ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

གེ་སར་སྐུ་ན་ཕྲ་དུས་ཁྲི་ཀར་བཞུགས་མྱོང་མིན་སྐོར་གླེང་བ།

སྤེལ་དུས 2019-09-23 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། གཅོད་པ་དོན་གྲུབ།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་དུ་གཙོ་བོ་གེ་སར་སྐུ་ན་ཕྲ་དུས་མཚོ་ལྷོའི་ཁྲི་ཀ་ནས་བཞུགས་མྱོང་ཟེར་བ་དེ་བདེན་མིན་ཐད་དུ་དོན་ཚན་གསུམ་བགོས་ཏེ་ལུང་དང་རིགས་པས་བསྒྲུབས་པ་སྟེ། གཅིག་ནི་སྔོན་བྱོན་མཁས་པའི་གེ་སར་མཆོག་འཁྲུངས་ཡུལ་བཅས་པའི་སྐོར་གྱི་གསུང་སྒྲོས། གཉིས་ནི་དེང་རབས་གེ་སར་ཆེད་མཁས་པས་གེ་སར་ཆུང་དུས་མདོ་སྨད་ཁྲི་ཀའི་ཡུལ་དུ་བཞུགས་མྱོང་བའི་སྐོར་གྱི་དཔྱད་གཏམ། གསུམ་ནི་གླིང་སྒྲུང་ལས་ཇོ་རུ་མ་བུ་གཉིས་སྤྱུགས་ཡུལ་རྨ་སྨད་གཡུ་ལུང་སུམ་མདོ་དེ་གང་ཡིན་པའི་སྐོར་བཤད་པ་བཅས་ཕྱོགས་ནས་ཞིབ་འཇུག་བྱས་ཡོད་ཅིང་རང་ཉིད་ཀྱིས་ཀྱང་ལྟ་བ་གསར་པ་དང་རིགས་ལམ་གསར་པ་བཏོན་ཡོད།
[བརྡ་ཆད་གཙོ་བོ།] གེ་སར་རྒྱལ་པོ། མཚོ་ལྷོའི་ཁྲི་ཀ ཞིབ་འཇུག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.409.7
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-03-0143-08
        བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་སྟེང་ཆེས་རིང་བའི་སྒྲུང་རྩོམ་ཡིན་ཞིང་། རང་རྒྱལ་གྱི་རིག་གནས་བང་མཛོད་ཆེན་པོའི་ནང་ནས་འོད་ཟེར་རྣམ་པར་འཕྲོ་པའི་རིན་ཆེན་ནོར་བུ་ཞིག་ཡིན་པ་མ་ཟད་འཛམ་གླིང་རིག་གནས་བང་མཛོད་ཁྲོད་དུའང་ཡིད་བཞིན་གྱི་མུ་ཏིག་རྡོག་ཅིག་ཡིན་པ་སུས་ཀྱང་མཁས་ལེན་བཞིན་མཆིས། ད་ལྟ་འཛམ་གླིང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྩ་ཆེན་གྲས་སུ་ཚུད་ཡོད་པའང་ཀུན་གྱིས་མཁྱེན་གསལ་ལྟར་རོ།། གླིང་སྒྲུང་འདིའི་ནང་དུ་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་དམ་ལ་བཏགས་ཤིང་རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབ་པའི་ལོ་རྒྱུས་བརྗོད་པ་ལས་གཞན་གནའ་རབས་བོད་རིགས་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཆོས་ལུགས། དམག་དོན། དམངས་སྲོལ། སྒྱུ་རྩལ་དང་བཅས་པ་འདུས་པའི་ཀུན་འཛོམས་ཀྱི་ཕུང་པོ་ཞིག་གོ། ད་དུང་གསོན་པའི་ཚུལ་དུ་གནས་ནས་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་མཆིས། གླིང་སྒྲུང་འདི་རྒྱུད་འཛིན་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ངེད་ཅག་ཐམས་ཅད་ཀྱི་འོས་འགན་ལྡོག་མེད་ཅིག་ཡིན། ད་ལྟ་མདོ་སྨད་ཁྲི་ཀའི་ ① ཡུལ་གྱི་གེ་སར་རིག་གནས་འཚོལ་སྙེག་དང་སྲུང་སྐྱོང་བྱ་རྒྱུ་ནི་ངེད་རང་ཉིད་ལ་མཚོན་ནའང་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་པར་འདོད། གཤམ་དུ་སྔོན་བྱོན་མཁས་པ་དང་དེང་གི་ཆེད་མཁས་པ། དེ་མིན་གླིང་སྒྲུང་ནང་དུ་གེ་སར་རྨ་སྨད་གཡུ་ལུང་སུམ་མདོ་རུ་ཨ་ཁུ་ཁྲོ་ཐུང་གིས་སྤྱུགས་པའི་ཡུལ་ཏེ་མདོ་སྨད་ཁྲི་ཀའི་ཡུལ་འདི་ཡིན་པའི་སྐོར་སོ་སོར་བཀར་ནས་ངོ་སྤྲོད་དང་དཔྱད་པ་རགས་ཙམ་གཏོང་བར་བྱའོ།།
        གཅིག སྔོན་བྱོན་མཁས་པས་གེ་སར་རྒྱལ་པོའི་འཁྲུངས་ཡུལ་བཅས་ཀྱི་སྐོར་བཤད་པ།
        གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་བཅས་ཀྱི་སྐོར་ལ་གནའ་དེང་མཁས་དབང་རྣམ་པ་དང་དམངས་ཁྲོད།གླིང་སྒྲུང་བཅས་སུ་དཔྱད་གླེང་འདྲ་མིན་སྣ་མང་ཡོད་ཀྱང་འདིར་སྔོན་བྱོན་མཁས་པ་རྣམས་ཀྱིས་གསུང་སྒྲོས་ལ་བློ་རྟོན་ཆོག་པར་འདོད། 
