེད་འགོ་ཚུགས⑾ དེ་ནས་བཟུང་ལོ་རེ་བཞིན་རྒྱལ་ཡོངས་གཅིག་གྱུར་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་བསྡུའི་གཏན་འབེབས་ལྟར་སློབ་མ་འཛིན་གྲྭ་རེ་བསྡུས་ཏེ་དེང་རབས་ཀྱི་དགོས་མཁོ་དང་འཚམ་པའི་ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་བྱས་ཏེ་བོད་ལུགས་གསོ་རིག་གི་བྱ་གཞག་ལ་དཔུང་ཁག་གསར་པ་སྐྱེད་བསྲིངས་བྱས།
              སྤྱི་ལོ་1985ལོའི་ཟླ་7པར་བོད་ལྗོངས་སློབ་གྲྭ་ཆེན་མོ་དངོས་སུ་དབུ་བརྙེས་པ་དང་ལྷན་དུ་སློབ་གྲྭ་དེར་བོད་སྨན་ཚན་ཁག་གསར་དུ་བཙུགས་ནས་དངོས་ཚན་སློབ་མ་མི་གྲངས་27དངོས་སུ་བསྡུས་ཏེ། ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པའི་བོད་སྨན་དངོས་ཚན་སློབ་གྲྭ་ཆེ་མོ་བ་དངོས་སུ་གསོ་སྐྱོང་བྱ་རྒྱུའི་སྒོ་མོ་གསར་དུ་ཕྱེས།⑿ སྤྱི་ལོ་1989ལོའི་ཟླ་3པར་འབྲིང་རིམ་བོད་སྨན་ཆེད་ལས་སློབ་གྲྭ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་སྨན་ཚན་ཁག་གཉིས་མཉམ་དུ་ཟླ་སྒྲིལ་བཏང་སྟེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་དངོས་སུ་དབུ་བརྙེས། སྤྱི་ལོ་1997ལོ་ནས་རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་བོད་སྨན་དངོས་ཚན་སློབ་ཆེན་སློབ་མ་བསྡུས། 1998ལོར་བོད་སྨན་སྨན་རྫས་ཆེད་ལས་འཛིན་གྲྭ་བཙུགས། 2001ལོ་ནས་བོད་སྨན་སྨན་རྫས་དངོས་ཚན་སློབ་ཆེན་སློབ་མ་བསྡུས།⒀ སྤྱི་ལོ་2001ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རིག་དོ་དམ་ཅུས་ནས་ཆོག་མཆན་ཐོབ་པ་བརྒྱུད། དུས་རབས་21པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་ཀྱི་སློབ་གཞི་ཞེས་པའི་སློབ་དེབ་ཁག་26བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་སོ་སོར་ཁག་བགོས་ཀྱིས་རྩོམ་སྒྲིག་བྱེད་འགོ་བརྩམས། སྤྱི་ལོ2004ལོའི་ཟླ་7པར་རྩོམ་སྒྲིག་གི་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་ནས་རྒྱལ་ཡོངས་ལ་འགྲེམས་སྤེལ་བྱས། 1998ལོར་རྒྱལ་ཁབ་ཀྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ལ་རབ་འབྱམས་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱ་རྒྱུའི་འགན་དབང་དངོས་སུ་གནང་སྟེ། 1999ལོར་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པའི་བོད་སྨན་རབ་འབྱམས་ཞིབ་འཇུག་སློབ་མ་མི་བཞི་བསྡུས་ནས་བོད་ལུགས་གསོ་རིག་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་སྒོ་མོ་གསར་དུ་ཕྱེས། སྤྱི་ལོ་2004ལོར་བོད་ལྗོངས་གསོ་རིག་སློབ་ཆེན་དང་པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་མཉམ་དུ་བོད་ལུགས་གསོ་རིག་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པའི་རླབས་ཆེན་ཀྱི་བགྱི་བ་དབུ་བརྩམས།⒁ སྤྱི་ལོ་2014ལོར་ནད་ཐོག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་བསྡུ་བའི་ཆོག་མཆན་ཐོབ། གཞན་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་ཏུའང་སྔ་རྗེས་སུ་བོད་སྨན་གྱི་སློབ་གྲྭ་ཆུང་འབྲིང་སྣ་ཚོགས་བཙུགས་པ་སྟེ། གཞིས་རྩེ་པན་གཞུང་བོད་སྨན་སློབ་གྲྭ་དང་། ལྷོ་ཁ་སྲོང་བཙན་བོད་སྨན་སློབ་གྲྭ། ཆབ་མདོ་བོད་སྨན་སློབ་གྲྭ། མངའ་རིས་གངས་ཏི་སི་བོད་སྨན་སློབ་གྲྭ། ནག་ཆུ་སོག་རྫོང་བོད་སྨན་སློབ་གྲྭ། འབྲི་རུ་རྫོང་བོད་སྨན་སློབ་གྲྭ་སོགས་མང་པོ་བཙུགས། ཉེ་དུས་སུ་ལྷ་ས་གྲོང་ཁྱེར་ལས་རིག་ལག་རྩལ་སློབ་གྲྭ་དང་པོ་དང་གཉིས་པ། ས་ཁུལ་རིམ་པའི་ལས་རིགས་ལག་རྩལ་སློབ་གྲྭའི་ཁོངས་སུའང་བོད་སྨན་འབྲིང་རིམ་འཛིན་གྲྭ་གཉེར་ཏེ་སློབ་མ་མང་པོ་གསོ་སྐྱོང་གནང་བཞིན་ཡོད།
              དེ་བཞིན་དུ་མདོ་སྨད་ཕྱོགས་སུའང་སྤྱི་ལོ་1987ལོར་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་དབུ་བརྙེས་པ་ཙམ་མ་ཟད། 1995ལོ་ནས་དངོས་གཞི་སློབ་མ་བསྡུ་འགོ་ཚུགས་པ་དང་། 2000ལོ་ནས་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་འགོ་ཚུགས། 2006ལོ་ནས་བཟུང་འབུམ་རམས་ཞིབ་འཇུག་སློབ་མ་བསྡུ་འགོ་ཚུགས་ནས་མཐོ་རིམ་གསོ་རིག་ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་གནང་ཡོད། གཞན་ཡང་སྔ་རྗེས་སུ་མཚོ་ལྷོ་འཕྲོད་བསྟེན་སློབ་གྲྭ་དང་ཡུལ་ཤུལ་འཕྲོད་བསྟེན་སློབ་གྲྭ། མགོ་ལོག་དར་རྒྱས་བོད་སྨན་སློབ་གྲྭ། ཡུལ་ཤུལ་ཁུལ་ནང་ཆེན་རྫོང་བྱམས་བརྩེ་ཤེས་རིག་སློབ་གླིང་བོད་སྨན་འཛིན་གྲྭ། ཟི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ནང་བོད་སྨན་ཚན་ཁག་དང་། ཞིང་ཆེན་བོད་ཡིག་སློབ་གྲྭར་བོད་སྨན་འཛིན་གྲྭ། རྔ་བ་རང་སྐྱོང་ཁུལ་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་འཛིན་གྲྭ། ཀན་སུའུ་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ནང་བོད་སྨན་སློབ་གླིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆེད་ལས་ལག་རྩལ་སློབ་གྲྭའི་ཁོངས་སུ་བོད་སྨན་གྱི་ཆེད་ལས་མཐོ་འབྲིང་འཛིན་གྲྭ། 1989ལོར་ཀན་ལྷོ་ཀྲུང་ལུགས་གསོ་རིག་སློབ་གླིང་དུ་བོད་སྨན་ཚན་ཁག་བཙུགས་པ་དང་། 2000ལོ་ནས་བཟུང་དངོས་གཞི་སློབ་འགོ་ཚུགས་ཤིང་2001ལོར་བོད་ལུགས་གསོ་རིག་སློབ་གླིང་དངོས་སུ་དབུ་བརྙེས། ཡུན་ནན་བདེ་ཆེན་ཁུལ་འཕྲོད་བསྟེན་སློབ་གྲྭའི་ཁོངས་སུའང་བོད་སྨན་འཛིན་གྲྭ་སོགས་གཉེར་ཡོད། ཉེ་བའི་ལོ་ཤས་རིང་ཞིང་ཆེན་དང་ཁུལ་སོ་སོར་ལས་རིགས་ལག་རྩལ་སློབ་གྲྭ་བཙུགས་ནས། དེའི་ཁུངས་སུའང་བོད་སྨན་འབྲིང་རིམ་པ་མང་པོ་གསོ་སྐྱོང་གནང་བཞིན་ཡོད་དོ།།
བཞི་པ། ཚན་རྩལ་ཞིབ་འཇུག་གི་སྐོར།
              སྤྱི་ལོ་1974ལོར་ལྗོངས་སྨན་རྩིས་ཁང་དུ་སྨན་པ་བགྲེས་གྲས་ཀྱིས་གཙོར་བྱས་པའི་མི་གྲངས་བརྒྱད་ལས་གྲུབ་པའི་བོད་ལུགས་གསོ་རིག་ཞིབ་འཇུག་སོའོ་ཐོག་མར་དབུ་བརྙེས་པ་དང་། སྤྱི་ལོ་2006ལོར་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་བཙུགས་པ། 1997ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ཚན་རྩལ་ཞིབ་འཇུག་སོའོ་དབུ་བརྙེས།⒂1983ལོར་མཚོ་སྔོན་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་དབུ་བརྙེས་པ་དང་། རིམ་བཞིན་མགོ་ལོག་ཁུལ་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་། ཀན་ལྷོ་ཁུལ་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་། རྔ་བ་ཁུལ་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་སོགས་བོད་སྨན་ལ་ཞིབ་འཇུག་གི་ལྟེ་གནས་དང་མི་སྣ་མང་པོ་བྱུང་ནས་ཚན་རིག་དང་མཐུན་པའི་སྒོ་ནས་པའི་གྲུབ་འབྲས་བླ་ན་མེད་པ་ཐོབ་ཡོད་དེ།
