ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

གསར་རྙེད་བྱུང་བའི་སྨན་བླ་དོན་གྲུབ་ཀྱི་ཕྱག་བྲིས་བསྟར་མའི་ཞལ་ཐང་ལ་དཔྱད་པ།

སྤེལ་དུས 2019-11-20 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། དགེ་རུ་པ་སངས་ནོར་བུ། མཁར་བསྐལ་དབང་།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་རྒྱལ་ཡོངས་ཀྱི་སྐབས་དང་པོའི་གནས་སྤོ་རུང་བའི་རིག་དངོས་ཡོངས་བཤེར་བྱེད་པའི་བརྒྱུད་རིམ་ནང་། གདན་ས་ཆེན་པོ་དཔལ་ས་སྐྱ་དགོན་ནས་གསར་དུ་འཚོལ་རྙེད་བྱུང་བའི་སྟོན་པ་གཙོ་འཁོར་གསུམ་གྱི་ཞལ་ཐང་གེ་རི་མོའི་ནང་དོན་དང་། སྒྱུ་རྩལ། རྒྱུ་ཆ།  བཟོ་བཀོད། རྒྱབ་བྱང་སོགས་ལ་བརྟག་དཔྱད་གང་ནུས་ཀྱིས། དེ་ནི་བོད་ཀྱི་སྨན་ལུགས་རི་མོའི་སྲོལ་འབྱེད་མཁན་སྨན་བླ་དོན་གྲུབ་ཀྱི་ཕྱག་བྲིས་བསྟར་མ་ཡིན་ཚུལ་རང་གི་འདོད་ཚུལ་ལྷུག་གླེང་བྱས་ཡོད།
[བརྡ་ཆད་གཙོ་བོ།]ཐང་ག སྟོན་པ་གཙོ་འཁོར། སྨན་བླ་དོན་གྲུབ། སྨན་ལུགས། ཁ་རག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]J05[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)01 -089-13             
གླེང་གཞི།   
        དེ་ཡང་སྨན་བླ་དོན་གྲུབ་ནི་བོད་རབ་བྱུང་བརྒྱད་པ་སྟེ།  དུས་རབས་བཅོ་ལྔ་པའི་ནང་དུ་བྱོན་པའི་ཤེས་བྱའི་ཁོ་ལག་ཡོངས་སུ་རྒྱས་པའི་བོད་ཀྱི་གྲགས་ཅན་རི་མོ་མཁས་པའི་གཙུག་རྒྱན་ཞིག་ཡིན་མོད། བློ་ཕམ་དགོས་པ་ཞིག་ལ་སྐབས་དེའི་ལོ་རྒྱུས་དང་རྣམ་ཐར་སོགས་གང་དུའང་ཁོང་གི་ལོ་རྒྱུས་ཆ་ཚང་བ་ཞིག་འཁོད་ཐུབ་མེད་ལ། ཐ་ན་འཁྲུངས་འདས་ཀྱི་ལོ་ཚིགས་ཙམ་ཡང་མི་གསལ། ད་ཆ་ཞིབ་འཇུག་པ་ཚོས་སྐབས་དེར་བརྩམས་པའི་《ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་རྣམ་ཐར་ངོ་མཚར་ཕྲེང་བ་》སོགས་སུ་ཁ་ཐོར་དུ་འཁོད་པའི་ལོ་རྒྱུས་ལ་དབྱེ་ཞིབ་དང་དཔྱད་བསྡུར་གྱིས། སྨན་བླ་དོན་གྲུབ་ནི་དུས་རབས་བཅོ་ལྔ་པའི་ལོ་རབས་ཉི་ཤུའམ་ཡང་ན་སུམ་ཅུའི་ཡས་མས་སུ་འཁྲུངས་པར་འདོད་མཁན་མང་ཞིང་།  འདི་ཡང་ལོ་རྒྱུས་ཀྱི་དོན་དངོས་དང་མཚུངས་ཆ་ཆེ་བར་སྙམ། དེ་མིན་ཁོང་ནི་ད་ལྟའི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྨན་ཐང་ཤང་དུ་སྐུ་འཁྲུངས་པ་དང་།  ལོ་ན་ཆེར་སོན་སྐབས་རང་གི་བཟའ་ཟླ་དང་ལོགས་སུ་གྱེས་ཏེ། གཙང་ཁུལ་དུ་ཕེབས་པ་དང་གཙང་སྟོད་རྡོ་པ་བཀྲ་ཤིས་རྒྱལ་པོ་ཟེར་བའི་རི་མོ་མཁས་པ་ཞིག་སློབ་དཔོན་དུ་བསྟེན་ནས་རི་མོའི་སློབ་སྦྱོང་གནང་བས། ཕྱིས་སུ་རི་མོའི་འདུ་བྱེད་ལ་ཡོངས་སུ་མངའ་བརྙེས་ནས་བོད་ཀྱི་སྲོལ་རྒྱུན་རི་མོའི་གྲུབ་མཐའ་སྨན་ཐང་ཟེར་བ་འདི་གསར་གཏོད་མཛད་པ་སོགས་ཀྱི་ལོ་རྒྱུས་ནི་ཅུང་མཐུན་པ་དང་ཁ་གསལ་ཙམ་ཡོད།  གཞན་ཡང་ཁོང་གི་བརྩམས་གནང་བའི་《ཆ་ཚད་ཡིད་བཞིན་ནོར་བུ་》ཞེས་པ་འདི་ཡང་ད་ལྟའི་བར་དུ་བོད་ཀྱི་རི་མོ་སློབ་པའི་རྩ་བའི་གཞུང་ལུགས་སུ་འཛིན་བཞིན་ཡོད།   
        བོད་རབ་བྱུང་བརྒྱད་པའི་མེ་ཡོས་ལོ་སྟེ།  སྤྱི་ལོ་༡༤༤༧ལོ་ནས་འགོ་ཚུགས་ཏེ། རྒྱལ་བ་དགེ་འདུན་གྲུབ་པས་གཙང་གི་གདན་ས་བཀྲ་ཤིས་ལྷུན་པོ་ཕྱག་འདེབས་པའི་ལས་གྲྭ་རིམ་བཞིན་བཙུགས་པའི་དུས་སུ་སྨན་བླ་དོན་གྲུབ་ཁོང་ཉིད་གནས་དེར་གདན་དྲངས་ཤིང་།  བཀྲ་ཤིས་ལྷུན་པོ་ནི་སྨན་བླ་དོན་གྲུབ་བཞུགས་ཡུན་རིང་ཤོས་དང་ཁོང་གི་རི་མོའི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་འཁྲུངས་སའི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་ཡང་ས་ཕོ་སྟག་གི་ལོ་སྟེ་སྤྱི་ལོ་༡༤༥༨ལོར།  པིར་ཐོགས་རྒྱལ་པོ་དཔོན་མོ་ཆེ་སྨན་ཐང་པ་དཔོན་སློབ་ཀྱིས་གཙུག་ལག་ཁང་གི་ལྡེབས་ཆེན་གཉིས་སུ་རྒྱལ་བ་རྡོ་རྗེ་འཆང་①ལ་གྲུབ་ཆེན་བརྒྱད་བཅུས་བསྐོར་བ་དང་ཐུབ་པ་ཆེན་པོ་ལ་འཕགས་པའི་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ཞིང་ཁམས་གཉིས་ཀྱི་རི་མོ་རྫོགས་པ་དང་།  མཛད་བཅུའི་ཞིང་བཀོད་ཆེན་མོའི་སྐྱ་རིས་རྣམས་མཛད་ལ།② ཤིང་སྤྲེལ་ལོ་སྟེ་སྤྱི་ལོ་༡༤༦༤ལོར། གཙུག་ལག་ཁང་གི་རྒྱ་མཛད་ཆེན་མོའི་རི་མོ་མཛད་དགོས་རྣམས་ཀྱང་དཔོན་མོ་ཆེ་སྨན་ཐང་པས་ལེགས་པར་མཛད་པ་ཡིན་ནོ།③  ས་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ་༡༤༦༨ལོར།  