        དེ་ཡང་བོད་གངས་ཅན་གྱི་སྔོན་བྱོན་མཁས་དབང་དམ་པ་སྟེ། ཇོ་ནང་ཏཱ་ར་ན་ཐ་དང་། རག་ར་ངག་དབང་བསྟན་པའི་རྒྱལ་མཚན། རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ།ཕུར་ལྕོག་ངག་དབང་བྱམས་པ། སུམ་པ་ཡེ་ཤེས་དཔལ་འབྱོར། དབལ་མང་པཎྜི་ཏ། བཙན་པོ་བསྟན་འཛིན་འཕྲིན་ལས། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་སོགས་ཀྱིས་བགྲང་བྱ་བཞི་བརྒྱ་ལྷག་གི་སྔོན་ནས་འགོ་བཟུང་སྟེ་གླིང་རྗེ་གེ་སར་རྒྱལ་པོའི་སྐྱེས་རབས་ལོ་རྒྱུས་དང་རུས་རྒྱུད་ཀྱི་སྐོར། གླིང་གེ་སར་བྱུང་བའི་དུས་དང་གང་གི་རྣམ་སྤྲུལ་ཡིན་པའི་སྐོར། གླིང་གེ་སར་ཞེས་པ་དོན་དམ་དུ་ཡོད་མེད་སྐོར། གླིང་གེ་སར་གྱི་ཤུལ་རྟེན་གྱི་སྐོར། གླིང་གེ་སར་གྱི་འཁྲུངས་ཡུལ་དང་སེར་པོ་ཧོར། ནག་པོ་བདུད་སོགས་ཀྱི་སྐོར་ལ་དཔྱད་པ་གནད་ལ་ཕོག་ཅིང་ཡིད་ལ་འབབ་པ་གང་ལེགས་གསུངས་ཡོད། གོང་གསལ་གྱི་མཁས་པའི་གསུང་སྒྲོས་དེ་དག་ལས་སྐབས་སུ་བབ་པའི་གསུང་སྒྲོས་སྐོར་ཞིག་དྲངས་ནས་བརྗོད་ན་འདི་ལྟ་སྟེ། སུམ་པ་ཡེ་ཤེས་དཔལ་འབྱོར་ ② ལགས་ཀྱིས། “གེ་སར་དེ་སྐྱེས་ཡུལ་ནི། བར་ཁམས་སྟོང་དུ་མས་ནས་ཡར་ལ་རྨ་ཆུ་རྫ་ཆུ་འབྲི་ཆུ་གསུམ་ཡོད་པའི་ནང་ནས། བར་བ་རྫ་ཆུ་ལ་སྐྱིའི་གཞུང་དང་ཚུ་ལུང་བའི་ཆུ་གཉིས་དང་གསུམ་འདུས་ཀྱི་མདོ་ཡིན་ཞིང་། དེ་ནི་སྡེ་དགེའི་ཕོ་བྲང་གི་གཡོན་ངོས་ཀྱི་སྡེ་དགེའི་སའི་ཆར་གཏོགས་ལ། དེ་སྐྱེས་ས་དངོས་ནི་ཕུ་ན་མཚོ་ཆུང་མེ་ལོང་འདྲ་བ་དང་མདོ་ན་ཆུ་གཉིས་འདུས་པ་དང་བྲག་རི་ཆུང་ངུ་ཟུར་བཞི་ ཡོད་པའི་བར་དུ་སྤང་ཐང་གདན་བཏིང་ཡོད་དེ། དེ་ན་ལྗོན་པ་ཆིག་སྐྱེས་དང་དེའི་ཕ་མའི་རེ་སྦྲ་ཕུབས་ཤུལ་གྱི་བྲག་ལེབ་ཡོད་ཅིང་གནས་དེ་ལ་སྐྱིད་ཉི་མ་ཀུན་འཁྱིལ་ཟེར་སྐད་”ཅེས་གེ་སར་ཉིད་འཁྲུངས་ས་གང་དང་ཁྱད་ཆོས་ཅི་མཆིས་ཐམས་ཅད་གསལ་ལེར་བརྗོད་ཡོད་པ་མ་ཟད། གནས་ཡུལ་ཁྱད་པར་ཅན་དེ་དག་ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད་པ་ཁོ་བོས་ཀྱང་དངོས་སུ་མཇལ་མྱོང་། བྲག་དགོན་པ་ ③ མཆོག་གིས། “དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་རྗེ་གེ་སར་རྒྱལ་པོས་དབང་བསྒྱུར། དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླངས་བྱང་ཆུབ་འདྲེ་བཀོལ་དང་། སྨྲི་ཏི་ཛྙ་ན་ཀིརྟི་སྤྱན་དྲངས་ཏེ་ཆོས་ཞུས་པ་དང་། གཙུག་ལག་ཁང་བཞེངས་པར་བཤད་པས་ཀྱང་ཤེས་ནུས། འཁྲུངས་ས་ཡང་ཚབ་ཚ་དགོན་གྱི་ཉེ་འདབས་རྫ་སྲིབ་ངོས་རྫ་ཆུའི་རྒྱུད་མཚོ་གོར་ཁ་ཡིན་ཟེར་བ་དང་། རྒྱུ་དར་གྱི་དར་ས་ནག་ལུང་ཡིན་ཡང་ཟེར་”ཞེས་གེ་སར་མཆོག་དུས་ནམ་ཞིག་ལ་ས་གང་དུ་འཁྲུངས་པའི་སྐོར་ལ་དོན་ལ་གནས་པའི་དཔྱད་གཏམ་བརྗོད་འདུག མཁས་དབང་ཚེ་ཏན་ཞབས་དྲུང་ ④ མཆོག་གིས། “རབ་བྱུང་གཉིས་པའི་མེ་ཡོས་ལོ་སྟེ་སྤྱི་ལོ་1087ལོར་རླངས་བྱང་ཆུབ་འདྲེ་བཀོལ་གྱི་ལུང་བསྟན་ལྟར་ན། ལོ་འདིར་གླིང་རྗེ་གེ་སར་འདས་”ཞེས་གསུངས་ཡོད། གླིང་གི་རིགས་རུས་གདུང་རྒྱུད་ཀྱི་སྐོར་ལ་གྱི་ལིང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་ ⑤ ལགས་ཀྱིས་གསུང་དོན། “སྤྱིར་ལྡོང་འདིའི་མིང་ལ་ཨ་སྤོ་ལྡོང་དང་ལྷ་ལྡོང་སོགས་ཟེར། འདི་ནི་ཕུ་པོ་ལྡོང་དང་ཡུམ་མཆོག་འབྲི་སྣ་མ་ཞེས་བྱ་བ་ལས་བྱུང་བའི་རིགས་ཡིན་ལ། འདི་ལ་དཀར་པོ་ལྡོང་དང་། ནག་པོ་ལྡོང་། ཁྲ་བོ་ལྡོང་དང་། སྨུག་པོ་ལྡོང་གི་རིགས་དང་བཅས་བཞི་ཡོད་ལ། རིགས་འདི་རྣམས་ལས་འཁྲུངས་པའི་སྤྲུལ་བའི་སྐྱེས་བུ་དཔའ་རྩལ་དགུ་ལྡན་”ཞེས་གསུངས་ཡོད། མཁས་དབང་དམུ་དགེ་བསམ་གཏན་ ⑥ མཆོག་གིས། “གླིང་གི་མི་རྒྱུད་ནི། བོད་མིའུ་ལྡོང་དྲུག་གི་ནང་ཚན་ལས། སྨུག་པོ་ལྡོང་གི་རིགས་རྒྱུད་རེད།ལྡོང་ར་ཁྲ་རྒན་པོ་ལ་བུ་གསུམ་བྱུང་བ་རྣམས་ཀྱིས་རྨ་ཆུའི་སྟོད་སྨད་བར་གསུམ་དུ་གཞི་བཟུང་ནས་བསྡད་པ་ལ་མི་རྒྱུད་མང་དུ་འཕེལ་ཏེ་སྡེ་ཆེན་པོར་ཆགས། དེ་ནས་བཟུང་བུ་སྐྱེས་པ་སྟག་ཤར་དཔའ་བོ་ཤ་སྟག་བྱུང་། ལྡོང་ཆོས་འཕེལ་ནག་པོ་ལ་མ་མི་གཅིག་པའི་བུ་གསུམ་བྱུང་བ་ལས། གླིང་ཆེ་རྒྱུད། འབྲིང་རྒྱུད། ཆུང་རྒྱུད་གསུམ་བྱུང་ནས་མི་རྒྱུད་རབ་ཏུ་འཕེལ་ཏེ། སྡེ་ཤོག་ཆེ་ཞིང་བཙན་ཕྱུག་འཛོམས་པས་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་”ཞེས་གླིང་གི་གདུང་རྒྱུད་བྱུང་འཕེལ་གསལ་པོར་གསུངས་འདུག་སྟེ། འདིར་ལྡོང་ར་ཁྲ་རྒན་པོའི་བུ་གསུམ་གྱིས་རྨ་ཆུའི་སྟོད་སྨད་བར་གསུམ་དུ་གཞི་བཟུང་ནས་མི་རྒྱུད་སྤེལ་ནས་སྡེ་ཆེན་པོ་ཆགས་བཅས་པ་གསུངས་པ་འདི་ལ་དཔྱད་པ་བཏང་ན་རྨ་སྨད་ཅེས་པ་ཁྲི་ཀའི་ཡུལ་འདི་ལ་འབྲེལ་བ་ཡོད་པར་འདོད། རྒྱུ་མཚན་ཡང་ཁྲི་ཀ་ས་ཆ་འདི་རྨ་སྨད་ཡིན་པར་ངོས་འཛིན་པས་སོ།། མཁས་མཆོག་དམུ་དགེ་བསམ་གཏན་ལགས་ཀྱིས་ད་དུང་འདི་ལྟར་གསུངས་འདུག “གླིང་གེ་སར་འདི་ནི་མདོ་ཁམས་སུ་སྐུ་འཁྲུངས་ཏེ། དཔའ་རྩལ་རབ་ཏུ་རྒྱས་ནས་ཕྱོགས་བཞིའི་དགྲ་འདུལ་མཁན་གྱི་བོད་ཀྱི་མི་དཔའ་བོ་ཞིག་ཡིན་པས་སྙན་པའི་གྲགས་པ་ཡོངས་སུ་ཁྱབ། དེ་ནི་མི་ངོ་མ་ཡིན་མིན་གྱི་དོགས་པ་སྔོན་གྱི་མཁས་མཆོག་སུ་ལའང་སྐྱེས་མ་མྱོང་། འོན་ཀྱང་བར་སྐབས་ཤིག་ནས་བཟུང་། དངོས་དོན་ལ་ཞིབ་འཇུག་མེད་པའི་གཏམ་སྣ་ཚོགས་ཤིག་སྨྲ་བ་རྣ་བའི་ལམ་དུ་སོན་”ཞེས་གསུངས་པ་དག་ལས། གླིང་རྗེ་གེ་སར་རྒྱལ་པོ་ནི། ལོ་རྒྱུས་ཀྱི་མི་སྣ་དངོས་ཤིག་ཡིན་པ། གནའ་དེང་གི་མཁས་པ་ཐམས་ཅད་ཀྱི་གསུང་སྒྲོས་གཅིག་མཐུན་བྱུང་ཡོད་པར་སུས་ཀྱང་བསྙོན་དུ་མེད་དེ། ཁྱད་པར་དུ་ཡིད་རྟོན་ཆོག་པ་ཞིག་ནི། ཁམས་བདུད་འཇོམས་རིན་པོ་ཆེའི་སྔ་འགྱུར་རྙིང་མའི་ཆོས་འབྱུང་《ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་》ལས། སངས་རྒྱས་མྱ་ངན་ལས་འདས་ཚུལ་བསྟན་ནས་ལོ་1332ལོར་སྲོང་བཙན་སྐུ་འཁྲུངས། སྲོང་བཙན་དགུང་ལོ་གྱ་གཉིས་ལ་བཞུགས་པ་ལྟར་ན་འདས་ལོ་1414ལོར་སྲོང་བཙན་སྐུ་གཤེགས། དེ་ནས་ལོ་325འདས་པའི་བོད་རབ་བྱུང་དང་པོའི་འབྲུ་མང་པོའམ་རྒྱ་གར་བའི་བ་ཧུ་ཀྐནྱ་ཞེས་པའི་ས་ཕོ་སྟག་གི་ལོ་སྟེ། རྒྱ་ནག་གི་སུང་རྒྱལ་རབས་ཀྱི་གོང་མ་པོ་ཡིན་ཁྲི་ལོ་དང་པོ། སྤྱི་ལོ་ལྟར་ན་1038ལོ་ལ་ས་སྐྱིད་སོས་ཡག་གི་ཁ་མདོ་རུ་གེ་སར་སྐུ་འཁྲུངས། ལོ་འདི་ལ་མཉམ་མེད་ཇོ་བོ་རྗེ་དགུང་ལོ་56ལ་སོན། བོད་ཙོང་ཁའི་རྒྱལ་པོ་ཁྲི་ནམ་ལྡེའུ་བཙན་དགུང་ལོ་42ལ་ལོན།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལོ་14ལོན། གཏེར་སྟོན་གྲྭ་བ་མངོན་ཤེས་ཅན་དགུང་ལོ་2ལོན་པ་དང་། སྒྲ་སྒྱུར་མར་པ་དགུང་ལོ་2ལོན་ཡོད་ཅེས་པ་སོགས་ཀྱིས་ཁོང་གེ་སར་རིན་པོ་ཆེའི་འཁྲུངས་ལོ་དང་། དེའི་སྐབས་སུ་དངོས་སུ་ཡོད་པའི་བླ་སྤྲུལ་དང་རྗེ་བློན་རྣམས་ཀྱི་ལོ་ཚིགས་གསལ་པོར་བསྟན་ཡོད་པ་དང་། གཞན་ཡང་རབ་བྱུང་གཉིས་པའི་རྒྱུར་བྱེད་ཅེས་པ་ས་མོ་ཕག་དང་། རྒྱ་གར་བའི་བི་ཀ་རི་ཞེས་པ་སྟེ་སྤྱི་ལོ་ལྟར་ན་1119ལོར་རྨ་རྒྱལ་གངས་ཀྱི་རི་བོའི་ཉེ་འདབས་སུ་སྐུ་གཤེགས། ལོ་འདི་ལ་རྗེ་བཙུན་མི་ལ་དགུང་ལོ་79ལོན། མངའ་བདག་ཉང་རལ་བ་དགུང་ལོ་54ལོན། རྒྱ་ནག་སུང་རྒྱལ་རབས་གོང་མ་ཤོན་ལ་རྒྱལ་པོ་ཁྲི་ལོ་དང་པོ་ཞེས་གསུངས་པ་འདི་དག་ནི་བདག་ནས་ཀྱང་ཚད་མར་སེམས།
        ལར་གླིང་རྗེ་གེ་སར་རྒྱལ་པོ་ཉིད་མདོ་ཁམས་ཀྱི་ཕྱོགས་འདིར་དབང་སྒྱུར་བའི་རྒྱལ་པོ་ཡིན་པར་མཁས་པ་རྣམས་ལ་བཤད་ཚུལ་མི་འདྲ་བ་ཅུང་ཙམ་མེད་མོད། འོན་ཀྱང་འདིའི་འཁྲུངས་ལོ་ཆུ་སྤྲུལ་དང་། ལྕགས་བྱི། ས་སྟག་སོགས་སུ་བཞེད་མཁན་འདུག གང་ཡིན་ཡང་དུས་རབས་བཅུ་གཅིག་པའི་སྐབས་ཀྱི་མི་ཞིག་ཡིན་པར་མི་མཐུན་པ་མེད་དོ།། གེ་སར་མཆོག་འཁྲུངས་པའི་ལོ་ཚིགས་ནི། ལྕགས་བྱི་དང་ཆུ་སྤྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླངས་བྱང་ཆུབ་འདྲེ་བཀོལ་དང་སྨྲི་ཏི་ཛྙ་ན་ཀིརྟི་སྤྱན་དྲངས་ཏེ་ཆོས་ཞུས་པ་དང་། གཙུག་ལག་ཁང་བཞེངས་པས་ཀྱང་ཤེས་ནུས། ཞེས་སྒྲུབ་བྱེད་ནུས་ལྡན་བཀོད་པ་ལྟར་རོ།། ཡང་རབ་བྱུང་དང་པོའི་ས་སྟག་ལ་འཁྲུངས་པར་འདོད་མཁན་བྱུང་བ་དང་དེ་གཉིས་ཀྱི་བར་དུ་སྔ་མའི་ལྕགས་བྱི་དང་འདིའི་བར་ལ་ལོ་ངོ་38དང་། སྔ་མའི་ཆུ་སྦྲུལ་དང་དེའི་བར་ལ་45ཙམ་ལས་ཁྱད་པར་ཆེན་པོ་མེད། དེའི་ཕྱིར་བདུད་འཇོམས་རིན་པོ་ཆེའི་ས་སྟག་ལ་འདོད་པའི་ལྟ་བ་འདི་དཔྱད་གཞིའི་ཚད་མར་འཛིན་པར་རིགས་སོ།། 
        སྤྱིར་ན་གེ་སར་རྒྱལ་པོ་མདོ་སྨད་ཁྲི་ཀའི་ཡུལ་ན་སྐུ་འཁྲུངས་པར་མཁས་པ་གང་གི་གསུང་སྒྲོས་ལས་མེད་ཀྱང་གེ་སར་སྐུ་སྣ་ཕྲ་བའི་དུས་སུ་དགུང་ལོ་བརྒྱད་ཀྱི་སྐབས་ལ་ཁྲི་ཀར་བཞུགས་མ་མྱོང་ཞེས་སུས་ཀྱང་བརྗོད་མ་མྱོང་བ་མ་ཟད།རྨ་སྨད་གཡུ་ལུང་སུམ་མདོ་ཁྲི་ཀའི་ཡུལ་འདི་ཡིན་ལ་ཇོ་རུ་ཆུང་བའི་དུས་སུ་གནས་འདིར་བཞུགས་མྱོང་བའི་ལོ་རྒྱུས་རྒྱུ་མཚན་གང་མང་གླེང་དང་གླེང་བཞིན་མཆིས། འདིར་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་སྙམ་མོ།།
