ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ལུགས་གླེང་བ།①

སྤེལ་དུས 2019-10-10 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བཀྲ་བྷ།
ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་བློས་སློང་བརྒྱུད་ནས་བརྩམས་ཆོས་གསར་བ་ཞིག་གི་བརྗོད་བྱ་དང་མི་སྣ་གཏན་འབེབས་བྱས་རྗེས། ཐོག་མར་ཁུངས་སྣེ་གཏན་ལ་ཕབ་སྟེ་སྒྲུང་སྒོ་འཚོལ་བ་དང་། དེ་ནས་སྤྲོས་བརྗོད་བྱེད་སྟངས་གཏན་ལ་ཕབ་སྟེ་སྒྲུང་སྒོ་འཚོལ་དགོས་འདུག་ལ། གོ་རིམ་འདི་གཉིས་བརྒྱུད་དེ་སྒྲུང་གཏམ་གྱི་སྒྲུང་སྒོ་འོས་ཤིང་འཚམ་པ་དེ་རྙེད་རྗེས། མི་སྣ་དང་། རྒྱབ་ལྗོངས། བྱུང་རིམ། ཚོར་བ་སོགས་རྣམས་ལས་གང་ཞིག་གནད་དུ་བཟུང་སྟེ་སྒྲུང་སྒོར་ཞུགས་ན་འོས་པར་བསམ་བློ་གཏང་དགོས་པའི་སྐོར་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] སྒྲུང་གཏམ། ཁུངས་སྣེ། སྤྲོས་བརྗོད་བྱེད་ལུགས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.9 “14”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-03-0133-10
            སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། སྒྲུང་གཏམ་པས་ཐོག་མར་བློས་སློང་བརྒྱུད་ནས་བརྩམས་ཆོས་གསར་བ་ཞིག་གི་བརྗོད་བྱ་དང་མི་སྣ་གཏན་འབེབས་བྱས་རྗེས། ད་དུང་ཁག་གང་ཞིག་ནས་རྩོམ་མགོ་འཛིན་དགོས་པ་དང་། ཁག་གང་ནས་རྩོམ་མགོ་བཟུང་བ་ན། སྐབས་སུ་བབས་པའི་བརྗོད་བྱའི་དོན་དེ་ཡིད་དབང་འཕྲོག་པའི་ངང་ནས་རྫོགས་པར་སྟོན་པ་དང་། མི་སྣའི་གཤིས་ཀ་གཟུགས་རིས་ལྡན་པའི་ངང་ནས་གསར་སློང་བྱེད་ཐུབ་པར་བསམ་བློ་གཏོང་དགོས་འདུག སྒྲུང་གཏམ་པ་ཕལ་མོ་ཆེའི་གསར་རྩོམ་ཐད་ཀྱི་ཉམས་མྱོང་ལྟར་ན། སྒྲུང་གཏམ་གང་དང་གང་ཞིག་གསར་རྩོམ་བྱེད་སྐབས། ཚིག་ཐོག་མའམ་རང་བྱུང་ཚན་པ་ཐོག་མ་དེ་བརྗོད་བྱའི་ཁྱད་ཆོས་དང་ཡོངས་སུ་མཐུན་པའི་སྒོ་ནས་བྲིས་ཏེ། ལྡེ་མིག་གིས་ཟྭ་ཕྱེ་བ་ནང་བཞིན་སྒྲུང་གཏམ་གྱི་སྒྲུང་སྒོ་འབྱེད་པར་ནུས་ན། རྩོམ་མཁན་གྱི་བསམ་ཕྱོགས་དང་སྤྲོ་སྣང་ནི་རགས་ལས་ཤོར་བའི་ཤྭ་འོད་ལྟར་བརྡོལ་སྲིད་པས། སྒྲུང་གཏམ་གྱི་བརྗོད་བྱའི་དོན་ནི་རྩོམ་མཁན་དང་ཀློག་མཁན་གྱི་འདོད་བློ་དང་མཐུན་པའི་སྒོ་ནས་རྫོགས་པར་སྟོན་ཐུབ། གསར་རྩོམ་ཉམས་མྱོང་དངོས་ལ་གཞིགས་ན།སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ལུགས་ལ་བསམ་བློ་གཏོང་ན།ཐོག་མར་ཁུངས་སྣེ་གཏན་ལ་ཕབ་སྟེ་སྒྲུང་སྒོ་འཚོལ་བ་དང་། དེ་ནས་སྤྲོས་བརྗོད་བྱེད་སྟངས་གཏན་ལ་ཕབ་སྟེ་སྒྲུང་སྒོ་འཚོལ་དགོས་འདུག་ལ། གོ་རིམ་འདི་གཉིས་བརྒྱུད་དེ་སྒྲུང་གཏམ་གྱི་སྒྲུང་སྒོ་འོས་ཤིང་འཚམ་པ་དེ་རྙེད་རྗེས། མི་སྣ་དང་། རྒྱབ་ལྗོངས། བྱུང་རིམ། ཚོར་བ་རྣམས་ལས་གང་ཞིག་གནད་དུ་བཟུང་སྟེ་སྒྲུང་སྒོར་ཞུགས་ན་འོས་པར་བསམ་བློ་གཏོང་དགོས།
གཅིག ཁུངས་སྣེ་གཏན་ལ་ཕབ་སྟེ་སྒྲུང་གཏམ་གྱི་སྒྲུང་སྒོ་འཚོལ་བ།
            སྒྲུང་གཏམ་གྱི་བརྗོད་བྱ་སྤྱི་ལ་ཆ་མཚོན་ན། དེ་ཉིད་ནི་དོན་དག་བྱེ་བྲག་པ་མང་པོ་ཞིག་གིས་གྲུབ་པ་འདུག་པ་མ་ཟད། དོན་དག་བྱེ་བྲག་པ་དེ་དག་ནི་འབྲེལ་བ་མངོན་པར་གསལ་བ་ཞིག་ལ་བརྟེན་ནས་ལྷན་དུ་བསྡེབས་ཡོད་ལ། སྐབས་འདིའི་དོན་དག་བྱེ་བྲག་པ་རྣམས་ལྷན་དུ་སྦྲེལ་བྱེད་དེ་ལ་གཞུང་ལུགས་སྨྲ་བ་རྣམས་ཀྱིས་ཁུངས་སྣེ་ཞེས་འབོད་བཞིན་ཡོད། གསར་རྩོམ་གྱི་སྦྱོར་བ་དངོས་ལ་གཞིགས་ན། མི་སྣ་དང་། དོན་དག་དང་། དངོས་པོ་དང་། སེམས་ཁམས་རྣམས་ནི་སྒྲུང་གཏམ་གྱི་ཁུངས་སྣེ་བྱས་ཆོག་གོ།
            ཀ མི་སྣ་ཁུངས་སྣེ་བྱེད་པ། སྒྲུང་གཏམ་མང་པོ་ཞིག་ལ་ཆ་མཚོན་ན། མི་སྣ་ཞིག་ལ་བརྟེན་ནས་མི་སྣ་གཞན་དག་བརྩམས་ཆོས་ཁྲོད་ལ་འདྲེན་པ་དང་། མི་སྣ་དང་མི་སྣ་བར་གྱི་འགལ་བ་དང་འབྲེལ་བ། མི་སྣ་དང་ཁོར་ཡུག་བར་གྱི་འགལ་བ་དང་འབྲེལ་བར་བརྟེན་ནས་བྱུང་རིམ་མདུན་ལ་དེད་དེ་གཏམ་རྒྱུད་རྫོགས་པར་བརྗོད་བཞིན་ཡོད་ལ། འདི་ལྟར་བརྩམས་པའི་སྒྲུང་གཏམ་ནི་མི་སྣ་ཁུངས་སྣེ་བྱས་པའི་སྒྲུང་གཏམ་གྲས་སུ་དྲངས་ཆོག ཁོ་བོའི་སྒྲུང་གཏམ་རྣམས་ལས་《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ་》ཞེས་པའི་ཁྲོད་ཀྱི་ར་བྷ་འདྲེ་མིག་དང་། 《གྲོང་ཁྱེར་གྱི་འཚོ་བ་》ཞེས་པའི་ཁྲོད་ཀྱི་ཁྱུ་ཁྱུ། 《ཧ་ཅང་ཧ་ཅང་》ཞེས་པའི་ཁྲོད་ཀྱི་ཨ་ཁུ་ཐར་ལོ་རྣམས་ནི་སྒྲུང་གཏམ་གྱི་ཁུངས་སྣེ་ཡིན་ལ། སྒྲུང་གཏམ་དེ་དག་གསར་རྩོམ་བྱེད་སྐབས། མི་སྣ་དེ་དག་བརྩམས་ཆོས་ཀྱི་སྲོག་ཤིང་བྱས་ཏེ། སྤྱི་ཚོགས་ཀྱི་རྣམ་པ་བྱེ་བྲག་པ་ཞིག་སྣང་བརྙན་གསལ་བའི་སྒོ་ནས་མཚོན་ཐབས་བྱས་ཡོད་དེ།  