རྒྱལ་བ་ཙོང་ཁ་པ་ཆེན་པོའི་གོས་སྐུ་ཆེན་མོ་དཀྱུས་སུ་འདོམ་བཅོ་བརྒྱད་དང་ཞེང་དུ་འདོམ་བཅུ་གཉིས་བྱས་པ་ཞིག་ཟླ་བ་གསུམ་གྱི་རིང་ལ་བཞེངས་ཤིང་།  དེའི་གོས་ཀྱི་འཕྲོ་ཡུག་བཅུ་ཙམ་ལ་རྗེ་བཙུན་མའི་སྐུ་ཞིག་ཀྱང་བཞེངས།④ ད་ཆ་དགོན་དེའི་འདུ་ཁང་གི་དུ་དྲེག་ཀྱི་འོག་ཏུ་ཚུད་ནས་རབ་རིབ་ཙམ་མཇལ་དུ་ཡོད་པའི་ལྡེབས་བྲིས་དེ་དག་ནི། དེང་གི་བར་དུ་སྨན་བླ་དོན་གྲུབ་ཀྱི་རི་མོའི་ནང་ནས་ལོ་རྒྱུས་ཡིག་ཚགས་དང་མཐུན་པ་དང་ཞིབ་འཇུག་པ་ཚོས་གཅིག་མཐུན་དུ་ཁས་ལེན་བྱེད་པའི་གནའ་ཤུལ་ཉག་གཅིག་ཡིན། གཞན་ཡང་། ཐང་ག་ནི་བོད་ཀྱི་སྲོལ་རྒྱུན་རི་མོའི་རྣམ་པ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བཤད་ན། ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་པིར་ཐོགས་རྒྱལ་པོ་དཔོན་མོ་ཆེ་སྨན་ཐང་པས་⑤རང་ཉིད་ཀྱི་མི་ཚེའི་བགྲོད་ལམ་ནང་དུ་ལྡེབས་རིས་ཕུད་པའི་རྩ་ཆེའི་ཐང་ག་མང་དག་ཅིག་བཞེངས་ཡོད་ཀྱང་།  དུས་ཡུན་རིང་བ་དང་ཡིག་ཐོག་གི་གསལ་བཤད་མེད་པ་སོགས་ཀྱིས་ད་བར་ར་འཕྲོད་པ་ཞིག་གཏན་ནས་མ་མཆིས།   
        སྤྱི་ལོ་༢༠༡༥ལོར་རྒྱལ་ཡོངས་ཀྱི་སྐབས་དང་པོའི་གནས་སྤོ་རུང་བའི་རིག་དངོས་ཡོངས་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད། དཔལ་ལྡན་ས་སྐྱ་དགོན་ནས་རྒྱབ་བྱང་དུ་སྨན་བླ་དོན་གྲུབ་ཀྱི་ཕྱག་བྲིས་ཡིན་པར་གསལ་བའི་ཐུབ་པ་གཙོ་འཁོར་གསུམ་གྱི་ཞལ་ཐང་ཞིག་རྙེད་སོན་བྱུང་བའི་གཏམ་བཟང་དེ་ནི། དབར་སྐྱེས་རྔ་བོའི་སྒྲ་བཞིན་ས་ཕྱོགས་ཀུན་ལ་གྲགས་པ་ན། བོད་ཀྱི་རི་མོ་དང་ལོ་རྒྱུས་ཀྱི་གནས་ལ་འབད་པས་འཇུག་པར་བྱེད་པའི་སྐྱེ་བོ་དག་གི་སྙན་དབང་ཡོངས་སུ་འཕྲོག་ཅིང་བློ་ཡིད་རབ་ཏུ་ཆི།མས་པར་གྱུར།  རིན་ཐང་དཔག་ཏུ་མེད་པའི་ཞལ་ཐང་དེ་འདྲ་ཞིག་འཚོལ་རྙེད་བྱུང་བ་ཡང་རྒྱལ་ཡོངས་ཀྱི་སྐབས་དང་པོའི་གནས་སྤོ་རུང་བའི་རིག་དངོས་ཡོངས་བཤེར་གྱི་བྱ་གཞག་སྤེལ་བ་དང་གཅིག བོད་རང་སྐྱོང་ལྗོངས་རིག་དངོས་ཡོངས་བཤེར་གཞུང་ལས་ཁང་གི་ཚགས་སུ་ཚུད་པའི་འཆར་འགོད་དང་གཉིས། ས་སྐྱ་དགོན་པའི་དམངས་བདག་དབུ་ཁྲིད་ཀྱི་ཡང་དག་པའི་ཐབས་ཇུས་དང་ཧུར་བརྩོན་གྱི་རོགས་འདེགས་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། ལྷག་དོན་དུ་རིམ་ཁག་རིག་དངོས་ལས་དོན་པའི་བླ་ན་མེད་པའི་འགན་འཁྲིའི་འདུ་ཤེས་དང་།  ཕུལ་དུ་བྱུང་བའི་ཆེད་ལས་ཀྱི་བྱང་ཚད། དེ་བཞིན་ཏན་ཏིག་ངང་ལས་དོན་སྒྲུབ་པའི་ལྷག་བསམ་ཟོལ་མེད་ཀྱི་བསམ་པ་བཅས་ཀྱི་རྒྱུན་ལས་མཆེད་པའི་འབྲས་བུ་ཞིག་ཡིན་ངེས། རྩ་ཆེན་གྱི་ཐང་ག་དེ་འདྲ་འཚོལ་རྙེད་བྱུང་བ་དེས། སྨན་བླ་དོན་གྲུབ་ཀྱིས་གཙང་ཁུལ་དུ་ཕེབས་ཏེ་རྡོ་པ་བཀྲས་རྒྱལ་སློབ་དཔོན་དུ་བསྟེན་ནས་རི་མོའི་གཞུང་ལ་སློབ་སྦྱོང་གནང་བ་དང་།  དུས་ཡུན་རིང་པོར་གཙང་ཁུལ་དུ་བཞུགས་པའི་ལོ་རྒྱུས་ལ་དཔང་རྟགས་གང་ལེགས་བྱུང་ཡོད་པ་མ་ཟད། རང་ཅག་གིས་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་ལ་དེ་བས་ཀྱང་གནད་ལ་འཕིགས་པའི་ཞིབ་འཇུག་བྱ་རྒྱུ་དང་། སྨན་བླ་དོན་གྲུབ་ཀྱི་རི་མོའི་སྒྱུ་རྩལ་གྱི་རྣམ་པར་དེ་བས་ཀྱང་ཁ་གསལ་གྱི་ངོས་འཛིན་བྱ་རྒྱུ། དེ་བཞིན་དུས་རབས་བཅོ་ལྔ་པའི་སྐབས་ཀྱི་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་འཕེལ་རྒྱས་དང་འཕོ་འགྱུར་བཅས་ཀྱི་ཐད་སྔར་བས་ཀྱང་གཏིང་ཟབ་པའི་ཞིབ་འཇུག་བྱ་རྒྱུ་བཅས་ལ་རིན་ཐང་དཔག་ཏུ་མེད་པའི་དཔྱད་གཞིའི་རྒྱུ་ཆ་གསར་པ་ཞིག་མཁོ་འདོན་བྱས་ཡོད།   
        སྲོང་པོར་སྨྲས་ཚེ། དེང་གི་བར་དུ་ང་ཚོས་སྨན་བླ་དོན་གྲུབ་ཀྱིས་གསར་གཏོད་གནང་བའི་སྨན་ལུགས་རྙིང་པའི་རི་མོའི་སྒྱུ་རྩལ་གྱི་སྐོར་ལ་ངོས་འཛིན་བྱས་པ་དེ་ཡང་དོན་གྱིས་སྟོང་ཞིང་ཡང་ནས་ཡང་དུ་བཟློས་པའི་ཡིག་རྫོབ་ཀྱི་ཕུང་པོ་ཙམ་དུ་ཟད་ཅིང་། དེ་དག་ཀྱང་ངོས་བཟུང་དུ་རུང་བའི་སྨན་བླ་དོན་གྲུབ་ཀྱི་ཕྱག་བྲིས་བསྟར་མ་སྣེ་གཅིག་ཙམ་ཡང་དཔྱད་བར་མེད་པའི་ཞིབ་འཇུག་གི་འགོག་རྐྱེན་འོག སྔོན་གྱི་མཁས་པའི་རྗེས་ཟློས་ལད་མོ་དང་དུས་ཕྱིས་ཀྱི་སྨན་ལུགས་རི་མོའི་སྒྱུ་རྩལ་ཁྱད་ཆོས་ལ་གཞིགས་ཏེ། རིག་པས་ཡར་འདེད་ཡར་འགེབས་བྱས་པ་ཙམ་ཞིག་ཡིན་པའི་རྐྱེན་གྱིས། ཚིག་དོན་གནད་ལ་འཁེལ་བ་དང་ཡང་དག་ཚད་མཐུན་ཞིག་བྱུང་མེད། དེར་བརྟེན། ཁོ་བོའི་བསམ་པར་དེང་གི་དུས་འདིར་བོད་ཀྱི་ཐང་གའི་རི་མོར་ནང་བྱན་ཆུད་པའི་ལྷ་བྲིས་མཁས་པ་དང་།  