        གཉིས། དེང་གི་གེ་སར་ཆེད་མཁས་པས་གེ་སར་སྐུ་ན་ཕྲ་དུས་ཁྲི་ཀར་བཞུགས་མྱོང་བའི་སྐོར་གླེང་བ།
        སྤྱིར་ན་གེ་སར་འཁྲུངས་ཡུལ་ནི་ཁམས་སྡེ་དགེ་ས་སྐྱིད་སོ་ཡག་གི་ཁ་མདོ་ཡིན་པར་གསུངས་པ་ལ་རྩོད་གླེང་མང་པོ་མེད་ཀྱང་། གེ་སར་དགུང་ལོ་བརྒྱད་སྟེང་ཨ་ཁུ་ཁྲོ་ཐུང་གིས་རྨ་སྨད་གཡུ་ལུང་སུམ་མདོར་སྤྱུགས་སའི་ཡུལ་དེར་བཤད་པ་མང་པོ་མཆིས། ཁ་ཅིག་གིས་ཁམས་རྫ་ཆུ་ཁའི་གནས་ག་གེ་མོ་ཞིག་ཡིན་པར་གླེང་བ་མ་ཟད་སེང་འབྲུག་སྟག་རྩེ་ཕོ་བྲང་གི་མཁར་ཤུལ་སྟོན་རྒྱུ་ཡོད། ཁ་ཅིག་གིས་མགོ་ལོག་དར་ལག་རྫོང་གི་ཁྲ་གླིང་དགོན་པའི་གན་གྱི་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་ནི་རྨ་སྨད་གཡུ་ལུང་སུམ་མདོ་ཡིན་པར་ལུང་དང་རིགས་པས་བསྒྲུབས་པ་ལས་གཞན་སེང་འབྲུག་སྟག་རྩེ་ཕོ་བྲང་ངོ་མཚར་བ་བཞེངས་ཡོད། ཡང་ཁ་ཅིག་གིས་ཀན་ལྷོའི་རྨ་ཆུ་རྫོང་ཡིན་པར་བཤད་དེ་སའང་ངོས་འཛིན་བགྱིས་ནས་རྡོ་རིང་ཞིག་གི་སྟེང་ལ་ཡི་གེ་བྲིས་ནས་འདུག་པ་ཁོ་བོས་ཀྱང་དངོས་སུ་མཐོང་མྱོང་། ད་དུང་ཆབ་མདོ་དང་ནག་ཆུ་ནས་ཀྱང་གཡུ་ལུང་སུམ་མདོ་ཡིན་ཟེར་མཁན་མཆིས། གེ་སར་མ་བུ་གཉིས་སྤྱུགས་སའི་ཡུལ་དེ་རྨ་སྨད་གཡུ་ལུང་སུམ་མདོ་དེ་ངོས་འཛིན་བྱེད་ཁག་པོ་འདུག་ཀྱང་གེ་སར་ཆེད་མཁས་པས་ཁྲི་ཀའི་ཡུལ་འདིར་ངོས་འཛིན་བགྱིས་པའང་གནས་ལུགས་ཅུང་ཙམ་ཡོད་པར་འདོད། དེའི་རྒྱུ་མཚན་ནི་ཆབ་འགག་རྡོ་རྗེ་ཚེ་རིང་ ⑦ གིས་ལྟ་བ་འདིར་བསམ་བློ་གཏོང་དགོས་པའི་རིན་ཐང་ཡོད་སྙམ། ཁོང་གིས་གསུང་རྒྱུར། གེ་སར་རྒྱང་ཕུད་དུ་གཏོང་ཡུལ་རྨ་སྨད་གཡུ་ལུང་སུམ་མདོ་ནི་ད་ལྟའི་ཁྲི་ཀའི་ས་ཆ་འདི་ཡིན་པར་འདོད།  རྒྱུ་མཚན་ནི་གཅིག་སྟེ་རྨ་སྨད་ཅེས་པའི་ཡུལ་ནི་རྨ་ཆུ་རིང་མོའི་སྨད་ཡིན་པ་མ་གཏོགས་སྟོད་དང་བར་མིན་པ་གསལ་པོ་མཚོན་འདུག གཉིས་ཏེ་རྨ་ཆུ་རིང་མོའི་ལྷོ་རྒྱུད་ཀྱི་ཁྲི་ཀ་འདི་ནི་གེ་སར་ཆུང་དུས་ཀྱི་ས་མིང་མང་པོ་མཆིས། དཔེར་ན། འགོག་ཚ། གླིང་ཚ། རྒྱ་ཚ། ཇོ་རུའི་ཁྲུས་སྒོ། ཇོ་རུས་ལྷ་མདའ་འཕེན་ཤུལ་བཅས་པ་ལྟ་བུ་མང་པོ་ཡོད་པར་རྒྱབ་བརྟེན་གྱི་ལུང་དྲངས། གསུམ་སྟེ་དམངས་ཁྲོད་ངག་ཐོག་ནས་གེ་སར་སྐུ་ན་ཕྲ་དུས་ཀྱི་ངག་རྒྱུན་ཁྱབ་དང་ཁྱབ་བཞིན་མཆིས་ཞེས་ཚོགས་ཆེན་ཚོགས་ཆུང་གང་མང་དུ་ཡང་དང་ཡང་དུ་བརྗོད་བཞིན་འདུག ལྟ་བ་འདིར་ཡང་དཔྱད་པ་བཏང་བ་གནས་ལུགས་ཡོད་པར་འདོད། ངེད་ཅག་ཞིབ་འཇུག་མི་སྣ་སྤྱི་ལོ་2016ལོའི་ཟླ་4པའི་ཚེས་9ཉིན་ལ་ཁྲི་ཀར་གེ་སར་རིག་གནས་ལ་དུངས་ཞེན་ཆེ་བའི་སྐུ་ཞབས་མཁའ་འགྲོ་རྒྱལ་ ⑧ ལགས་ལ་དངོས་སུ་བཅར་འདྲི་བགྱིས་པར་ཁོང་གིས་གསུང་རྒྱུར། “གེ་སར་སྐུ་ན་ཕྲ་བའི་ཇོ་རུ་སྐབས་སུ་ཁྲི་ཀར་བཞུགས་མྱོང་པར་འདོད། དེའི་རྒྱུ་མཚན་ནི་ཁྲི་ཀ་ས་ཆ་འདི་ན་རྨ་སྨད་གཡུ་ལུང་སུམ་མདོའི་མཚན་མ་ཉམས་པར་ངོས་འཛིན་བྱེད་ས་མཆིས། དཔེར་ན་ཁྲི་ཀ་འདི་ལུང་གསུམ་གྱི་མདོ་ན་ཆགས་ཡོད་པ་མ་ཟད་གཡུ་བཟང་ཐང་དང་གཡུ་ལུང་སུམ་མདོ་ཞེས་མིང་མ་ཉམས་པར་ཡོད་ཅིང་།ད་དུང་རྒྱ་ཚ་དང་འགོག་ཚ་གླིང་ཚ་ཁྲོ་རྒྱལ་ཧོར་རིན་བཅས་པའི་མིང་དག་མ་ཉམས་པར་སོར་བཞག་དང་མི་མིང་སོགས་སྡེ་མིང་དང་ས་མིང་ལ་ཐོགས་ཡོད་པ་དེ་དག་གིས་ཀྱང་བདེན་དཔང་གསལ་པོ་བགྱིས་ཐུབ་ལ་ལོ་རྒྱུས་ཀྱི་དན་རྟགས་འགྱུར་མེད་ཅིག་ཀྱང་རེད་”ཅེས་གསུངས་ཤིང་། དེ་མིན་ལྷ་སའི་སྒྲུང་པ་གྲགས་ཅན་རྒན་གྲགས་པའི་འཁྲུངས་གླིང་མེ་ཏོག་ར་བ་ལས་ཀྱང་གསལ་པོ་མཐོང་ཐུབ་ཅེས་གནས་ལུགས་ཡོད་པའི་གསུང་ལེགས་པོ་བརྗོད་འདུག
