ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

ཚད་མའི་ཆོས་ཐོག་ཆེན་མོ་འཇང་དགུན་ཆོས་སྐོར་གླེང་བ།

སྤེལ་དུས 2019-07-30 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། རྡོ་རྗེ་བཀྲ་ཤིས།
[ནང་དོན་གནད་བསྡུས།]འཇང་དགུན་ཆོས་ནི་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཚད་མ་རྣམ་འགྲེལ་ལ་བརྒལ་བརྟག་གསན་བཞེས་རྒྱ་ཆེར་གནང་བའི་དགུན་གྱི་ཆོས་ཐོག་ཆེན་མོ་ཞིག་ཡིན་ལ། ཆོས་ཐོག་འདི་ཉིད་དུས་ནམ་ཞིག་ལ་ཅི་ལྟར་སྲོལ་བཙུགས་པ་སོགས་ལ་ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་བཙུན་ཞིང་ཁ་གསལ་བ་ཞིག་བརྗོད་དཀའ་ཡང་། ཆོས་ཐོག་འདིས་བོད་བརྒྱུད་ཚད་མ་རིག་པ་སྤྱི་དང་ཁྱད་པར་དུ་གྲུབ་མཐའ་སོ་སའི་གཞུང་ཆེན་སློབ་གཉེར་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་ཡོད་པས། འདིར་འཇང་དགུན་ཆོས་ཀྱི་བྱུང་བ་དང་། དགུན་ཆོས་ཚོགས་པའི་ཡུལ་དང་དུས། ཆོས་ཐོག་འདིས་བོད་ཀྱི་སྤྱི་ཚོགས་ལ་ཐོན་པའི་བྱེད་ནུས་སོགས་ཀྱི་ཐད་ཡུལ་དངོས་རྟོག་དཔྱོད་དང་འབྲེལ་ཡོད་རྒྱུ་ཆ་ཁག་ལ་ཁུངས་བཅོལ་ཏེ་དཔྱད་པ་བགྱིས་ཡོད།
[བརྡ་ཆད་གཙོ་བོ།] འཇང་ཕུ་དགོན། དགུན་ཆོས། ཚད་མ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-01-0097-12
           དགོན་སྡེ་ནི་བོད་ཀྱི་རིག་གནས་ཀྱི་ལྟེ་བ་དང་བོད་ཀྱི་རིག་གནས་དར་སྤེལ་བྱེད་སའི་གནས་གཙོ་བོ་ཞིག་ཡིན་པར་མ་ཟད། དགོན་སྡེ་སློབ་གསོ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་སྤེལ་སྟངས་ཤིག་ཡིན་པ་དང་། དབྱར་དགུན་སྟོན་དཔྱིད་དང་བཅས་པའི་ཆོས་ཐོག་སོ་སོ་ནི་དགོན་པ་གང་དེའི་དུས་ཚིགས་སོ་སོའི་གཞུང་གང་ཞིག་དུས་ཅི་ཙམ་ལ་སྦྱང་བ་སོགས་དུས་ཀྱི་དབྱེ་མཚམས་ལྟ་བུ་ཞིག་ཀྱང་ཡིན། དེ་ལས་འཇང་དགུན་ཆོས་ནི་སྡེ་བདུན་མདོ་དང་བཅས་པ་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤེལ་བར་བྱེད་པའི་ཐབས་རྨད་དུ་བྱུང་བ་ཞིག་ཡིན་པར་མ་ཟད། གནའ་རབས་བོད་ཀྱི་དགོན་སྡེ་སློབ་གསོ་ལས་སློབ་གཉེར་བྱེད་ཐབས་ཁྱད་དུ་འཕགས་པ་ཞིག་ཀྱང་ཡིན། ཆོས་ཐོག་འདིས་དགོན་པའི་སློབ་གཉེར་གྱི་སྒྲིག་གཞི་སྤྱི་དང་། ཁྱད་པར་དུ་ཚད་མ་རྣམ་འགྲེལ་གཙོས་གཞུང་ཆེན་དག་གི་སློབ་གཉེར་དང་རྩོད་པའི་རིགས་པ་ལ་བྱང་ཆུབ་པར་ནུས་པ་བླ་ལྷག་ཐོན་ཡོད་དོ།།
དང་པོ། འཇང་དགུན་ཆོས་ཀྱི་བྱུང་བ་མདོར་བསྡུས།
           འཇང་དགུན་ཆོས་ཞེས་པ་ནི་ལོ་རེའི་བོད་ཟླ་བཅུ་གཅིག་པའི་ནང་སེ་འབྲས་དགེ་གསུམ་དང་། སྙེ་ཐང་རྭ་སྟོད་དགོན། མངའ་རིས་གྲྭ་ཚང་སོགས་མཚན་ཉིད་དར་ཁྱབ་ཆེ་བའི་དབུས་ཁུལ་གྱི་དགོན་སྡེ་ཁག་ཅིག་གི་དགེ་འདུན་སྟོང་ཕྲག་བརྒལ་བ་འཇང་དགོན་པ་རུ་འཛོམས་ཏེ། གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཚད་མ་རྣམ་འགྲེལ་ལ་བརྒལ་བརྟག་གསན་བཞེས་རྒྱ་ཆེན་པོ་གནང་བའི་དགུན་གྱི་ཆོས་ཐོག་ཆེན་མོ་ལ་ཟེར། ཆོས་ཐོག་ཆེན་མོ་འདིར་འཇང་དགུན་ཆོས་སམ་འཇམ་དབྱངས་དགུན་ཆོས་ཞེས་ཀྱང་འབོད། ཆོས་ཐོག་འདི་ནི་དུས་ནམ་ཞིག་ལ་དབུ་ཚུགས་པ་སོགས་ད་སྔ་ལག་སོན་བྱུང་བའི་ལོ་རྒྱུས་ཡིག་ཚངས་ཁག་ལས་གསལ་པོར་བརྗོད་དཀའ་ན་ཡང་། 《སྟག་ཚང་རྭ་བ་སྟོད་ཐོས་བསམ་ནོར་བུ་གླིང་གསེར་སྲང་རྣམ་འགྲེལ་གྲྭ་ཚང་གི་ཉེར་མཁོ་ཀུན་བཏུས་ཕན་བདེའི་ལམ་བཟང་གསལ་བྱེད་ལྷག་བསམ་དཀར་བོའི་ཆུ་ཤེལ་ནོར་བུའི་ཕྲེང་བ་》(གཤམ་དུ་སྟག་ཚང་རྭ་སྟོད་གྲྭ་ཚང་གི་ལོ་རྒྱུས་དྭངས་གསལ་མེ་ལོང་ཞེས་བརྗོད་རྒྱུ་ཡིན་)ཞེས་པ་ལས་འཇང་དགོན་ཕྱག་འདེབས་པ་པོ་འཇམ་དབྱངས་མངོན་མཁྱེན་པའམ་ལྗང་ཕུ་མངོན་མཁྱེན་པ་ནི་ཕལ་ཆེར་དུས་རབས་བཅོ་ལྔ་བའི་མི་ཞིག་ཡིན་པར་བཤད་པ་དང་། དེ་ལྟར་ཡིན་ཚེ་དགོན་པ་ཕྱག་བཏབ་པ་སྔོན་དུ་སོང་སྟེ་སློབ་གཉེར་ལམ་ལུགས་ཕྱིས་སུ་བྱུང་དགོས་པ་ནི་བྱ་དངོས་འཕེལ་རིམ་གྱི་ཆོས་ཉིད་ཅིག་ཡིན་པ་དང་། དེ་མིན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མཁར་རྒྱལ་གྱིས་བྲིས་པའི་《འཇང་དགུན་ཆོས་ཀྱི་བྱུང་བ་བརྗོད་པ་མཐོང་ཐོས་གསལ་བའི་མེ་ལོང་》ལས། “ཆོས་ཐོག་འདི་ནི་རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་ནས་མགོ་བཙུགས་ཏེ་ལོ་རབས་ལྔ་བཅུ་པའི་བར་དུ་འཕེལ་རྒྱས་ཀྱི་རྩེ་མོར་སོན་ཏེ་སྨྲ་བའི་དབང་ཕྱུག་ཤིན་ཏུ་མང་པོ་ཐོན་པ་ཡིན་”②ཞེས་བཀོད་ཡོད་པ་དང་། རྒྱལ་དབང་སྐུ་ཕྲེང་བདུན་པ་(1708-1757)མཆོག་ནི་དུས་རབས་བཅོ་བརྒྱད་པའི་ནང་བྱུང་བའི་སྐྱེས་བུ་དམ་པ་ཞིག་ཡིན་པས། གོང་གི་བརྗོད་ཚུལ་དེ་དང་ལོ་ངོ་སུམ་བརྒྱའི་ཧེ་བག་འདུག་ན་ཡང་། གང་ལྟར་རགས་ཚོད་བྱེད་ཐུབ་པ་ཞིག་ནི་དགུན་གྱི་ཆོས་ཐོག་ཆེན་མོ་འདི་ཉིད་ཕལ་ཆེར་སྤྱི་ལོའི་དུས་རབས་བཅོ་ལྔ་བའི་ཕྱིས་སུ་སྲོལ་བཙུགས་པ་གདོན་མི་ཟའོ།།
           འཇང་དགུན་ཆོས་བརྗོད་པ་ལ་དཔལ་གསང་ཕུ་ནེའུ་ཏོག་དགོན་དང་སྙེ་ཐང་སྟག་ཚང་རྭ་བ་སྟོད་པའི་ལོ་རྒྱུས་ནི་ཅིས་ཀྱང་བརྗོད་དགོས་པར་སྣང་། དེར་རྒྱུ་མཚན་གཉིས་ཡོད་དེ། སྙེ་ཐང་སྟག་ཚང་རྭ་སྟོད་དགོན་ནི་གསང་ཕུ་དགོན་ནས་འཕོས་པ་དང་གཅིག “སྙེ་ཐང་རྭ་སྟོད་པས་གནས་དེར་དགུན་ཆོས་འཚོགས་གནང་བས་སློབ་གཉེར་ཤིན་ཏུ་འཕེལ་”③ཞེས་གཞིས་ཕབ་རྗེས་ཀྱི་སྙེ་ཐང་སྟག་ཚང་རྭ་བ་སྟོད་པའི་དགུན་ཆོས་དེ་འཇང་ཕུ་དགོན་ནམ་ལྗང་ཕུ་དགོན། ཡང་ན་འཇམ་དབྱངས་དགུན་ཆོས་དགོན་ནས་ཚོགས་པ་དང་གཉིས་སོ།།