སྒྱུ་རྩལ་ཞིབ་འཇུག་པ། ལོ་རྒྱུས་ཞིབ་འཇུག་པ་བཅས་སུ་འདྲ་ཞིག་ཡིན་རུང་། ཐང་ག་དང་ཡང་ན་ལྡེབས་བྲིས་ཀྱི་བརྩམས་ཆོས་གང་འདྲ་ཞིག་ལའང་རི་མོའི་འབྲི་རྒྱུན་ཁོ་ན་མཇལ་བ་ཙམ་གྱིས་དེ་མ་ཉིད་དུ་དེ་ནི་སྨན་བླ་དོན་གྲུབ་ཀྱི་ཕྱག་བསྟར་མ་རེད་ཅེས་ཁ་ཚོན་གཅོད་པའི་སྤོབས་པ་བྲལ་བར་སྙམ་ལ། ད་ཆ་ཞིབ་འཇུག་པ་མང་ཆེ་བས་ཐུབ་པ་གཙོ་འཁོར་གསུམ་གྱི་ཐང་ག་དེ་བཞིན་དཔོན་མོ་ཆེ་སྨན་ཐང་པའི་ཕྱག་བྲིས་བསྟར་མ་ཡིན་པར་ཁས་ལེན་པའི་རྩ་བའི་སྒྲུབ་བྱེད་ནི། ཐང་ག་དེའི་མེ་ལོང་ངོས་ཀྱི་རི་མོའི་འབྲི་ལུགས་དེ་མ་ཡིན་པར་རྒྱབ་ངོས་སུ་ཁྲ་ལམ་མེར་བཀོད་པའི་རྒྱབ་བྱང་དེ་ཡིན། འོན་ཏེ། གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར་ཞལ་ཐང་དེ་ཉིད་སྨན་བླ་དོན་གྲུབ་ཀྱི་ཕྱག་བསྟར་མ་གཏན་འཁེལ་ཡིན་མིན་ཡང་རྒྱབ་བྱང་ཁོ་ནར་ཆ་འཇོག་བྱ་མི་རུང་བར། ད་དུང་དེ་ལས་ཀྱང་གཏིང་ཟབ་པ་དང་རྒྱ་ཆེ་བའི་ཞིབ་འཇུག་བྱ་རྒྱུ་ནི་གལ་ཆེ་བར་སྙམ། དེས་ན་གཤམ་དུ་གུས་པས་ཞལ་ཐང་དེའི་འབྲི་བའི་ནང་དོན་དང་།  རི་མོའི་འབྲི་རྩལ། གོས་ཤམ་གྱི་བཟོ་དབྱིབས་དང་དེའི་རྒྱུ་ཆ།  དེ་བཞིན་རྒྱབ་བྱང་གི་ནང་དོན། ཡིག་གཟུགས། རྩོམ་ཚུལ་སོགས་དཔྱད་བར་འོས་པའི་ཕྱོགས་གང་སྤྱིའི་ཐད་ཀྱི་དཔྱད་གཞིའི་རྒྱུ་ཆ་རྣམས་ལེགས་པར་བཀོལ་ཏེ་རང་བློས་གང་ནུས་ཀྱིས་ཞལ་ཐང་དེར་དཔྱད་ཞིབ་ཅིག་བྱ་འདོད་དེ།   
        དང་པོ། མེ་ལོང་གི་ནང་དོན།

       མེ་ལོང་གི་ནང་དོན་དུ་བཀོད་པ་ནི་སྟོན་པ་གཙོ་འཁོར་གསུམ་དང་།  སྦྱིན་བདག་ཕོ་མོ་གཉིས། མཆོད་པའི་ཡོ་བྱད་འདོད་ཡོན་སྣ་ལྔ། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་བཅས་ཁག་བཞི་ཡིན།   
       གཅིག སྟོན་པ་གཙོ་འཁོར་གསུམ་གྱི་རྣམ་པ།

        སྟོན་པ་ནི་ཞལ་ཐང་དེ་ཡི་གཙོ་སྐུ་ཡིན་པ་དང་།  ཞལ་ཐང་དེའི་མེ་ལོང་གི་དབུས་སུ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་ཡིན་པ་ལ་དབུ་སྐྲ་མཐིང་ནག་⑥གི་ཐོག་གཙུག་ཏོར་ནོར་བུས་བརྒྱན་པ། ས་གནོན་མཉམ་བཞག་བདུད་འདུལ་གྱི་ཕྱག་རྒྱ་ཅན། སྐུ་སྟོད་སེང་གེ་ལྟར་རྒྱས་པ། ཞལ་རས་ཅུང་ཟད་ཟླུམ་ཞིང་ཤ་ཉམས་འབོལ་བ། སྨིན་མཚམས་སུ་མཛོད་སྤུ་སྒོར་མོ་དང་།  སྤྱན་ཟུང་སྣ་རྩེར་ཕབ་པ། མཆུ་སྒྲོས་དཀྱུས་ཐུང་ལ་རང་བཞིན་གྱིས་ཅུང་ཟད་ཟུམ་པ་དང་གཡས་གཡོན་གྱི་ཟུར་གཉིས་གྱེན་དུ་ཕྲན་ཙམ་གུག་པ་བཅས་ལས་བབ་ཆགས་བཅོས་མིན་གྱི་མཛུམ་མདངས་ཤིག་ངང་གིས་མངོན་བཞིན་སེང་ཁྲིའི་⑦པད་གདན་གྱི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། སྐུ་ལུས་སུ་ངུར་སྨྲིག་གི་ཆོས་གོས་གསེར་རིས་ཀྱིས་མེ་ཏོག་ཞིབ་ཚགས་སུ་བརྒྱན་པ་བཞེས་པ་ལས་ཕྱག་གཡས་པ་དང་བྲང་ངོས་རིན་ཆེན་གསེར་གྱི་སྐུ་མདོག་གོས་ཀྱིས་མ་སྒྲིབ་པར་རང་བཞིན་དུ་ཕྱིར་མངོན་པ། རྒྱབ་ངོས་སུ་པ་ཏྲའི་རིས་ཀྱིས་བརྒྱན་པའི་འོད་སྐོར་དང་རྒྱབ་ཡོལ་འབུར་ཚུགས་གནའ་ཉམས་དོད་པ།  སྐུའི་གཡས་གཡོན་དུ་ཤ་རིའི་བུ་དང་མུ་གལ་གྱི་བུ་གཉིས་སྐུ་ཚད་ཆེ་ལ། འཁར་གསིལ་དང་ལྷུང་གཟེད་བསྣམས་ཏེ་པད་མའི་གདན་གྱི་སྟེང་དུ་བཞེངས་སྟབས་སུ་ཞལ་ངོ་མཉམ་མེད་ཐུབ་པའི་དབང་པོར་མོས་གུས་ཀྱིས་ཕྱོགས་པའི་རྣམ་པ་གསོན་ཉམས་དོད་པ་ཞིག་ཡིན།   
        གཉིས། སྦྱིན་བདག་ཕོ་མོ་གཉིས་ཀྱི་རྣམ་པ།

        མེ་ལོང་གི་གཤམ་ངོས་ལས་སྟོན་པ་གཙོ་འཁོར་གསུམ་གྱི་སྣང་བརྙན་གྱི་གཤམ་འོག་གཡས་ཟུར་ལ་སྦྱིན་བདག་མི་སྐྱ་ཕོ་མོ་གཉིས་⑧དད་གུས་ཀྱི་ཚུལ་དུ་བཞུགས་འདུག་པའི་རྣམ་པ་དེ་ནི་རྒྱབ་བྱང་གི་ནང་དོན་ལྟར། སྔོན་ལ་སྦྱིན་བདག་བུད་མེད་དཔལ་ལ་ཞལ་རས་དཀར་ལ་འཛུམ་པ་བརྩེ་བའི་མིག་གཉིས་ཀྱིས་རང་གི་འགྲམ་དུ་བཞུགས་པའི་ཁྱོ་བོར་བལྟ་བ་དང་། ནག་སྣུམ་གྱི་དབུ་སྐྲའི་ལན་བུ་དེ་ཙམ་མི་གསལ་ཡང་ཟང་ཟིང་གི་རྣམ་པ་མ་ཡིན་པར། ལྟག་རྒྱབ་ནས་གྲལ་གྱིས་ཐུར་དུ་དཔྱངས་པའི་སྣེ་མོ་གྱེན་དུ་ཅུང་ཙམ་མཛེས་པར་གཡོ་བ་དང་།  དབུ་སྐྲའི་ཐོག་ཏུ་མུ་ཏིག་གི་སྤ་ཕྲུག དེའི་འོག་གི་དཔྲལ་བ་དང་།  