        སྤྱི་ལོ་2016ལོའི་ཟླ་8ཚེས་16ནས་17བར་ཉིན་གཉིས་ལ་མཚོ་ལྷོ་ཁྲི་ཀ་ནས་ཁྲི་ཀའི་གེ་སར་རིག་གནས་བགྲོ་གླེང་ཐེངས་དང་པོ་བསྡུས་ཤིང་རྒྱལ་ཡོངས་ས་གནས་སོ་སོ་ནས་ཕེབས་ཡོང་པའི་ཆེད་མཁས་པ་དང་སྒྲུང་པ་གྲགས་ཅན་བཞི་བཅུ་ལྷག་བགྲོ་གླེང་ལ་ཞུགས་ཏེ་ཁྲི་ཀའི་གེ་སར་རིག་གནས་ཐད་དུ་དཔྱད་པ་ཕུན་སུམ་ཚོགས་པ་བཏང་ཞིང་། མཁས་པ་སོ་སོས་ལུང་དང་རིགས་པའི་སྒོ་ནས་གེ་སར་སྐུ་ན་ཕྲ་དུས་ཁྲི་ཀར་བཞུགས་མྱོང་བའི་ལོ་རྒྱུས་སོགས་ལ་ལེགས་པར་བསྒྲུབས། ཚོགས་འདུ་སྐབས་སུ་ད་དུང་གེ་སར་གྱི་ཤུལ་རྟེན་དངོས་ལ་ལྟ་གཟིགས་དང་དཔྱད་པ་བཏང་། ཚང་མས་གེ་སར་ཆུང་དུས་རྨ་སྨད་གཡུ་ལུང་སུམ་མདོར་བསྐྲད་སའི་ཡུལ་ནི་ཁྲི་ཀའི་གནས་འདི་ཡིན་པའི་ལྟ་བ་གསར་པ་ངང་ངམ་ཤུགས་སུ་ཤར་བྱུང་བ་གདོན་མི་ཟའོ།།
        དེ་ནས་ཁོ་བོས་བསམ་གཟས་ནས་མགོ་ལོག་གི་གེ་སར་ཆེད་མཁས་པ་དང་པྲ་སྒྲུང་པ་གྲགས་ཅན་ཚེ་སྒྲུབ་ ⑨ ལགས་ལ་བཅར་འདྲི་བགྱིས་པ་འདི་ལྟར།
        ཁྲི་ཀའི་ས་ཆ་འདི་སྔོན་ཆད་ཇོ་རུ་སྐུ་འཁྲུངས་སའི་གནས་ཡིན་པའི་ངག་རྒྱུན་མང་པོ་ཞིག་ཡོད་ནི་རེད། མིང་ལ་རྨ་སྨད་གཡུ་ལུང་སུམ་མདོ་ཟེར་ནི་རེད། ཇོ་རུ་ཁོག་ན་ཡོད་དུས་རྨ་ཆུའི་ཁ་ན་ཁྲུས་བྱེད་པའི་དུས་སུ་གླུ་བླངས་པས་མོ་རང་སྐྲག་ནས་རྨ་ཆུར་ལྡིང་ནས་ཆུས་མ་ཁུར་བར་གནས་ཕོ་རོག་ཚང་སྣ་ཟེར་བ་དེར་བདེ་བླག་ངང་ཕར་ཕུད། གནས་དེར་ལྷ་ཁྲུས་བྱེད་སའང་ཟེར། གཞན་ཡང་སྲིན་པོ་རྫ་སྐེད་ཟེར་ས་དེང་སང་གི་སྐེ་བ་གྲོང་ཚོ་ཆགས་པའི་ས་ཆ་དེ་ནས་ཇོ་རུས་སྤེན་མའི་གཞུ་ཞིག་བཀུག་ནས་བྲ་བོའི་མདའ་ཞིག་བཟོས་ནས་གནས་གང་ལ་འཕངས་ན་དེ་ལས་སངས་རྒྱས་ཆོས་ཀྱི་བསྟན་པ་རྒྱ་ཆེར་འཕེལ་ཡོང་ཟེར་ཏེ་འཕངས་པས་ད་ལྟའི་ཇོ་བོ་བཞུགས་སའི་གནས་འདིར་ལྷུང་བ་ཡིན། དེར་བརྟེན་ཁྲི་ཀའི་ཇོ་ཁང་འདི་བཞེངས་པར་གསུངས། གང་ལྟར་ཀྱང་གེ་སར་དང་འབྲེལ་བའི་འགོག་བཟའ་སྡེ་བ་དང་།  ཇོ་རུའི་རྩེད་ར། འགོག་མོའི་ཐབ་རྡོ་སོགས་མང་པོ་ཡོད་ས་རེད། སྒྲུང་ཡིག་ནང་ལ་བལྟས་ན་ཁྲོ་ཐུང་གིས་ཇོ་རུ་མ་བུ་གཉིས་བདའ་དུས་སུ། དགུན་གསུམ་བཙག་གི་ཁངས་ས། དབྱར་གསུམ་ཙད་ཀྱིས་འཚིག་ས། སྟོན་གསུམ་བསེར་བུས་ཁྱེར་ས། དཔྱིད་གསུམ་ཆུ་ཡིས་ཁུར་ས། ཁྲི་ཀ་ས་ཆ་འདི་དཔྱིད་གསུམ་ཆུ་ཡིས་ཁུར་ས་ཡིན་ཟེར་བ་རེད། དགུན་གསུམ་བཙག་གིས་ཁངས་ས་ནི་རྒྱུ་དར་ནག་གི་ལུང་མདོ་ཡིན། སྟོན་གསུམ་བསེར་བུ་རྒྱུ་ས་ནི་སྐྱ་མོ་དམར་མོ་ལ་ཁ་བརྒྱུད་པའི་དུས་ཡིན། དབྱར་གསུམ་ཙད་ཀྱིས་འཚིག་ས་མྱ་ངམ་ཐང་ཆེན་བཏུལ་ཐང་ཟེར་བ་དེའོ།། ཁྲོ་ཐུང་གིས་ཇོ་རུ་ལ་ཁྲིམས་བཅད་པའི་ནང་དུ་རྒྱ་སོག་གཉིས་ཀྱི་འགྲིམ་ལམ།། འདྲེ་སྲིན་པོ་གཉིས་ཀྱི་ཚང་སྒོ།འཕར་སྤྱང་གཉིས་ཀྱི་རྒྱུ་ལམ། ཟེར་བ་སོགས་ལས་བཤད་པ་ནི་ཁྲི་ཀ་ནི་རྒྱ་སོག་གཉིས་ཀྱི་འགྲིམ་ལམ་ཡིན་ནོ།།
        བདག་གི་སྣང་གསལ་པྲ་ལས་འཕྲོས་པ་ལྟར་ན། ཇོ་རུ་ཁོ་ཁམས་ནས་ས་ནག་རྒྱུ་དར་ལུང་མདོར་རྒྱང་ཕུད་གཏོང་དུས། དེ་རུ་ལོ་གཅིག་དང་ཟླ་བ་བདུན་ལ་བཞུགས་པ་དང་། དེའི་རྗེས་མཛོ་དགེའི་རྨ་ཆུ་རྨེ་ཆུ་གཉིས་ཀྱི་འདྲེས་མཚམས་སུ་རྨ་སྨད་གཡུ་ལུང་སུམ་མདོ་རུ་ངན་ངོན་གྱི་འཚོ་བ་རོལ་ཏེ་རེ་ཞིག་བཞུགས་ཏེ་སྲིན་མོ་བཏུལ་ཤུལ། ཇོ་རུའི་ཞབས་རྗེས། ཕྱག་རྗེས། ཇོ་རུའི་བྲ་རྡང་། བེའུ་རྡང་སོགས་མ་ཉམས་པར་ཡོད་པ་རེད། ཇོ་རུ་དེ་རུ་ལོ་ངོ་གཉིས་ཙམ་ལ་བཞུགས་ཡོད།དེ་ནས་རྨ་ཆུ་ཐེངས་གསུམ་བརྒལ་ནས་མར་ཁྲི་ཀ་ས་ཆར་འོང་སྟེ་རྨ་སྨད་ལྷ་ལུང་སུམ་མདོར་འབྱོར་བ་ཡིན། རྗེས་ཀྱི་འབྲུག་མོ་གེ་སར་འབོད་དུ་ཡོང་སྟེ་རྨ་སྟོད་ཀྱི་རྟ་རྒྱུག་སྟེང་ལ་གདན་འདྲེན་ཞུ་ས་དེ་ད་ལྟའི་ཁྲི་ཀ་ཡིན། ད་ལྟའི་ཁྲི་ཀའི་ལྕང་རའི་ནགས་ཀྱི་ནང་ནས་ཇོ་རུའི་ལྕང་གར་བེར་ག་ལེན་ས་ཡིན། ཇོ་རུའི་མགོ་མི་མཛའ་དགོད་པའི་ཅོག་ཞུ་དང་ལུས་མི་མཛའ་བེའུ་རྩག་མཐའ་གྱོང་། རྐང་མི་མཛའ་རྟ་ལྷམ་དམར་སུག