           དེ་ཡང་། སྟོད་ཀྱི་སེ་འབྲས་དགེ་གསུམ་མ་ཆགས་པའི་གོང་རོལ་གྱི་གདན་ས་དྲུག་གི་ཡ་གྱལ་གསང་ཕུ་ནེའུ་ཏོག་དགོན་ནི་སྤྱི་ལོ་1073ལོར། བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་(892-1054)སྲས་ཀྱི་ཐུ་བོ་རྣམ་གསུམ་གྱི་ཡ་གྱལ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོའི་ལུང་བསྟན་ལྟར་ཕྱག་བཏབ་པར་བཞེད་པ་དང་། ཁུ་རྔོག་ཡབ་སྲས་ཀྱིས་《ཚད་མ་རྣམ་ངེས་》དང་《བྱམས་ཆོས་སྡེ་ལྔ་》སོགས་གཙོས་རིགས་ལམ་ནས་དྲངས་པའི་འཆད་ཉན་ཤིན་ཏུ་དར་བར་མཛད། ཕྱིས་སུ་ཕྱཱ་བས་(1109—1169)གདན་ས་འཛིན་སྐབས་བསྡུས་གྲྭའི་སྲོལ་བཏོད་ནས་མཚན་ཉིད་དར་ཞིང་རྒྱས་པར་སྤེལ་ཏེ་སྨྲ་བའི་སེང་ཆེན་བརྒྱད་དང་སེང་ཆུང་བརྒྱད་སོགས་བྱུང་བ་དང་།སུམ་པ་མཁན་པོའི་《ཆོས་འབྱུང་དཔག་བསམ་ལྗོན་བཟང》་ལས་གསུངས་པ་ལྟར་ན། གསང་ཕུའི་གདན་ས་བཅུ་བ་འཇམ་བཙན་ནེ་སྐབས་སུ་འཇམ་སེང་དང་དད་བཟང་གཉིས་མ་མཐུན་པའི་རྐྱེན་གྱིས་གསང་ཕུ་དགོན་དེ་གླིང་སྟོད་སྨད་གཉིས་སུ་གྱེས་ཤིང་། གླིང་སྟོད་དུ་འཇམ་སེང་དང་དེའི་རྗེས་སུ་གཞུང་སྟོན་ཧྲལ་བོ་སོགས་གདན་སར་བཞུགས་པ་དང་། གླིང་སྨད་དུ་འཇམ་བཙན་དང་དེའི་རྗེས་སུ་བཟང་བ་དར་འོད་སོགས་རིམ་པར་བཞུགས། མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་(འཁྲུངས་འདས་ལོ་ཚིགས་མི་གསལ་)མཛད་པའི་《བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཡིག་ཆ་དགའ་ལྡན་ཆོས་འབྱུང་དཔག་བསམ་སྡོང་པོ་མཁས་པ་དགའ་བྱེད་》དམ་ཡོངས་གྲགས་སུ་《མཁར་ནག་ཆོས་འབྱུང་》དུ་འབོད་པ་རུ།“ཕལ་ཆེར་འཇམ་དཔལ་སེང་གེའི་དུས་སུ་གདན་ས་གླིང་སྟོད་སྨད་གཉིས་སུ་གྱེས་ཟེར། གླིང་སྨད་ལོ་ཙཱའི་ཁྲི་དང་གླིང་སྟོད་ཕྱ་བའི་ཁྲི་ཡིན་ཟེར་ཡང་། གླིང་སྟོད་རྔོག་ལེགས་པའི་ཤེས་རབ་དང་། གླིང་སྨད་དུ་རྔོག་བློ་ལྡན་ཤེས་རབ་ཀྱི་ཁྲི་ཡིན་ལ། གླིང་སྟོད་སྨད་དུ་གྱེས་པའི་རྟེན་འབྲེལ་ཡང་བྱམས་འཇམ་དབྱངས་གཉིས་བགྲོ་གླེང་མཛད་པའི་དོན་གྱིས་ཡིན་པས། གྲུབ་མཐའ་སྨྲ་བ་གཉིས་འབྱུང་བའི་ལུང་བསྟན་པས།ས་དགེ་གཉིས་དང་། ར་བ་སྟོད་སྨད་གཉིས། གླིང་སྟོད་སྨད་སྟེ་གཉིས་ཚན་གསུམ་པོ་དེ་ལ་འགལ་བ་མེད་དེ། བསྟན་པ་དར་བ་ལ་བཟང་འགྲན་དུ་སོང་བ་ཡིན་ནོ།།”④ ཞེས་གསུངས་སོ།། 《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ་》ལས། “གདན་ས་བཅུ་བ་འཇམ་བཙན་ནེ་འདི་དུས་གདན་ས་གླིང་སྟོད་སྨད་དུ་གྱེས་ཟེར་བ་དང་། ཁ་ཅིག་འཇམ་དཔལ་སེང་གེ་དུས་སུ་གྱེས་ཟེར། ཁ་ཅིག་གཙང་བ་འཇམ་དཔལ་སེངྒེའི་དུས་ནས་གྱེས་ཟེར། གང་ལྟར་བྱམས་འཇམ་དབྱངས་གཉིས་དྲང་ངེས་ལ་བརྩད་པའི་རྟེན་འབྲེལ་གྱིས་གླིང་སྟོད་སྨད་དང་། རྭ་བ་སྟོད་སྨད་གཉིས་འབྱུང་བར་ལུང་བསྟན་ནོ།།”⑤ཞེས་དང་།《དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་》ལས། “གཙང་བ་འཇམ་སེང་གིས་ལོ་བཅུ་གསུམ་ལ་གདན་ས་མཛད། འདིའི་དུས་སུ་གླིང་སྟོད་སྨད་གྱེས་ཤིང་། གྱེས་ལུགས་ཡང་ཁ་གཅིག་དམྱལ་པ་དད་པ་བཟང་བོས་འཇམ་སེང་དང་མ་མཐུན་པས་གྱེས་ཟེར། ཁ་གཅིག་གཙང་པ་འཇམ་སེང་གིས་འཇམ་ཙན་ནེའི་དུས་དབོན་པོ་ཇོ་ཕུར་གྱི་བདག་རྐྱེན་ལ་བརྟེན་ནས་བཤད་གྲྭ་ལོགས་སུ་བཙུགས་པར་གྱེས་ཟེར་”⑥ཞེས་པ་སོགས་སྟོད་སྨད་གཉིས་སུ་གྱེས་པའི་རྒྱུ་མཚན་དང་དགེ་བ་སོགས་བཞེད་ཚུལ་ཤིན་ཏུ་མང་ཞིང་། གོང་གསལ་གྱི་རྒྱུ་ཆ་རྣམས་གུང་བསྒྲིགས་ཏེ་གསང་ཕུའི་གླིང་སྟོད་སྨད་གཉིས་ཀྱི་གདན་སའི་མཁན་རབས་ལ་གཞིགས་ན་གླིང་སྟོད་ཀྱི་འཇམ་དཔལ་སེང་གེ་ཡན་ལ་མཁན་རབས་དག་ཐུན་མོང་བ་ཡིན་ལ། འཇམ་དཔལ་སེང་གེའི་རྗེས་སུ་སོ་སོར་གྱེས་ཡོད་པས་འདིའི་དུས་ནས་གསང་ཕུ་གླིང་སྟོད་སྨད་གཉིས་སུ་གྱེས་པ་རྗེས་སུ་དཔག་ནུས་སོ།། ལར་ནས་དུས་རབས་བཅུ་བཞི་པར། འཇམ་མགོན་བླ་མ་ཙོང་ཁ་བ་(1357-1419)ཆེན་མོས་གསང་ཕུའི་མཁན་པོ་སེང་གེ་རི་བོང་ལས་རྣམ་འགྲེལ་སྐོར་ཐོས་བསམ་མཛད་པ་དང་། བཀའ་བཞིའི་གྲྭ་སྐོར་མཛད་དེ་སྙན་པའི་གྲགས་པ་ཆེ་ཆེར་རྒྱས། དེ་བས་རྗེ་བླ་མའི་རྗེས་སུ་བསྙེགས་མཁན་ནི་ཤིན་ཏུ་ནས་མང་ཞིང་། ལྷག་པར་དུ་སྨར་ཁམས་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་བོས་རྗེ་རིན་པོ་ཆེ་སྐུ་དྲུང་དུ་མདོ་སྔགས་ཀྱི་ཆོས་མང་དུ་གསན་པ་དང་། རྗེ་རིན་པོ་ཆེ་ཞིང་གཞན་དུ་གཤེགས་པའི་གཏམ་ཐོས་རྗེས་ཐུགས་ངལ་ཤིན་ཏུ་ཆེ་བར་བྱུང་།“རྒྱལ་ཚབ་ཆོས་རྗེ་དགེ་ལྡན་གྱི་གདན་སར་ཕེབས་པར་གསན་ནས་མཇལ་བར་བྱོན་ཏེ། ཚད་མའི་ལམ་བསྒྲིགས་ཀྱིས་མཚོན་པའི་ཆོས་འགའ་ཙམ་ཞུས། རྒྱལ་ཚབ་ཀྱིས་གསང་ཕུར་རྣམ་འགྲེལ་གཙོ་བོར་བཏོན་པའི་འཆད་ཉན་མཛོད། ངེད་ཀྱིས་མཐུན་རྐྱེན་བྱེད་གསུངས་ནས་གསེར་སྲང་གང་གནང་། དེ་ནས་གླིང་སྨད་གྲྭ་ཚང་གི་སྟོད་དུ་རྡོའི་རྭ་བ་བསྐོངས་ཏེ་དེ་འཆད་ཉན་གྱི་རྒྱུན་བཙུགས་པས་སྡེ་སྣོད་འཛིན་པ་མང་དུ་འདུས་ཤིང་གྲྭ་ཚོགས་ཀྱང་ཆེ།”⑦ ཞེས་དང་།“དེ་རྗེས་གྲྭ་ཆེ་བར་འཁྲུངས་པའི་ཡོན་ཏན་རྒྱ་མཚོས་(འཕགས་འོད)མཛད་དུས་དེ་སློབ་མ་བཅས་པ་རྗེ་ལ་དད་པ་འགའ་ཞིག་གིས་སུན་ཕྱུང་བས་གླིང་སྨད་གྲྭ་ཚང་གི་སྟོད་དུ་རྡོ་ར་བསྐོར་ཏེ་རྒྱལ་ཚབ་སོགས་ཀྱི་ཡིག་ཆ་(ལ)སློབ་གཉེར་བྱས་པས་རྭ་སྟོད་པར་གྲགས་ལ། གཞུང་དེར་རྭ་སྨད་དུ་གྲགས་ཤིང་ས་སྐྱའི་ལུགས་བཟུང་སྟེ་རོང་སྟོན་སོགས་ཀྱི་ཡིག་ཆའི་སྟེང་ནས་འཆད་ཉན་བྱེད་དོ།།”⑧ ཞེས་པ་དང་། གྲྭ་ཚང་དེ་ལ་“རྭ་བ་སྟོད་པ་རྣམས་ལ་གསེར་ཟན་གྲྭ་ཚང་ཡིན་ཟེར་”⑨ཞེས་པ་དང་རྒྱལ་ཚབ་སོགས་ཀྱི་ཡིག་ཆ་གཙིགས་སུ་འཛིན་པ་སོགས་ལ་གཞིགས་ན། གསང་ཕུའི་རྭ་སྟོད་གྲྭ་ཚང་དེ་སྨར་ཁམས་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་བོས་རྒྱལ་ཚབ་གྱི་གསུང་དང་མཐུན་རྐྱེན་སྦྱར་ཏེ་《ཚད་མ་རྣམ་འགྲེལ་》གྱི་འཆད་ཉན་ལ་གཞིགས་ནས་བཙུགས་པ་དང་། སློབ་དཔོན་ཁོང་དང་བུ་སློབ་གྲྭ་ཆུང་བ་ཡོན་ཏན་རྒྱ་མཚོའི་དུས་སུ་རྭ་བ་སྟོད་སྨད་གཉིས་སུ་གྱེས་ནས་རྒྱལ་ཚབ་སོགས་ཀྱི་ཡིག་ཆ་གཙོས་ཚད་མའི་འཆད་ཉན་མཛད་པར་མ་ཟད། སྔ་ཕྱིར་གསང་ཕུ་རྭ་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་འགན་བཞེས། གསང་ཕུ་རྭ་སྟོད་གྲྭ་ཚང་ངམ་གསེར་ཟན་གྲྭ་ཚང་ལ་བརྟེན་ནས་གཞིས་ཕབ་རྗེས་ཀྱི་རྭ་སྟོད་དགོན་པའི་མཚན་ཆ་ཚང་ལ་སྙེ་ཐང་བདེ་བ་ཅན་སྟག་ཚང་གསེར་སྲང་རྣམ་འགྲེལ་གྲྭ་ཚང་རྭ་བ་སྟོད་ཐོས་བསམ་ནོར་བུ་གླིང་ཞེས་བཏགས་པའང་རྒྱུ་མཚན་གང་ཡང་མེད་པ་མ་ཡིན་ནོ།།