ཡ་མའི་སྐྲ་མཚམས་སུ་གསེར་གྱི་གདན་སྒོར་མོ་ལ་གཡུའི་ཕྲ་འབུར་བརྒྱབ་པའི་དབུ་རྒྱན་གཉིས་ཚོམ་བུར་བརྒྱན་ཞིང་། ཡ་མའི་མཚམས་ཀྱི་གསེར་གཡུའི་རྒྱན་དེ་ལས་གསེར་གྱི་འཕང་འཕྲུལ་རྩེ་མོར་གཡུས་བརྒྱན་པ་སྐྲ་མཚམས་བརྒྱུད་དེ་འགྲམ་ངོས་ནས་ཐུར་དུ་དཔྱངས་པ། ཕྱག་གཡས་པའི་གྲུ་མོ་ཞབས་གཡས་པའི་སྤུས་མོའི་སྟེང་དུ་བཙུགས་ཐོག་ཕག་གཡོན་མས་བྲང་ཁར་བཏེགས་པའི་ནོར་བུ་མེ་འབར་དེ་གཞོགས་གཅིག་ནས་སྐྱོར་བའི་ཚུལ་དང་། ཞབས་གཡོན་སྐྱིལ་ཀྲུང་ཕྱེད་དུ་བསྐུམས་ཤིང་གཡས་ཀྱི་སྤུས་མོའི་སླང་ང་ཡར་བསླངས་ནས་ཅུང་ཟད་མདུན་དུ་བསྐྱངས་པའི་ཐོག་ལུས་ལ་ཕྱུ་པ་སྔོ་སྐྱ་⑨འཇའ་རིས་ཀྱི་དར་པན་ནམ་མཐའ་ཤན་ཅན་མཛེས་པར་བཀླུབས་ཅིང་།  རང་གི་ཁྱོ་བོ་གནས་པའི་འབོལ་གདན་གྱི་མཚམས་ནས་གདན་དང་ཁྲི་སོགས་གང་ཡང་མེད་པར་ཉམ་ཆུང་གི་ཚུལ་དུ་ས་ངོས་སུ་བཞུགས་པ། དཔལ་ལའི་ཁྱོ་བོའམ་སྦྱིན་བདག་བཀྲས་རྒྱལ་ནི་ཞལ་རས་དཀར་མདངས་ཀྱི་ཉམས་རྒྱས་ལ། ཐར་ཐོར་གྱི་དབུ་སྐྲ་ཐུང་ངུ་གཡས་གཡོན་དུ་ཅུང་ཟད་གྱེས་པ་ལས་རིང་བ་དག་ལྟག་རྒྱབ་ཏུ་ལྷས་ཏེ་ལན་བུར་དཔྱངས་པ་དང་།  རྣ་ཅོག་གཡས་པར་གསེར་གཡུའི་རྒྱན་ཚ⑩ བྲང་ངོས་སུ་གསེར་གྱི་གའུ་སྒོར་མོ་ཆེ་ཚད་ཀྱི་ངོས་ལ་གཡུ་འབུར་ཚོམས་བུས་བརྒྱན་པ། ཕྱག་གཡས་པས་བྲང་ཁའི་ངོས་སུ་བཏེགས་ཏེ་མེ་ཏོག་གི་ཡུ་བ་བཟུང་ཞིང་། ཕྱག་གཡོན་པས་སྤུས་མོའི་སྟེང་ནས་མདུན་དུ་བསྐྱངས་ཏེ་གོས་ཀྱི་ཟུར་བཟུང་བ། སྐུ་ལ་བེར་དམར་སྨུག་ཡོངས་སུ་གྱོན་ཞིང་།  སྐྱིལ་ཀྲུང་ལེགས་པར་བཅས་ཏེ་འབོལ་གདན་ཉིས་བརྩེགས་རྒྱབ་སྙེ་དང་བཅས་པའི་ཐོག་ཏུ་དལ་བའི་ཉམས་ཀྱིས་གནས་པ། དེ་ལྟའི་རྣམ་པ་དག་ནི་བཟོ་ལྟ་དང་བཀོད་པ་གང་གི་ཕྱོགས་ནས་བལྟས་ཀྱང་།  གནའ་བོའི་བོད་མི་རིགས་རང་ཉིད་ཀྱི་ཡུལ་ལུགས་གོམས་སྲོལ་སོགས་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་འབུར་དུ་མངོན་པ་ཞིག་ཡིན།  
       གསུམ། མཆོད་པའི་ཡོ་བྱད་དམ་མཆོད་རྫས་ཀྱི་རྣམ་པ།

        ཞལ་ཐང་དེའི་ནང་དུ་བྲིས་པའམ་ཕུལ་བའི་མཆོད་རྫས་ནི་འདོད་ཡོན་སྣ་ལྔ་ཁོ་ན་ཡིན་ཏེ། དེ་ཡང་སྦྱིན་བདག་བཀྲས་རྒྱལ་གྱི་བྲང་ངོས་སུ་བཏེགས་པའི་ཕྱག་གཡས་ཀྱི་མདུན་དུ་མེ་ཏོག་གི་ཡུ་བ་བསྲིངས་ཡོད་ཅིང་།  ཡུ་བ་དེ་ལས་གྱེས་པ་དང་བར་མཚམས་སུ་མུ་སྦྲེལ་དུ་སྐྱེས་པའི་མེ་ཏོག་པདྨ་རེ་རེའི་སྟེང་དུ་འདོད་ཡོན་སྣ་ལྔ་མཆོན་པར་བྱེད་པའི་དངོས་པོ་རེ་རེ་སྟེ། ཐོག་མར་འདབ་མ་ཡོངས་སུ་རྒྱས་པའི་པདྨ་མེ་ཏོག་གི་སྟེང་དུ་དུང་དཀར་ཞིག་(དེའི་ཁོག་ཏུ་ཡོད་པའི་དངོས་པོ་གང་ཡིན་མིག་གི་ངོས་འཛིན་པར་དཀའ་ཡང་འདོད་ཡོན་སྣ་ལྔའི་གོ་རིམ་དང་རྒྱུན་གཏན་གྱི་འབྲི་ཚུལ་ལ་གཞིགས་ན་)བཞུགས་པ་དེའི་ཁོག་ཏུ་དྲི་མཚོན་པར་བྱེད་པའི་སྤོས་སམ་བསང་དང་།  དེ་ནས་སྟེང་དུ་གྱེས་པའི་མེ་ཏོག་གི་འདབ་མའི་ཐོག་སྒྲ་མཚོན་པར་བྱེད་པའི་པི་ལྦང་། དེ་ལས་གོང་དུ་འཁྱུད་པའི་མེ་ཏོག་གི་སྟེང་དུ་གཟུགས་མཚོན་པར་བྱེད་པའི་མེ་ལོང་།(9) ཡང་དུང་དཀར་བཏེགས་པའི་མེ་ཏོག་ལས་ཐད་ཀར་འཕྲེད་དུ་གྱེས་པའི་མེ་ཏོག་འདབ་མའི་སྟེང་དུ་སྡེར་མ་དང་དེ་ཡི་ནང་དུ་རོ་མཚོན་པར་བྱེད་པའི་ལྷ་བཤོས་སམ་མར་རིལ། དེ་ལས་སླར་ཡང་མདུན་དུ་གྱེས་པའི་མེ་ཏོག་གི་ཡུ་བའི་ངོས་སུ་འདོད་ཡོན་སྣ་ལྔ་ལས་རེག་བ་མཚོན་པར་བྱེད་པའི་དར་གོས་དམར་སྨུག་རང་བཞིན་གྱིས་འགེལ་བའི་ཚུལ་བཅས། དེ་རྣམས་ནི་གནས་གཅིག་ཁོ་ནར་སྤུངས་པ་ལྟ་བུ་མ་ཡིན་པར།  གཅིག་ལ་གཅིག་འཁྱུད་ཀྱིས་རྣམ་པ་རབ་ཏུ་མཛེས་ལ་བབ་ཆགས་པའི་སྣང་བ་ཞིག་སྟེར་ཕྱིར་ཡིན་ལ། དུས་རབས་བཅུ་གསུམ་ནས་བཅོ་ལྔའི་བར་རྒྱ་ནག་གི་གོས་ཆེན་དང་།  འཚེམ་དྲུབས་ཀྱི་ཐང་ག ཡང་ན་གོས་ཤམ། བོད་ཀྱི་ལྡེབས་རིས་སོགས་ཀྱི་ངོས་སུ་དར་སྲོལ་ཆེ་བའི་པདྨའི་རྒྱན་རིས་དམིགས་བསལ་ཅན་ཞིག་ཡིན། མཚམས་འདིར་ང་ཚོས་སྣང་འཇོག་བྱེད་དགོས་པ་ཞིག་ནི། མཆོད་རྫས་འདོད་ཡོན་སྣ་ལྔ་དེ་དག་ལས་ཞལ་ཐང་དེ་བཞིན་སྨན་བླ་དོན་གྲུབ་ཀྱི་ཕྱག་བྲིས་བསྟར་མ་ཡིན་པའི་དཔང་རྟགས་གལ་ཆེན་ཞིག་ཏུ་གྱུར་འདུག་སྙམ་པ་དེ་ཡིན། དེ་ཡང་ཁོང་ཉིད་ཀྱིས་བརྩམས་གནང་བའི་《ཆ་ཚད་ཡིད་བཞིན་ནོར་བུ་》ཡི་ནང་དུ་སངས་རྒྱས་ཀྱི་སྐུ་རྟེན་བཞེངས་པའི་ཕན་ཡོན་གསུང་སྐབས། འདོད་ཡོན་སྣ་ལྔའི་ཐ་སྙད་འདོན་པ་ལས་བཀྲ་ཤིས་རྟགས་བརྒྱད་དང་བཀྲ་ཤིས་རྫས་བརྒྱད་ལ་སོགས་པའི་ཐ་སྙད་བཀོད་མེད་པས་སོ།   
        བཞི། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱི་རྣམ་པ།