              གཅིག ཡིག་ཚགས་ཞིབ་འཇུག་གི་སྐོར། ཡིག་ཚགས་ཞིབ་འཇུག་ཐད་དཔེ་རྙིང་ཡིག་ཚགས་ཞིབ་འཇུག་ལས་དོན་ནི་བོད་ལུགས་གསོ་རིག་དང་སྨན་རྫས་བྱ་གཞག་གི་བླ་སྲོག་ཅིག་དང་། ཆ་འཕྲིན་གྱི་འབྱུང་ཁུང་ཞིག བོད་ལུགས་གསོ་རིག་དང་ནད་ཐོག་སྨན་རྫས་ཞིབ་འཇུག་གི་གལ་ཆེའི་གཞི་འཛིན་ས་ཞིག་ཀྱང་རེད། དེར་བརྟེན་བཅིངས་འགྲོལ་བཏང་བ་ནས་ད་བར་བོད་ལུགས་གསོ་རིག་སྐོར་གྱི་ཚད་ལྡན་གསུང་རབ་དང་ཚད་ལྡན་ཡིག་ཆ། སྒེར་གྱི་གསུང་རྩོམ་དང་གནའ་དཔེ་ཕྱོགས་སྒྲིག་གནང་བ་སོགས་མང་དག་ཞིག་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་སྟེ། ལོ་རབས་བདུན་ཅུའི་ནང་ལྗོངས་སྨན་རྩིས་ཁང་བོད་སྨན་ཞིབ་འཇུག་ཁང་ནས་བོད་སྨན་གྱི་ཕོ་བ་སྨུག་པོའི་བཅོས་ཐབས་དང་གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ་རྩོམ་སྒྲིག་འགྲེམས་སྤེལ་བྱས་པ་དང་། དུས་རབས་ཉི་ཤུའི་ནང་མཁས་དབང་ཐུབ་བསྟན་ཚེ་རིང་མཆོག་དང་བྱམས་པ་འཕྲིན་ལས་མཆོག་སོགས་ཀྱིས་གཙོ་བོའི་ཐུགས་འགན་བཞེས་ནས་རྩོམ་སྒྲིག་འགྲེམས་སྤེལ་མཛད་པའི་ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ་ཞེས་པ་དང་། མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས་མཛད་པའི་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་གནང་པ། མཁས་དབང་གོ་འཇོ་དབང་འདུས་མཆོག་གིས་ལོ་ངོ་བདུན་ཙམ་གི་རིང་དུས་ཚོད་སྤྱད་ནས་གསོ་རིག་གི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན་ཞེས་པ་གསར་དུ་རྩོམ་སྒྲིག་མཛད། མཁས་དབང་མཁྱེན་རབ་ནོར་བུ་མཆོག་དང་མཁས་དབང་བྱམས་པ་འཕྲིན་ལས་སོགས་ཀྱིས་མཛད་པའི་གསོ་རིག་རྒྱུད་བཞིའི་སྡོང་འགྲེམས་ནོར་བུའི་མཛོད། མཁས་དབང་བྱམས་པ་འཕྲིན་ལས་མཆོག་དང་ཝང་ལེ་གཉིས་ནས་ཕྱོགས་བསྒྲིགས་གནང་བའི་བོད་ལུགས་གསོ་རིག་རྒྱུད་བཞིའི་བྲིས་ཆ་ངོ་མཚར་མཐོང་བ་དོན་ལྡན། མཁས་དབང་ཀརྨ་ཆོས་འཕེལ་མཆོག་ནས་མཛད་པའི་བདུད་རྩི་སྨན་གྱི་འཁྲུངས་དཔེ། མཁས་དབང་དགའ་བའི་རྡོ་རྗེ་མཆོག་གིས་མཛད་པའི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་སོགས་དང་། དུས་རབས་ཉེར་གཅིག་པའི་ནང་ལྗོངས་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་ཁང་ནས་དཔེ་རྙིང་ཁག་300ཙམ་ལེགས་སྒྲིག་གི་ལས་འགན་འཁུར་བ་དང་། དེ་དག་གི་ནང་ནས་བྲང་ཏི་ལྷ་རྗེའི་མན་ངག་གསེར་བྲེ་མ་སོགས་དཔེ་རྙིང་ཁག་ལྔ་བཅུ་ཙམ་ལེགས་སྒྲིག་དཔེ་སྐྲུན་འགྲེམས་སྤེལ་བྱས་ཟིན་པ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ནས་གཡུ་ཐོག་བུ་དོན་སོགས་དཔེ་རྙིང་ཁག་དགུ་བཅུ་ཙམ་ཕྱོགས་བསྒྲིགས་འགྲེམས་སྤེལ་བྱས་པ། ཁྲོ་རུ་ཀླུ་སྒྲུབ་སྤྲུལ་སྐུས་ཐུགས་འགན་བཞེས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་གསོ་དཔྱད་ཉེར་མཁོ་གཅེས་བསྡུས་སོགས་དཔེ་རྙིང་ཁག་ཉི་ཤུ་རྩ་གསུམ་ཙམ་ལེགས་བསྒྲིགས