           ཡིན་ཡང་། ང་ཚོའི་ངེས་པར་དུ་རྟོགས་དགོས་པ་ཞིག་ལ་གསང་ཕུ་རྭ་སྟོད་གྲྭ་ཚང་དང་སྙེ་ཐང་རྭ་སྟོད་གཉིས་ནི་དུས་ཀྱི་སྔ་ཕྱི་ལས་བྱུང་བའི་གྲྭ་ཚང་ཞིག་དང་དགོན་པ་ཞིག་ཡིན་ནོ།། 《མཁར་ནག་ཆོས་འབྱུང་》ལས། “དེ་ལྟར་གསང་ཕུར་དགེ་ལྡན་པའི་གྲྭ་ཚང་བཞི་དང་། ས་སྐྱ་བའི་གྲྭ་ཚང་བདུན་ཡོད་པ་ལས། གླིང་སྟོད་ལ་གྲྭ་ཚང་སྦེལ་སེར། ཉི་མ་ཐང་། དྭགས་པོ་གྲྭ་ཚང་། རྣམ་རྒྱལ་གསེར་ཁང་གྲྭ་ཚང་།ཁུ་སྦེ་བའོ།།གླིང་སྨད་དུ་གྲྭ་ཚང་སྒྲོས་རྙིང་བ་དང་། ཉང་རོང་བ། གནས་སྒོ་བ་གསུམ། སྒྲོས་གསར་བ། ར་བ་སྟོད་སྨད་གཉིས་ཏེ་བཅུ་གཅིག་གམ། གནས་སྒོ་བ་ལ་གསུམ་དུ་ཕྱེ་ན་གྲྭ་ཚང་བཅུ་ཙམ་ཡོད།”⑩ ཅེས་བཀོད་པ་དང་། ཡིན་ཡང་། ལོ་རྒྱུས་ཀྱི་འཕེལ་འགྲིབ་ལས་གསང་ཕུ་དགོན་པའི་གྲྭ་ཚང་དེ་དག་རིམ་གྱིས་ཉམས་དམས་སུ་གྱུར་བའམ་ཡང་ན་གྲྭ་ཚང་གཞན་དང་བསྒྲིལ་བ། ཡང་ན་ས་ཆ་གཞན་དུ་གཞིས་ཕབ་སྟེ་ད་ལྟ་ར་བ་སྨད་གྲྭ་ཚང་དང་གསང་ཕུ་དབྱར་ཆོས་ཙམ་ལས་མི་འདུག གོང་དུ་བརྗོད་ཟིན་པའི་གསང་ཕུའི་གྲྭ་ཚང་དེ་དག་ལས། རྭ་སྟོད་ཀྱི་དགའ་ལུགས་པར་མཚོན་ན། གཞུང་ཆེན་དག་ལ་སྦྱངས་བརྩོན་དཔྱིས་ཕྱིན་པར་འདོད་ན་བདེ་བ་ཅན་དང་སྨོན་ལམ་ཚོགས་ཆུང་སོགས་ཆོས་ཚོགས་ལ་ཞུགས་དགོས་པ་དང་། ས་ལུགས་ལ་མཚོན་ན་འཕན་ཡུལ་དང་ན་ལེནྡྲ་སོགས་སུ་སློབ་གཉེར་དུ་འགྲོ་བའི་སྲོལ་ལུགས་ཤིག་ཆགས་ཡོད། གསང་ཕུའི་གླིང་སྟོད་ཀྱི་ཞྭ་སེར་བསྟན་པའི་རང་ལུགས་འཛིན་པ་དག་གིས་སྔར་ལས་ལྷག་པའི་སྦྱངས་པ་དཔྱིས་ཕྱིན་པ་མཛད་པར་ངེས་པར་དུ་རྭ་སྟོད་གྲྭ་ཚང་དུ་ཕེབས་ནས་གཞུང་ཆེན་གསན་བཞེས་མཛད་དགོས་པ་སོགས་སྐབས་དེར་རྭ་བ་སྟོད་ནི་གསང་ཕུ་དགོན་གྱི་གྲྭ་ཚང་ཞིག་ཡིན་ནོ།། གཞན་ཡང་《ཀློང་བརྡོལ་བླ་མའི་གསུང་འབུམ་》ལས། “རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་སློབ་མ་ཞང་ཡེ་བ། དེ་ཡི་སློབ་མ་གཉལ་ཞིག་པ། དེ་ཡི་སློབ་མ་གསང་ཕུ་གླིང་སྟོད་ཞབས་དྲུང་རྒྱ་མཆིང་རུ་བས་སྙེ་ཐང་བདེ་བ་ཅན་གྱི་དགོན་པ་ཕྱག་བཏབ། ཆོས་ཀྱི་དོན་གྲུབ་རིན་ཆེན་ཟེར་བ་རྗེ་བཙུན་ཙོང་ཁ་པ་ཆུང་ངུའི་དུས་སུ་སྐྱོང་བར་མཛད་པ་པོ་དེ་སྙེ་ཐང་བདེ་བ་ཅན་དུ་ཐུགས་གཉེར་མཛད་པ་ཡིན། རྗེ་བཙུན་ཙོང་ཁ་པ་ཆེན་མོ་ཡང་ཆོས་གྲྭར་བཞུགས་པའི་ཐོག་མ་བདེ་བ་ཅན་འདིར་ཕར་ཕྱིན་གྱི་སློབ་གཉེར་མཛད་ནས་ལོ་གསུམ། ཕྱིས་སུ་གྲྭ་ཚང་འཆད་ཉན་མཛད་ནས་ལོ་གསུམ་སྟེ་ལོ་དྲུག་བཞུགས། ཕྱིས་སུ་བདེ་བ་ཅན་གྱི་དགེ་འདུན་སྡེ་མེད་ཀྱང་སྨར་ཁམས་གྲགས་བཟང་དང་གྲྭ་ཆུང་བ་སོགས་ཀྱིས་སྟག་ཚང་རྭ་བ་སྟོད་པའི་དགེ་འདུན་གྱི་སྡེ་ཚུགས་སོ།།”⑾ ཞེས་གསང་ཕུའི་གྲྭ་ཚང་གི་ནང་གསེས་ར་སྟོད་གྲྭ་ཚང་དེ་ད་ལྟའི་ཆུ་ཤུར་རྫོང་ཁོངས་སུ་གཞིས་ཕབ་སྟེ་སྙེ་ཐང་བདེ་བ་ཅན་གྱི་ཤུལ་ཏུ་ཆགས་ཤིང་། གཞིས་ཕབ་རྗེས་ཀྱི་རྭ་སྟོད་དགོན་པ་དེ་གསང་ཕུའི་རྭ་སྟོད་གྲྭ་ཚང་ལས་འཕོས་པ་མངོན་སུམ་ཡིན་པར་མ་ཟད། གནས་འཕོས་པའི་དུས་ནི་“དུས་རབས་བཅོ་ལྔ་ནས་བཅུ་བདུན་པའི་འགོ་སྟོད་ཙམ་དུ་ཡིན་པར་ངེས་”⑿ཞེས་གསལ་པོར་བཀོད་ཡོད། སྙེ་ཐང་བདེ་བ་ཅན་ཕྱག་འདེབས་པ་པོ་ནི་གསང་ཕུའི་གླིང་སྟོད་ཀྱི་གདན་ས་དྲུག་པ་རྒྱ་འཆིང་རུ་བས་(འཁྲུངས་འདས་ལོ་ཚིགས་མི་གསལ། མཚན་དངོས་ལ་ཤེས་རབ་དབང་ཕྱུག་ཅེས་གསང་ཕུའི་གདན་རབས་ལས་འབྱུང་ངོ)“བོད་རབ་བྱུང་བཅུ་གསུམ་པའི་ཤིང་གླང་སྤྱི་ལོ་1205”⒀ལོར་ཕྱག་བཏབ་པ་དང་། ཕྱིས་སུ་དགེ་འདུན་གྱི་སྡེ་མེད་པར་གྱུར་བ་དང་། གསང་ཕུའི་རྭ་སྟོད་གྲྭ་ཚང་གཞིས་ཕབ་སྟེ་བདེ་བ་ཅན་གྱི་ཤུལ་དུ་ཆགས་རྗེས་དགེ་འདུན་གྱི་སྡེ་འཛུགས་མཁན་ནི་སྨར་ཁམས་གྲགས་པ་བཟང་པོ་དང་གྲྭ་ཆུང་བ་ཡོན་ཏན་རྒྱ་མཚོ་ཡིན་པ་གསལ་བོར་ཤེས་ནུས། དེ་བས། གཞིས་ཕབ་རྗེས་ཀྱི་གསང་ཕུ་རྭ་སྟོད་གྲྭ་ཚང་གི་མཚན་ལ་རྭ་སྟོད་བདེ་བ་ཅན་ཞེས་བཏགས་པར་མ་ཟད། མིང་གི་རྣམ་གྲངས་ལའང་སྟག་ཚང་རྭ་བ་སྟོད། རྭ་སྟོད་བདེ་བ་ཅན། རྭ་སྟོད་དགོན། སྟག་ཚང་རྭ་སྟོད་བདེ་བ་ཅན་སོགས་དུ་མ་མཆིས་ཤིང་། མཚན་ཆ་ཚང་ལ་སྙེ་ཐང་བདེ་བ་ཅན་སྟག་ཚང་གསེར་སྲང་རྣམ་འགྲེལ་གྲྭ་ཚང་རྭ་བ་སྟོད་ཐོས་བསམ་ནོར་བུ་གླིང་ངམ་བྱ་བྲལ་ཀུན་སྤངས་གྲྭ་ཚང་ཟེར།
གཉིས་པ། འཇང་དགུན་ཆོས་ཚོགས་པའི་ཡུལ་དང་མིང་དུས་ཀྱི་སྐོར།
           གཅིག ཡུལ་དང་མིང་བཤད་པ། འཇང་དགུན་ཆོས་ཚོགས་པའི་ཡུལ་ནི་ལྷ་སའི་ཆུ་ཤར་རྫོང་ཁོངས་ཀྱི་འཇང་དགོན་པ་སྟེ། དེ་ནི་ལྷ་ས་གྲོང་ཁྱེར་ནས་ནུབ་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ལྷག་གི་སར་ཆུ་ཤུར་རྫོང་ཁོངས་ཀྱི་སའི་ཆ་གནམ་མདའ་ནས་སྣུམ་ནག་གི་གཞུང་ལམ་བརྒྱུད་དེ་སྤྱི་ལེ་བཞི་ལྔ་ཙམ་གྱི་སར་འཇང་སྨད་གྲོང་ཚོ་རུ་སླེབས་པ་དང་། དེ་ནས་ནུབ་བྱང་གི་རི་འདབས་སུ་སྤྱི་ལེ་གསུམ་བཞི་ཙམ་སོང་བ་ན་གཞི་ནས་འཇང་དགོན་དུ་སླེབས། དགོན་པ་ཕྱག་འདེབས་གནང་མཁན་ནི་འཇམ་དབྱངས་མངོན་མཁྱེན་པའམ་ལྗང་ཕུ་མངོན་མཁྱེན་པ། ཡང་ན་འཇང་སྔོན་མཁྱེན་པ་ཞེས་པའི་མཁས་པ་དེ་ཡིན། མཁས་དབང་འདི་ཉིད་ཀྱི་འཁྲུངས་འདས་ལོ་ཚིགས་དང་སློབ་གཉེར་བརྒྱུད་རིམ། དགོན་པ་བཏབ་ལོ་སོགས་མིག་སྔར་གྱི་ལོ་རྒྱུས་ཡིག་ཚངས་དང་ཆོས་འབྱུང་ཁག་ལས་ལག་སོན་མ་བྱུང་བས་ན་རེ་ཞིག་བཏང་སྙོམས་སུ་མི་འཇོག་ཀ་མེད་རེད། ཡིན་ཡང་། ཁོང་ནི་ཕལ་ཆེར་དུས་རབས་བཅོ་ལྔའི་ནང་འཁྲུངས་པར་བཞེད་པ་ནི་མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་གཏམ་མོ།།
           དེ་ཡང་འཇང་ཞེས་པ་ནི་ཡུལ་གྱི་མིང་དང་། “འཇང་ས་དམ་གྱི་ཡུལ་ཡིན་ཟེར།”⒁ ཞེས་བཀོད་ཡོད་མོད་ཀྱང་།《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》ལས།