        མེ་ལོང་གི་གཤམ་ངོས་ལས་སྟོན་པ་གཙོ་འཁོར་གསུམ་གྱི་སྣང་བརྙན་གྱི་གཤམ་འོག་གི་འདོད་ཡོན་སྣ་ལྔའི་གཡོན་ཟུར་ཏེ།  སྦྱིན་བདག་ཕོ་མོ་གཉིས་ཀྱི་ཁ་སྤྲོད་དུ་ནོར་གྱི་བདག་པོ་ཛམ་བྷ་ལ་སེར་པོ་ཉིད་སྐུ་སྟོབས་རྒྱས་ཤིང་ལྟོ་བ་འབུར་བ། ཕྱི་གོས་ཀྱི་སྒྲིབ་པ་མེད་པར་སྐུ་གཅེར་བུར་བཞུགས་པ། དཔུང་པ་དང་ཕྱག་སོགས་ལ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྒྱལ་པོ་རོལ་བའི་སྟབས་ཀྱིས་འདུག་པར་ཕྱག་གཡས་པ་སྤུས་མོའི་སྟེང་ནས་མདུན་དུ་ཅུང་ཟད་བསྐྱངས་གནང་བ་ལ་མཆོག་སྦྱིན་གྱི་ཕྱག་རྒྱ་དང་བི་ཛ་པུ་རའི་འབྲས་བུ་བསྣམས་པ། ཕྱག་གཡོན་པས་རང་གི་པང་ཁར་ནོར་བུ་སྐྱུག་བཞིན་པའི་ནེའུ་ལེའི་⑿སྐེ་ནས་བཅངས་གནང་བ་བཅས།  
        དེས་ན་ཁྱོན་ཡོངས་ནས་དབྱེ་ཞིབ་ཅུང་ཟད་ཅིག་བྱ་ཁུལ་བགྱིས་ན། རི་མོའི་བཀོད་པ་ཡང་བལ་བྲིས་དང་བྱིའུ་སྐང་སོགས་སྔར་གྱི་ལུགས་རྙིང་དག་དང་མི་འདྲ་བར།  སྒོ་ཁྱིམ་གྱི་བཅད་རྒྱ་ལས་གྲོལ་ཏེ་རང་བཞིན་དུ་གནས་པ་གང་ཞིག་ལ།  དུས་ཕྱིས་ཀྱི་སྨན་མཁྱེན་སྐར་ལུགས་སོགས་ཀྱི་རི་མོའི་རྒྱས་སྤྲོས་ཆེ་བའི་རྒྱན་ཆ་དང་།  རི་ཆུ་རྩི་ཤིང་སོགས་ཕུན་སུམ་ཚོགས་པའི་ཡུལ་ལྗོངས་དང་རང་བྱུང་གི་བཀོད་པ་མ་མཆིས་པ། རི་མོའི་ཆ་ཚད་རན་ལ་མི་སྣའི་སྣང་བརྙན་གསོན་ཉམས་དོད་པ།  པིར་སྒྲོས་གཙང་ལ་བྱང་ཆུབ་པས་འབྲི་བ་དངོས་པོ་གང་རུང་གི་གཟུགས་བརྙན་སྤུས་དག་ཅིང་རང་བཞིན་གྱིས་མཉེན་ཆ་དོད་པ་བཅས་སྒྱུ་རྩལ་གྱི་ཆུ་ཚད་གཟེངས་སུ་ཐོན་ཞིང་།  སྐབས་དེའི་དུས་རབས་ཀྱི་ཁྱད་ཆོས་ཀྱང་མངོན་གསལ་དོད་པོ་འདུག རི་མོའི་ནང་དོན་གྱི་ངོས་ནས་དཔྱད་ན། སྟོན་པ་གཙོ་འཁོར་གསུམ་⒀གནས་བཅུ་དང་བཅས་པ་དེ་ནི་སྨན་བླ་དོན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་དང་།  གསེར་མདོག་ཅན་སོགས་སུ་རས་བྲིས་དང་ལྡེབས་རིས་སུ་བཞེངས་མང་ཤོས་ཀྱི་འབྲི་བ་ཞིག་ཡིན་པ་མ་ཟད། སྐབས་དེར་དར་སྲོལ་ཆེ་བ་ཞིག་ཡིན་པའང་ལོ་རྒྱུས་ཀྱི་ཡིག་རིགས་དག་ལས་རྟོགས་ཐུབ། དེས་ན་གོང་སྨྲོས་དེ་དག་ནི་ཞལ་ཐང་དེ་ཉིད་པིར་ཐོགས་ཀྱི་རྒྱལ་པོ་སྨན་ཐང་པའི་ཕག་སོར་ལས་འཁྲུངས་པའི་དཔང་རྟགས་སུ་གྲུབ་བོ་སྙམ།
        གཉིས་པ། གོས་ཤམ་གྱི་རྒྱུ་ཆ་དང་བཟོ་ལྟ།

        གོས་ཤམ་ནི་ཐང་གའི་མེ་ལོང་གི་ངོས་སྲུང་སྐྱོབ་ཡོང་ཆེད་དུ་བཟོས་པ་ཞིག་ཡིན་པ་དང་། ཕལ་ཆེ་བ་རས་དང་གོས་ཆེན་སོགས་རྒྱུ་སྤུས་མི་འདྲ་བ་ལས་གྲུབ་པ་ཡིན། དེ་ཡང་དར་གོས་ཆེན་ཡི་རིགས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་བསྟུན་ནས་རིམ་བཞིན་མི་རྣམས་ཀྱིས་གོས་ཤམ་གྱི་རྒྱུ་ཆ་དང་། ཁྱད་པར་དེའི་རྒྱན་རིས་དང་ཚོན་མདངས་སྤེལ་བའི་མཛེས་ཆ་བཅས་ལ་དོ་སྣང་ཆེན་པོ་བྱས་པས། གོས་ཤམ་དེ་བཞིན་ཐང་གའི་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ལ། གོས་ཤམ་གྱི་རྒྱུ་སྤུས་དང་།  རྒྱན་རིས། ཆོན་མདོག བཟོ་ལྟ་སོགས་ལ་དུས་རབས་དང་སྒྱུ་རྩལ་གྱི་ཁྱད་ཆོས་ངེས་ཅན་ལྡན་པས། དེ་ནི་ཐང་ག་གང་ཞིག་གྲུབ་པའམ་བཞེངས་པའི་ལོ་དུས་སོགས་ལ་ཉམས་དཔྱོད་བྱེད་པའི་གལ་ཆེའི་གཞི་འཛིན་ས་ཞིག་ཏུ་གྱུར་ཡོད། འདིར་གླེང་བར་བྱ་བའི་ཐུབ་པ་གཙོ་འཁོར་གསུམ་གྱི་ཞལ་ཐང་དེའི་གོས་ཤམ་ནི་མཐའ་བཞིར་རྒྱན་ཡོད་ཅིང་།  དེ་ཡང་གོང་འོག་གཉིས་སུ་གོས་ཆེན་གཞི་སེར་པོ་ལ་མེ་ཏོག་པདྨ་རྐྱང་པ་ཕོང་ཆེ་བ་བཀྲག་མདངས་དང་བཅས་པ་དང་། གཡས་གཡོན་གཉིས་སུ་གོས་ཆེན་གཞི་དམར་པོ་ལ་མེ་ཏོག་སེར་ཁྲ་ཅན་བཅས་རིགས་མི་འདྲ་བ་གཉིས་འདུག་པ་ལས་ཟུར་དུ་འཇའ་མེད། ཁོ་བོས་ད་ཡོད་གོས་ཆེན་གྱི་ཅ་དངོས་དང་བསྡུར་བ་ཡང་ཡང་བྱས་པ་དང་། ཀྲུང་གོའི་རྒྱལ་ཁབ་རྟེན་མཇོད་ཁང་དང་ཀྲེའེ་ཅང་དར་གོས་རྟེན་མཛོད་ཁང་སོགས་ཀྱི་གོས་ཆེན་བརྟག་པར་བྱང་ཆུབ་པའི་མཁས་པ་མི་ཉུང་བ་ཞིག་ལ་བཀའ་འདྲི་ཞུས་པའི་ངོར། གོས་ཆེན་གསེར་ཁྲ་དེ་རིགས་ནི་མིང་རྒྱལ་རབས་ཀྱི་སྐབས་དང་གཡས་གཡོན་གྱི་གོས་ཆེན་དམར་ཁྲ་དེ་རིགས་ནི་ཆིང་ཆན་ལུང་གོང་མའི་དུས་སུ་རྒྱ་ནག་ནས་ཐོན་པ་ཞིག་ཡིན་པར་གསུངས་པས། དེའི་ཐོག་ནས་ཞལ་ཐང་དེའི་གོས་ཤམ་སྔ་ན་ཡང་དུས་རབས་བཅོ་བརྒྱད་པའི་ནང་དུ་བཟོས་པ་ཞིག་ཡིན་པར་རྟོགས་ཀྱང་། དེའི་བཟོ་བཀོད་དང་། ཆ་ཚད། མེ་ལོང་དང་གོས་ཤམ་གྱི་མཐུད་མཚམས་སོགས་གང་ས་སྤྱི་ཐད་ལ་གཞིགས་ན།  གོས་ཤམ་དེ་ནི་མེ་ལོང་དང་དུས་མཉམ་དུ་བྱུང་བ་ཞིག་མ་ཡིན་པར་ཕྱིས་སུ་བརྗེས་ལེན་བྱས་པ་ཞིག་ཡིན་པ་རྟགས་མཚན་མངོན་པར་གསལ། དེ་ཡང་ཁོ་བོའི་བསམ་པར་ཞལ་ཐང་དེ་བཞེངས་ནས་ལོ་ངོ་ཉིས་བརྒྱ་ཙམ་སོང་བའི་ཚེན། དེའི་སྔོན་གྱི་གོས་ཤམ་དག་རྙིང་ཧྲུལ་དུ་གྱུར་བ་དང་མཚམས་དེར་སྦྱིན་པའི་བདག་པོ་ག་གེ་མོ་ཞིག་གིས་རིན་ཐང་ཞལ་དུ་དཀའ་བའི་མེ་ལོང་དེར་གོད་ཆགས་ཡོང་བར་དོགས་ནས་རྒྱུ་སྤུས་དག་པའི་གོས་ཤམ་ཐང་རྒྱུག་དང་བཅས་པ་གསར་དུ་བརྗེས་པ་མིན་ནམ་སྙམ།   
        གསུམ་པ། ཐང་གའི་རྒྱབ་བྱང་དང་དེ་དག་གི་ནང་དོན་གླེང་བ།  
        དེ་ཡང་རང་ཅག་གིས་ཤེས་རྟོགས་བྱུང་བ་ལྟར།  རྒྱུན་དུ་ཐང་གའི་རྒྱབ་བྱང་ལ་འགོད་བའི་ནང་དོན་མང་ཤོས་ནི་བླ་མས་གནང་བའི་རབ་གནས་ཀྱི་དཔར་རྗེས་⒁དང་།  ཐང་ག་དེ་རང་གི་བྱུང་རིམ་ལོ་རྒྱུས། རི་མོའི་ནང་དོན་གྱི་གསལ་བཤད། འབྲི་བའི་ལྷ་སྐུའི་མཚན། གཟུངས་སྔགས་སྣ་ཚོགས། སྦྱིན་བདག་དང་ཡང་ན་རི་མོ་བའི་ཐུགས་སྨོན་བཅས་ནང་དོན་རྒྱས་བསྡུས་འདྲ་མིན་སྣ་ཚོགས་ཡོད་པ་ལས་མཐའ་གཅིག་ཏུ་ངེས་པ་མེད། གལ་སྲིད་ཐང་ག་གང་ཞིག་གི་རྒྱབ་ངོས་སམ་གནས་གང་འདྲ་ཞིག་ཏུ་ཡིག་བྱང་ཡོད་ཚེ། དེ་ནི་ཐང་ག་གང་དེའི་ཞིབ་ཕྲའི་ལོ་རྒྱུས་དང་རིན་ཐང་ཤེས་རྟོགས་བྱ་རྒྱུར་ཕན་པ་ཤིན་ཏུ་ཆེ་བའི་དཔྱད་གཞིའི་རྒྱུ་ཆ་ཞིག་ཡིན་པ་གོར་མ་ཆག ཐུབ་པ་གཙོ་འཁོར་གསུམ་གྱི་ཞལ་ཐང་དེའི་མེ་ལོང་གི་རྒྱབ་ངོས་སུ་གོ་རིམ་བཞིན་རྒྱ་གར་གྱི་ཡི་གེ་དང་བོད་ཡིག་བཅས་ཡིག་རིགས་ཆེན་པོ་གཉིས་དང་།  བོད་ཡིག་ཁོ་ནར་ཡང་ཡིག་གཟུགས་མི་འདྲ་བ་ཁག་གཉིས་སྤྱད་དེ་རྒྱབ་བྱང་བཀོད་འདུག་པ་ལ། འདིར་ནང་དོན་ཁག་གསུམ་དུ་ཕྱེ་ནས་དབྱེ་ཞིབ་ཅུང་ཙམ་ཞིག་བྱས་ན་འདི་ལྟ་སྟེ།   
        གཅིག གཟུངས་སྔགས་ཀྱི་སྐོར།

        མེ་ལོང་གི་རྒྱབ་ངོས་དཀྱིལ་མཚམས་ནས་གོང་དུ་རྒྱ་གར་གྱི་ཡི་གེ་⒂སྤྱད་དེ། རིམ་བཞིན་འབྲི་བའི་ནང་དོན་དང་བསྟུན་ནས་སྟོན་པ་ཤཱཀྱ་ཐུབ་པ་དང་།  གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། ནོར་ལྷ་ཛམ་ལྷ་ལའི་གཟུངས་སྔགས་བཅས་དུམ་བུ་གསུམ་དང་ཡིག་སྟར་དྲུག་ཏུ་དབྱེ་ནས་བཀོད་⒃ཡོད་ཅིང་། མེ་ལོང་གི་གཞུང་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཚོན་བྱེད་དང་རབ་གནས་ཀྱི་ཡིག་འབྲུ་གསུམ་ཡང་ཡིག་གཟུགས་དེ་རང་སྤྱད་དེ་བསྐྱར་ཟློས་སུ་ཐེངས་མང་བྲིས་འདུག ལཉྫའི་ཡིག་གཟུགས་ལེགས་ཅིང་སྨྱུག་སྒྲོས་གཙང་བ་དང་མཇུག་ཏུ་བཀོད་པའི་བོད་ཡིག་རྣམས་ཀྱི་སྨྱུག་སྒྲོས་ལ་དཔྱད་ཚེ །  བྱེད་པོ་གཅིག་ཁོ་ནའི་སོར་མོའི་འདུ་བྱེད་ལས་བྱུང་བ་ཡིན་པ་མངོན་པར་གསལ་ཞིང་། དེ་བས་དོ་སྣང་བྱ་འོས་པ་ཞིག་ལ། 《ཆ་ཚད་ཡིད་བཞིན་ནོར་བུ་》ཡི་མཇུག་བྱང་ངོས་སུ་སྨན་བླ་དོན་གྲུབ་ཁོང་ཉིད་ནི་རྒྱ་གར་དང་།  རྒྱ་ནག བལ་པོ། བོད་སོགས་ཀྱི་རི་མོའི་ལུགས་རྒྱུན་ཀུན་ལ་མཁས་པ་དང་། གཞན་ཡང་། “སྒྲ་དང་། སྙན་ངག་དང་། སྡེབ་སྦྱོར་དང་། ལཉྫདང་། ལྦརྟུ་དང་།  ནཱ་ག་ར་དང་། དྷ་རི་ཀ་དང་། བོད་ཀྱི་ཡི་གེའི་རིགས་མཐའ་དག་ལ་སོགས་པ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་ཙམ་ཐོབ་པ་”⒄ཞིག་ཡིན་ཚུལ་གསལ་པོར་འཁོད་ཡོད་པས་ན། རྒྱབ་བྱང་གི་རིགས་དེ་དག་ཁོ་ནས་ཀྱང་རི་མོ་དེ་བཞིན་སྨན་བླ་དོན་གྲུབ་ཀྱི་ཕྱག་སོར་ལས་ཐོན་པའི་སྒྲུབ་བྱེད་འགངས་ཆེ་བ་ཞིག་དང་། ཁོང་ཉིད་ནི་ཡིག་རིགས་དེ་དག་ལ་བྱང་ཆུབ་པའི་མཁས་པ་ཞིག་ཡིན་པའི་གལ་ཆེའི་དཔང་རྟགས་སུ་གྱུར་ཡོད།
        གཉིས། གསོ་སྦྱོང་གི་ནང་དོན་སྐོར།
        དེ་ཡང་ལཉྫའི་གཟུངས་སྔགས་ཀྱི་འོག་ཏུ་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་ཐོག་ནས།  “བཟོད་པ་དཀའ་ཐུབ་བཟོད་པ་དམ་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་།  །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེབ་དགེ་སྦྱོངས་མ་ཡིན་ནོ །”⒅ཞེས་བཀོད་ཡོད་ཅིང་། དུས་རབས་བཅུ་གཉིས་པའི་ཡས་མས་ནས་བཟུང་། ཞལ་ཐང་གི་རྒྱབ་བྱང་དུ་ནང་དོན་འདི་འདྲ་བ་བཀོད་པའི་དར་སྲོལ་ཆེན་པོ་ཞིག་བྱུང་ཡོད་པ་ནི། ད་ཆ་མཇལ་དུ་མཆིས་པའི་ཞལ་ཐང་རྙིང་མ་རྣམས་ལས་གསལ་པོར་རྟོགས་ཐུབ་མོད།  ཡང་སྙིང་དུས་ནམ་ཞིག་ནས་འགོ་ཚུགས་ཏེ་འདི་ལྟའི་གོམས་འདྲིས་སམ་སྲོལ་རྒྱུན་དེ་ཆགས་པ་དང་།  