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཟིན་པ། ལྷག་པར་བོད་ལུགས་གསོ་རིག་སློབ་ཆེན་ནས་དེང་དུས་བོད་ཀྱི་དཔེ་སྐྲུན་ལོ་རྒྱུས་ཐོག་དཔེ་སྐྲུན་རྣམ་གྲངས་ཆེ་ཤོས་འགན་འཁུར་ནས་དུས་ཡུན་ལོ་གསུམ་ནང་བོད་ལུགས་གསོ་རིག་གི་རྩ་ཆེའི་གནའ་དཔེ་གྲངས་600ཙམ་བསྡུ་རུབ་བྱས་ཏེ་སྨན་རྩིས་སྐོར་གྱི་རྩ་ཆེའི་དཔེ་རྙིང་ཁག་སུམ་ཅུ་ཙམ་མ་དཔེ་གཞིར་གཞག་གི་དཔར་འདེབས་འགྲེམས་སྤེལ་བྱས་ཟིན་པ་དང་། གཞན་ཡང་ཚན་པ་དང་མི་སྒེར་སོགས་ནས་གསུང་རྩོམ་རྩོམ་སྒྲིག་བྱས་པ་དཔེར་ན་ལྗོངས་སྨན་རྩིས་ཁང་ནས་བོད་ལུགས་གསོ་རིག་དཔེ་རྙིང་དཀར་ཆག་དང་བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ། ཀྲུང་ཧྭ་སྨན་འབུམ་ལས་བོད་ལུགས་གསོ་རིག་སྨན་རྫས། གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་ཅུའི་དཀའ་འགྲེལ་བེེཌྰུརྱའི་འོད་སྣང་། བོད་ལུགས་སྨན་གྱི་དེང་རབས་ཞིབ་འཇུག་དང་ནད་ཐོག་སྤྱོད་ཐབས་སོགས་དང་། མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་ནས་མཛད་པའི་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། རོང་པ་མིག་དམར་ལགས་ནས་མཛད་པའི་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་གསོང་པོར་བརྗོད་པ་དྭངས་གཙང་ཆུ་བོའི་རྒྱུན་བཟང་། མཁས་དབང་དབང་འདུས་མཆོག་ནས་བརྩམས་པའི་ཀོང་སྤྲུལ་ཟིན་ཏིག་དང་དེའི་ཉེར་མཁོའི་ཆ་ལག་ཕྱོགས་བསྒྲིགས་བཅས་གོང་གསལ་དེ་དག་ཁག་ཅིག་ལ་རྒྱལ་རབ་རིམ་པ་དང་ལྗོངས་རིམ་པ་སོགས་ཀྱི་བྱ་དགའ་རབ་དང་རིམ་པ་ཐོབ་ཡོད། ད་དུང་བདུད་འདུལ་མཆོག་ནས་རྩོམ་སྒྲིག་གནང་བའི་གསོ་རིག་ཚིག་མཛོད་ཡོངས་འདུའི་དགའ་ཚལ་དང་། ཀླུ་འབུམ་རྒྱལ་ནས་རྩོམ་སྒྲིག་བྱས་པའི་བོད་ཀྱི་གསོ་རིག་དང་སྐར་རྩིས་རིག་པའི་ཚིག་མཛོད་སོགས་མཚོ་སྔོན་དང་ཀན་སུའུ་སོགས་ཞིང་ཆེན་ཁག་གི་བོད་ལུགས་གསོ་རིག་མཁས་དབང་རྣམས་ནས་མཛད་པའི་གསུང་རྩོམ་ཀྱང་མང་དག་ཞིག་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད། བོད་སྨན་གྱི་གནའ་དཔེ་དཀོན་གྲས་མཇལ་དཀའ་བ་མང་པོ་དེབ་གཟིགས་སུ་བཟོས་ནས་ཀུན་གྱི་སྤྱན་སྔར་ཕུལ་ནས་སྟབས་བདེ་བསྐྲུན་པ་དང་། བོད་ལུགས་གསོ་རིག་གི་གཞུང་པོད་དག་རི་བོའི་གཏོས་དང་མཉམ་པའི་རྩིགས་མ་རྒྱབ་ཡོད།
              གཉིས། ནད་ཐོག་སྨན་རྫས་ཞིབ་འཇུག་གི་སྐོར། སྤྱི་ལོ་1974ལོར་བཙུགས་པའི་ལྗོངས་སྨན་རྩིས་ཁང་གི་ཞིབ་འཇུག་ཚོགས་ཆུང་དེ་སྤྱི་ལོ་1980ལོར་ཞིབ་འཇུག་སོའོ་རུ་གནས་སྤར་བྱུང་རྗེས་ཀྲུའུ་རེན་སྨན་པ་གཞོན་པ་མི་ཕམ་ཡེ་ཤེས་དང་ཐབས་མཁས་ཕུན་ཚོགས། བློ་བཟང་དབྱིག་གཉེན། སྐལ་བཟང་རྒྱ་མཚོ། བློ་བཟང་ནོར་བུ། བསམ་གཏན།ཀུན་དགའ། དཔལ་ལྡན་སོགས་བློ་མཐུན་ཁག་གཅིག་ཟུར་འཐེན་གྱིས་ནད་ཐོག་ཞིབ་འཇུག་ཆེད་དམིགས་ཚོགས་ཆུང་ཞིག་བཙུགས། སྤྱི་ལོ་1980ལོ་ནས་1981ལོ་བཅས་ལ་འཕན་པོ་ཁུལ་དུ་གཉན་རིམས་དམར་བཤལ་གྱི་ནད་ཡམས་བྱུང་སྐབས་ཀྲུའུ་རིན་སྨན་གཉེར་གཞོན་པ་ཐབས་མཁས་ཕུན་ཚོགས་ཀྱིས་གཙོ་མཛད་པའི་སྨན་པ་ཚོས་ནད་ཡམས་འདི་ལ་ཆེད་དམིགས་ཀྱིས་མྱང་སྤྲས་ལྔ་པ་ཞེས་པའི་སྨན་གསར་སྦྱོར་གནང་པ་མ་ཟད། སྨན་མཆོག་དེ་སྤྱི་ལོ་1995ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་མཛོད་ནང་དུའང་ཚུད་ཡོད།⒃ ཁོང་རྣམ་པས་རྒྱུན་མཐོང་ནད་དང་བཅོས་དཀའི་ནད་རིགས་ལ་ཞིབ་འཇུག་གནང་ནས་སྨན་སྦྱོར་ཁག་ཅིག་གསར་བཟོ་གནང་ཡོད་པ་དཔེར་ན་རུས་པའི་གཉན་ཚད་འཇོམས་སྨན་སྟབ་སེང་བརྒྱད་པ་དང་། མཆིན་པའི་སྲིན་ཐུམ་བཅོས་སྨན་གུར་གུམ་མཆོག་བདུན། གློ་ཡུའི་གཉན་ཚད་འཇོམས་སྨན་སྤང་རྒྱན་བཅུ་པ། ཁྲག་ཤེད་མཐོ་བ་དང་ཁྲག་འཕེལ་འཇོམས་སྨན་ཁྲག་ཚད་བཅུ་པ། སྲིད་འགོག་སྨན་གནམ་ལྕགས་ཟིལ་པ་དང་། མདའ་རྒྱུས་ལྔ་པ་བཅས་ཁག་གཉིས་གསར་སྦྱོར་མཛད། གོང་གི་སྲིད་འགོག་སྨན་ཕུད་སྨན་སྦྱོར་གཞན་རྣམས་ད་ལྟ་སྤྱི་ཚོགས་སུ་བེད་སྤྱོད་ཆེན་པོ་བྱེད་བཞིན་ཡོད། སྟབ་སེང་བརྒྱད་པའི་སྦྱོར་བ་དེ་སྤྱི་ལོ་1995ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་མཛོད་ནང་དུའང་ཚུད་ཐུབ་པ་བྱུང་།⒄ ལྷག་པར་དུ་ཕོ་བ་སྨུག་པོའི་ནད་སྨན་བཅོས་ཞིབ་འཇུག་བྱས་པའི་ཉམས་མྱོང་གི་ཐོག་ནས་བོད་སྨན་གྱིས་ཕོ་བ་སྨུག་པོའི་ནད་གཞི་བཅོས་ཐབས་ཞེས་པའི་དེབ་རྩོམ་སྒྲིག་བྱས་ཡོད་པ་དང་། སྤྱི་ལོ་1984ནས་1986ལོའི་བར་ཕོ་རུབ་ཀྱི་ནད་ལ་ནད་ཐོག་ཚོད་བལྟའི་རེ་བ་བཞིན་ནན་ཏན་གྱི་སྒོ་ནས་ཆེད་མངགས་དཔེ་མཚོན་ནད་པ་གྲངས་94ཙམ་ལ་ཞིབ་འཇུག་གཏིང་ཟབ་བྱས་པར་གྲུབ་འབྲས་བཟང་པོ་ཐོབ།⒅ སྤྱི་ལོ་1988ལོར་བོད་ལྗོངས་སྨན་རྩིས་ཁང་ཞིབ་འཇུག་ཁང་དང་ཧོའོ་ཤིའི་གསོ་རིག་སློབ་ཆེན་དང་། བོད་ལྗོངས་ནད་རིགས་ཞིབ་འཇུག་སོའོ་སོགས་ཀྱིས་མཉམ་འབྲེལ་གྱིས་སྲོ་ལོ་དམར་པོའི་འབྱུང་ཁུངས་དང་ཁྱབ་ཡུལ། རིགས་དབྱེ། སྤུས་ཚད་ཚད་གཞི། ནད་ཐོག་ཕན་ནུས་སོགས་རྣམ་གྲངས་ཁག་ལ་ཞིབ་འཇུག་བྱེད་འགོ་བཙུགས་ནས། རྒྱལ་ཁབ་ཀྱི་སྨན་གསར་ཆོག་མཆན་སྲོལ་ཡིག་ལྟར་སྲོ་ལོ་དམར་པོའི་སྦངས་ཁུ་དང་སྤང་རྒྱན་བཅུ་པའི་སྦངས་ཁུ་སོགས་ཐོག་མར་བཟོ་སྦྱོར་བྱས་པར་སྨན་གསར་གྱི་ཆོག་མཆན་ལག་འཁྱེར་ཡང་ཐོབ། སྤྱི་ལོ་1989ལོར་བོད་སྨན་རྐྱང་པ་བཅུ་ལ་ལུས་ཕྱིའི་ནད་འབུ་འགོག་པའི་ཚོད་བལྟའི་ཞིབ་འཇུག་ལས་ཀ་བྱས། སྤྱི་ལོ་1992ལོར་བོད་སྨན་རྟག་ངུར་རྒས་ཀ་སྲ་བའི་ནུས་ཡོད་ཀྱི་གྲུབ་ཆར་ཞིབ་འཇུག་ལས་ཀ་བྱས། དེ་བཞིན་བོད་སྨན་བ་སྤྲུའི་དངོས་ཁམས་གྲུབ་ཆར་ཞིབ་འཇུག་བྱས་པ་དང་། སྤྱི་ལོ་1994ལོར་མཛོ་མོ་ཤིང་གི་དངོས་ཁམས་གྲུབ་ཆར་ཞིབ་འཇུག་བྱས་པ་སོགས་བོད་སྨན་ཞིབ་འཇུག་གི་ཕྱག་ལས་མང་པོ་གནང་ཡོད།⒆ གཞན་ད་དུང་གཞོང་པ་ལྷ་ཆུ་བོད་སྨན་བཟོ་གྲྭ་ནས་ཐོན་པའི་སྨན་མཆོག་བྱུར་དམར་བདུན་ཅུ། འཇིགས་མེད་བོད་སྨན་བཟོ་གྲྭ་ནས་ཐོན་པའི་འཇིགས་མེད་གཡུ་རྙིང་བདུན་བཅུ་སོགས་བོད་སྨན་གསར་པ་མང་པོ་ཐོན་ཡོད་པ་རེད། སྤྱི་ལོ་2012ལོར་ཐེངས་བཞི་པའི་རྒྱལ་ཡོངས་ཀྲུང་(བོད་)ལུགས་སྨན་རྫས་ཀྱི་ཐོན་ཁུངས་ཞིབ་བཤེར་གྱི་ལས་དོན་བདེ་བླག་ངང་སྤེལ་བ་དང་རྒྱལ་ཁབ་ནས་འགྲོ་གྲོན་སྒོར་ཁྲི་1560བཏང་ནས་རང་ལྗོངས་ཀྱི་རྫོང་26ལ་ཞིབ་བཤེར་བྱས་པ་ནས་ད་ལྟ་རྫོང་17གྱི་དཔེ་མཚོན་ས་ཆ་645དང་དཔེ་མཚོན་ས་ངོས་གྲུ་བཞི་མ་3225ཕྱིར་བསྐྱོད་ཀྱི་ས་གནས་དངོས་ཀྱི་ཞིབ་བཤེར་དང་ནང་དངོས་ཀྱི་དམར་དཔེ་བཟོ་རྒྱུ་སོགས་ཀྱི་ལས་དོན་བསྒྲུབས་ཡོད། རིམ་པ་ཁག་གི་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་རྫས་ལས་སྣོན་ཐོ་བཀོད་ཨང་རྟགས་ཐོབ་པ་གྲངས་ཁྱོན་བསྡོམས་865 བཅས་ཡོད།