           “།:། ཡོས་བུའྀ་ལོ་ལ། བཙན་པོ་དབྱརད་གླྀང་གྀ་འོལ་བྱག་ན་བཞུགས་ཤྀང་། རྒྱའྀ་པོ་ཉ་ཀམ་ཀེང་ཕྱག་འཙལད། མདོ་སྨད་གྱྀ་དགུན་འདུམ་ཡོལ་གྱྀ་ཅི་འབོསུ:བསྡུས། ཡུམ་རྣང་ཕོ་དུར་མྱྀག་ན་བཞུགས་ཤྀང་། ཁུ་འབྱུར་ལོད་བཙན་བཀུམ།དགུན་བཙན་པོ་འཇང་ཡུལ་དུ་གཤེགསྟེ། འཇང་ཕབ། པར་ལོ་གཅིག།”⒂ ཅེས་དང་། གཞན་ཡང་། 《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་》ལས། ཁྲི་འདུས་སྲོང་མང་བཙན་རིང་ལ། “འུང་གི་འོག་དུ་འཇང་གྀ་རྒྱལ་པོ་ལ་ཆབ་སྲིད་མཛད་དེ་མྱྭ་དཀར་པོ་དཔྱའ་ཕབ།།མྱྭ་ནག་པོ་འབངསུ་བཀུག་པ་ལ་སྩོགསྟེ། རྒྱལ་པོ་འདི་ལས།། དབུ་རྨོག་བརྩན་ཞིང་། ཆབ་སྲྀད་མཐའ་སྐྱེས་པ་ནྀ་སྔོན་ཆད་གདུང་རབས་ཀྱིས་མ་མཛད་དོ།།”⒃ ཅེས་བཙན་པོ་ཁྲི་འདུས་སྲོང་གི་སྐབས་འཇང་གི་ཡུལ་གྲུ་ཁག་བོད་ཀྱི་འབངས་སུ་བསྡུས་པར་མ་ཟད། བོད་ལ་དཔྱ་ཁྲལ་འཇལ་དགོས་པའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་ཀྱང་བྱུང་བ་ཏུང་ཧོང་གི་ཡིག་ཆ་ཁག་ལས་གསལ་པོར་བཀོད་ཡོད་པ་ཀུན་གྱི་མཐོང་ཆོས་སུ་ཡོད་པ་བཞིན་ནོ།། “འདིར་འཇང་ཞེས་བྱ་བ་ནི་འཇང་ས་དམ་ཞེས་པའི་ཡུལ་ཡིན་ཞིང་། ད་ལྟའི་ཡུན་ནན་ཞིང་ཆེན་གྱི་ཏ་ལི་(大理)དང་ལི་ཅང་(丽江)ལ་སོགས་པའི་ཡུལ་གྲུ་སྤྱིའི་མིང་ངོ་།།”⒄ཞེས་གསུངས་པ་ནང་བཞིན་འཇང་ཕུ་དགོན་ཆགས་ཡོད་པའི་ཡུལ་གྲུ་དེ་ནི་འཇང་ས་དམ་གྱི་ཡུལ་ཡིན་ཟེར་བ་མ་དག་པར་སྣང་ངོ་།།
           འོ་ན་འཇང་ཕུ་དགོན་ཞེས་པའི་འཇང་ནི་གང་ལ་ངོས་འཛིན་དགོས་ཤེ་ན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》ལས། “ཡུལ་སྐྱི་རོའི་ལྗང་སྔོན་ན།”⒅ ཞེས་དང་།《ཆོས་འབྱུང་མཁས་དགའ》་ལས། “ཀྱི་རི་ལྗོན་སྔོན་ན་ཀྱི་རྗེ་རྨད་པོ་བློན་པོ་ངམ་དང་འབྲོ།”⒆ཞེས་འབྱུང་བ་དང་།གཞན་ཡང་། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ལས། “ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་ཀྱི་རྗེ་མང་པོ།”⒇ ཞེས་དང་། 《ལྡེའུ་ཆོས་འབྱུང་》ལས། “བློན་པོ་ཤེའུ་དང་ཡུག་ཡུལ་གྱི་ར་ལྗོངས་སྔོན་ན་”(21)ཞེས་སོགས་ཏུན་ཧོང་གི་ཡིག་ཆ་དང་བོད་ཀྱི་ལོ་རྒྱས་ཡིག་ཚང་ཁག་ལས་ཡུལ་སྐྱི་རོ་ལྗང་སྔོན་དང་སྐྱིད་ལྗང་ཞེས་མང་པོ་བྱུང་ཡོད་པར་མ་ཟད། སྐྱི་རོ་ལྗང་སྔོན་ཞེས་པའི་ཡུལ་དེ་ནི་ཡིག་ཚང་མཁན་པོ་རྣམས་ཀྱིས་དེང་གི་སྐྱིད་ཆུའི་འགྲམ་གྱི་སྙེ་ཐང་ས་ཁུལ་ལ་ངོས་འཛིན་བྱས་ཡོད་པ་དང་། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་》ལས། “བདག་གིས་ཇོ་བོ་བཞུགས་གནས་སྙེ་ཐང་སྐད་པ། དབྱར་བསིལ་བ། དགུན་དྲོ་བ།ནགས་ཚལ་དང་ནེའུ་གསིང་ཡོད་པ། དགུན་ཡང་མེ་ཏོག་སྐྱེ་བ་ཅིག་བཙལ་བདོག་ཞུས།” (22) ཞེས་དང་། གཞན་ཡང་《མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས་》ལས།“ཇོ་བོ་རྗེ་ཁྱེད་ཁུ་སྟོན་གྱིས་གཏོང་ན་དབུ་རུ་ན་སྙེ་ཐང་བྱ་བ་ནགས་ཚལ་དང་ནེའུ་གསིང་རྒྱས་པ་དགུན་ཡང་མེ་ཏོག་སྐྱེས་པ་ཞིག་ཡོད་པས་དེར་བཞུགས་པས་ཆོག”(23)ཅེས་དང་། 《མི་དབང་རྟོགས་བརྗོད་》ལས། “ཇོ་བོ་ཆེན་པོ་གཟིགས་ཤིག གང་ཁྱོད་དགྱེས་པ་སྐྱེད་པར་བྱེད་པའི་གནས་སྙེའི་ན་མོ་ཆེ་དབྱར་གྱི་དུས་ཡུལ་གཞན་ན་ཚ་བ་གདུང་གི་རེག་བྱས་ཉེན་པའི་ཚེ་དེ་ན་བསིལ་བས་ཆུ་བོ་ལ་ཆབ་རོམ་འབྱུང་ཞིང་། དགུན་གྱི་དུས་གཞན་དག་ན་གྲང་རེག་བཟོད་པར་དཀའ་བའི་ཚེ་དེ་ན་དྲོ་བའི་མེ་ཏོག་གི་འདབ་བརྒྱ་བཞེད་པར་བྱེད་པ་བདག་གིས་སྟ་གོན་བྱས་ཟིན་ཡོད།” (24) སོགས་བཀོད་ཡོད་པ་དང་།གནས་དེ་གའི་མང་ཚོགས་ཀྱིས་བཞེད་སྲོལ་ལ་ཡང་སྔར་གནས་དེ་གར་སྤང་དང་མེ་ཏོག་སྣ་ཚོགས་ཡོད་ཀྱང་། ཕྱིས་སུ་ཆུ་ལོག་གི་གནོད་འཚེ་བྱུང་ནས་བྱེ་མས་མནན་ཏེ་ད་ལྟའི་བྱེ་ཐང་དང་རྡེའུ་ཆེ་འབྲིང་ཆུང་གསུམ་མང་པོ་བྱུང་བ་རེད་ཟེར་བ་དང་། ཚུལ་འདི་ཡང་《མི་དབང་རྟོགས་བརྗོད་》ལས། “ཇི་ཞིག་ན་མི་མ་ཡིན་གདུག་པ་ཅན་གྱི་ཆོ་འཕྲུལ་འཇིགས་སུ་རུང་བའི་ཚུལ་གྱིས་ཆུ་ཀླུང་གནོད་པ་ཅན། དྲག་པོར་འབབ་པ། སྒྲ་སྒྲོགས་པ། རྦ་རླབས་ཀྱི་རལ་པ་གསིག་པ། བཟློག་དཀའ་པ། གང་ལ་རེག་པ་དེ་འཇིག་ཅིང་བརླག་པར་བྱེད་པའི་ཤྭ་འོད་གློ་བུར་བྱུང་སྟེ་ཡུལ་ཁམས་ཐམས་ཅད་རྨེག་མེད་དུ་གྱུར་” (25)ཞེས་སོགས་བཀོད་ཡོད་པར་གཞིགས་ན། གནའ་བོའི་དུས་སུ་སྐྱིད་ཆུའི་འགྲམ་རྒྱུད་ཀྱི་ཡུལ་ཀླུང་འདི་ནི་《ཇོ་བོའི་རྣམ་ཐར་》དང་《བཀའ་གདམས་ཆོས་འབྱུང་》སོགས་ལས་བརྗོད་པ་ནང་བཞིན་དབྱར་བསིལ་ལ་དགུན་དྲོ་བར་མ་ཟད་མེ་ཏོག་སྣ་ཚོགས་ལྷམ་མེར་བཞད་དེ་ཕྱོགས་ཀུན་ལྗང་ཐིང་ངེ་བར་གནས་པ་སོགས་ཡུལ་དེ་གའི་གནམ་གཤིས་དང་ས་བབ་སོགས་ལ་འབྲེལ་བ་ངེས་ཅན་ཡོད་པར་སྣང་བ་དང་། “ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཡུལ་གྱི་ལྗང་ཞེས་འབྱུང་བ་དང་ཏུན་ཧོང་གཏེར་ཡིག་ལས།ཡུལ་སྐྱིད་ལྗང་ཞེས་འབྱུང་བས་སྐྱིད་ལྗང་ཞེས་པ་སྐྱིད་ཆུའི་འགྲམ་དུ་ཡོད་པ་མཁས་པ་མང་པོས་བཤད་དེ། དེ་ནི་ལྗང་དགུན་ཆོས་སམ་འཇང་དགུན་ཆོས་ཞེས་པའི་འཇང་དང་འབྲེལ་བ་ཡོད་པར་འདོད་” (26)པ་སོགས་ཡུལ་ལྗང་ཐིང་ངེ་བ་ཡོད་པ་དེའི་ཕུ་རུ་ཆགས་པའི་དགོན་པའི་མིང་ལ་ལྗང་ཕུ་དགོན་ཞེས་བཏགས་པ་ཨེ་ཡིན་སྙམ། ཡིན་ཡང་། སྙེ་ཐང་ས་ཁུལ་གྱི་མང་ཚོགས་རྣམས་ཀྱིས་ངག་རྒྱུན་ལྟར་ན་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི་དགོན་པ་ཕྱག་འདེབས་མཁན་འཇམ་དབྱངས་མངོན་མཁྱེན་པའི་མཚན་གྱི་ཟུར་ནས་དགོན་པའི་མིང་ལའང་འཇམ་དབྱངས་དགུན་ཆོས་དགོན་བཏགས་པར་བཤད་པ་དང་། གཞན་ཞིག་ནི་བླ་མ་མངོན་མཁྱེན་པའི་འཁྲུངས་ཡུལ་གྱི་མིང་ནས་ཟུར་ཆགས་ཏེ་འཇང་དགོན་ཞེས་བཏགས་པ་ཡིན་ཟེར། དེ་གཉིས་གང་ཡིན་ཡང་། བདག་གི་རྨོངས་བློས་དཔྱད་པ་ལྟར་ན། དང་པོ་དེང་གི་སྙེ་ཐང་ས་ཁུལ་ཡོད་སའི་གནས་དེ་ལ་སྐྱི་རོ་ལྗང་སྔོན་ནམ་སྐྱིད་ལྗང་ཞེས་ཟེར་བ་ཏུན་ཧོང་གི་ཡིག་ཆ་ཁག་ལས་འབྱུང་བ་དང་། དགོན་པ་ནི་ཡུལ་ལྗང་ཐིང་ངེ་བ་ཡོད་པ་དེའི་ཕུ་རུ་ཆགས་པས་ན་ལྗང་ཕུ་དགོན་དང་། ཕྱིས་སུ་དུས་ཀྱི་སྟོབས་ཀྱིས་ཡུལ་གྱི་མིང་རྣམས་འགྱུར་ཏེ་ལྗང་ཅེས་པའི་སྒྲ་དེ་འཇང་དུ་འགྱུར་བ་དང་། དགོན་པའི་མིང་ཡང་འཇང་ཕུ་དགོན་ཞེས་འགྱུར། རིམ་གྱིས་འཇང་ཞེས་པའི་སྒྲ་ཏེ་འཇམ་དུ་འགྱུར་ནས་ད་ལྟ་དགོན་པའི་མིང་སྟེ་འཇམ་དབྱངས་དགུན་ཆོས་དགོན་ཞེས་བྱུང་བར་འདོད་པ་དང་། དེ་མ་ཟད།དགོན་པ་ཕྱག་འདེབས་མཁན་གྱི་མཚན་ལ་ཡང་ལྗང་ཕུ་མངོན་མཁྱེན་པ་དང་འཇང་ཕུ་མངོན་མཁྱེན་པ། འཇམ་དབྱངས་མངོན་མཁྱེན་པ་སོགས་འབྱུང་བ་དེ་ཡང་། དུས་ཀྱི་འཁོར་མོ་ཆེ་ཡི་འགྲོས་དང་བསྟུན་ནས་དགོན་པ་ཕྱག་འདེབས་མཁན་གྱི་མཚན་ཡང་ལྗང་ཕུ་མངོན་མཁྱེན་པ་ནས་འཇང་ཕུ་མངོན་མཁྱེན་པ་རུ་འགྱུར་བ་དང་། དེ་ནས་རིམ་གྱིས་འཇམ་དབྱངས་མངོན་མཁྱེན་པ་རུ་འགྱུར་བ་ཡིན་པར་འདོད། ཡིན་ཡང་། གོང་དུ་ཞུས་པ་ནི་དོགས་སློང་ཙམ་ལས་ཁ་ཚོན་གཅོད་པའི་བློ་སྤོབས་དབེན་པས་ན། མཁྱེན་རྒྱ་ཡངས་ཤིང་རྣམ་དཔྱོད་དང་ལྡན་པ་དག་གིས་ད་དུང་དཔྱད་པར་འཚལ་ལོ།།
           དགོན་པ་དེར་གནས་པའི་ཁང་ཚན་དང་གྲྭ་ཤག་སོགས་སྔོན་ཆད་ལྟར་ན་རྭ་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དང་། དེའི་ཉེ་འགྲམ་དུ་སྒོ་མང་སྤྱི་ཁང་རྙིང་བ་དང་། ཏྲེ་ཧོར་ཁང་ཚན། རྒྱལ་རོང་ཁང་ཚན། གོ་བོ་ཁང་ཚན།གཙང་པ་ཁང་ཚན། ཚུལ་ཁང་ཁང་ཚན། ལྡན་མ་ཁང་ཚན།ཕ་ར་ཁང་ཚན། སྤོམ་རྭ་ཁང་ཚན། གུ་གེ་ཁང་ཚན་བཅས་ཡོད་ལ། ཕྱིས་སུ་སེར་བྱེས་གྲྭ་ཚང་དང་དགའ་ལྡན་བྱང་རྩེ།སེ་ར་སྨད་སོགས་ཀྱིས་ཚོགས་ཁང་དང་གྲྭ་ཤག་གསར་པ་སོགས་རིམ་བཞིན་འཛུགས་སྐྲུན་བྱས་པ་དང་། དེ་ནས་བཟུང་གདན་ས་གསུམ་གྱི་དཔེ་གཟིགས་པ་རྣམས་འཇང་དགུན་ཆོས་སུ་ཕེབས་མཁན་ཇེ་མང་དུ་སོང་བ་དང་བསྟུན།འབྲས་སྤུངས་སྒོ་མང་གྲྭ་ཚང་དང་བློ་གསལ་གླིང་། ཤར་རྩེ་གྲྭ་ཚང་སོགས་སུ་ཚོགས་ཁང་སོགས་གསར་སྐྲུན་གང་ལེགས་གནང་། དེར་མ་ཟད། བདེ་ཡངས་གྲྭ་ཚང་གི་དཔེ་གཟིགས་པ་དང་དྭགས་པོ་བཤད་སྒྲུབ་གླིང་གི་དཔེ་གཟིགས་པ་སོགས་དགེ་འདུན་སྟོང་ཕྲག་བརྒལ་བ་འཇང་དགུན་ཆོས་སུ་ཕེབས་ནས་སློབ་གཉེར་བྱེད་པ་དང་། “1959ལོའི་གོང་རོལ་ཏུ་འཇང་དགོན་པའི་རྭ་སྟོད་གྲྭ་ཚང་གི་ཚོགས་ཁང་དུ་རྟེན་གཙོའི་གྲས་སུ་བླ་མ་མངོན་མཁྱེན་པའི་སྐུ་བརྙན་ཤ་སྐམ་ལ་རིད་པ་ཞིག་ཡོད་པར་མ་ཟད། འཇང་དགུན་ཆོས་སྐབས་སུ་འདས་མཆོད་ཀྱང་འབུལ་སྲོལ་ཡོད་” (27)པ་སོགས་《སྟག་ཚང་རྭ་སྟོད་གྲྭ་ཚང་གི་ལོ་རྒྱུས་དྭངས་གསལ་མེ་ལོང་བཞུགས་སོ་》ཞེས་པ་ལས་གསུངས་པ་དང་། ཡིན་ཡང་། ལོ་ངོ་བཅུའི་གོད་ཆགས་ཁྲོད་གོང་དུ་ཞུས་ཟིན་པའི་གྲྭ་ཚང་དང་ཁང་ཚན།དེ་མ་ཟད་རྟེན་དང་བརྟེན་པ་བཅས་ལ་ཉམས་ཉེས་ཆེན་པོ་ཐེབས་ཏེ་རྗེས་ཤུལ་ཙམ་ལས་མེད་པར་བྱས་པ་དང་། ཆོས་སྒོ་ཡང་བསྐྱར་ཕྱེ་རྗེས། གྲྭ་ཚང་དང་ཁང་ཚན། ཚོགས་ཆེན་འདུ་ཁང་བཅས་ལ་ཞིག་གསོ་རྒྱ་ཆེར་གནང་བ་དང་། 2016ལོའི་ཟླ་བརྒྱད་པར་ཁོ་བོ་དངོས་སུ་ཡུལ་དེ་གར་བསྐྱོད་དེ་འཇང་ཕུ་དགོན་པར་བཞུགས་པའི་གཙུག་ལག་ཁང་གི་དཀོན་གཉེར་འོད་ཟེར་རྒྱ་མཚོ་ལགས་ལ་བཅར་འདྲི་བྱས་ཏེ་བརྟག་དཔྱད་བྱས་མཐར། ད་ལྟའི་དུས་འདིར་གནས་དེ་རུ་ད་ཡོད་ཀྱི་དགོན་པ་སོ་སོའི་གྲྭ་ཚང་དང་ཁང་ཚན་ནི་འདི་ལྟ་སྟེ། འཇང་དགོན་ཚོགས་ཆེན་ནམ་རྭ་སྟོད་གྲྭ་ཚང་། རྭ་སྟོད་གྲྭ་ཚང་གི་ཁང་ཚན། ཉག་རེ་ཁང་ཚན། གཉེར་ཤར་ཁང་ཚན། ཇོ་བརྟན་ཁང་ཚན་བཅས་དང་། འབྲས་སྤུངས་སྒོ་མང་གྲྭ་ཚང་དང་སྒོ་མང་གྲྭ་ཚང་གི་ཕུ་ཁང་དང་གུ་གེ་སྤྱི་ཁང་། བདེ་ཡངས་སྤྱི་ཁང་། རྒྱལ་རོང་སྤྱི་ཁང་། སྒོའོ་སྤྱི་ཁང་། གཙང་བ་སྤྱི་ཁང་། སྒོ་མང་རྙིང་བ་བཅས་དང་། སེ་ར་བྱེས་སྨད་གཉིས། དགེ་ལྡན་ཤར་རྩེ་དང་བྱང་རྩེ་གཉིས།གཙུག་ལག་ཁང་བཅས་ཡོད་པ་དང་། དེ་མ་ཟད། དགོན་པའི་གནས་ཁྱད་འཕགས་ཅན་རྭ་སྟོད་གྲྭ་ཚང་གི་མདུན་གྱི་རྡོ་གཅལ་སྔོན་མོ་(28)དང་། “གཞན་ཡང་གནས་དེ་རུ་རྟེན་ཁྱད་པར་ཇོ་བོ་མཐོང་བ་དོན་ལྡན་དང་། གྲོགས་ཁྱད་པར་དགེ་འདུན་འདུས་པ་རྒྱ་མཚོ། ཁྲོ་ཁྱད་པར་ཅན་ཚོགས་ཁྲོ་སངས་རྒྱས་བེམ་པོ་” (29)སོགས་གྲྭ་ཚང་དང་ཁང་ཚན། སྤྱི་ཁང་སོགས་ཁྱོན་སྡོམ་ཉི་ཤུ་ལ་ཉེ་བ་བཞུགས་པ་དང་། ཉམས་ཉེས་ཐེབས་པའི་སྐུ་བརྙན་དག་གི་སྐུ་ཚབ་ཏུ་འཇིམ་སྐུ་གསར་བཞེངས་བྱས་ཡོད་པ་ད་ལྟ་དངོས་སུ་མིག་གི་མཐོང་ལམ་དུ་མཇལ་ཐུབ་བོ།། ཡིན་ཡང་། དགོན་པ་འདི་ནི་བོད་ཀྱི་ཡུལ་གྲུ་ཁག་གི་དགོན་སྡེ་གཞན་དང་མི་མཚུངས་པ་ནི་ལོ་རེར་དགུན་ཆོས་སྐབས་སུ་མ་གཏོགས་དགེ་འདུན་གྱི་སྡེ་མེད་པ་དང་། སྤྱིར་བཏང་“སེ་འབྲས་དགེ་གསུམ་དང་རྭ་བ་སྟོད་པ།གཙུག་ལག་ཁང་བཅས་དགོན་ཁང་ལྔ་ནས་མངགས་གཏོང་གནང་པའི་གྲྭ་ཚང་སོ་སོའི་དཀོན་གཉེར་གཅིག་རེ་མ་གཏོགས་མེད།” (30) ཅེས་གྲྭ་བཙུན་འོད་ཟེར་རྒྱ་མཚོ་ལགས་ནས་གསུངས།
           གཉིས། དུས་བཤད་པ། འཇང་དགུན་ཆོས་འབྲེལ་བའི་རིག་གཞུང་དཔྱད་རྩོམ་དང་འབྲེལ་ཡོད་རྒྱུ་ཆ་ལྟར་ན། 1950ལོའི་ཡར་སྔོན་གྱི་འཇང་དགུན་ཆོས་ཀྱི་དུས་ཡུན་ལ་གནའ་དེང་མཁས་པ་རྣམས་ཀྱི་བཞེད་པ་གཅིག་མཚུངས་སུ་སྣང་ལ། ཡིན་ཡང་། 1950ལོའི་རྗེས་ཀྱི་འཇང་དགུན་ཆོས་ཀྱི་དུས་ཡུན་ལ་རང་རེའི་མཁས་པ་རྣམས་ལ་བཞེད་ཚུལ་སྣ་ཚོགས་ཤིག་ཡོད། སྲོལ་རྒྱུན་ལྟར་ན་ལོ་རེའི་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་སྟེ་ཟླ་བ་ཕྱེད་དང་གཉིས་རིང་ལ། གདན་ས་གསུམ་དང་མངའ་རིས་དྭགས་པོ་གྲྭ་ཚང་བཅས་ཀྱི་དགེ་འདུན་སྟོང་ཕྲག་ལྔ་ལས་བརྒལ་བ་གནས་འདིར་འཛོམས་ནས་གཞུང་ཆེན་ལྔ་ལས་《ཚད་མ་རྣམ་འགྲེལ་》བརྒལ་རྟགས་གནང་བ་སོགས་འབྲེལ་ཡོད་ཡིག་ཚངས་དག་ལས་མཐོང་ཐུབ། འོན་ཀྱང་། 2016ལོའི་ཟླ་8 ཚེས་16ནས་17ལ་ཁོ་བོ་དངོས་སུ་རྭ་སྟོད་དགོན་དང་འཇང་ཕུ་དགོན་པར་ཕྱིན་ནས་ཡུལ་དངོས་རྟོག་དཔྱོད་བྱས་པ་བརྒྱུད། འཇང་དགུན་ཆོས་ཀྱི་དུས་ཚོད་ལ་སྔ་ཕྱི་འགྱུར་བ་ཆེ་ཤོས་ཐེངས་གསུམ་བྱུང་ཡོད་པར་སྣང་། རེ་རེ་བཞིན་འདི་ལྟ་སྟེ།