ལྕང་གར་བེར་ག་སོགས་རྨ་སྨད་དུ་རྒྱང་ཕུད་མ་བཏང་སྔོན་དུ་ཡོད་པར་བཤད་ཀྱང་། ངའི་མེ་ལོང་གི་ནང་ནས་འདི་ལྟར་ཡིན་ཏེ། ཁྲ་མདའ་ཉི་མའི་མཛེས་མདོ་ནས། ཁྲམ་གྱི་བེའུ་དམ་ལ་བཏགས་ནས། ལུས་མི་མཛའ་བེའུ་རྩག་མཐའ་གྱོང་གྱོན། སྟག་རོང་རྟ་ཡི་ནང་ནས་བཙན་གྱི་རྐྱང་མ་དམ་ལ་བཏགས་ནས་རྐང་མི་མཛའ་རྟ་ལྷམ་དམར་སུག་བཟོས། ཤར་རྨ་རྒྱལ་སྤོམ་རའི་གཡས་ལུང་ནས།བཙན་དམར་ཐན་གྱི་དགོ་དམར་དམ་ལ་བཏགས་ནས། མགོ་མི་མཛའ་དགོ་བའི་ཅོག་ཞུ་གྱོན། བདུད་ཤིང་ལྕང་མ་རི་དགུ་ནས། ལྕང་གར་བེར་ག་བླངས་པ་ཡིན། མདོར་ན་ཇོ་རུས་རྨ་སྟོད་སྨད་བར་གསུམ་དེར་མི་ལོ་དྲུག་གི་རིང་ལ་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། ས་རྒྱུས་ཆུ་རྒྱུས་སོགས་ལེགས་པར་བརྟག་པ་ཡིན། ཇོ་རུས་རྨ་རྒྱལ་སྤོམ་ར་གཡས་བསྐོར་ཅིག་བརྒྱབ་ནས་རྨ་ཉིན་བརྒྱུད་ནས་རྨ་སྨད་ལ་འོང་ཞིང་། ཇོ་རུ་དང་འབྲེལ་བའི་ངག་རྒྱུན་མང་པོ་ཞིག་དར་ལག་དང་པད་མ། གཅིག་སྒྲིལ། ཁང་གསར་སོགས་ན་བཤད་རྒྱུ་མེད་པ་དེ་ལས་ཤེས་ཐུབ། དེ་དག་ཚང་མ་རྨ་སྲིབ་ཡིན་པས་གླེང་རྒྱུ་མེད་པ་རེད། གཙོ་བོ་ཡོང་ས་དེ་རྨ་ཉིན་ཁོ་ན་ཡིན་པ་རེད། གཞན་ཆབ་ཆ་དང་བྲག་དཀར་རྫོང་། མགོ་མང་སོགས་སུ་ཇོ་རུ་དང་འབྲེལ་བའི་ངག་རྒྱུན་མང་པོ་ཞིག་ཡོད་པར་ངེས། ཞེས་རང་གི་ལྟ་བ་གསལ་པོ་གསུངས་རྗེས་གཤམ་གྱི་ཚིགས་བཅད་འདི་ཐོགས་པ་མེད་པར་ཐོལ་བྱུང་དུ་བརྗོད་པ་ཇི་སྐད་དུ།
ཨོཾ་བཀྲ་ཤིས་པར་གྱུར་ཅིག། གནམ་སྔོན་པོ་འཁོར་ལོ་རྩིབས་བརྒྱད་ཀྱི་མན་ཆད། ས་དོག་མོ་པད་མ་འདབ་བརྒྱད་ཀྱི་ཡན་ཆད། ལྷོ་རྒྱལ་འཛམ་བུ་གླིང་གི་ལྟེ་བ། ཡུལ་མདོ་སྨད་ས་ཡི་ཐིག་ལེ། ཤར་རྨ་རྒྱལ་གླིང་ཁྲི་བར་མ་ན། གཡས་རི་འབྲི་ཡི་རི་རྒྱུད། གཡོན་རི་རྨ་ཡི་རི་རྒྱུད། མདུན་རི་རྫ་ཡི་རི་རྒྱུད། རྨ་རྫ་འབྲི་གསུམ་གྱི་འབྱུང་ཡུལ། འབྲོང་རུ་དམར་གྱིས་རུ་ཐུར་ངོམ་ས། ཤྭ་འོད་ཅན་གྱི་ཟངས་རྭ་སྤང་ལ་འཕེན་ས། རྐྱང་ཁ་དཀར་གྱིས་ཁ་རུ་ན་ནས་བྱེད་ས། ས་བཟང་བོ་སྨོན་ལམ་ལ་ཁ་ནས། མི་བཟང་བོ་གླིང་གི་མོ་སྨན་རྣམས་ཀྱིས། དྲི་བཟང་བོ་དྲུག་གིས་ལྷ་བསང་བཏང་ནས།ཚིག་བཟང་བོ་རྣམ་པར་དག་པའི་རྒྱས་བཏབ་ནས། ཤར་ལྷོ་ནུབ་བྱང་གི་ཕྱོགས་སུ་བལྟས་པ་ན། ས་འདི་ནས་ཕར་ཅིག་ཕར་ལ་བལྟས་པ་ན། ཕར་བལྟས་ཀྱི་ཤར་ཕྱོགས་ས་ན་བྲག་དམར་པོ་ནང་སྔ་མོའི་ཉི་རྩེ་རྒྱག་ས། ཉི་རྩེ་ཆུ་ལ་རྒྱག་ས། ཆུ་ལ་འཇའ་ཚོན་ཤར་ས། བོད་ཀྱི་སྤེན་ནེ་རི་བཀྲ་ཡི་ཡར་ནང་།ཆུ་མགོ་དཀར་མོ་གངས་ལུང་གི་གཡས་ཟུར་ན། ཕོ་རྐྱང་བརྒྱ་ཡི་ཡར་ནང་ན། མོ་རྐྱང་བརྒྱ་ཡི་མར་ནང་ན། བྱང་ཤེའུ་ཆུང་བརྒྱ་ཡི་རྩེད་ར་ན། བྱ་མ་རླུང་གི་གཤོག་པ་ཅན། རྟ་མ་རྟ་ཡི་རྟེའུ་ཆུང་ཞིག་ཡོད་པ། རེད་ཟེར་ནས་གཡས་ནས་བལྟས། མ་རེད་ཟེར་ནས་གཡོན་ནས་བལྟས། ཨེ་རེད་ཟེར་ནས་མདུན་ནས་བལྟས། རྐྱང་དཀར་ཟེར་ན་རྐྱང་དཀར།རྐྱང་དཀར་གཡུ་ཡི་རྔོག་མ་ཅན། རྐྱང་ནག་ཟེར་ན་རྐྱང་ནག་རེད། རྐྱང་ནག་གཡུ་ཡི་གཤོག་སྒྲོ་ཅན། རྐྱང་དམར་ཟེར་ན་རྐྱང་དམར། རྐྱང་དམར་མཚལ་གྱི་ཐིག་ལེ་ཅན། ཆེ་གི་འདོད་ན་ཆུང་གི་བསམ་ནི། ཆུང་གི་བསམ་ན་ཆེ་གི་འདོད་ནི། དེ་ནས་ཨ་མ་འགོག་མོ་དེ་ཡིས། བལ་ཞགས་དཀར་པོ་གཡོན་ནས་བཏབ་ནས། ཀླུ་ཞགས་མངོན་མོ་གཡས་ནས་བཏབ་ནས། ཨ་མ་འགོག་མོ་གཡས་ནས་དྲུད་ལེ། སེང་ལྕམ་འབྲུག་མོ་གཡོན་ནས་དྲུད་ལེ། འཁོར་ལོ་བསྐོར་བསྐོར། མདའ་མོ་འཕེན་འཕེན། སྐར་མདའ་ཆད་ཆད། སྟེང་ལྷ་ཡུལ་ལ་བསྐོར་གསུམ་བརྒྱབ། འོག་ཀླུ་ཡུལ་ལ་བསྐོར་གསུམ་བརྒྱབ། བར་མི་ཡུལ་ལ་བསྐོར་གསུམ་བརྒྱབ་མཐར་རྐྱང་རྒོད་བཟུང་ནས་ཇོ་རུ་ལ་སྤྲད་དོ།། འདིར་གསུང་དོན་གཙོ་བོ་སྟེ། མ་འགོག་བཟའ་དང་སེང་ལྕམ་འབྲུག་མོ་གཉིས་ལྷ་རྟ་རྐྱང་རྒོད་གཡེར་བ་འཛིན་སའི་ཡུལ་ཏེ་སྤེན་ནེ་རི་བཀྲ་ནི་ད་ལྟའི་ཁྲི་ཀའི་ཡུལ་འདི་ཡིན་པ་རིགས་པས་གསལ་པོ་བསྒྲུབས།ད་རུང་སྣང་ངུ་གཡུ་སྟག་གི་སྐྱེ་བར་གྲགས་པའི་སྒྲུང་བ་སྙན་གྲགས་ལགས་ནས། དག་པའི་སྣང་ངོར་ཟངས་མདོག་དཔལ་རིའི་ཞིང་།། རྨ་ཀླུང་གཡས་འཁྱིལ་ཁྲི་ཀ་གསེར་སྨུག་རྫོང་།། ས་ཡི་ལྟེ་བ་ལུང་གསུམ་མདོའི་གཞིར།། རིགས་གསུམ་རྣམ་སྤྲུལ་ལྷ་སྲས་ཇོ་རུ་འཁྲུངས།། ཞེས་པའི་ཕྱག་བྲིས་གནང་བ་ལས་གེ་སར་འཁྲུངས་ཡུལ་རྨ་སྨད་གཡུ་ལུང་གསུམ་མདོ་ཁྲི་ཀ་ས་ཆ་འདི་ཡིན་པར་ངོས་འཛིན་གསལ་པོ་བགྱིས་ཡོད། ཁྲི་ཀའི་ན་གཞོན་སྒྲུང་པ་བཀྲ་ཁོས་ཀྱང་གེ་སར་ཆུང་དུས་ཁྲི་ཀའི་ས་ཆར་བཞུགས་མྱོང་བའི་རྒྱུ་མཚན་མཚོ་སྔོན་ཞིང་ཆེན་ཨ་མདོ་བརྙན་འཕྲིན་གྱི་ལེ་ཚན་རྨ་འབྲུ་རླབས་ཀྱི་ཟགས་མའི་ནང་དུ་བརྗོད་མྱོང་། ད་དུང་མཁས་པ་བན་དེ་ཚེ་རིང་། ནོར་བུ། རྡོ་རྗེ་ཚེ་རིང་(ཚེ་འདས་)བཅས་ཀྱིས་ཀྱང་ཡིག་ཐོག་དང་ངག་ཐོག་ནས་རྨ་སྨད་གཡུ་ལུང་སུམ་མདོ་ཁྲི་ཀ་ཡིན་པར་རང་རང་གི་ལྟ་བ་གསལ་པོ་ཡང་ཡང་གླེང་འདུག