              གསུམ། གནམ་རིག་སྐར་རྩིས་ཞིབ་འཇུག་སྐོར། རང་རེ་བོད་ཀྱི་མེས་པོ་རྣམས་ཀྱི་སྐུ་དུས་ནས་གསོ་དཔྱད་ཀྱི་ལག་ལེན་བྱུང་བ་དང་ཆབས་ཅིག་གནམ་རིག་སྐར་རྩིས་བེད་སྤྱོད་དང་ཞིབ་འཇུག་བྱས་པའི་ལོ་རྒྱུས་ནི་ཧ་ཅང་རིང་པོ་ཞིག་ཡོད་པ་རེད། སྤྱི་ལོ་1978ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ་དབུ་བརྙེས་པ་དང་། གནམ་རིག་སྐར་རྩིས་ལ་བརྟེན་ནས་ཞིང་འབྲོག་ཐོན་སྐྱེད་ལ་ཞབས་འདེགས་ཞུ་རྒྱུ་སོགས་གང་ཅིར་གལ་ཆེའི་ནུས་པ་བཏོན་ཡོད་པ་སྟེ། དཔེར་ན་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ་ནས་ལོ་ལྟར་རྒྱས་འབྲིང་བསྡུས་པའི་ལོ་ཐོ་རྩོམ་སྒྲིག་དཔར་སྐྲུན་འགྲེམས་སྤེལ་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་བྱེད་ཕྱོགས་ཐད་ལ་ཕན་ནུས་ཤིན་ཏུ་ཆེ་བའི་སློབ་སྟོན་གྱི་དོན་སྙིང་གཏིང་ཟབ་འདོན་དང་ཐོན་བཞིན་ཡོད་པར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་སྔར་ནས་བཟུང་བོད་ཀྱི་ལོ་ཐོར་ཧ་ཅང་དགའ་པོ་བྱེད་པ་དང་ཡིད་ཆེས་བརྩི་བཀུར་ཆེན་པོ་ཞུ་གི་ཡོད། ལོ་ལྟར་ལོ་ཐོའི་ནང་དུས་བརྟག་གནམ་དཔྱད་དང་། སོ་ནམ་གྱི་སྐོར། རྒྱ་ནག་གླང་རྩིས་སོགས་ལ་བརྟེན་ནས་ས་བོན་སྔ་འདེབས་དང་། བར་འདེབས། ཕྱི་འདེབས་སོ་སོ་གང་ལ་གང་འཚམས་ཀྱི་ཤེས་པར་བྱ་དགོས་པ་སྟེ་སྔ་ཐན་གྱི་ངོ་ཡོད་ན་བར་འདེབས་དང་། ཕྱི་འདེབས་གང་འོས་དཔྱད་འདེབས་བྱེད་པ་ལས་སྔ་འདེབས་བྱ་མི་རུང་བ་སོགས་ཞིང་ཐོག་མར་འདེབས་དུས་ཀྱི་དུས་ཚོད་ཤེས་པར་བྱ་བ་དང་། བར་དུ་ཆུ་གཏོང་རྒྱུ་དང་ཡུར་མ་རྒྱག་རྒྱུ། སད་སེར་ཡོད་མེད་ལ་གཞིགས་ནས་སྔོན་འགོག་བྱ་རྒྱུ། ཐ་མ་ལོ་ཏོག་བརྔ་བསྡུ་བྱེད་པ་དང་། སྟོན་རྨོད་རྒྱག་རྒྱུ། དགུན་གྲོ་འདེབས་པ་སོགས་བྱ་བའི་དུས་སུའང་གནམ་གཤིས་ཀྱི་འགྱུར་བ་ཇི་ཡོང་ལོ་ཐོ་ལ་བརྟེན་ནས་ཤེས་དགོས་པ། དེ་བཞིན་འབྲོག་ལས་ཀྱི་ཐད་ལའང་འབྲོག་པའི་རུ་བ་སྐྱས་སྤོ་སོགས་ཀྱི་དུས་ཚོད་ཤེས་པར་བྱ་དགོས་པ་སོགས་མདོར་ན་ཞིང་འབྲོག་ཐོན་སྐྱེད་བྱེད་ཕྱོགས་ཐད་ལ་མཛུབ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་ཡོད། ཞིང་འབྲོག་ཐོན་སྐྱེད་ཀྱི་ལས་དོན་ཕུད་པའི་གནམ་རིག་སྐར་རྩིས་ལས་དོན་པས་ཞིབ་ཅིང་ཕྲ་བའི་སྲོལ་རྒྱུན་གྱི་ས་གཞོང་གི་ས་རིས་ལ་བརྟེན་ནས་རྩིས་འབྲས་ནང་ཐོན་པའི་1986ལོའི་ཟླ་བ་4ཚེས་24ཉིན་གྱི་ཟླ་བ་གཟའ་འཛིན་ཐད། ནན་ཅིང་ཙི་ཅིན་ཧྲན་གནམ་རིག་བབས་ཚུགས་ཀྱིས་དེང་དུས་འཕྲུལ་ཆས་ལ་བརྟེན་ནས་སྔོན་བརྡ་སྤྲད་པ་དེ་གཉིས་བར་ཧེ་བག་ཆུ་ཚོད་སྐར་གཉིས་ལས་རྒྱུག་མེད་པ། དེ་བཞིན་སྤྱི་ལོ་2012ལོར་སྤྱི་ཚོགས་ཐོག་བསྐལ་པ་འཇིག་པའི་དཀྲོག་གཏམ་གང་སར་ཁྱབ་ནས་མི་རྣམས་ཀྱི་ལས་ཀ་དང་འཚོ་བ་སྔར་རྒྱུན་བཞིན་བྱ་རྒྱུར་འགོག་རྐྱེན་བཟོས་ནས་བློ་བདེ་བག་ཕེབས་མེད་པ་ཆགས་པར་བརྟེན་གསར་འགྱུར་ལས་དོན་པས་དེའི་སྐོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ་ཡི་མཁས་དབང་ཀུན་དགའ་རིག་འཛིན་མཆོག་དང་མཁས་དབང་ཡུམ་པ་ལགས་གཉིས་ལ་བཅར་འདྲི་བྱས་པར་ཁོང་རྣམ་གཉིས་ནས་ཀྱང་བཅར་འདྲི་དང་ལེན་གྱིས་དེའི་སྐོར་གྱི་བསྐལ་པ་ཆགས་པ་ནས་ད་བར་ལོ་ཇི་ཙམ་འདས་པ་དང་། མ་འོངས་ལོ་ཇི་ཙམ་གནས་པ། བསྐལ་པ་འཇིག་དང་མི་འཇིག་སྐོར་སོགས་གསར་འགྱུར་འགོད་པོའི་དྲི་བར་ལན་གསལ་པོ་བསྐྱོན་པར་བརྟེན་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་གལ་ཆེའི་ནུས་པ་ཐོན་ཡོད། དེ་བཞིན་རླུང་འཕྲིན་དང་བརྙན་འཕྲིན་ཐོག་ཉིན་རེའི་གནམ་གཤིས་སྔོན་བརྡ་གཏོང་བའི་ཞབས་འདེགས་ལས་དོན་སོགས་མང་དག་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད། སྤྱི་ལོ་1998ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ་དང་ས་ཁུལ་ཁག་གི་གནམ་རིག་སྐར་རྩིས་མཁས་དབང་ཁག་ཅིག་དང་མཉམ་དུ་བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ་རྩོམ་སྒྲིག་དཔེ་སྐྲུན་འགྲེམས་སྤེལ་གནང་བ་དང་། གནམ་རིག་སྐར་རྩིས་མཁས་དབང་ཚུལ་ཁྲིམས་རྒྱན་མཚན་མཆོག་ནས་བོད་ཀྱི་སྨན་རྩིས་རིག་པའི་ནང་དོན་གཙོ་བོར་བྱས་པའི་བརྩམས་གནང་བའི་གསུང་འབུམ་པོད་ཁག་13རྩོམ་སྒྲིག་དཔེ་སྐྲུན་འགྲེམས་སྤེལ་གནང་བ། ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ཡུམ་པ་ལགས་ནས་གནམ་རིག་སྐར་རྩིས་སྐོར་གྱི་གསུང་རྩོམ་ལོ་བརྒྱའི་ལོ་ཐོ་དང་། རྩིས་རིག་ལ་འཇུག་པའི་སྒོ། དུས་འཁོར་སྐར་རྩིས་ཀྱི་གནའ་རྩོམ་ཕྱོགས་བསྒྲིགས། སྨན་རྩིས་ཡོན་ཀྲང་མཁྱེན་རབ་ནོར་བུའི་རྣམ་ཐར་སོགས་བརྩམས་གནང་བ་དང་། གཞན་ཡང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ཡུམ་པ་ལགས་དང་། སོའོ་ཀྲང་སྐུ་གཞོན་ཚེ་རྡོར་ལགས་སོགས་ཀྱིས་གནམ་རིག་སྐར་རྩིས་སྐོར་གྱི་དཔེ་རྙིང་དགའ་ལྡན་རྩིས་གསར་དང་། རྩིས་ཀུན་བསྡུས་པའི་རྒྱས་འགྲེལ་གཉིས་ལེགས་སྒྲིག་གནང་བ། དེ་བཞིན་ཞིང་ཆེན་དང་ས་ཁུལ་གཞན་གྱི་གནམ་རིག་སྐར་རྩིས་ཀྱི་ལས་དོན་པས་ཀྱང་གོང་དང་འདྲ་བར་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་དང་ཞུ་བཞིན་ཡོད་པ་རེད།
མཇུག་བསྡུ་བ།
              བོད་ཀྱི་གསོ་རིག་འདི་བོད་ཞི་བའི་བཅིངས་འགྲོལ་བཏང་བ་ནས་ད་བར་དུ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་ཆེན་པོའི་འོག་སྲིད་ཇུས་གསར་པ་རབ་དང་རིམ་པ་ལག་བསྟར་བྱས་ནས་མུ་མཐུད་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་སྐལ་བ་བཟང་པོ་ཐོབ་ཡོད་དེ། གཅིག་ནས་རིག་གནས་འདི་རྒྱུད་འཛིན་དར་སྤེལ་བྱེད་མཁན་གྱི་མི་སྣ་བགྲང་ལས་འདས་པ་གསོ་སྐྱོང་གནང་པ་དང་། གཉིས་ནས་རིག་གནས་འདིས་མང་ཚོགས་ལ་ཞབས་འདེགས་ཞུ་སའི་སྨན་ཁང་མང་པོ་བཙུགས་ཡོད་པ། གསུམ་ནས་བོད་སྨན་ཐོན་སྐྱེད་སྦྱོར་བཟོ་བྱེད་སའི་བཟོ་གྲྭའང་མང་པོ་བཙུགས་ཡོད་པ། བཞི་ནས་དུས་རབས་དང་མཐུན་པའི་སྒོ་ནས་བོད་སྨན་ཞིབ་འཇུག་ཁང་མང་པོ་བཙུགས་ཡོད་པ། གཞན་ད་དུང་བོད་ལུགས་གསོ་རིག་འདི་སྲོལ་རྒྱུན་རིག་གནས་གལ་ཆེན་ཞིག་ཡིན་པས་དེ་ལ་སྲུང་སྐྱོབ་དང་དེའི་འཕེལ་རྒྱས་གྲུབ་འབྲས་མངོན་ཐུབ་པའི་དངོས་མང་བཤམ་སྟོན་ཁང་ཡང་2006ལོར་མཚོ་སྔོན་ནས་རྒྱལ་ཁབ་རིམ་པའི་བོད་སྨན་དངོས་མང་བཤམ་སྟོན་ཁང་བཙུགས་པ་དང་། གཞན་བོད་ལྗོངས་སྨན་རྩིས་ཁང་གི་གནའ་དཔེ་ཉར་ཚགས་ཁང་། བོད་ལྗོངས་གསོ་རིག་སློབ་ཆེན་དུ་མཁས་དབང་གོ་འཇོ་དབང་འདུས་ལགས་ནས་གཙོ་གཉེར་གནང་བའི་སྨན་རྩིས་བཤམ་སྟོན་ཁང་སོགས་བཙུགས་ཡོད་པས། བོད་ཀྱི་གསོ་བ་རིག་པ་འདི་སྔར་ལས་ཀྱང་བཀོལ་སྤྱོད་ཀྱི་གཞི་རྒྱ་ཆེ་ཞིང་ཚད་ལྡན་རང་བཞིན་ཅན་དུ་གྱུར་ནས་འཛམ་གླིང་ཡོངས་སུ་ཁ་ཕྱོགས་ཏེ་མགྱོགས་མྱུར་གྱིས་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་བཞིན་ཡོད། སྤྱིར་བཅིངས་འགྲོལ་རྗེས་ཀྱི་བོད་ལུགས་གསོ་རིག་གི་འཕེལ་རྒྱས་གྲུབ་འབྲས་སྐོར་ལ་ཚིག་ཉོག་འདི་ཙམ་གྱིས་དོན་གྱི་བཞིན་རས་གསལ་བར་མཐོང་དཀའ་ལ། ལྷག་པར་དུ་བྲེལ་བའི་དབང་གིས་དངོས་སུ་རྟོག་ཞིབ་དང་མཁས་དབང་རྒན་གྲས་རྣམས་ལ་བཀའ་འདྲིའང་མང་པོ་ཞུ་མ་ཐུབ་པར་ལོ་རྒྱུས་ཀྱི་ཡིག་ཆ་འགའ་རེ་ལ་གཞི་བཅོལ་ནས་བྲིས་ཡོད་པས་ཆད་ལྷག་སོགས་སྐྱོན་ཆ་མི་ཉུང་པ་ཞིག་ཡོད་ངེས་པས་མཁྱེན་ལྡན་རྣམས་ཀྱིས་དགོངས་འགལ་མེད་པ་མཁྱེན་ནོ།།
མཆན་འགྲེལ།
              ①《བོད་ཀྱི་གསོ་བ་རིག་པའི་བྱུང་བ་བརྗོད་པ།》 བསམ་གཏན། 2002ལོའི་ཟླ་11པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན། p.156
              ②《གསོ་རིག་ཚིག་མཛོད་ཆེན་མོ།》 བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། 2006ལོའི་ཟླ་8པར་མི་རིགས་དཔེ་སྐྲུན་ཁང་ནས་བསྒྲིགས། p.1044
              ③④《བོད་ཀྱི་གསོ་རིག་ཆོས་འབྱུང་བཻཌྰུརྱའི་འཕྲེང་བ།》 དཀོན་མཆོག་རིན་ཆེན། 1992ལོའི་ཟླ་8པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། p.311 p.312
              ⑤⑥《བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་སོའི་ཡི་འཚར་ལོངས་དང་འཕེལ་རྒྱས་སྐོར།》 གངས་ལྗོངས་བོད་ལུགས་གསོ་རིག་2004ལོའི་འདོན་ཐེངས་གཉིས་པ། p.8 p.8
              ⑦《བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་གསོང་པོར་བརྗོད་པ་དྭངས་གཙང་ཆུ་བོའི་རྒྱུན་བཟང་།》 རོང་པ་མིག་དམར། 2012ལོའི་ཟླ་12པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན། p.452
              ⑧ བོད་ལྗོངས་སྨན་རྩིས་ཁང་རྒྱལ་ཁབ་མི་རིགས་གསོ་རིག་ནད་ཐོག་ཞིབ་འཇུག་ལྟེ་གནས་ནས་བྲིས་པའི་ནང་ཁུལ་ཡིག་ཆ་གློག་རྡུལ་ཅན་ཞིག
              ⑨《བོད་ཀྱི་གསོ་བ་རིག་པའི་བྱུང་བ་བརྗོད་པ།》 བསམ་གཏན། 2002ལོའི་ཟླ་11པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན། p. 163
              ⑩⑾⑿⒀⒁《བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་གསོང་པོར་བརྗོད་པ་དྭངས་གཙང་ཆུ་བོའི་རྒྱུན་བཟང་།》 རོང་པ་མིག་དམར། 2012ལོའི་ཟླ་12པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན། p.457 p.458 p.459 p.460ནས་461 p.463
              ⒂ 《བོད་ཀྱི་གསོ་བ་རིག་པའི་བྱུང་བ་བརྗོད་པ།》 བསམ་གཏན། 2002ལོའི་ཟླ་11པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན། p.169
              ⒃⒄⒅⒆《བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་སོའི་ཡི་འཚར་ལོངས་དང་འཕེལ་རྒྱས་སྐོར།》 གངས་ལྗོངས་བོད་ལུགས་གསོ་རིག་2004ལོའི་འདོན་ཐེངས་གཉིས་པ། p.6 p.7 p.7 p.9