དཔེར་ན་《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ་》ལ་ཆ་མཚོན་ན། མདོ་སྨད་ནི་སྟོང་དཔོན་ལམ་ལུགས་ཀྱི་དུས་རིམ་ན་གནས་པའི་སྐབས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བྱེ་བྲག་པ་ཞིག་སྒྲུང་གཏམ་གྱི་བརྗོད་བྱར་བཀོད་ནས་བརྩམས་ཡོད་ལ། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། མི་སྣ་གཙོ་བོ་སྟེ་ར་བྷ་འདྲེ་མིག་ཁུངས་སྣེ་བྱས་ཏེ། དེ་ཉིད་ཀྱིས་ཚོ་བའི་ནང་ཁུལ་གྱི་རྒྱུ་ནོར་རྐུ་བ། ས་ཆ་གཞན་དང་ཚོ་བ་གཞན་ལ་སོང་ནས་རྒྱུ་ནོར་རྐུ་བའི་གོ་རིམ་དེ་བྱུང་རིམ་གྱི་རྒྱ་ལ་དྲངས་ནས་མདུན་ལ་དེད་པ་ན། སྟོང་དཔོན་དུས་རབས་ཀྱི་ཚོ་བ་ནང་ཁུལ་གྱི་འགལ་བ། ཚོ་བ་དང་ཚོ་བ་བར་གྱི་འགལ་བ། ཆོས་ལུགས་པ་ཆོས་ལུགས་པ་བར་གྱི་འགལ་བ། ཕྱུག་པོ་དང་དབུལ་བོ་བར་གྱི་འགལ་བ་ནི་གཟུགས་རིས་གསལ་བའི་ངང་ནས་མཚོན་ཐུབ་པར་གྱུར།
            མི་སྣ་གང་ཞིག་སྒྲུང་གཏམ་གྱི་ཁུངས་སྣེ་བྱེད་ན་ཆ་རྐྱེན་འདི་འདྲ་ལྡན་དགོས་པ་འདྲ་སྟེ། གཅིག མི་སྣ་ཞིག་གིས་ལས་གང་ཞིག་གཉེར་བའི་གོ་རིམ་མམ། མི་སྣ་གང་ཞིག་གི་ལས་དབང་ངམ་འཚར་ལོངས་བྱུང་བའི་གོ་རིམ་སོགས་ལ་བརྟེན་ནས་གཏམ་རྒྱུད་རྫོགས་པར་བརྗོད་ནུས་དགོས། གཉིས། ཁུངས་སྣེ་རུ་བཀོད་པའི་མི་སྣ་ནི་གཏམ་རྒྱུད་ཀྱི་སྲོག་ཤིང་དུ་འགྱུར་དགོས། གསུམ། སྒྲུང་གཏམ་གྱི་བྱུང་རིམ་ནི་མི་སྣའི་ལས་དབང་དང་སྤྱོད་ལམ་ལ་བརྟེན་ནས་མདུན་ལ་འདེད་དགོས་ཏེ། དོན་དག་གིས་མི་སྣ་བསྒྲིབས་ན་སྒྲུང་གཏམ་ནི་གཏམ་རྒྱུད་དུ་འགྱུར་བའི་ཉེན་ཁ་ཡོད་པར་འདོད།
            ཁ། དོན་དག་ཁུངས་སྣེ་བྱེད་པ། སྒྲུང་གཏམ་སྐོར་དང་རིམ་པ་ཞིག་ཏུ། དོན་དག་གང་ཞིག་ཐོག་མར་ཇི་ལྟར་བྱུང་བ། བར་དུ་ཇི་ལྟར་འགྱུར། མཇུག་འབྲས་ཅི་ཞིག་སྨིན་པ་སོགས་གོ་རིམ་ཡོད་པ་དང་གཟུགས་རིས་གསལ་བའི་ངང་ནས་བརྗོད་བཞིན་ཡོད་ལ། གཞུང་ལུགས་སྨྲ་བ་རྣམས་ཀྱིས་འདི་ལྟར་བརྩམས་པའི་སྒྲུང་གཏམ་ནི་དོན་དག་ཁུངས་སྣེ་བྱས་པའི་སྒྲུང་གཏམ་གྱི་གྲས་སུ་དྲངས་ཆོག་པར་བརྗོད། འདོད་ཚུལ་འདི་དང་བསྟུན་ནས་དཔྱད་པ་ན། ཁོ་བོའི་སྒྲུང་གཏམ་རྣམས་ལས་《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས་》དང་། 《གནས་རི》 《ཀྱེ་མ། ཛམ་བྷ་ལ་མི་ཡུལ་ལ་ཕེབས་བྱུང》 《ཟླ་བ་དང་མེ་ལོང་》སོགས་ནི་དོན་དག་ཁུངས་སྣེ་བྱས་པའི་སྒྲུང་གཏམ་གྱི་གྲས་སུ་གཏོགས་པ་འདྲ། བརྩམས་ཆོས་དེ་དག་ལས་《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས་》ལ་མཚོན་ན། ཁུངས་སྣེ་ནི་“ཉི་མ་ལྷ་སར་འགྲོ་བ་”དེ་ཡིན་ལ།  བོད་མིའི་དད་པའི་སྟོབས་ཤིག་དང་དད་པའི་འགྱུར་ལྡོག་གཟུགས་རིས་གསལ་བ་དང་དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་མཚོན་ཆེད། ཉི་མ་ལྷ་སར་འགྲོ་བའི་དོན་དག་དེ་ཁུངས་སྣེའམ་སྲོག་ཤིང་བྱས་ཏེ། ཁྱིམ་ཚང་གཅིག་གི་མི་རབས་གསུམ་དེ་ལྷ་སར་འགྲོ་བའི་ལས་ལ་འཇུག་པའི་སྐབས་ཀྱི་འགལ་བ་སྣ་ཚོགས་ཐང་མར་བརྡལ་བ་དང་། མི་སྣ་མང་པོ་ཞིག་གི་སྣང་བརྙན་ནི་མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བ། མི་སྣ་དང་ཁོར་ཡུག་བར་གྱི་འགལ་བ་འབྲེལ་བ། མི་སྣ་རང་ཉིད་དང་རང་ཉིད་བར་གྱི་འགལ་བ་སོགས་བྱུང་རིམ་གྱི་རྒྱ་ལ་དྲངས་ཏེ་གསར་སློང་བྱས་ཡོད།
            དོན་དག་གང་ཞིག་སྒྲུང་གཏམ་གྱི་ཁུངས་སྣེ་བྱེད་ན་ཆ་རྐྱེན་འདི་འདྲ་ལྡན་དགོས་པ་འདྲ་སྟེ། གཅིག སྒྲུང་གཏམ་གྱི་བརྗོད་བྱར་གྱུར་པའི་དོན་དག་ནི་མགོ་མཇུག་ཚང་པ། ཡིད་དབང་འཕྲོག་པ། འགྱུར་ལྡོག་རང་བཞིན་ལྡན་པ་ཞིག་ཡིན་དགོས། གཉིས། སྒྲུང་གཏམ་གྱི་ཁུངས་སྣེ་ནི་དོན་དག་ཡིན་རུང་། བརྩམས་ཆོས་སྲོག་ཤིང་ནི་ཅིས་ཀྱང་མི་སྣ་ཡིན་དགོས་ཏེ། གལ་སྲིད་དོན་དག་བརྗོད་དེ་མི་སྣ་ལ་རང་དབང་མེད་པར་གྱུར་པ་དང་། དོན་དག་གིས་མི་སྣ་ཡོངས་སུ་བསྒྲིབས་པའམ། ཡང་ན་མི་སྣ་ནི་དོན་དག་བརྗོད་པའི་ཡོ་བྱད་ཅིག་ཏུ་གྱུར་པ་ན། སྒྲུང་གཏམ་ནི་གཏམ་རྒྱུད་དུ་གྱུར་པ་ལས་མ་འདས། གསུམ། དོན་དག་ལ་བརྟེན་ནས་མི་སྣ་དང་མི་སྣའི་བར་ལ་འགལ་བ་དང་འབྲེལ་བ་འབྱུང་དགོས་པ་དང་། འགལ་བ་དང་འབྲེལ་བར་བརྟེན་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་ཐུབ་དགོས།