        གསུམ། གླིང་སྒྲུང་ལས་གེ་སར་རྨ་སྨད་གཡུ་ལུང་སུམ་མདོར་བསྐྲད་པའི་སྐོར་བཤད་པ།
        དེ་ཡང་གེ་སར་མ་ཡུམ་འགོག་ཚའི་པང་ལས་འཁྲུངས་པ་ནས་བཟུང་ཨ་ཁ་ཁྲོ་ཐུང་གིས་ཁོའི་དབང་འཕྲོག་པར་སྐྲག་ནས་ངན་སེམས་དང་གནོད་སེམས་མང་པོ་འཐེན་ནས་མེད་པར་བཟོ་འདོད་ཀྱང་ལྷ་ཕྲུག་ཇོ་རུར་གནོད་ཅི་ཡང་བཟོ་མ་ཐུབ་པས་མཐའ་མར་གླིང་སྡེ་ལས་རྨ་སྨད་གཡུ་ལུང་སུམ་མདོར་སྤྱུག་རྒྱུ་ཐག་བཅད་ནས་མ་བུ་གཉིས་སྤྲང་པོ་ཇི་བཞིན་ལམ་ལ་བརྫངས། འདིར་རྨ་སྨད་གཡུ་ལུང་སུམ་མདོ་འདི་ད་ལྟའི་རྨ་སྨད་དུ་ངོས་འཛིན་པའི་ཁྲི་ཀའི་ས་ཆ་འདི་ཡིན་པར་འདོད། དེ་ནས་གླིང་རུས་དངོས་ཡོད་ཇོ་རུ་དེད། ཇོ་རུས་དངོས་མེད་ལྷ་འདྲེ་དེད། དེར་རྨ་སྨད་ཡུལ་ལ་སླེབས་ཚེ། འདྲེ་སྲིན་པོ་དམ་ལ་བཏགས། བཙན་དང་མ་མོ་ཆམ་ལ་ཕབ། ཉིན་གྱི་ཨ་བྲ་བྲ་བ་ཁ་ཆེ། སྲིབ་ཏུ་ཨ་བྲ་གཙང་བདུད་འབར་བ། ཨབ་ཀྱི་རྒྱལ་པོ་བྲ་བ་མིག་དམར། རྫ་བྲ་རྣ་དམར། སྤང་བྲ་རྣ་སེར། མདོ་བྲ་རྣ་ནག ས་ཡི་བསེ་རག ཨབ་ཀྱི་དམག་ཚོགས་རྣམས། ཉིན་བྲ་ཐམས་ཅད་བགོས་འདེད་བྱས། སྲིབ་བྲ་ཐམས་ཅད་རྡོ་འཛུལ་བཀར།ས་རྫོབ་ཨ་བྲ་འཕེལ་སྟོབས་ཆེ་བ་ཐམས་ཅད་དམ་ལ་བཏགས། མི་རྫོབ་ཀྱི་ནག་མོ་བྱ་བྱེད་མང་བ་ཐམས་ཅད་ལ་ཁ་ཏ་བྱས། ཕྱུག་པོ་བུ་ཡི་ཁ་སྐྱོང་། མེད་པོ་བུ་ཡི་ཁ་གསོ།དགའ་སྟོན་ཟས་ཀྱི་གཙོ་བོ་ལ་རྨ་མཚེར་གྲོ་མའི་གཏེར་ཁ་ཕྱེས། དེ་ནས་གླིང་ཡུལ་ལ་ཁ་བ་ཕབ་སྟེ་གླིང་རུས་རྨ་སྨད་ནས་ས་གཡར་དགོས་པ་མཛད། དེའི་དུས་གླིང་བ་རྣམས་ཀྱིས་ངོ་དགའ་ཡི་ཚུལ་གྱིས། ད་རེ་ཞིག་གི་དུས། སྐྱ་ལོ་ཡིས་དགའ་སྟོན་བྱས་ནས་འབྲུག་མོས་གནས་གདམ་པའི་དུས་ཡིན་པས་ཇོ་རུ་ཁྱོད་ཀྱང་ཕེབས་དགོས་ཟེར་ནས་གདན་འདྲེན་ཞུས། གྲལ་ལ་བསྡད་ཚེ་ལྷའི་མདའ་དར། གྲུབ་པའི་རྒྱལ་མོའི་ཚེ་མདུད། མ་མཁའ་འགྲོའི་ཚེ་ཆང་ཐམས་ཅད་ཁོང་གི་ཞལ་གྱིས་རེག་སྟེ། གླིང་རུས་ཅི་གསུང་མེད་པ་ཞིག་མཛད་ནས་རྨ་སྨད་དུ་ཕེབས། དེར་རྨ་སྨད་ལ་ལོ་ངོ་བཞི་བཞུགས་ཞེས་བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ཝང་གི་ཤོག་ངོས་བརྒྱ་ནས་བརྒྱ་དང་གཅིག་ཐོག་གསལ་ལོ།། ད་དུང་《འཁྲུངས་གླིང་མེ་ཏོག་ར་བ་》 ⑩ལས་གསལ་བ་ལྟར་ན། གླིང་ཡུལ་ལ་ཁ་བ་དྲགས་པོ་བབས་ནས་མི་ཟོག་ཐམས་ཅད་ཐར་ཐབས་མེད་པའི་སྐབས་སུ་རྨ་སྨད་ཡུལ་དུ་ཇོ་རུ་ལ་རྩྭ་ས་གཡོར་དུ་ཆས་པའི་ལོ་རྒྱུས་ལ་བརྟག་ན། སྐབས་དེར་རྨ་སྨད་དུ་ཉི་མ་ཤར་ཞིང་དྲོད་འཁོལ་ལྡན་ལ། རྩྭ་དང་རྩི་ཤིང་རྒྱས་པར་ཡོད་པར་གསུངས་པས་རྨ་སྨད་འདི་ད་ལྟའི་ཁྲི་ཀའི་ཡུལ་དང་ངོས་བཟུང་བ་གནས་ལུགས་གཉིས་བདེན་དཔང་བྱེད་ཕོད། གཅིག་ནི་རྨ་ཆུའི་མགོ་དང་བར་སྨད་གསུམ་གྱི་མཚམས་བགོས་ན་ཁྲི་ཀ་འདི་རྨ་སྨད་ལ་གཏོགས་པ་གདོན་མི་ཟའོ།། གཉིས་ཏེ་ས་བབ་ཀྱི་ཆགས་ཚུལ་ལ་དཔྱད་ན་རྨ་སྟོད་ནི་ས་མགོ་མཐོ་ཞིང་ཁ་དབུགས་འཁྱག་པ། གླིང་རུ་དང་ཐག་མི་རིང་ལ་འཁྱག་ཚུལ་ཀྱང་ཕལ་ཆེར་གཅིག་མཚུངས་རེད། ཡིན་ཡང་རྨ་སྨད་ཁྲི་ཀའི་ས་ཆར་མཚོན་ན་ས་བབ་དམའ་ཞིང་དྲོད་འཁོལ་ལྡན་ལ། རྩྭ་དང་རྩི་ཤིང་རྒྱས་ཤིང་ཁ་བ་མཐུག་པོ་བབས་ཀྱང་ཞི་སླ་བ་ཡིན། དེས་ན་རྨ་སྨད་གཡུ་ལུང་སུམ་མདོ་འདི་ད་ལྟའི་ཁྲི་ཀའི་ས་ཆ་ཡིན་གསུངས་ནའང་གནས་ལུགས་ཡོད་པར་འདོད། ད་རུང་གླིང་སྒྲུང་མང་པོ་ལས་རྨ་སྨད་གཡུ་ལུང་སུམ་མདོ་ནི་མཛེས་ཤིང་འབྱོར་ཕྱུག་ལྡན་པའི་གནས་མཆོག རྐང་བཞི་ཕྱུགས་རིགས་སྣ་ཚོགས་དར་རྒྱས་ཡོང་ས། འབྲུ་རིགས་སྣ་མང་ལོ་ཡག་ཡོང་ས། ནད་མེད་ཚེ་རིང་དང་བཀྲ་ཤིས་གཡང་གི་ར་བ་ཡིན་པར་གསུངས་ཡོད་པ་ཀུན་གྱིས་མཐོང་བ་ཇི་བཞིན་ནོ།།
        བཞི། མཐའ་དཔྱད།