           དང་པོ་ནི་སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་ན་ལོ་རེའི་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་སྟེ་ཟླ་ཕྱེད་དང་གཉིས་རིང་ལ་སེ་འབྲས་དགེ་གསུམ་དང་། སྙེ་ཐང་རྭ་སྟོད་དགོན། མངའ་རིས་གྲྭ་ཚང་སོགས་མཚན་ཉིད་དར་ཁྱབ་ཆེ་བའི་དབུས་ཁུལ་གྱི་དགོན་སྡེ་ཁག་ཅིག་གི་དགེ་འདུན་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱས་ཏེ། གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་《ཚད་མ་རྣམ་འགྲེལ་》ལ་བརྒལ་བརྟག་གསན་བཞེས་རྒྱ་ཆེན་གནང་བ་དང་། ཡིན་ཡང་། “ཆིག་སྟོང་དགུ་བརྒྱ་ང་དགུ་ལོ་ནས་བཟུང་སྟེ་ལོ་ངོ་སོ་གསུམ་གྱི་རིང་ལ་དུས་འགྱུར་གྱི་དབང་གིས་འཚོག་མ་ཐུབ་པར་ལུས་” (31)ཞེས་དགོན་པའི་ལྷ་ཁང་དང་རྟེན་དང་བཅས་པར་ཉམས་ཉེས་ཆེན་པོ་ཐེབས་པར་མ་ཟད། ལོ་རེ་བཞིན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཐོག་ཆེན་མོ་གཉིས་ཀྱི་ཡ་གྱལ་འཇང་དགུན་ཆོས་ཡང་ཉམས་དམས་སུ་སོང་སྟེ་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་བསྐྱར་གསོ་བྱེད་མ་ཐུབ་པར་རེ་ཞིག་ལུས།
           གཉིས་པ་ནི་1992ལོར་དགེ་བའི་བཤེས་གཉེན་རྗེ་བཙུན་ཟླ་གྲགས་མཆོག་གིས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་དགུན་ཆོས་ཆེན་མོ་སླར་གསོ་མཛད་པའི་འཕྲིན་ལས་བསྐྱངས་པ་དང་། ལོ་དེར་སེ་ར་ཐེག་ཆེན་གླིང་དུ་སེ་འབྲས་དགའ་གསུམ་དང་གཙུག་ལག་ཁང་རྣམས་འདུ་འཛོམས་ཀྱིས་བོད་ཟླ་11ཚེས་1ནས་ཚེས་20བར་ཏེ་ཉིན་ཉི་ཤུའི་རིང་ལ་འཇང་དགུན་ཆོས་འཚོགས་པ་དང་། 1993ལོར་འབྲས་སྤུངས་སུ་སྔ་མ་བཞིན་འཚོགས་པར་མཛད། 1994ལོར་དགུན་ཆོས་དེ་དུས་འགྱུར་སྔོན་གྱི་དགུན་ཆོས་འཚོགས་ཡུལ་འཇང་དགོན་པར་གནས་སྤོས་པ་དང་། བསྟུད་མར་ལོ་གཉིས་ཀྱི་རིང་ལ་སེ་འབྲས་དགེ་གསུམ་དང་གཙུག་ལག་ཁང་། དེ་མིན་རྭ་སྟོད་དགོན། གནམ་འབྲུག་དགོན་དང་རྩེ་ཕོ་བྲང་གི་གྲྭ་བ་ཡང་དགུན་ཆོས་སུ་ཕེབས། 1996ལོ་ནས་སེ་འབྲས་དགེ་གསུམ་དང་རྭ་སྟོད་དགོན། གཙུག་ལག་ཁང་བཅས་ལོ་ལྟར་ཕེབས་ཏེ་2007ལོའི་བར་འཕེལ་རྒྱས་རྒྱ་ཆེན་པོ་བྱུང་བ་དང་།1996ལོ་ནས་2007ལོའི་བར་གྱི་འཇང་དགུན་ཆོས་ཚོགས་དུས་ནི་“བོད་ཟླ་བཅུ་གཅིག་པའི་ཚེས་གསུམ་ནས་ཚེས་ཉེར་ལྔ་སྟེ་ཉིན་ཉེར་གཉིས་རིང་ལ་སེ་འབྲས་དགེ་གསུམ་དང་རྭ་སྟོད་སོགས་ཀྱི་དགེ་འདུན་རྣམས་བསྐོང་ཚོགས་བྱས་ཏེ་རྣམ་འགྲེལ་གཙོས་བརྒལ་བརྟག་གསན་བཞེས་གནང་” (32)བ་ཡིན་ཞེས་གྲྭ་བཙུན་འོད་ཟེར་རྒྱ་མཚོ་ལགས་ནས་གསུངས་པ་ཇི་བཞིན་འདིར་ཡི་གེར་བཀོད་པ་ཡིན། 
           གསུམ་པ་ནི་2008ལོ་ནས་ད་ལྟའི་བར་དགུན་གྱི་ཆོས་ཐོག་ཆེན་མོ་འདི་ནི་ལོ་རེའི་བོད་ཟླ་བཅུ་གཅིག་པའི་ཚེས་གསུམ་ནས་ཚེས་བཅོ་ལྔ་སྟེ་ཉིན་བཅུ་གཉིས་རིང་ལ་སེ་འབྲས་དགེ་གསུམ་སོ་སོ་ནས་ལོ་རེར་གྲྭ་བ་བདུན་ཅུ་ལྷག་དང་། གཙུག་ལག་ཁང་ནས་གྲྭ་བ་ཉི་ཤུ་ལྷག རྭ་སྟོད་དགོན་ནས་གྲྭ་བ་སུམ་ཅུ་ནས་བཞི་ཅུ་ལྷག་མངགས་གཏོང་གནང་བཞིན་ཡོད་པ་དང་། གཞན་དགོན་པ་སོ་སོའི་ལས་ཀ་གནང་མཁན་དང་བཅས་ཁྱོན་བསྡོམས་ལོ་རེར་གྲྭ་གྲངས་སུམ་བརྒྱ་བརྒྱད་ཅུ་ཡས་མས་འཇང་དགུན་ཆོས་སུ་ཕེབས་ཏེ་《རྣམ་འགྲེལ་》ལ་བརྒལ་བརྟག་གསན་བཞེས་གནང་བ་དང་། སྔོན་ཆད་སེ་འབྲས་དགེ་གསུམ་ནས་གནས་གཡར་ལ་ཕེབས་པའི་གྲྭ་བ་ཡང་མང་ཙམ་གདའ། ཡིན་ཡང་དེང་སང་མི་འདུག་ཅེས་ཁོ་བོའི་བཅར་འདྲི་ཞུ་ཡུལ་འཇང་དགོན་པའི་གྲྭ་བཙུན་འོད་ཟེར་རྒྱ་མཚོ་(33)ལགས་ནས་གསུངས་སོ།།
གསུམ་པ། འཇང་དགུན་ཆོས་ཀྱི་སྤྱི་ཚོགས་བྱེད་ནུས་སྐོར།
           ཉེ་བའི་ལོ་འདི་གའི་རིང་ལ། ཡུལ་དབུས་ཀྱི་འཇང་དགུན་ཆོས་ཀྱི་ཤན་ཤུགས་ལ་བརྟེན་ནས་མདོ་སྨད་དང་མདོ་ཁམས་ཡུལ་གྱི་མཚན་ཉིད་དར་ཁྱབ་ཆེ་བའི་དགོན་སྡེ་ཕལ་མོ་ཆེ་ནས་ཚད་མའི་བརྒལ་བརྟག་གཙོར་འདོན་པ་དང་ཁྱད་པར་དུ་རིག་པའི་རྩལ་བྱང་བ་ལ་བཟང་འགྲན་དུ་འགྲོ་བའི་དགུན་གྱི་ཆོས་ཐོག་ཚོགས་པའི་སྲོལ་ལུགས་ཤིག་རིམ་གྱིས་དར་ཞིང་འཕེལ་བར་གྱུར་ཡོད། མདོ་སྨད་ཀྱི་ཡུལ་གྲུ་ཁག་གི་དགུན་ཆོས་སྔ་ཤོས་དེ་གཙང་རྭ་རྒྱའི་འཇང་དགུན་ཆོས་ཡིན་པ་དང་། དེའང་སྤྱི་ལོ་1995ལོའི་ཟླ་བདུན་པར་སེ་རའི་དགེ་བཤེས་ངག་དབང་ཟླ་གྲགས་མཆོག་གིས་མདོ་སྨད་མགོ་ལོག་རྭ་རྒྱ་བཀྲ་ཤིས་འབྱུང་གནས་སུ་གསར་དུ་སྲོལ་བཙུགས་པ་དང་། དེ་ནས་ལོ་རེར་བཞིན་ཟླ་ཕྱེད་རིང་ལ་དེར་ཞུགས་ཀྱི་དགོན་ཁག་དག་ནས་རེས་མོས་ཀྱི་འཚོགས་བཞིན་ཡོད་པ་དང་། དེ་ནས་རིམ་བཞིན་མདོ་སྟོད་འཇང་དགུན་ཆོས།(1999ལོར་དབུ་བཙུགས།)མཚོ་ལྷོ་འཇང་དགུན་ཆོས།(2002ལོར་དབུ་བཙུགས།) མགོ་ལོག་འཇང་དགུན་ཆོས།(2006ལོར་དབུ་བཙུགས།)རྔ་བ་ཀིརྟི་དགོན་པའི་ཚད་མའི་དགུན་ཆོས(2007ལོར་དབུ་བཙུགས།)དང་ཕར་ཕྱིན་དབྱར་ཆོས་སོགས་ཆོས་ཐོག་དུ་མ་གཅིག་མཇུག་གཉིས་མཐུད་དུ་བྱུང་བར་མ་ཟད། ཆོས་ཐོག་སོ་སོར་ཞུགས་མཁན་གྱི་དགོན་པ་དང་གྲྭ་གྲངས་སོགས་ལོ་རེར་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཆོས་ཐོག་དེར་ཚུད་པའི་ས་གནས་ཀྱི་དགོན་པ་སོ་སོས་ལོ་རེ་བཞིན་གྱི་ཆོས་ཐོག་འདི་ཉིད་རེས་མོས་ཀྱིས་བཀོད་སྒྲིག་བྱེད་བཞིན་ཡོད་པར་མ་ཟད། འཇང་དགུན་ཆོས་སྤྱི་དང་ཁྱད་པར་དུ་དགུན་ཆོས་ལས་ཐོན་པའི་མི་སྣ་རྣམ་དཔྱོད་ཅན་དག་འཇང་དགུན་ཆོས་ལ་བརྟེན་ནས་མཚན་སྙན་གྲགས་རྒྱས་བཞིན་ཡོད་ནི་མིག་མཐོང་ལག་ཟིན་ཏུ་སྣང་ངོ་།།
           གོང་དུ་ཞུས་པའི་ཆོས་ཐོག་དེ་དག་ནི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་ཞིང་རྒྱས་ཏེ་ད་ལྟའི་དུས་འདིར་འདི་ལྟ་བུའི་རང་གཞན་གཉི་གར་ཕན་པའི་གཞུང་ཆེན་ལ་ཐོས་བསམ་རྒྱ་ཆེར་གནང་བའི་ཆོས་ཐོག་འདིས་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་བསྟན་པའི་གསུང་རབ་དང་དགོངས་འགྲེལ་ཁྱབ་བརྡལ་དུ་གཏོང་བ་སོགས་ཕྱོགས་གང་ཅིའི་ཐད་ནས་བྱེད་ནུས་མི་དམན་པ་ཐོན་ཡོད་པ་དང་། བྱེད་ནུས་དེ་དག་མདོར་དྲིལ་ན་འདི་ལྟ་སྟེ།
           གཅིག ལར་འཇང་དགུན་ཆོས་ནི་སྐྱབས་གསུམ་ཚད་མས་སྒྲུབ་པའི་གཞུང་བཟང་རྨད་དུ་བྱུང་བ། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ལྕགས་རི་མུ་ཁྱུད་སྟོང་ལས་ཀྱང་འགྲན་པའི་ཟླ་དང་བྲལ་བའི་《ཚད་མ་རྣམ་འགྲེལ་》ལ་བརྒལ་བརྟག་གསན་བཞེས་གནང་བར་མ་ཟད། རི་བོ་དགེ་ལྡན་པའི་ཆོས་རྒྱུད་ཁག་ནས་ཡོང་བའི་གྲྭ་བཙུན་དང་དགེ་བའི་བཤེས་གཉེན་སོགས་ཀྱིས་རང་གི་དགོན་པའམ་གྲྭ་ཚང་གི་ཡིག་ཆ་རྣམས་གཙོས་རྗེ་ཡབ་སྲས་གསུམ་གྱི་ཚད་མའི་བསྟན་བཅོས་རྣམས་ལ་ཁུངས་བཅོལ་ཏེ་བསྟན་པར་སྐྱོན་མེད་པ་དང་། སྟོན་པ་ཚད་མར་སྒྲུབ་པ་ལ་བརྒལ་བརྟག་གནང་བའི་ཚད་མའི་ཆོས་ཐོག་རྒྱ་ཆེན་ཞིག་ཡིན་པ་དང་། ཡིན་ཡང་། ཉེ་བའི་ལོ་འགའི་རིང་ལ་དར་ཁྱབ་བྱུང་བའི་འཇང་དགུན་ཆོས་ནི་རི་བོ་དགེ་ལྡན་པ་རྐྱང་རྐྱང་མ་ཡིན་པར། ས་སྐྱ་བ་དང་བཀའ་རྒྱུད་པ། རྙིང་མ་བ་དང་བོན། ཇོ་ནང་བ་སོགས་ཆོས་རྒྱུད་རིས་མེད་ཁག་ནས་ཡོང་བའི་རྣམ་དཔྱོད་ཅན་དག་གིས་ཆོས་རྒྱུད་སོ་སོའི་ཡིག་ཆ་རྣམས་གཙོས་གཞུང་ཆེན་བཀའ་པོད་ལྔ་ལ་བརྒལ་བརྟག་གསན་བཞེས་གནང་བ་ཡིན་པས། འདིས་ཀྱང་གྲུབ་མཐའ་སོ་སོ་རིས་སུ་མ་ཆད་པར་ཕྱོགས་གཅིག་ཏུ་བསྒྲིལ་བ་དང་། བོད་ཀྱི་རིག་གནས་དང་བསྟན་པ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ཕན་ཐོགས་རྒྱ་ཆེན་པོ་ཡོད་དོ།།
གཉིས། འཇང་དགུན་ཆོས་སམ་འཇང་དགུན་ཆོས་མ་ཡིན་པའི་ཆོས་ཐོག་གང་ཡིན་ཡང་། དེ་ལ་འཛིན་གྲྭ་ནང་ཁུལ་དུ་ཕན་ཚུན་གཏུག་པ་དང་། འཛིན་གྲྭ་གོང་འོག་གཏུག་པ། ཡང་ན་གྲྭ་སྐོར་རྩོད་པ། དགོན་པ་དང་དགོན་པ་གཏུག་པ་སོགས་རྩོད་པའི་རྣམ་པ་གང་མང་ཞིག་མཆིས། དེ་དག་གང་ཡིན་ཡང་། ཕྱི་ཚུལ་ནས་སྔ་ཕྱི་རྒོལ་གྱི་གང་ཟག་བར་ཕན་ཚུན་རྩོད་པའི་རྣམ་པར་གྱུར་ཡོད་མོད་ཀྱང་།དོན་ལ་སྔ་ཕྱི་རྒོལ་གང་ཡིན་ཀྱང་རུང་། རྩོད་པའི་རྒྱུད་རིམ་ལས་བྱུང་བའི་མ་རྟོགས་པ་དང་ལོག་པར་རྟོག་པ་སོགས་གནད་དོན་གང་ཡོད་ཐོག་མར་རང་གིས་ཤེས་པར་བྱ་དགོས་པ་དང་། རང་གིས་ཀྱང་ཐག་གཅོད་མི་ནུས་པ་རྣམས་རང་ཉིད་ཀྱིས་བསྟེན་པའི་དགེ་རྒན་ལ་བཀའ་འདྲི་ཞུས་ནས་ཐག་བཅད་རྗེས་སྐལ་བ་ནམ་ཡོད་ལ་ཡང་བསྐྱར་རྩོད་དགོས་པས། རྩོད་པ་དེ་ནི་རང་བཞིན་གྱིས་སྔ་ཕྱི་རྒོལ་གཉིས་ཀྱི་དགེ་རྒན་བར་གྱི་རྩོད་པ་ཅི་ལ་མིན། སྔ་ཕྱི་རྒོལ་གཉིས་དང་བཤེས་གཉེན་སོགས་གང་ཡིན་ཡང་རང་ཉིད་དམ་རང་གི་སློབ་མ་རྒྱལ་བར་འདོད་པའི་རེ་འདུན་དང་རྒྱལ་བར་གྱུར་བའི་དགའ་བ་སོགས་སུ་ལའང་མཆིས་པས་ན། དེ་ལྟ་བུའི་རེ་འདུན་དང་དགའ་བ་དེ་སློབ་མ་དང་དགེ་རྒན། དགོན་པ། འཛིན་གྲྭ་སོགས་སོ་སོའི་གཞུང་ཆེན་སློབ་གཉེར་གྱི་བཟང་འགྲན་དུ་ཅི་ལ་མི་འགྲོ།
           གསུམ། དགུན་གྱི་ཆོས་ཐོག་འདིའི་རིང་ལ་ཚད་མའི་གཞུང་ལུགས་ལ་མཁྱེན་རྒྱ་ཤིན་ཏུ་ཡངས་པའི་དགེ་བའི་བཤེས་གཉེན་རྣམས་གདན་དྲངས་ཐོག་ཚད་མའི་གཞུང་ལ་བརྒལ་བརྟག་དང་དཔེ་ཁྲིད་ཁོ་ནས་དུས་འདའ་བར་བྱེད་པ་ཡིན་གཤིས། རིག་གནས་ཀུན་གྱི་འཇུག་སྒོ་ཚད་མ་རིག་པ་སྤྱི་དང་ཁྱད་པར་དུ་གཞུང་ཆེན་བཀའ་པོད་ལྔ་ལས་འཕྲོས་པའི་སྔོན་བྱོན་དམ་པའི་བླ་མེད་མཆོག་གྱུར་གྱི་གསུང་རབ་བསྟན་བཅོས་དག་གི་དགོངས་པ་དག་འཇིག་རྟེན་ཕལ་བའི་ལུགས་སུ་བོད་མིའི་སྤྱི་ཚོགས་སུ་ཁྱབ་བརྡལ་དུ་གཏོང་བར་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་ཡོད་པར་མ་ཟད། དགུན་ཆོས་ལ་ཞུགས་པའི་དགོན་པ་སོ་སོ་དང་གྲྭ་བཙུན་རྣམས་ལ་མཚོན་ན་ཡང་བསམ་བློ་བརྗེ་རེས་དང་སློབ་སྦྱོང་གི་གོ་སྐབས་རྨད་དུ་བྱུང་བ་ཞིག་ཡིན་པ་སྨོས་མ་དགོས་སོ།།
           མདོར་ན། བོད་ཀྱི་དགོན་སྡེ་སློབ་གསོ་ནི་འཛམ་གླིང་གི་སློབ་གསོ་ཀུན་ལས་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་། དགོན་སྡེ་སློབ་གསོ་འཕེལ་རྒྱས་ཕྱིན་པ་དང་བསྟུན་བོད་ཀྱི་རིག་གནས་དང་སྤྱི་ཚོགས། བོད་མིའི་ཀུན་སྤྱོད་སོགས་ཀྱང་དེ་ལ་དེ་བསྟུན་གྱི་འཕེལ་རྒྱས་ཆེན་པོ་ཡོད་པ་གོར་མ་ཆག འཇང་དགུན་ཆོས་ནི་བོད་ཀྱི་དགོན་སྡེ་སློབ་གསོ་ལས་སློབ་གཉེར་བྱེད་ཐབས་ཐུན་མོང་མ་ཡིན་པ་ཞིག་ཡིན། འཇང་དགུན་ཆོས་སྐབས་སུ་ཆོས་བརྒྱུད་རིས་མེད་ཁག་ནས་ཡོང་བའི་སློབ་གཉེར་བ་དག་གིས་རྩོད་པ་བྱེད་པའི་རྣམ་གཞག་ལྔ་(34)གཙོས་པའི་རྩོད་པའི་ཡན་ལག་སོགས་རྩོད་པ་བྱེད་མཁན་གྱི་སྐྱེ་བོ་གང་དེའི་རྩོད་པའི་ཆ་རྐྱེན་དང་ཡོན་ཏན་གང་ཡོད་ཐམས་ཅད་འཛོམས་པར་བྱས་ཏེ་མ་དག་པའི་རྩོད་པ་རྣམས་རིང་དུ་སྤངས་ཤིང་། རྣམ་པར་དག་པའི་རྩོད་པའི་རྒྱུན་ཀུན་བསྐྱངས་ཏེ་དམ་པ་གོང་མ་རྣམས་ཀྱིས་བོད་ཀྱི་རིག་གནས་དང་མི་ཆོས་ཀུན་སྤྱོད་ཐད་བྱས་པའི་ལེགས་ཚོགས་ཀུན་གྱི་སྲོལ་བཟང་རྒྱུན་འཛིན་དང་། ཞི་བ་དང་འཇམ་པ། གཞན་ལ་མི་འཚེ་བ་སོགས་འཆམ་མཐུན་ཞི་འཇགས་ཀྱི་ཁོར་ཡུག་འཛུགས་སྐྲུན་བྱེད་པ་སོགས་ལའང་ནུས་པ་བླ་ལྷག་ཐོན་ཡོད་དོ།།
མཆན་འགྲེལ།
           ①དཔྱད་རྩོམ་འདི་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་བསླབ་གནས་འཛུགས་སྐྲུན་གྱི་ལས་གཞིའི་(ལས་གཞིའི་རྣམ་གྲངས2017—XWD—B0304)དཔྱད་འབྲས་ཡིན།
           ②《འཇང་དགུན་ཆོས་ཀྱི་བྱུང་བ་བརྗོད་པ་མཐོང་ཐོས་གསལ་བའི་མེ་ལོང》 མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ། 2012ལོའི་དེབ་གསུམ་པ།
           ③《ལྷ་ས་ས་ཁུལ་གྱི་གནས་ཡིག་གསར་མ》 ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 2004ལོ། P130
           ④《མཁར་ནག་ཆོས་འབྱུང》 མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། P121-122
           ⑤《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ》 སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1989ལོར། P149
           ⑥《དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ》 ལག་བྲིས། ཤོག་གྲངས་བཅུ་བའི་ཉིན་ཤོག་ཐིག་ཕྲེང་དང་པོ་ནས་གཉིས་པ།
           ⑦⑧《སྟག་ཚང་རྭ་སྟོད་གྲྭ་ཚང་གི་ལོ་རྒྱུས་དྭངས་གསལ་མེ་ལོང་བཞུགས་སོ》 སྟག་ཚང་རྭ་སྟོད་དགེ་བཤེས་བསོད་ནམས་རྒྱལ་མཚན་གྱིས་མཛད། 2002ལོ། P55 (ནང་ཁུལ་འགྲེམ་སྤེལ)
           ⑨《ཆོས་འབྱུང་དཔག་བསམ་ལྗོན་བཟང》 སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོ། P599-600
           ⑩《མཁར་ནག་ཆོས་འབྱུང》 མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། P117གཞན་ཡང་སྡེ་སྲིད་ཀྱིས་མཛད་པའི་《དགའ་ལྡན་ཆོས་འབྱུང་བེེཌྱུརྱ་སེར་པོའི་》ཤོག་ངོས་148ནས་149ལས། དེ་ལྟར་གསང་ཕུར་དགའ་ལྡན་པའི་གྲྭ་ཚང་བཞི་དང་། ས་སྐྱ་བའི་གྲྭ་ཚང་བདུན་ཡོད་པ་ལས་གླིང་སྟོད་པ་ལ་གྲྭ་ཚང་སྦེལ་སེར་དང་། ཉི་མ་ཐང་། དྭགས་པོ་གྲྭ་ཚང་། རྣམ་རྒྱལ་གསེར་ཁང་བ། ཁུ་སྤེ་བ་རྣམས་སོ།། གླིང་སྨད་དུ་གྲྭ་ཚང་ནི། སྒྲོས་རྙིང་བ། གཞི་བ། ཉང་རོང་གྲྭ་ཚང་། གནས་སྒོ་བ་གསུམ། སྒྲོས་གསར་བ། ར་བ་སྟོད་སྨད་གཉིས་ཏེ་བཅུ་གཅིག་ཡོད་ལ། གནས་སྒོ་བ་ལ་གསུམ་དུ་ཕྱེ་ན་གྲྭ་ཚང་བཅུ་གསུམ་ཡོད་དོ།།
           ⑾《ཀློང་བརྡོལ་ངག་དབང་བློ་བཟང་གི་གསུང་འབུམ》(གླེགས་བམ་གཉིས་པ) བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། 2002ལོའི་དཔར་ཐེངས་གཉིས་པ། P337
           ⑿《སྟག་ཚང་རྭ་སྟོད་གྲྭ་ཚང་གི་ལོ་རྒྱུས་དྭངས་གསལ་མེ་ལོང་བཞུགས་སོ》 སྟག་ཚང་རྭ་སྟོད་དགེ་བཤེས་བསོད་ནམས་རྒྱལ་མཚན་གྱིས་མཛད། 2002ལོ། P61 (ནང་ཁུལ་འགྲེམ་སྤེལ།)
           ⒀《ལྷ་སའི་དགོན་ཐོ》 བཤེས་གཉེན་ཚུལ་ཁྲིམས་གྱིས་རྩོམ་སྒྲིག་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2004ལོའི་པར་གཞི་གཉིས་པ། P301
           ⒁《ལྷ་ས་ཁུལ་གྱི་ལམ་ཡིག་གསར་མ》 ཆོས་འཕེལ་གྱིས་བརྩམས། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། P130
           ⒂《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》 བསོད་ནམས་སྐྱིད་དང་དབང་རྒྱལ་གཉིས་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1983ལོ། P89—90
           ⒃⒄《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས》 གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004ལོ། P63 P64
           ⒅《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》 གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོ། P3
           ⒆《ཆོས་འབྱུང་མཁས་པའི་དགའ་སྟོན》 དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། P84
           ⒇《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》(སྟོད་ཆ) ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གྱིས་བསྒྲིགས། བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་།1989ལོ། P32
           (21)《མཁས་པ་ལྡེའུ་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ》 མཁས་པ་ལྡེའུས་བརྩམས། བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་། 2010ལོའི་པར་ཐེངས་གཉིས་པ། P214
           (22)《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》 ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ། P155
           (23)《མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས》 ཕུན་ཚོགས་ཚེ་བརྟན་གྱིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011ལོ། P93
           (24)(25)《མི་དབང་རྟོགས་བརྗོད》 ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1981ལོ། P7 P9
           (26)《དགེ་ལུགས་པའི་ཚད་མའི་ལོ་རྒྱུས》 ཤེས་རབ་བསྟན་དར་གྱིས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོ། P180
           (27) 《སྟག་ཚང་རྭ་སྟོད་གྲྭ་ཚང་གི་ལོ་རྒྱུས་དྭངས་གསལ་མེ་ལོང་བཞུགས་སོ》 སྟག་ཚང་རྭ་སྟོད་དགེ་བཤེས་བསོད་ནམས་རྒྱལ་མཚན་གྱིས་མཛད། 2002ལོ། P172 (ནང་ཁུལ་འགྲེམ་སྤེལ)
           (28) ངག་རྒྱུན་ལ་འཇང་དགོན་པའི་རྭ་སྟོད་གྲྭ་ཚང་གི་ཚོགས་ཆེན་འདུ་ཁང་མདུན་གྱི་རྡོ་གཅལ་སྔོན་མོ་དེའི་འོག་ཏུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བློ་རྡོ་(ལ་ལས་འཇམ་པའི་དབྱངས་ཀྱི་རལ་གྲི་ཡིན་པར་བཤད)ཡོད་པ་དང་། བླ་རྡོ་དེ་ནི་རྡོ་གཅལ་སྔོན་མོའི་འོག་ཏུ་གནས་ངེས་མེད་དུ་རྒྱུ་བར་བྱེད་པ་ཞིག་ཡིན། རྡོ་གཅལ་དེའི་སྟེང་དུ་ཕྱག་འཚལ་ནས་ཕྱག་འཚལ་མཁན་གྱི་བྲང་དང་རྡོ་གཅལ་སྔོན་མོའི་འོག་ཏུ་རྒྱུ་བར་བྱེད་པའི་བླ་རྡོ་གཉིས་དུས་མཉམ་པ་ན་ཤེས་རིག་འཕེལ་ཞིང་རིག་ཀློང་བརྡོལ་བར་བཤད། དེ་བས་སྔོན་མ་ནས་བཟུང་སྟེ་དགོན་པ་སོ་སོའི་འཇང་དགུན་ཆོས་ལ་ཞུགས་མཁན་གྱི་གྲྭ་བ་རྣམས་འཇང་དགུན་ཆོས་མ་ཚོགས་གོང་གི་ཟླ་གཅིག་གི་སྔོན་ལ་གནས་དེར་ཡོངས་ནས་རྡོ་གཅལ་སྔོན་མོའི་སྟེང་གནས་ངེས་མེད་པར་ཕྱག་མང་པོ་འཚལ་བར་བཤད།
           (29)《ལྷ་ས་ས་ཁུལ་གྱི་གནས་ཡིག》 ཆོས་འཕེལ་གྱིས་བརྩམས། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། P130
           (30)འོད་ཟེར་རྒྱ་མཚོ། ཕོ། དགུང་ལོ31 འཇང་དགོན་པར་གནས་པའི་རྭ་སྟོད་གྲྭ་ཚང་གི་དཀོན་གཉེར།
           (31)《འཇང་དགུན་ཆོས་ཀྱི་བྱུང་བ་བརྗོད་པ་གསལ་བའི་མེ་ལོང》 《མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ》 2012ལོའི་དེབ་གསུམ་པ།
           (32)(33) འོད་ཟེར་རྒྱ་མཚོ། ཕོ། དགུང་ལོ་31 འཇང་དགོན་པར་བཞུགས་པའི་རྭ་སྟོད་གྲྭ་ཚང་གི་དཀོན་གཉེར།
           (34)རྩོད་པའི་གང་ཟག གང་དུ་རྩོད་པའི་དུས། གང་ལ་རྩོད་པའི་གནས། ཇི་ལྟར་རྩོད་པའི་ཚུལ། རྩོད་པ་བྱས་པའི་འབྲས་བུ་བཅས་སོ།