            ག དངོས་པོ་ཁུངས་སྣེ་བྱེད་པ། དངོས་པོ་གང་དང་གང་ཞིག་གནད་དུ་བཟུང་སྟེ་མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བ། མི་སྣའི་རིན་ཐང་ལྟ་ཚུལ།མི་སྣའི་ལས་དབང་གི་འགྱུར་ལྡོག་སོགས་བསྟན་དང་སྟོན་བཞིན་ཡོད་པའི་སྒྲུང་གཏམ་ནི་དངོས་པོ་ཁུངས་སྣེ་བྱས་པའི་སྒྲུང་གཏམ་གྱི་གྲས་དྲངས་ཆོག་པར་བརྗོད། ཁོ་བོའི་སྒྲུང་གཏམ་རྣམས་ལས་《མ་གྱུར་སེམས་ཅན་》དང་། 《མེད》《རྒྱན་བྱང》 《སྒྲོལ་མ་ཉེར་གཅིག་》གི་བཅུ་དགུ་པ་སྟེ་《ས་སྲོས་ཀྱི་འབྲུག་སྒྲ་》བཅས་ནི་དངོས་པོ་ཁུངས་སྣེ་བྱས་པའི་སྒྲུང་གཏམ་གྱི་གྲས་སུ་གཏོགས་དགོས་འདུག སྒྲུང་གཏམ་དེ་དག་ལས་《མེད་》ལ་ཆ་མཚོན་ན་བརྗོད་སྙིང་ནི་ཕ་བུ་རིག་བར་གྱི་རིག་གནས་ཀྱི་འགལ་བ་དེ་ཡིན་ལ། འགལ་བ་དམིགས་སུ་གསལ་བ་དེ་དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་མཚོན་ཆེད། སྒྲུང་གཏམ་གྱི་ཁུངས་སྣེ་ནི་དངོས་པོ་སྟེ་འདྲ་པར་བྱས་དེ། བཀྲ་ཤིས་སློབ་གྲྭ་ཆེན་མོར་ཐོག་མར་སླེབས་སྐབས་གོང་མཛུབ་དང་དཀྱིལ་མཛུབ་གཉིས་ཀ་ཀེར་ནས་པར་ཞིག་བརྒྱབ་སྟེ་ཕ་མ་གཉིས་ཀར་བསྐུར་པ་ན། ཕ་མ་གཉིས་ཀས་བཀྲ་ཤིས་ཀྱིས་མཛུབ་མོ་གཉིས་ཀེར་བ་དེ་སྒོར་མོ་ཉིས་བརྒྱ་མཁོ་བའི་བརྡ་རུ་གོ་སྟེ་ཁོ་ལ་སྒོར་མོ་ཉིས་བརྒྱ་བསྐུར། དེའི་རྗེས་སུ་བཀྲ་ཤིས་གནམ་བདེ་སྒོ་མོ་ཆེར་སོང་སྟེ་མཛུབ་མོ་ལྔ་ཀེར་ནས་པར་ཞིག་བརྒྱབ་སྟེ་ཕ་མར་བསྐུར་པ་ན། ཕ་མ་གཉིས་ཀར་གོ་འཛོལ་བྱུང་སྟེ་སྒོར་མོ་ལྔ་བརྒྱ་བསྐུར། དེའི་རྗེས་སུ་བཀྲ་ཤིས་རྒྱ་ནག་ལྕགས་རི་རིང་པོར་སོང་སྟེ་མཛུབ་མོ་བཅུ་ཀེར་ཏེ་པར་ཞིག་བརྒྱབ་ནས་ཕ་མར་བསྐུར་བ་ན། ཨ་ཕར་ཁོང་ཁྲོ་ཆེན་པོ་ལྡང་སྟེ། པར་ལེན་ཁང་ལ་སོང་སྟེ་“ཉྭ་ཀུམ་ཀུམ་དང་ལུས་སྒོང་སྒོང་བྱས་པ་དང་། གྲུ་མོ་རྒྱབ་ལ་འཐེན་ཞོར་དུ་ལག་ངར་མདུན་ལ་བསྲིངས། ལག་མཐིལ་གནམ་ལ་བསྐོར་ཏེ་” ② སྒོར་མོ་མེད་པའི་བརྡ་བསྟན་ནས་པར་ཞིག་བརྒྱབ་རྗེས། པར་དེ་བཀྲ་ཤིས་ལ་བསྐུར་པའི་གོ་རིམ་བྲིས་པ་ཡིན།
            དངོས་པོ་ཁུངས་སྣེར་བཟུང་སྟེ་སྒྲུང་གཏམ་གསར་རྩོམ་བྱེད་ན་ཆ་རྐྱེན་འདི་འདྲ་ཡོད་པ་འདྲ་སྟེ། གཅིག སྐབས་སུ་བབས་པའི་དངོས་པོ་དེ་ཉིད་ལ་བརྟེན་ནས་བྱུང་རིམ་ཆ་ཚང་བའི་གཏམ་རྒྱུད་ཅི་རྫོགས་པར་བརྗོད་ཐུབ་དགོས།
གཉིས། དངོས་པོ་འཚོལ་བ་དང་རྙེད་པ། ཐོབ་པ་དང་ཤོར་བ་སོགས་ལ་བརྟེན་ནས་མི་སྣའི་གཤིས་ཀའམ་ལས་དབང་གི་འགྱུར་ལྡོག་མཚོན་ཐུབ་དགོས།
            ང་། སེམས་ཁམས་ཁུངས་སྣེ་བྱེད་པ། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། བྱུང་རིམ་ནི་མི་སྣའི་སེམས་ཁམས་དང་བསྟུན་ནས་མདུན་ལ་འདེད་པ་དང་། མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་རེ་རེ་ནི་བྱུང་རིམ་རེ་རེའི་སྐྱོག་མཚམས་བྱས་ཏེ་བརྩམས་པའི་བརྩམས་ཆོས་རྣམས་ནི་སེམས་ཁམས་ཁུངས་སྣེ་བྱས་པའི་སྒྲུང་གཏམ་གྱི་གྲས་སུ་དྲངས་ཆོག འདོད་ཚུལ་འདི་ཉིད་གཞིར་བཟུང་ནས་དཔྱད་ན། ཁོ་བོའི་སྒྲུང་གཏམ་རྣམས་ལས་《སྒྲོལ་མ་ཉེར་གཅིག་》གི་གཉིས་པ་སྟེ་《མཁའ་མཐའི་ཉི་མ་》དང་བཅོ་ལྔ་པ་སྟེ་《རྨ་ཆུ། འདི་ནས་རྒྱང་ལ་འཐེན་》དང་། 《གལ་ཏེ》 《མེ་ལོང་ནང་གི་ཕྱེ་མ་ལེབ》 《དྲེད་མོང་》རྣམས་ནི་མི་སྣའི་སེམས་ཁམས་ཁུངས་སྣེ་བྱས་ཏེ་བརྩམས་པའི་སྒྲུང་གཏམ་གྱི་གྲས་སུ་གཏོགས། སྒྲུང་གཏམ་དེ་དག་ལས་《མེ་ལོང་ནང་གི་ཕྱེ་མ་ལེབ་》ལ་ཆ་མཚོན་ན། མི་སྣ་གཙོ་བོ་སྟེ་རྩོམ་པ་པོ་ནི་གཉེན་དོན་གྱི་འགྱུར་ལྡོག་ལ་བརྟེན་ནས་སེམས་ལ་སེམས་ནད་བྱུང་བའི་སྐྱེས་པ་ཞིག་ཡིན་ལ། དེ་ཉིད་ཀྱིས་ཇ་ཁང་ཞིག་གི་དྲ་མིག་བརྒྱུད་ནས་གཞུང་ལ་ལྟ་སྐབས། རང་ཉིད་གཞུང་ལམ་ངོས་ན་གན་རྐྱལ་དུ་ཉལ་འདུག་པ་མཐོང་བ་དང་། ཁོ་རང་གི་མདུན་གྱི་མེ་ལོང་ངོས་ལ་ཞིབ་ལྟ་བྱས་པ་ན། ཁོ་རང་གི་“སྐྲ་ལོ་དཀར་པོའི་ཉག་མ་རེ་རེ་ནི་མགོ་བོ་དང་གྱེས་རྗེས་མེ་ལོང་གི་ནམ་མཁར་གཞི་གཅིག་ལ་འདྲེས་ཏེ་དུང་གི་ཕྱེ་མ་ལེབ་ཅིག་ཏུ་གྱུར་” ③ པ་དང་། ཆུང་མ་སྔ་ཕྱི་གཉིས་ནི་དུང་གི་ཕྱེ་མ་ལེབ་དང་ཁྲག་གི་ཕྱེ་མ་ལེབ་ཏུ་གྱུར་པའི་འཕྲུལ་སྣང་བྱུང་བ་ཡིན་ལ། སྒྲུང་གཏམ་འདི་ཉིད་འབྲི་སྐབས། ཁུངས་སྣེ་ནི་མི་སྣའི་སེམས་ཁམས་བྱས་པ་དང། བྱུང་རིམ་ནི་མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་དང་དངོས་ཡོད་ཀྱི་འཚོ་བ་ལྷན་དུ་བསྡེབས་ནས་མདུན་ལ་དེད་པ་ན། མི་སྣ་ལ་སྒྱུ་རྩལ་གྱི་སྣང་བརྙན་ཐུན་མོང་མ་ཡིན་པ་ཞིག་ལྡན་པར་གྱུར། 
            མི་སྣའི་སེམས་ཁམས་ཁུངས་སྣེར་བཟུང་སྟེ་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་ན། ཆ་རྐྱེན་ནི་འདི་འདྲ་ཚང་དགོས་པ་འདྲ་སྟེ། གཅིག མི་སྣའི་སེམས་ཁམས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་དགོས། གཉིས། མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་བྱུང་རིམ་ཆ་ཚང་བ་ཞིག་འབྲི་བར་ནུས་དགོས། གསུམ། སྒྲུང་གཏམ་གྱི་བྱུང་རིམ་ནི་མི་སྣའི་སེམས་ཁམས་ཀྱི་འགྱུར་ལ་བརྟེན་ནས་མདུན་ལ་འདེད་ནུས་དགོས། བཞི། མི་སྣའི་སྣང་བརྙན་ནི་མི་སྣའི་སེམས་ཀྱི་འགྱུར་ལྡོག་དང་འགྱུར་ལྡོག་ལ་བརྟེན་ནས་བྱུང་བའི་སྤྱོད་ལམ་གྱིས་གསར་སློང་བྱེད་ཐུབ་དགོས། 
            གཉིས། སྤྲོས་བརྗོད་བྱེད་ལུགས་གཏན་ལ་ཕབ་སྟེ་སྒྲུང་གཏམ་གྱི་སྒྲུང་སྒོ་འཚོལ་བ། 
            དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ལ་ཆ་མཚོན་ན། དེ་ཉིད་ཀྱི་བརྗོད་བྱའི་ཚན་པ་རྣམས་ལ་དུས་ཚོད་ཀྱི་རིང་ཐུང་དང་གོ་རིམ་མི་འདྲ་བའི་བརྒལ་རིམ་ཞིག་ཡོད་ལ།བརྗོད་བྱའི་དོན་གང་དང་གང་པ་དེ་བརྩམས་ཆོས་བརྒྱུད་ནས་སྟོན་སྐབས་ཀྱི་སྔ་ཕྱིའི་གོ་རིམ་སྒྲིག་སྟངས་ལ་སྤྲོས་བརྗོད་བྱེད་ལུགས་ཟེར་བར་འདོད་དེ། འོ་ན་སྒྲུང་གཏམ་ལ་སྤྲོས་བརྗོད་བྱེད་ལུགས་ག་འདྲ་ཡོད་དམ་ཞེ་ན། རྒྱུགས་ཆེ་བའི་སྤྲོས་བརྗོད་བྱེད་ལུགས་ནི་གསུམ་ཡོད་པར་བཤད་དེ། རིམ་བརྗོད་དང་། ལྡོག་བརྗོད་དང་། གསབ་བརྗོད་རྣམས་སོ།།
            ཀ བརྗོད་བྱའི་དོན་གྱི་གོ་རིམ་ལྟར་བརྗོད་པ → རིམ་བརྗོད། སྒྲུང་གཏམ་གང་ཞིག་བློས་སློང་གི་ལས་ལ་འཇུག་སྐབས། བརྗོད་བྱའི་དོན་ལས་གང་ཞིག་སྔོན་ལ་བྱུང་ན་དེ་ཉིད་སྔོན་ལ་བརྗོད་པ་དང་། གང་ཞིག་རྗེས་ནས་བྱུང་ན་དེ་ཉིད་ཀྱི་རྗེས་སུ་བརྗོད་དེ། བརྗོད་བྱའི་དོན་གྱི་གོ་རིམ་ནི་དུས་ཚོད་ཀྱི་གོ་རིམ་དང་བསྟུན་བཞིན་ཡོད་ལ། བརྗོད་ལུགས་འདི་གཞུང་ལུགས་སྨྲ་བ་རྣམས་ཀྱིས་རིམ་བརྗོད་ཟེར་བ་ཡིན། འཛམ་གླིང་གི་སྒྲུང་གཏམ་ཕལ་མོ་ཆེ་ནི་རིམ་བརྗོད་ཀྱི་ལུགས་ལྟར་བརྩམས་ཡོད་ལ། ཁོ་བོའི་སྒྲུང་གཏམ་རྣམས་ལས་《གལ་ཏེ་》དང་། 《མེད》 《དགེ་འདུན། དགེ་བཅུའི་ཁྲིམས།ད་དུང་གཡག་རོག་པོ་བཅས་ཀྱི་གཏམ་རྒྱུད》 《དར་ལྕོགརླུང་བུ། ད་དུང་ལྷེམ་ལྷེམ་གཡོ་བའི་རླུང་རྟ་》སོགས་ཀྱི་སྤྲོས་བརྗོད་བྱེད་ལུགས་ནི་རིམ་བརྗོད་ཀྱི་ཁོངས་སུ་གཏོགས་པར་འདོད། སྒྲུང་གཏམ་དེ་དག་ལས་《ཤ་》ཞེས་སུ་འབོད་པའི་སྒྲུང་ཐུང་ལ་ཆ་མཚོན་ན། བརྗོད་བྱའི་དོན་གྱི་གོ་རིམ་ནི་དུས་ཚོད་རང་སྟེང་གི་གོ་རིམ་ལྟར་བསྒྲིགས་ཏེ། ཞོགས་པའི་དུས་སུ་སྒྲོལ་མ་གླ་འཁོར་ལ་བསྡད་དེ་མེ་འཁོར་ས་ཚིགས་སུ་འཛིན་བྱང་ཉོ་བར་ཕྱིན་པ་དང་། ཉིན་གུང་གི་དུས་སུ་སེ་ར་ལམ་ལ་ཤ་ཉོ་བར་སོང་བ། མཚན་མའི་དུས་སུ་རང་གི་སྡོད་ཁང་དུ་བསྡད་དེ་མགྲོན་པོར་ངང་སྒུག་བྱེད་སྐབས། ཨ་ཕ་དང་ཕུ་བོ་གཉིས་ཀས་ཁོ་མོ་བཙལ་ཏེ་སྡོད་ཁང་དུ་སླེབས་པ་དེ་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་སྐོར་ཞིག་ལ་བརྟེན་ནས་བསྟན་ཡོད།
            སྒྲུང་གཏམ་གང་ཞིག་གི་བརྗོད་བྱ་དེ་རིམ་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལ་བརྟེན་ནས་སྤྲོས་བརྗོད་བྱེད་ན།བརྗོད་བྱ་ལ་ཁྱད་ཆོས་འདི་འདྲ་ལྡན་དགོས་ཏེ། གཅིགབརྗོད་བྱ་གང་དང་གང་ཡིན་པ་དེ་དུས་ཚོད་ཀྱི་གོ་རིམ་དང་བསྟུན་ནས་བརྗོད་པ་ན། བྱུང་རིམ་ནི་ཡིད་དབང་འཕྲོག་པ་དང་། ཀློག་པོ་པོས་རྗེས་ཅི་ཞིག་བྱུང་བ་ལ་རེ་ལྟོས་བྱེད་པ་ཞིག་ཡིན་དགོས། གཉིས། བརྗོད་བྱའི་དོན་མཚོན་ན་སྔ་ཕྱིའི་འབྲེལ་བ་དམ་པ་དང་། ལྷན་དུ་བསྡེབས་ན་བརྗོད་སྙིང་རིལ་པོ་གཅིག་སྟོན་ནུས་པ་ཞིག་ཡིན་དགོས། གསུམ། གསལ་བྱེད་ཀྱི་ནུས་པ་ཐོན་པའི་བྱུང་རིམ་གཞན་ཞིག་མ་སྦྱར་རུང་། གཏམ་རྒྱུད་ཀྱི་རྒྱུན་གཅིག་ལ་བརྟེན་ནས་སྐབས་སུ་བབས་པའི་བརྗོད་བྱའི་དོན་དེ་རྫོགས་པར་སྟོན་ཐུབ་དགོས།
            ཁ། མཇུག་འབྲས་སྔོན་དང་གོ་རིམ་རྗེས་སུ་བརྗོད་པ → ལྡོག་བརྗོད། སྒྲུང་གཏམ་གྱི་བརྗོད་བྱའི་དོན་གྱི་སྔ་ཕྱིའི་གོ་རིམ་སྒྲིག་སྐབས། མཇུག་འབྲས་མདུན་ལ་འགོད་པ་དང་གོ་རིམ་རྗེས་ལ་འགོད་པའི་སྒྲིག་གཞི་སྒྲིག་ལུགས་འདི་ལ་ལྡོག་བརྗོད་ཟེར་ཞིང་། བརྗོད་སྟངས་འདིས་དོན་དག་བྱུང་སྟངས་ཀྱི་གོ་རིམ་ལ་གཏོར་བརླག་བྱས་མོད།སྒྲུང་གཏམ་གྱི་བྱུང་རིམ་མདུན་ལ་འདེད་སྐབས། གབ་ཚིག་མངོན་པར་བརྗོད་པ་དང་གབ་ལེན་ཡོངས་སུ་སྦས་ཏེ། གོ་སྐབས་འོས་འཚམ་ཞིག་གི་སྐབས་སུ་གབ་རྒྱ་བཀྲོལ་པ་ན།བྱུང་རིམ་ལ་སྟོབས་ཤུགས་སྦྱིན་པ་དང་། ཀློག་པ་པོའི་ལྟ་ཀློག་གི་འདུན་མར་རེ་ལྟོས་ཀྱིས་མངའ་དབང་སྒྱུར་ནུས་པས། ཡིད་སེམས་འགུགས་པ་ལ་ནུས་པ་དང་སྒྱུ་རྩལ་རིན་ཐང་ཆེན་པོ་ལྡན་པ་རེད། ཁོ་བོས་མིག་སྔའི་བར་དུ་ལྡོག་བརྗོད་ཅེས་པའི་སྤྲོས་བརྗོད་བྱེད་ལུགས་ལ་སྒོ་བསྟུན་ཏེ་སྒྲུང་གཏམ་གཅིག་ཀྱང་བརྩམས་མི་འདུག་མོད། དོན་གྲུབ་རྒྱལ་གྱི་《ཤ་དང་རུས་པའི་བརྩེ་དུང་》དང་། ལྷ་རྒྱལ་ཚེ་རིང་གི་《ཁྱོད་ཀྱི་ཡི་གེ་》དང་། ཆབ་བྲག་རྡོ་རྗེ་ཚེ་རིང་གི་《ཆག་སྒོ》སངས་རྒྱས་ཀྱི་《དཔེ་ཚབ་སྤྲོད་པ་》སོགས་ནི་ལྡོག་བརྗོད་ཀྱི་ལམ་ནས་བརྩམས་པ་ཡིན་པས། དེ་དག་དམིགས་སུ་བཟུང་ནས་དཔྱད་ན་ལྡོག་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ག་འདྲ་ཡིན་པ་རྟོགས་ངེས་ཡིན། སྒྲུང་གཏམ་དེ་དག་ལས་དོན་གྲུབ་རྒྱལ་གྱི་《ཤ་དང་རུས་པའི་བརྩེ་དུང་》ལ་ཆ་མཚོན་ན། དོན་དག་གློ་བུར་བ་ཞིག་བྱུང་རྗེས། མི་རྣམས་ཀྱིས་དེའི་འབྱུང་རྐྱེན། འདས་པའི་དུས་ཀྱི་གནས་ཚུལ་སོགས་ལ་བསམ་བློ་གཏོང་སྲིད་པའི་སེམས་ཁམས་ཐད་ཀྱི་ཁྱད་ཆོས་དེ་དམིགས་སུ་བཟུང་ནས། “ཁེ་དགོང་གི་རྨི་ལམ་དང་ཁ་སང་གི་ཡི་གེ་གཉིས་ཀྱིས་མདང་གསུམ་གྱི་གཉིད་ཀྱང་འཕྲོགས་” ④པ་དེ་ནས་རྩོམ་མགོ་བཟུང་རྗེས། “ངའི་”ཡིད་ལ་ཨ་ཁུ་དབང་ལྡན་གྱི་གཏམ་རྒྱུད་འཕོས་པ་དེ་ལྡོག་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལྟར་བརྗོད་ཡོད་དོ།།
            ལྡོག་བརྗོད་ཀྱི་བརྗོད་ལུགས་ལྟར་སྒྲུང་གཏམ་གྱི་བརྗོད་བྱའི་དོན་གྱི་གོ་རིམ་སྒྲིག་པའི་སྐབས་སུ། ཡིད་འཇོག་བྱ་དགོས་པའི་གནད་དམ་པ་འདི་འདྲ་ཡོད་པར་འདོད་དེ། གཅིག སྒྲུང་གཏམ་གྱི་བརྗོད་བྱར་གྱུར་པའི་དོན་དག་ཐམས་ཅད་ནི་ལྡོག་བརྗོད་ཀྱི་བརྗོད་སྟངས་ལ་བརྟེན་ནས་བརྗོད་མི་རུང་སྟེ། གལ་སྲིད་གཏམ་རྒྱུད་ཀྱི་མཇུག་འབྲས་ནི་ཐུན་མོང་མ་ཡིན་པ། བློ་ཡུལ་ལས་འགོངས་པ། ཀློག་མཁན་རྣམས་ཀྱིས་གཏམ་རྒྱུད་དེ་ཉིད་ཀྱི་གོ་རིམ་ག་འདྲ་ཡིན་པ་མྱུར་མོར་རྟོགས་པར་འདོད་པ་ཞིག་ཡིན་ན། ད་གཟོད་སྒྲུང་གཏམ་དེ་ལྡོག་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལྟར་བྲིས་ཆོག གཉིས། མཇུག་འབྲས་མདུན་ལ་བཀོད་དེ་དོན་དག་གི་གོ་རིམ་ཆ་ཚང་བ་ཞིག་རྫོགས་པར་སྟོན་སྐབས། རྩོམ་པའི་ལས་ལ་བྱང་ཆ་མེད་ན། མགོ་མཇུག་གཉིས་ལ་ཟློས་སྐྱོན་འབྱུང་སྲིད་པས།རྩོམ་མགོ་དང་རྩོམ་མཇུག་མཐུན་པར་སྡེབ་པ་དང་། འཕོ་རྒལ་གྱི་རིམ་པ་དེ་ལུགས་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་གང་ལེགས་བྱེད་པར་འབད་དགོས། གསུམ། ཀློག་པ་པོ་རྣམས་ཀྱིས་ལྡོག་བརྗོད་ཀྱི་རྩོམ་སྟངས་ཀྱིས་བརྩམས་པའི་སྒྲུང་གཏམ་ཞིག་ཀློག་སྐབས། ཐོག་མའི་དུས་སུ་སྔོན་ལ་བཀོད་པའི་མཇུག་འབྲས་དང་རྗེས་ལ་བཀོད་པའི་དོན་དག་གི་གོ་རིམ་གཉིས་ཀར་འབྲེལ་བ་ཅི་ཞིག་ཡོད་པ་རྟོགས་མི་སྲིད་པས། རྩོམ་མཁན་གྱི་མཇུག་འབྲས་དང་གོ་རིམ་བར་ལ་འཕོ་རྒལ་གྱི་ཚིག་འགའ་སྦྱར་ཏེ་མི་སེམས་མཇུག་འབྲས་ནས་གོ་རིམ་ཕྱོགས་སུ་འདྲེན་དགོས།
            ག ཁུགས་སོ་བཟུང་ནས་འདས་པ་འདྲེན་པ → གསབ་བརྗོད། རིམ་བརྗོད་དང་ལྡོག་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལ་བརྟེན་ནས་བརྩམས་པའི་སྒྲུང་གཏམ་ལས་གཞན། སྒྲུང་གཏམ་མང་པོ་ཞིག་གི་བྱུང་རིམ་འཕེལ་ཏེ་གནད་འགག་གི་དུས་རིམ་སླེབས་སྐབས། གཏམ་རྒྱུད་ཀྱི་འབྱུང་རྐྱེན་དང་འདས་པའི་དུས་ཀྱི་གནས་ཚུལ་སོགས་དྲངས་ཏེ། བརྗོད་དོན་ལེགས་པར་སྟོན་པ་ལ་རམ་འདེགས་བྱེད་བཞིན་ཡོད་ལ། སྤྲོས་བརྗོད་བྱེད་ལུགས་འདི་ལ་གཞུང་ལུགས་སྨྲ་བ་རྣམས་ཀྱིས་ལྡོག་བརྗོད་ཀྱང་ཟེར་བ་ཡིན། སྒྲུང་གཏམ་མང་པོ་ཞིག་ལ་ཆ་མཚོན་ན། སྒྲུང་གཏམ་གྱི་རྩོམ་མགོ་ནི་གཏམ་རྒྱུད་ཀྱི་ཡས་མཐའ་དེ་ཡིན་པའི་ངེས་པ་གཏན་ནས་མེད་པས། རྩོམ་པ་པོ་གང་ཞིག་རྩོམ་པའི་ལས་ལ་འཇུག་སྐབས། སྐབས་སུ་བབས་པའི་གཏམ་རྒྱུད་ཀྱི་ཁུགས་སོ་ཞིག་ནས་རྩོམ་མགོ་བཟུང་སྟེ་བྱུང་རིམ་མདུན་ལ་འདེད་པ་དང་། ཁུགས་སོ་སྔ་རོལ་གྱི་དོན་དག་དགོས་གལ་ཆེ་བ་རྣམས་ནི་སྒྲུང་གཏམ་གྱི་བར་མཚམས་སུ་ལུགས་དང་མཐུན་པར་གསབ་ནས་བརྗོད་བཞིན་ཡོད། ཁོ་བོའི་སྒྲུང་གཏམ་རྣམས་ལས་《འཕོ་འགྱུར་》དང་། 《མ་གྱུར་སེམས་ཅན》《ཟླ་བ་དང་མེ་ལོང》 《བསོད་ནམས་》སོགས་ནི་གསབ་བརྗོད་ཅེས་སུ་འབོད་པའི་སྤྲོས་བརྗོད་བྱེད་ལུགས་ལྟར་བརྩམས་པ་ཡིན་ལ། སྒྲུང་གཏམ་དེ་དག་ལས་《ཟླ་བ་དང་མེ་ལོང་》ལ་མཚོན་ན། གཏམ་རྒྱུད་ཀྱི་རྒྱུན་ནི་ཟླ་བ་སྒྲོལ་མས་ཟླ་བ་ཚེ་རིང་འཚོལ་བའི་གོ་རིམ་དེ་ཡིན་མོད། བརྗོད་བྱའི་སྒྱུ་རྩལ་གྱི་རྔམས་ཀ་ཇེ་མཐུག་ལ་གཏོང་བ་དང་། སྒྲུང་གཏམ་གྱི་བརྗོད་དོན་ལེགས་པར་སྟོན་པའི་དགོས་མཁོ་ལ་དམིགས་ཏེ། འདས་པའི་དུས་སུ་གེ་སར་རྒྱལ་པོས་“མོན་རྗེ་ཤིང་ཁྲི་རྒྱལ་པོ་དམ་ལ་བཏགས་ཏེ་སླར་བྱོན་སྐབས། དེ་གར་ཉི་མ་བདུན་ལ་བཞུགས་པར་མ་ཟད། ཡུལ་མི་རྣམས་ལ་ཐུགས་རྗེ་ཆེན་པོའི་དབང་ཡང་གནངས་” ⑤ པ་དང་། ན་ནིང་གི་དྲུག་པའི་ཀླུ་རོལ་གྱི་སྐབས་སུ། ཟླ་བ་སྒྲོལ་མ་དང་ཟླ་བ་ཚེ་རིང་གཉིས་ཀ་ཀླུ་རོལ་གྱི་འདུ་རར་འཕྲད་དེ་ཤིན་ཏུ་བརྩེ་ཞིང་དུངས་པར་གྱུར་པ། ཟླ་བ་སྒྲོལ་མ་སྔ་མོ་ནས་སྡེ་དཔོན་འབུམ་ལོ་ཚང་ལ་མནའ་མར་བྱིན་ཡོད་པ་རྣམས་ནི་འོས་ཤིང་འཚམ་པའི་སྒོ་ནས་ཟླ་བ་སྒྲོལ་མས་ཟླ་བ་ཚེ་རིང་འཚོལ་བའི་གོ་རིམ་ཁྲོད་ལ་གསབ་སྟེ་བརྗོད་པ་ཡིན།
            སྒྲུང་གཏམ་གང་ཞིག་གི་བརྗོད་བྱ་ནི་གསབ་བརྗོད་ཀྱི་སྤྲོས་བརྗོད་བྱེད་ལུགས་ལ་བརྟེན་ནས་སྤྲོས་བརྗོད་བྱེད་ན་ཆ་རྐྱེན་ནི་འདི་འདྲ་ཡོད་དེ། གཅིག ཅིའི་ཕྱིར་གསབ་པར་དམིགས་པ་གཏད་དེ། གསབ་གྲབས་ཡོད་པའི་དོན་དག་དེ་སྒྲུང་གཏམ་གྱི་བརྗོད་བྱ་ལེགས་པར་སྟོན་པར་ཕན་དང་མི་ཕན་ལ་བསམ་བློ་གཏང་དགོས། གཉིས། ཅི་ཞིག་གསབ་པར་དམིགས་པ་གཏོད་དེ། དོན་དག་གམ་བྱུང་རིམ་མང་པོ་ལས་གང་ཞིག་གསབ་སྟེ་སྒྲུང་གཏམ་གྱི་བརྗོད་དོན་ལེགས་པར་སྟོན་པ་ལ་བསམ་བློ་གཏང་དགོས། གསུམ། ཇི་ལྟར་གསབ་པར་དམིགས་པ་གཏད་དེ། གསབ་གྲབས་ཡོད་པའི་དོན་དག་གམ་བྱུང་རིམ་ནི་གཏམ་རྒྱུད་ཀྱི་རྒྱུན་ལས་བར་མཚམས་གང་ཞིག་ལ་གསབ་པ། རྒྱས་པར་གསབ་བམ་བསྡུས་ཏེ་གསབ་པ། ཡང་ན་གསབ་བྱ་གང་དང་གང་ཡིན་པ་དེ་དུམ་བུ་དུ་མར་བགོས་ནས་གཏམ་རྒྱུད་ཀྱི་རྒྱུན་ལས་ཁག་མང་པོར་གསབ་པ་སོགས་ལ་བསམ་བློ་གཏང་དགོས།