        གོང་གསལ་དུ་སྔོན་བྱོན་མཁས་པའི་གེ་སར་མཆོག་འཁྲུངས་ཡུལ་བཅས་པའི་སྐོར་གྱི་གསུང་སྒྲོས་དང་དེང་རབས་གེ་སར་ཆེད་མཁས་པས་གེ་སར་ཆུང་དུས་མདོ་སྨད་ཁྲི་ཀའི་ཡུལ་དུ་བཞུགས་མྱོང་བའི་སྐོར་གྱི་གསུང་བཤད། ད་དུང་གླིང་སྒྲུང་ལས་རྨ་སྨད་གཡུ་ལུང་སུམ་མདོ་གང་ཡིན་པའི་སྐོར་བཤད་པ་བཅས་ཀྱི་ལྟ་བ་དང་གསུང་བཤད་གང་ལེགས་བགྲོ་གླེང་བགྱིས་ཀྱང་། གེ་སར་རྒྱལ་པོ་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐུ་འཁྲུངས་པ་དང་རྨ་སྨད་གཡུ་ལུང་སུམ་མདོ་ཡང་ཁྲི་ཀའི་ས་ཆ་འདི་རེད་ཟེར་ན་ལུང་དང་རིགས་པས་སྒྲུབ་བྱེད་ཀྱི་རྒྱུ་ཆ་ཁུངས་བཅོལ་ས་རྣམ་དག་ཅིག་འཚོལ་དཀའ་ཕྱིར་ཁ་ཚོན་གཅོད་ཁག་པོ་འདུག ཡིན་ནའང་ཁོ་བོའི་བསམ་པར་གེ་སར་གྱི་འཁྲུངས་ཡུལ་དང་རྨ་སྨད་གཡུ་ལུང་སུམ་མདོ་ཡིན་མིན་ཐག་གཅོད་མི་ཐུབ་རུང་འདི་ཐད་ཀྱི་བགྲོ་གླེང་དང་དཔྱད་རྩོམ་སྤེལ་ན་མ་མཐའ་ཡང་གཤམ་གྱི་དགེ་མཚན་འགའ་མཆིས་པ་ལས་གནོད་པ་མེད་པར་སེམས།དེའི་དགེ་མཚན་གྱི་ཆ་ནས་བཤད་ན། གཅིག་སྟེ་མདོ་སྨད་ཁྲི་ཀའི་ཡུལ་གྱི་གེ་སར་རིག་གནས་ཡོད་དོ་ཅོག་ངོས་འཛིན་དང་མྱུར་སྐྱོབ་ཐད་དུ་ཕན་འབྲས་ཆེན་པོ་ཡོད། གཉིས་ཏེ་གེ་སར་རིག་གནས་བེད་སྤྱོད་བགྱིས་ནས་ས་གནས་ཀྱི་ལྗོངས་རྒྱུ་ལྟ་སྐོར་བཅས་པ་འཕེལ་རྒྱས་གཏོང་བར་ཕན་འབྲས་བླ་ལྷག་མཆིས་སོ།། གསུམ་སྟེ་མི་རབས་རྗེས་མས་གེ་སར་རིག་གནས་ཀྱི་རིན་ཐང་རྟོགས་པ་དང་འདི་ཐད་ཀྱི་ལས་ཀ་སྒྲུབ་པ་བཅས་པར་མངོན་གསལ་གྱི་དགེ་མཚན་མཆིས། བཞི་སྟེ་སྲིད་གཞུང་དང་ཁེ་ལས་པ་ལ་སོགས་ཀྱིས་མཐོང་ཆེན་བགྱིས་ནས་རྒྱལ་ཁབ་དང་གོང་རིམ་པའི་ཆེད་དངུལ་བརྩོན་ལེན་བགྱིས་ཏེ་གེ་སར་དང་དཔའ་རྟུལ་སུམ་ཅུ། སྨན་མཆོག་བཅུ་གསུམ་བཅས་ཀྱི་ཟངས་སྐུ་རྡོ་སྐུ་འབག་སྐུ། ཐང་ག་བཅས་པ་གསར་བཞེངས་དང་། ད་དུང་གེ་སར་སྔར་ཡོད་ཀྱི་ཤུལ་རྟེན་གཙོ་བོ་དག་ཞིག་གསོ་བྱེད་པ། དེ་མིན་མི་རིགས་དང་གེ་སར་གྱི་ཁྱད་ཆོས་ལྡན་པའི་བཤམས་སྟོན་ཁང་ངམ་དྲན་གསོ་ཁང་ལྟ་བུ་གསར་བཞེངས་གནང་ཐུབ་ན་ས་གནས་ཀྱི་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ཕན་འབྲས་བསམ་གྱིས་མི་ཁྱབ་པ་ཡོང་བར་གདོན་མི་ཟའོ།།
        མཆན་འགྲེལ།
①ཁྲི་ཀ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་ཁྲི་ཀ་རྫོང་ཟེར་བ་དེ་ཡིན། རྨ་ཆུ་རིང་མོའི་འགྲམ་ན་ཆགས་ཡོད་ལ་ཁ་དབུགས་ཤིན་ཏུ་ལེགས་པའི་གནས་མཆོག་ཅིག་གོ།
②《ནང་དོན་ཐ་སྙད་རིག་གནས་ཀྱི་གཞུང་གི་དོགས་གནས་འགའ་ཞིག་བྲིས་པའི་ལན་ཕྱོགས་གཅིག་ཏུ་བྲིས་པ་རབ་དཀར་པ་སངས》 སྣ་རིང་མའི་ཤོག་གྲངས་13-16བར་གསལ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་གཉེར་ཡོད།
③བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། 《མདོ་སྨད་ཆོས་འབྱུང》 1982ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་234ན་གསལ།
④ཚེ་ཏན་ཞབས་དྲུང་གིས་བརྩམས། 《བསྟན་རྩིས་ཀུན་ལས་བཏུས་པ》 1982ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་165ན་གསལ།
⑤གྱི་ལིང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་བརྩམས། 《བོད་མིའུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》 1992ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་86-91བར་གསལ།
⑥གཅོད་པ་དོན་གྲུབ་སོགས་ཀྱིས་འདེམས་སྒྲིག་བྱས། 《གནའ་དེང་མཁས་པའི་གེ་སར་སྒྲུང་སྐོར་གྱི་གསུང་སྒྲོས་གཟི་ཡི་མགུལ་རྒྱན》 2003ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཤོག་ངོས་414-415བར་གསལ།
⑦ཆབ་འགག་རྡོ་རྗེ་ཚེ་རིང་། མཚོ་ལྷོ་ཁུལ་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གྱི་འགན་ཁུར་ཡོད།
⑧མཁའ་འགྲོ་རྒྱལ། མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། གེ་སར་ལ་དགའ་ཞེན་ཆེ་བའི་མི་སྣ་ཡིན། ཕ་ཡུལ་ཁྲི་ཀའི་སྐེ་བ་གྲོང་ཚོ་ནས་ཡིན།
⑨ཚེ་སྒྲུབ། ཕ་ཡུལ་མགོ་ལོག་གཅིག་སྒྲིལ་རྫོང་ནས་ཡིན། པྲ་སྒྲུང་པ་གྲགས་ཅན་གྱི་གྲས་ཡིན། སྒྲུང་དཔེ་དང་གེ་སར་མི་སྣའི་རི་མོའི་བརྩམས་ཆོས་མི་ཉུང་བ་པྲ་ལས་ཕབ་ཡོད།
⑩ཐུབ་བསྟན་ཉི་མ་ལགས་ཀྱིས་དག་སྒྲིག་མཛད། 《འཁྲུངས་གླིང་མེ་ཏོག་ར་བ》 1980ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བཏབ།