གསུམ། སྒྲུང་གཏམ་གྱི་སྒྲུང་སྒོ་གཏན་ལ་ཕབ་སྟེ་སྒོ་མོར་འཇུག་ལུགས་འཚོལ་བ།
            རྩོམ་པ་སྐོར་ཞིག་གི་གསར་རྩོམ་ཉམས་མྱོང་ལྟར་ན།སྒྲུང་ཐུང་གི་རྩོམ་མགོ་ནི་འགལ་བ་ཆེན་པོའི་རྒྱབ་རོལ་ནས་བཟུང་སྟེ། རྩོམ་གྱི་དངོས་གཞི་ལ་མཇུག་འབྲས་ཀྱི་སྔ་རོལ་གྱི་དོན་དག་དེ་འབྲི་བ་དང་། རྩོམ་མགོའི་སྔ་རོལ་གྱི་དོན་དག་ནི་ཁ་གསབ་ཀྱི་ཚུལ་དུ་འདྲེན་བཞིན་ཡོད་ལ། སྒྲུང་འབྲིང་གི་རྩོམ་མགོ་ནི་འགལ་བ་འཕེལ་ཏེ་ཛ་དྲག་ཏུ་གྱུར་པའི་སྐབས་ནས་འཛིན་དགོས་པ་དང་། སྒྲུང་རིང་གི་རྩོམ་མགོ་ནི་བྱུང་རིམ་ཡོངས་ཀྱི་སུམ་ཆའི་གཅིག་གི་མཚམས་ནས་འཛིན་དགོས་པ་དང་། རྩོམ་མགོ་འདི་ལྟར་བཟུང་ན་སྤྲོས་བརྗོད་ཀྱི་སྨྱུག་འགྲོས་ཇེ་མགྱོགས་སུ་གཏོང་བ་དང་། ཅི་ཞིག་བྱས་སོང་སྙམ་པའི་དོགས་པ་ཡང་ནས་ཡང་དུ་སྦྱིན་ཏེ། ལྟ་ཀློག་གི་འདུན་པ་ཆེ་ཆེར་བསྐྱེད་ཐུབ་པ་ཡིན། རྩོམ་རིག་གཞུང་ལུགས་སྨྲ་བ་ཏའ • ལོ་ཆི་ལགས་ཀྱིས་《སྒྲུང་གཏམ་གྱི་སྒྱུ་རྩལ་》ཞེས་པར་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ལུགས་གླེང་སྐབས།“སྒྲུང་གཏམ་གྱི་ཚིག་རྐང་ཐོག་མ་ ( ཡང་ན་ཚན་པ་དང་པོའམ་ཤོག་ངོས་དང་པོ་)ནི་ང་ཚོ་འཚོ་ཞིང་བཞེས་པའི་འཇིག་རྟེན་དང་སྒྲུང་གཏམ་པའི་སྒྲོ་བཏགས་སེམས་སུ་སྣང་བའི་འཇིག་རྟེན་བར་གྱི་སྒོ་མོ་ཡིན་པས། སྒྲུང་གཏམ་གྱི་རྩོམ་མགོ་འཛིན་སྐབས། ཡུལ་མི་ཚོའི་ངག་ལྟར་‘ང་ཚོ་ནང་ལ་ཁྲིད་དགོས་’འདུག” ⑥ ཅེས་བརྗོད་ཡོད་ལ། འོ་ན་ཀློག་པ་པོ་རྣམས་ནི་སྒྲུང་གཏམ་གྱི་སྒོ་མོ་དེ་ལ་གང་ལྟར་དྲངས་ན་ལེགས་སམ་ཞེ་ན། རྩོམ་པ་པོ་རེ་ལ་སྐབས་སུ་བབས་པའི་བརྗོད་བྱའི་ཁྱད་ཆོས་ལྟར་རྩོམ་མགོ་འཛིན་ལུགས་སྣ་ཚོགས་ཤིག་ཡོད་པ་ཡིན་མོད། ཆེ་ཕྱོགས་ནས་དབྱེ་ན་མི་སྣ་དྲངས་ནས་རྩོམ་མགོ་འཛིན་པ་དང་། རྒྱབ་ལྗོངས་དྲངས་ནས་རྩོམ་མགོ་འཛིན་པ།བྱུང་རིམ་དྲངས་ཏེ་རྩོམ་མགོ་འཛིན་པ། ཚོར་བ་བརྗོད་ནས་རྩོམ་མགོ་འཛིན་པ་བཅས་ལས་བརྒལ་མེད་པ་འདྲ།
            ཀ མི་སྣ་དྲངས་ནས་རྩོམ་མགོ་འཛིན་པ། མི་སྣ་དྲངས་ནས་རྩོམ་མགོ་འཛིན་ལུགས་ནི་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ཀྱི་རྩོམ་མགོ་འཛིན་ལུགས་གལ་ཆེན་ཞིག་ཡིན་པ་དང་། མི་སྣ་ནི་སྒྲུང་གཏམ་གྱི་སྲོག་ཤིང་དུ་གྱུར་ཡོད་སྟབས། རྩོམ་མགོ་ཐོག་མར་འཛིན་སྐབས་མི་སྣ་ཐད་ཀར་དུ་དྲངས་ན། གཏམ་ལྷག་མང་པོ་སྤངས་ནུས་པ་མ་ཟད། བྱུང་རིམ་ལ་བརྟེན་ནས་མི་སྣ་མྱུར་མོར་བྱུང་རིམ་གྱི་འགལ་བའི་ཁྲོད་ལ་དྲངས་ཏེ། སྒྲུང་གཏམ་གྱི་བརྗོད་དོན་ལེགས་པར་སྟོན་པ་ལ་ཕན་པ་ཆེན་པོ་ལྡན། མི་སྣ་དྲངས་ནས་རྩོམ་མགོ་འཛིན་ལུགས་དེ་ཅུང་རྒྱུགས་ཆེ་མོད། ཁོ་བོའི་སྒྲུང་གཏམ་གྲས་སུ་མི་སྣ་དྲངས་ཏེ་རྩོམ་མགོ་བཟུང་བ་ནི་《ར་བྷ་འདྲེ་མིག་དང་རིན་ཆེན་རྒྱལ་ཁ་》དང་《ཧ་ཅང་ཧ་ཅང་》གཉིས་ལས་མེད་ལ། སྒྲུང་གཏམ་དེ་གཉིས་ལས་《ར་བྷ་འདྲེ་མིག་དང་རིན་ཆེན་རྒྱལ་ཁ་》ཞེས་པར་ཆ་མཚོན་ན།རྩོམ་མགོ་འཛིན་སྐབས་ཐད་ཀར་མི་སྣ་དྲངས་ཏེ་“ད་སྐབས།སྟོང་དཔོན་ཁྲོ་རྒྱལ་བེར་དཀར་གྱི་མངའ་འབངས་ཁྲོད་དུ། མགོ་ན་སྡེ་ཁྲིམས་ཚོ་ཁྲིམས་མེད་པ་ནི་ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ་གཉིས་ཁོ་ན་རེད་” ⑦ ཅེས་བརྗོད་པ་ན།  ཀློག་མཁན་རྣམས་ཀྱི་སེམས་སུ་ར་བྷ་འདྲེ་མིག་རིན་ཆེན་རྐྱལ་ཁ་གཉིས་ཀའི་མགོ་ན་སྡེ་ཁྲིམས་ཚོ་ཁྲིམས་མེད་པའི་སྣང་ཚུལ་དངོས་ནི་ག་འདྲ་ཞིག་ཡིན་ནམ་སྙམ་པའི་དོགས་གཞི་ཆེན་པོ་ཞིག་འབྱུང་སྲིད་པ་དང་། དོགས་གཞི་དེ་འདྲ་བསླངས་པའི་རྗེས་སུ། རྩོམ་པོ་པོས་མི་སྣ་གཙོ་བོ་གཉིས་ཀས་སྡེ་ཁྲིམས་ཚོ་ཁྲིམས་དཀྲུག་ལུགས་དེ་བྱུང་རིམ་སྣ་ཚོགས་ཀྱི་གཞི་ལ་བཀོད་དེ་རིམ་པ་ལྟར་བརྗོད་པ་ན། རྩོམ་མགོ་འཛིན་ལུགས་ཀྱིས་སྒྲུང་གཏམ་ལས་ཅི་ཞིག་བརྗོད་པར་ཁ་ཕྱོགས་བསྟན་པ་མ་ཟད། ཀློག་མཁན་རྣམས་རྟོགས་བཏགས་ཀྱི་འཇིག་རྟེན་ལ་འབྱོན་པར་སྒོ་མོ་ཞིག་བྱུང་བས། སྒྲུང་གཏམ་ལ་འཇུག་སླ་བའི་སྒྲུང་སྒོ་འོས་ཤིང་འཚམ་པ་ཡོད་པར་གྱུར་པ་རེད།
            ལག་ལེན་དངོས་ལ་གཞིགས་ན་མི་སྣ་དྲངས་ཏེ་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ན་ཆ་རྐྱེན་ནི་འདི་འདྲ་ལྡན་དགོས་ཏེ། གཅིག མི་སྣ་མཚམས་བྱེད་པའི་ཐབས་ལམ་བརྒྱུད་ནས་རྩོམ་མགོ་འཛིན་ན། མི་སྣ་གང་ཞིག་རྩོམ་མགོར་མཚམས་སྦྱོར་བྱས་པ་ནང་བཞིན་ཡིན་པ་རྗེས་ཀྱི་བྱུང་རིམ་ཁྲོད་ནས་ར་སྤྲོད་བྱེད་ཐུབ་དགོས། གཉིས། མི་སྣ་དྲངས་ནས་རྩོམ་མགོ་འཛིན་ན། ཀློག་མཁན་གྱི་ཡིད་དབང་འཕྲོག་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ལྡན་དགོས། གསུམ། རྩོམ་མགོར་དྲངས་པའི་མི་སྣ་དེ་ནི་བརྩམས་ཆོས་ཀྱི་སྲོག་ཤིང་དུ་གྱུར་ཏེ་བརྗོད་དོན་རྫོགས་པར་སྟོན་ཐུབ་དགོས།
            ཁ། རྒྱབ་ལྗོངས་དྲངས་ནས་རྩོམ་མགོ་འཛིན་པ། སྒྲུང་གཏམ་རྩོམ་པའི་ལས་ལ་འཇུག་སྐབས། སྐབས་སུ་བབས་པའི་གཏམ་རྒྱུད་བྱུང་བའི་དུས་དང་། གཏམ་རྒྱུད་བྱུང་སའི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རྣམ་པ་དང་གནས་ཚུལ་སོགས་དྲངས་ཏེ་རྩོམ་མགོ་བཟུང་ན། གཏམ་རྒྱུད་ལ་བདེན་པའི་ཉམས་ཤིག་རང་ཤུགས་ཀྱིས་འཛོམས་པར་འགྱུར་བས། ལྟ་ཀློག་གི་སྐབས་སུ་ཀློག་པ་པོར་བདེན་སྣང་ཆེན་པོ་སྐྱེས་སྲིད་པ་མ་ཟད། རྩོམ་པ་པོས་རྒྱབ་ལྗོངས་དང་བསྟུན་ཏེ་གསར་རྩོམ་གྱི་ལས་ལ་ཞུགས་ན། སྒྲུང་གཏམ་གྱི་བྱུང་རིམ་མདུན་ལ་འདེད་པར་ཁ་ཕྱོགས་དང་ཚད་གཞི་ཡོད་པར་འགྱུར་ངེས་ཡིན། བོད་ནི་རྒྱབ་ལྗོངས་བརྗོད་ནས་རྩོམ་མགོ་འཛིན་པར་མོས་པ་དང་། རྩོམ་མགོ་འཛིན་སྟངས་དེ་ནི་བོད་པ་ཐུན་མོང་གི་རྩོམ་གཤིས་ཤིག་ཏུ་གྱུར་འདུག་པ་ན། དེ་ལྟར་རྩོམ་མགོ་བཟུང་ནས་སྒྲུང་གཏམ་ནི་མང་པོ་བརྩམས་འདུག ཁོ་བོའི་སྒྲུང་གཏམ་ཕལ་མོ་ཆེའང་རྒྱབ་ལྗོངས་དྲངས་ནས་རྩོམ་མགོ་བཟུང་བའི་བརྩམས་ཆོས་ཀྱི་གྲས་སུ་གཏོགས་ཏེ། དཔེར་ན་《ཤ་》ཞེས་པའི་སྒྲུང་གཏམ་ལ་ཆ་མཚོན་ན། བརྗོད་བྱ་ནི་སྟབས་མ་ལེགས་ཏེ་སྨད་འཚོང་མའི་ལས་ཀ་གཉེར་དགོས་བྱུང་བའི་མདོ་སྨད་ཀྱི་གཞོན་ནུ་མ་ཞིག་གི་འདུན་པ་དང་སྐྱོ་གདུང་ཡིན་ལ། ཁོར་ཡུག་གི་རྣམ་པ་དང་མི་སྣའི་སེམས་ཁམས་གཉིས་ཀ་ལྷན་དུ་བསྡེབས་ཏེ་བརྩམས་ཆོས་ཀྱི་བརྗོད་དོན་ལེགས་པར་སྟོན་ཆེད། སྒྲུང་གཏམ་གྱི་རང་བྱུང་ཚན་པ་དང་པོར་“དགུན་ཁ་སླེབས་བྱུང་”ཞེས་བརྗོད་པ་དང་།རང་བྱུང་ཚན་པ་གཉིས་པར་“དགུན་ཁ་དངོས་འབྲེལ་སླེབས་བྱུང་”ཞེས་བརྗོད་པ་དང་། རང་བྱུང་ཚན་པ་གསུམ་པར་“སུ་ཞིག་གིས་ཀྱང་གདན་མ་དྲངས་རུང་། ཉི་མ་ལྷ་སའི་དགུན་ཁ་དེ་གྲང་ངར་དང་འགྲོགས་ནས་སླེབས་བྱུང་། རླུང་འཚུབ་དང་འགྲོགས་ནས་སླེབས་བྱུང་། ཚུལ་དེ་སྒྲོལ་མ་ཉི་མ་ལྷ་སར་སླེབས་པ་དང་གཉིས་སུ་མེད་དེ། ཁོ་མོའང་འདི་ལྟར་སླེབས་པ་ཡིན་” ⑧  ཞེས་བརྗོད་དེ་རྒྱབ་ལྗོངས་ཁྲོད་ལ་མི་སྣ་དྲངས་ནས་རྩོམ་མགོ་བཟུང་བ་ན། རྒྱབ་ལྗོངས་དང་མི་སྣ་གཉིས་ཀ་སྐད་ཅིག་ཉིད་ལ་གཞི་གཅིག་ཏུ་འདྲེས་པ་དང་བསྟུན་ནས། སྒྲུང་གཏམ་ལ་བརྗོད་བྱ་ཤར་ཤར་བརྗོད་ཆོག་པའི་སྒྲུང་སྒོ་འོས་ཤིང་འཚམ་པ་ཞིག་ཡོད་པར་གྱུར་པས། སྒྲོལ་མའི་སྐྱོ་གར་གནད་དུ་བཟུང་སྟེ་སྒྲུང་གཏམ་གྱི་བྱུང་རིམ་བདེ་བླག་ངང་ནས་མདུན་ལ་འདེད་པར་དཀའ་ཁག་ཅི་ཡང་མེད་པར་གྱུར། 
            མི་སྣ་དྲངས་ནས་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ན་ཆ་རྐྱེན་འདི་འདྲ་ལྡན་དགོས་པ་འདྲ་སྟེ། གཅིག རྒྱབ་ལྗོངས་དང་མི་སྣའི་ལས་དབང་འགྲིག་ཅིང་མཐུན་པའི་ངང་ནས་ལྷན་དུ་སྡེབ་ནུས་དགོས། གཉིས། རྒྱབ་ལྗོངས་དང་མི་སྣའི་སྤྱོད་པ་གཉིས་ཀ་འགྲིག་ཅིང་མཐུན་པའི་ངང་ནས་ལྷན་དུ་སྡེབ་ནུས་དགོས། གསུམ། རྒྱབ་ལྗོངས་ཀྱིས་མི་སྣའི་སྣང་བརྙན་གསར་སློང་ལ་རམ་འདེགས་ཀྱི་ནུས་པ་འདོན་ཐུབ་དགོས། བཞི། སྐབས་རེར་རྒྱབ་ལྗོངས་ནི་མི་སྣའི་ལས་དབང་གི་མཚོན་བྱེད་དུ་འགྱུར་དགོས།
            ག བྱུང་རིམ་དྲངས་ནས་རྩོམ་མགོ་འཛིན་པ། དོན་དག་མཚམས་སྦྱོར་བྱས་ནས་རྩོམ་མགོ་འཛིན་པའི་སྲོལ་འདི་ནི་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ལ་ཆེས་རྒྱུགས་ཆེ་བ་ཞིག་ཡིན་ཏེ། འདི་ལྟར་རྩོམ་མགོ་བཟུང་ན། གཅིག་ན་རྩོམ་པ་པོས་སྐབས་སུ་བབ་པའི་དོན་དག་གང་དང་གང་ཡིན་པ་དེའི་གནད་གལ་ཆེ་བ་ཞིག་ནས་མགོ་འཛིན་པ་དང་། དེའི་རྗེས་སུ་བརྗོད་པར་འདོད་པའི་དོན་ཀུན་རིམ་བཞིན་བརྗོད་པ་ན་རྩོམ་པའི་ལས་ལ་ཁ་ཕྱོགས་ངེས་གཏན་ཅན་ཞིག་བྱུང་བ་དང༌། ཀློག་པ་པོའི་ཡིད་སེམས་ཀྱང་རྩོམ་མགོ་འཛིན་པའི་དུས་ཀྱི་དོན་དག་གིས་འཕྲོགས་ཏེ་བརྩམས་ཆོས་ཡོངས་ལ་ཞིབ་ཏུ་ལྟ་བའི་འདུན་པ་འབྱུང་ངེས་ཡིན། 《གལ་ཏེ་》དང་། 《འཕྲིན་ལས་རྒྱ་མཚོ》 《ཤ་ཡུ་མོ་ཤེའུ་》སོགས་ནི་བྱུང་རིམ་དྲངས་ནས་རྩོམ་མགོ་བཟུང་སྟེ་བརྩམས་པ་ཡིན་ལ། དེ་དག་ལས་《གལ་ཏེ་》ལ་ཆ་མཚོན་ན།རྩོམ་མགོ་འཛིན་སྐབས་“ཕྱི་དྲོའི་ལས་མཚམས་བཞག་རྗེས། ཁྱོད་རང་འཐད་ལ་མི་འཐད་པའི་ངང་ནས་མལ་ཁང་དུ་ལོག ཁྱིམ་ཧྲིལ་བོར་ཆང་དྲི་དང་དུད་དྲི་འདྲེས་པའི་དྲི་མ་སྐྱུག་བྲོ་བ་ཞིག་འཐིབས་འདུག་” ⑨ ཅེས་བརྗོད་དེ། མི་སྣ་གཙོ་བོ་སྟེ་“ཁྱོད་”ནི་ཐད་ཀར་རང་གི་མལ་ཁང་ལ་དྲངས་པ་མ་ཟད།“ཁྱོད་”མལ་ཁང་དུ་ལོག་ལུགས་དང་མལ་ཁང་གི་སྐྱུག་བྲོ་བའི་རྣམ་པ་གཉིས་ཀ་ལྷན་དུ་བསྡེབས་ཏེ་བྲིས་པ་ན། བྱུང་རིམ་མདུན་ལ་དེད་དེ་ཕུགས་ཀྱི་འདུན་མ་འགྲུབ་ནས་འུ་ཐུག་པའི་གཞོན་ནུ་ཞིག་གི་སྣང་བརྙན་གསར་སློང་བྱེད་པ་ལ་རྨང་གཞི་བརྟན་པོ་བཏིང་སོང་བ་དང་། སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ལུགས་ལ་ཚིག་ལྷག་དང་དོན་ལྷག་གི་བརྗོད་ཉེས་ཅི་ཡང་མེད་པར་གྱུར། 
            བྱུང་རིམ་དྲངས་ནས་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ན་ཆ་རྐྱེན་འདི་འདྲ་ལྡན་དགོས་ཏེ། གཅིག ཀློག་པ་པོར་ཅི་ཞིག་བྱུང་སོང་ངམ་སྙམ་པའི་དོགས་པ་སྦྱིན་ཏེ། རྗེས་ཀྱི་བྱུང་རིམ་ཁྲོད་ནས་སེལ་བར་འདོད་པའི་འདུན་པ་བསྐྱེད་ཐུབ་དགོས། གཉིས། བྱུང་རིམ་གང་ཞིག་རྩོམ་མགོར་བཀོད་པ་ན། བྱུང་རིམ་དེ་མདུན་ལ་དེད་ནས་སྐབས་སུ་བབས་བརྗོད་དོན་རྫོགས་པར་སྟོན་ཐུབ་དགོས། གསུམ། རྩོམ་མགོར་དྲངས་པའི་བྱུང་རིམ་ལ་བརྟེན་ནས་མི་སྣ་དང་ཀློག་པ་པོ་གཏམ་རྒྱུད་ཀྱི་འགལ་བའི་ཁྲོད་ལ་འདྲེན་ཐུབ་དགོས།
            ང་། ཚོར་བ་དྲངས་ནས་རྩོམ་མགོ་འཛིན་པ། སྒྲུང་གཏམ་རྩོམ་པའི་ལས་ལ་འཇུག་སྐབས། གཏམ་རྒྱུད་བྱུང་སའི་དུས་སམ། ཡུལ་ལམ། ཡང་ན་མི་སྣས་བསྐྱེད་པའི་ཚོར་བ་དེ་མདུན་ལ་བཀོད་དེ་རྩོམ་མགོ་བཟུང་ན། རྗེས་ཀྱི་བྱུང་རིམ་བརྒྱུད་ནས་ཀློག་པ་པོ་ལའང་ཚོར་བ་དེ་དང་མཐུན་པ་ཞིག་འབྱུང་སྲིད་པ་དང་། ཚོར་བ་དེ་འདྲ་བྱུང་ན་ཁོ་ཚོར་ལྟ་ཀློག་གི་འདུན་པ་ཆེན་པོ་འབྱུང་བ་མ་ཟད། སྒྲུང་གཏམ་གསར་རྩོམ་བྱེད་སྐབས། རྩོམ་པ་པོ་ནི་ཐད་ཀར་བརྩམས་ཆོས་ཁྲོད་ལ་ཞུགས་མི་ཆོག་པས། ཚོར་བ་བརྗོད་ནས་རྩོམ་མགོ་བཟུང་བའི་བརྩམས་ཆོས་ནི་ཅུང་ཟད་མཐོང་དཀའ་བ་དང་། ཁོ་བོའི་སྒྲུང་གཏམ་ཁྲོད་ནའང་《ནས་》དང་《དགེ་འདུན། དགེ་བཅུའི་ཁྲིམས། ད་དུང་གཡག་རོག་པོ་བཅས་ཀྱི་གཏམ་རྒྱུད་》གཉིས་ཀ་ལས་མི་འདུགསྒྲུང་གཏམ་དེ་གཉིས་ལས་《ནས་》ལ་ཆ་མཚོན་ན། རང་བྱུང་ཚན་པ་དང་པོར་“ཨ་ཨ། ཆར་བའི་རྗེས་ཀྱི་རྐྱང་རྒོད་གཤོང་ཆེན་འཁྱག་པ་ལ་ཨང་”ཞེས་པའི་ཚོར་བ་མཚོན་པའི་ཚིག་རྐང་ཐུང་ཐུང་དེ་བཀོད་དེ་ཀློག་པ་པོར་གསལ་འདེབས་འོས་ཤིང་འཚམ་པ་ཞིག་བྱས་རྗེས། རང་བྱུང་ཚན་པ་གཉིས་པར་ཆར་བའི་རྗེས་ཀྱི་རྐྱང་རྒོད་གཤོང་ཆེན་གྱི་རྣམ་པ་ཞིབ་འབྲི་བྱེད་པའི་ཞོར་དུ། ཁྲོ་ཐུང་དང་ཇོ་རུ། སྔགས་འཆང་པད་མ་ཁྲོ་རྒྱལ་དང་ཇོ་སྐྱབས་རྣམས་ཁོར་ཡུག་དེ་ལ་དྲངས་པ་ན། ཀློག་པ་པོ་རྣམས་བསམ་དབང་གཟུར་དབང་མེད་པར་གཏམ་རྒྱུད་ཀྱི་གཞི་ལ་འདྲེན་ཐུབ་པར་གྱུར་པ་ལྟ་བུ་རེད། 
            ཚོར་བ་དྲངས་ནས་རྩོམ་མགོ་འཛིན་ན་ཆ་རྐྱེན་འདི་འདྲ་ལྡན་དགོས་ཏེ། གཅིག ཚོར་བ་བརྗོད་པའི་ཚིག་གིས་གསལ་འདེབས་ཀྱི་ནུས་པ་འདོན་ཐུབ་དགོས། གཉིས།ཚོར་བ་བརྗོད་པའི་ཚིག་གིས་གཏམ་རྒྱུད་ལ་ཟིལ་ཤུགས་སྩོལ་པའམ་མི་སྣའི་སེམས་ཁམས་མཚོན་ནུས་དགོས།
            མདོར་ན། སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ལུགས་ལ་བསམ་བློ་གཏོང་བ་ནི་གསར་རྩོམ་གོ་རིམ་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་ལ། སྒྲུང་གཏམ་གྱི་རྩོམ་མགོ་མ་བཟུང་བའི་སྔ་རོལ་དུ། ཁུངས་སྣེ་གཏན་ལ་ཕབ་པ་ན་སྒྲུང་གཏམ་ལ་གཏམ་རྒྱུད་མགོ་མཇུག་བར་གསུམ་ཚང་བ་ཞིག་འབྱུང་མོད། སྐབས་འདིར་ད་དུང་རྩོམ་མགོ་གང་ནས་འཛིན་པ་དང་ཇི་ལྟར་འཛིན་པ་གཏན་ལ་འབེབས་མི་ནུས། དེའི་རྗེས་སུ་སྤྲོས་བརྗོད་བྱེད་ལུགས་གཏན་ལ་ཕབ་པ་ན། ད་གཟོད་རྩོམ་མགོ་དེ་གང་ལ་བབས་འདུག་པ་མངོན་ཡོང་བས། རྩོམ་པ་པོས་མི་སྣ་དང་དོན་དག་སོགས་ལས་གང་ཞིག་ལ་བརྟེན་ནས་སྒྲུང་གཏམ་གྱི་སྒྲུང་སྒོར་འཇུག་ལུགས་ལ་བསམ་བློ་བཏང་ཆོག
            མཆན་འགྲེལ།
            ①本文获“中央高校建设一流大学(学科)和特色发展引导资金”资助。
            ②བཀྲ་བྷ། 《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་205ན་གསལ།
            ③ བཀྲ་བྷ། 《མེ་ལོང་ནང་གི་ཕྱེ་མ་ལེབ》 2016ལོའི་《སྦྲང་ཆར》དེབ་གསུམ་པ། ཤོག་ངོས་94ན་གསལ།
            ④དོན་གྲུབ་རྒྱལ། 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》(པོད་གཉིས་པ) མི་རིགས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་156ན་གསལ།
            ⑤བཀྲ་བྷ། 《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་91ན་གསལ།
            ⑥ 乔•艾略特,张玲等译:《小说的艺术》,社会科学文献出版社,1999年版,第126页。
            ⑦བཀྲ་བྷ། 《འཚུབ་མ་ཁེར་རྐྱང》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་88ན་གསལ།
            ⑧⑨བཀྲ་བྷ། 《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་186ན་གསལ། ཤོག་ངོས་1ན་གསལ།