དེ་ལ་འཕོ་འགྱུར་གང་འདྲ་ཞིག་བྱུང་མིན་སོགས་ནི་མུ་མཐུད་དཔྱད་པ་གཏིང་ཟབ་བ་དགོས་པའི་གནད་ཅིག་ཡིན་པ་ལས། འཕྲལ་མར་ཁ་ཚོན་གཅོད་ནུས་པའི་གནད་དོན་རང་ག་བ་ཞིག་གཏན་ནས་མ་ཡིན། མདོར་ན། གསོ་སྦྱོང་གི་ནང་དོན་འདི་འདྲ་བ་ཐང་གའི་རྒྱབ་ངོས་སུ་གསལ་བ་ཡང་ཐང་ག་གང་ཞིག་གྲུབ་པའི་ལོ་དུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་བརྩི་ཆོག   འོན་ཏེ། སྒྲུབ་བྱེད་གང་ཞིག་ཡིན་རུང་ཕྱོགས་མང་པོའི་ཐད་ཀྱི་དཔྱད་གཞིའི་རྒྱུ་ཆ་ཕན་ཚུན་ཞིབ་བསྡུར་དང་གོ་སྒྲིག་ནས་བརྟག་དཔྱད་བྱེད་དགོས་པ་ལས། སྣེ་རྐྱང་པ་གཅིག་དང་ངོས་ལེབ་མོ་གཅིག་གི་ཁྱད་ཆོས་ཁོ་ནར་གཞི་བཅོལ་ཚེ།  དུས་ནམ་ཡང་དཔྱད་བྱའི་གནས་གང་ཞིག་ལ་གནད་དུ་འཕིགས་པའི་དཔྱད་བརྗོད་བྱ་མི་ཐུབ།
        གསུམ། ཐུགས་སྨོན་གྱི་ནང་དོན་སྐོར།

        ཐུགས་སྨོན་གྱི་ནང་དོན་ནི་བོད་ཡིག་གི་སྲོལ་རྒྱུན་འབྲི་ཚུལ་ཚུགས་ཐུང་གི་ཡིག་གཟུགས་སྤྱད་དེ་བྲིས་ཡོད་ཅིང་།  གཙོ་བོར་སྐབས་དེར་ཞལ་ཐང་དེ་བཞེངས་པ་དང་དུས་མཚུངས་ཐང་ག་གཞན་གང་ལ་རས་གཞི་ཅི་འདྲ་ཞིག་བེད་སྤྱོད་བྱས་པ་དང་འབྲི་བའི་ལྷ་སྐུའི་ནང་དོན་གང་འདྲ་ཞིག་བཞེངས་པ་སོགས་ཀྱི་ལོ་རྒྱུས་དང་།  སྦྱིན་བདག་གི་ལོ་རྒྱུས། རི་མོ་བ་རང་ཉིད་ཀྱི་ལོ་རྒྱུས། དེ་བཞིན་དགེ་བ་དེ་དག་བགྱིས་པའི་བྱིན་མཐུས་འགྲོ་ཀུན་རྒྱལ་བའི་གོ་འཕང་ཐོབ་པའི་ཐུགས་སྨོན་སོགས་ནང་དོན་ཁག་བཞི་ཙམ་ཚིགས་བཅད་རྐང་པ་དགུ་ཅན་སུམ་ཅུ་སོ་གཅིག་ལ་ཡིག་སྟར་བརྒྱད་དུ་བྱས་ནས་བཀོད་ཡོད། དེ་ནི་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་པ་ཞིག་ཡིན་ཞིང་།  ལྷག་པར་དུ་རས་གཞི་གང་འདྲ་ཞིག་དང་ནང་དོན་གྱི་ལྷ་སྐུའི་སྣང་བརྙན་གང་འདྲ་ཞིག་བཞེངས་པ་སོགས་ལ་དཔྱད་པ་བྱ་བའི་རིན་ཐང་ཤིན་ཏུ་ཆེ་སྟེ། གཤམ་དུ་རེ་རེ་བཞིན་གླེང་བར་བྱ་སྟེ།   
        ༡ རྒྱབ་བྱང་ལས་ཐང་ག་བཞེངས་པའི་སྐོར།   
        “༄༅། །སྭ་སྟི ལྷར་བཅས་འཇིག་རྟེན་ཀུན་གྱི་སྐྱབས་གཅིག་པུ། །ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་བཅས་རྣམས། །རིན་ཆེན་མར་གད་མདངས་ལྟར་རབ་མཛེས་པའི། །ལྷ་རྫས་གོས་ཀྱི་གཞི་མ་ཕུན་ཚོགས་ལ། །ལེགས་པར་བསྒྲུབས་པའི་ཐང་སྐུ་དགུ་ཕྲག་གཅིག །”⒆ཅེས་དང་། “དབང་པོའི་གཞུ་ལྟར་རབ་མཛེས་རྒྱ་དར་ལ། །ཚེདཔག་མེད་མགོན་འཇམ་དབྱངས་སྤྱན་རས་གཟིགས། །སྒྲོལ་དཀར་ཆོས་སྐྱོང་ཆེན་པོ་ལ་སོགས་དར་ཐང་ལྔ། །ཐུབ་དབང་གནས་བཅུ་སྒྲོལ་མ་རྣམ་སྲས་ཏེ། །རས་བྲིས་ཐང་སྐུ་གསུམ་དང་བཅས་པ་རྣམས། །”ཞེས་བྱུང་བའི་ཚིག་དོན་འདི་དག་ལས། སྟོན་པ་གཙོ་འཁོར་གསུམ་གྱི་ཞལ་ཐང་དེ་བཞེངས་པའི་སྐབས་སུ་རས་གཞི་མི་འདྲ་བ་སྣ་ཁ་གསུམ་གྱི་ངོས་སུ་ཁྱོན་བསྡོམས་ཞལ་ཐང་ཁ་གྲངས་བཅུ་བདུན་བཞེངས་ཡོད་པ་རྟོགས་ཐུབ། དེ་ཡང་གཅིག་ཤེས་ཀུན་གྲོལ་གྱི་དཔེ་ལྟར་ཞལ་ཐང་དེ་ཉིད་ཀྱི་རྒྱབ་བྱང་དང་ཆ་འཕྲིན་བརྒྱུད་མུ་མཐུད་སྐབས་དེ་དུས་སྨན་བླ་དོན་གྲུབ་ཀྱིས་བྲིས་གནང་བའི་ལྡེབས་བྲིས་དང་ཐང་གའི་རི་མོ་བཙལ་འཚོལ་དང་། ཡང་ན་དེ་དག་ལ་ངོས་འཛིན་འཁྲུལ་མེད་ཅིག་བྱ་ཐུབ་རྒྱུའི་རེ་བ་གསར་པ་རྙེད་ཐུབ།   
        ༢ སྦྱིན་བདག་གི་ལོ་རྒྱུས་དང་ཞལ་ཐང་བཞེངས་པའི་དགོས་པའི་སྐོར།   
        དེ་ཡང་རྒྱབ་བྱང་བ “སྐྱེ་བ་སྐྱེ་བར་དགེ་ཚོགས་དུ་མ་ཡིས། །ལེགས་པར་བསྐྲུན་པས་མཐོ་རིས་མཆོག་ཐོབ་པ། །ཁ་རག་རྒྱལ་པོའི་རིགས་འཁྲུངས་དགེ་ལ་སྤྲོ། །འབྱོར་པ་རྣམ་ཐོས་བུ་ལ་འདྲེན་⒇འདྲ་བ། །མིའི་ཁྱུ་མཆོག་དཔོན་པོ་བཀྲས་རྒྱལ་དང་།  །ཡིད་འཕྲོག་འཆི་མེད་བུ་མོའང་སྐྱེངས་བྱེད་ཅིང་། །ནོར་འཛིན་མཛེས་པའི་དཔལ་དང་འབྱོར་པ་ལ། །འདྲེན་འདྲ་བྱང་སེམས་ལྡན་པ་དཔལ་ལ་ཡིས། །ཡབ་ཡུམ་ལྷག་པའི་བསམ་པས་ཀུན་སླངས་ནས། །སྒྱུ་མའི་ནོར་ལ་སྙིང་པོ་སླངས་པ་དང་།  །འགྲོ་ཀུན་རྒྱལ་བའི་གོ་འཕང་ཐོབ་ཕྱིར་བསྒྲུབས། །”ཞེས་གསལ་པོར་བཀོད་པ་འདིར་དམིགས་བསལ་གྱིས་དོ་སྣང་བྱ་དགོས་པའི་གནད་དོན་ཁག་གསུམ་ཙམ་ཡོད་དེ། ཁ་རག་ཅེས་པའི་ས་ཆ་དང་གཅིག དཔོན་པོ་བཀྲས་རྒྱལ་གྱི་ལོ་རྒྱུས་དང་གཉིས། དཔོན་པོ་བཀྲས་རྒྱལ་དང་སྨན་བླ་དོན་གྲུབ་གཉིས་དབར་གྱི་འབྲེལ་བའི་ལོ་རྒྱུས་དང་གསུམ་བཅས་ཡིན།   དེ་ཡང་བོད་ཁུལ་དུ་ཁ་རག་ཟེར་བའི་ས་ཆ་མི་ཉུང་བ་ཞིག་ཡོད་མོད། མཚམས་འདིར་བརྗོད་པའི་ཁ་རག་ཅེས་པ་འདི་ཡུལ་གང་ལ་ངོས་འཛིན་དགོས་སམ་ཞེ་ན། སྔོན་ལ་ཞལ་ཐང་དེ་ཉིད་རྙེད་སའི་ས་ཁུལ་དང་ལོ་རྒྱུས་ཐོག་སྨན་བླ་དོན་གྲུབ་གང་ཉིད་ཕེབས་མྱོང་བའི་ཡུལ་ལུང་སོགས་ལ་དོ་སྣང་བྱེད་དགོས་པ་ནི་སྨྲོས་མི་དགོས། དེས་ན་ཐང་གའི་རྒྱབ་བྱང་དུ་འཁོད་པའི་ནང་དོན་དང་འབྲེལ་ཏེ་སྨན་བླ་དོན་གྲུབ་ཉིད་རི་མོའི་བགྱི་བར་འཇུག་པའི་ལྟེ་བའི་ཡུལ་ལུང་ནི་དེང་གི་ལྷོ་བྲག་དང་།  ཡར་འབྲོག རིན་སྤུངས། གཞིས་ཀ་བསམ་གྲུབ་རྩེ་བཅས་ཀྱི་ས་རྣམས་ཡིན་ཞིང་།  དཔྱད་ཞིབ་བྱས་པ་ལྟར་ན།  དེང་གི་བསམ་གྲུབ་རྩེ་ཆུས་རྒྱ་མཚོགཞུང་ཤང་གི་ཁོངས་སུ་ཁ་རག་ཅེས་པའི་ས་མིང་དང་།  ལྷོ་ཁ་སྣ་དཀར་རྩེ་དང་གཞིས་རྩེ་རིན་སྤུངས་རྫོང་གཉིས་ཀྱི་ལྷོ་བྱང་སྦྲེལ་མཚམས་སུ་ཇོ་མོ་ཁ་རག་ཅེས་པའི་ས་མིང་ཡོད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྨན་བླ་དོན་གྲུབ་ཀྱི་སྐབས་དེའི་ཕེབས་ལམ་སོགས་གང་གི་ཐོག་ནས་དཔྱད་ཀྱང་། ཁ་རག་(21)ཟེར་བ་དེ་ནི་དབུས་གཙང་གཉིས་ཀྱི་ས་མཚམས་ཇོ་མོ་ཁ་རག་ཅེས་པའི་གངས་རི་ལྟེ་བར་བྱས་པའི་ས་ཁུལ་ཏེ། ད་ཆ་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དང་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁ་རག་ཤང་གི་ཡུག་གཅིག་ཏུ་སྦྲེལ་བའི་ས་ཆ་སྟེ། ཇོ་བོ་ཁ་རག་གི་ཤར་ངོས་ཀྱི་ས་ཆ་དེ་ཡིན་པར་འདོད་དེ། ཕྱོགས་གཅིག་ནས་དུས་རབས་བཅོ་ལྔ་པའི་དུས་སུ་སྨན་བླ་དོན་གྲུབ་ཁོང་ཉིད་ཡུལ་ལུང་དེའི་ཉེ་འཁོར་དུ་རི་མོའི་ཕྱག་ལས་ཀྱི་ལམ་ལ་ཞུགས་པའི་ལོ་རྒྱུས་ཁ་གསལ་པོ་ཡོད་ལ།  གནས་དེ་དང་བར་ཐག་ཉེ་བའི་འབྲས་ཡུལ་སྐྱེད་ཚལ་(22)ཞེས་པར་ཁོང་གིས་《ཆ་ཚད་ཡིད་བཞིན་ནོར་བུ་》བརྩམས་གནང་བའི་ལོ་རྒྱུས་ཀྱང་བརྩམས་ཆོས་དེ་གའི་མཇུག་བྱང་ཏུ་འཁོད་ཡོད། དེའི་ཐོག་ནས། དཔོན་མོ་ཆེ་ཁོང་ཉིད་ས་གནས་དེའི་རྒྱུད་དུ་ཕེབས་ཡོད་ངེས་དང་ཡུན་རིང་འཚོ་བཞུགས་གནང་ཡོད་པ་རྟོགས་ཐུབ་པ་མ་ཟད། ཞལ་ཐང་དེའི་རྒྱབ་བྱང་དུ་བྲིས་པའི་ཁ་རག་རྒྱལ་པོ་ཟེར་བ་ཡང་གནས་དེ་ཙམ་ལས་གཞན་དུ་ཡོད་པའི་རྟགས་དང་རྒྱུ་མཚན་ཅི་ཡང་མ་མཆིས། འོ་ན་ཡུལ་དེར་ཁ་རག་རྒྱལ་པོ་ཟེར་བ་ཞིག་བྱུང་ཡོད་དམ། དེའི་ལོ་རྒྱུས་གང་འདྲ་ཞིག་ཡིན་ནམ་ཟེར་ན། མིག་སྔར་མཇལ་བའི་འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་ཡིག་ཁག་ཏུ་ཐད་ཀར་ཁ་རག་རྒྱལ་པོ་ཟེར་བའི་ཐུན་མོང་གི་ཐ་སྙད་ཅིག་མ་མཐོང་ཡང་།  བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་གནས་དེར་སྨྱོས་(གཉོས་) (23)ཀྱི་གདུང་རྒྱུད་འཕེལ་བ་དང་ཕྱིས་སུ་ཁ་རག་སྨྱོས་(གཉོས་)ཞེས་པའི་གྲགས་པ་གང་སར་ཁྱབ་ཡོད། དེས་ན་ལུང་པ་དེའི་རྒྱལ་པོའི་རུས་ནི་སྨྱོས་(གཉོས་)ཡིན་པའི་དོགས་པ་ཤིན་ཏུ་ཚེ། འདིར་ཞལ་ཐང་གི་རྒྱབ་བྱང་དུ་གསལ་བའི་ཁ་རག་རྒྱལ་པོའི་རིགས་ལས་འཁྲུངས་པའི་མི་ཡི་ཁྱུ་མཆོག་བཀྲས་རྒྱལ་དུ་འབོད་པ་དེ་ཉིད་ཡང་སྙིང་ས་ཆ་གང་དུ་གཤེགས་བཞུགས་དང་དེའི་གནས་བབས་གང་འདྲ་ཞིག་ཡིན་མིན་ལ་དབྱེ་ཞིབ་དཔྱད་པ་བྱ་རྒྱུ་ནི་གལ་ཆེ་བར་མཐོང་།  ཐོག་མར་“ཁ་རག་རྒྱལ་པོའི་རིགས་འཁྲུངས་དགེ་ལ་སྤྲོ་”ཞེས་པའི་ཚིག་འདི་ལས་རང་ཅག་གིས་གསལ་པོར་རྟོགས་ཐུབ་པ་ཞིག་ནི། རིགས་ལས་འཁྲུངས་ན་ཡིན་གཅིག་རྒྱལ་པོ་ཡིན་པའི་ངེས་པ་མེད་པ་དང་།  ཁ་རག་རྒྱལ་པོའི་རིགས་ལས་འཁྲུངས་པ་ཡིན་ན། ཡིན་གཅིག་ཁ་རག་གི་གནས་དེ་རང་དུ་འཚོ་གནས་བྱེད་པའི་ངེས་པ་མེད་པ་དེ་ཡིན། གཞན་ཡང་རྒྱབ་བྱང་དུ་གསལ་བའི་“མིའི་ཁྱུ་མཆོག་དཔོན་པོ་བཀྲས་རྒྱལ་”ཞེས་པའི་དཔོན་པོ་དེ་ནི། སྲིད་ཀྱི་དབང་ཆ་ལྡན་པའི་མི་དཔོན་དང་ཤེས་རིག་སྟོན་པའི་སློབ་དཔོན་གཉིས་ཀར་གོ་མོད། འདིར་སློབ་དཔོན་རང་ལ་གོ་ན་དོན་དང་མཐུན་པར་སྙམ་པ་དང་།  ཡང་ཁ་ཅིག་གིས་དེ་ལྟར་དུ་འདོད་ཚེ། སྐབས་དེའི་ཐ་སྙད་དེ་དཔོན་པོ་མ་ཡིན་པར་དཔོན་མོ་ཞེས་འབྲི་དགོས་པའི་དོགས་སློང་བྱེད་པ་ཡང་ཡོང་སྲིད། འོན་ཀྱང་། དོན་དངོས་ཐོག་དཔོན་པོ་དང་དཔོན་མོ་གཉིས་ནི་བདག་སྒྲའི་སྦྱོར་ལུགས་གཅིག་གྱུར་བྱུང་མིན་ཙམ་ལས། དོན་དུ་སློབ་དཔོན་ཆེན་མོའམ་ཡང་ན་སློབ་དཔོན་ཆེན་པོ་ཞེས་པའི་བསྡུས་མིང་ཡིན་ལ། བཀོལ་སྤྱོད་ཀྱི་མང་ཉུང་ཙམ་ལས་གོ་དོན་ལ་དབྱེ་བ་ཡེ་ནས་མེད་དོ།(24)དེ་བཞིན་“ཡབ་ཡུམ་ལྷག་པའི་བསམ་པས་ཀུན་སླངས་ནས་”ཞེས་པའི་ཚིག་འདི་ལས། བཀྲས་རྒྱལ་དང་དཔལ་ལ་བཟའ་ཟླ་གཉིས་ནི་རྒྱུ་དངོས་མཐུན་རྐྱེན་ཙམ་སྦྱོར་བའི་སྤྱིར་བཏང་གི་སྦྱིན་བདག་ཅིག་གཏན་ནས་མ་ཡིན་པར།  རང་ཉིད་ལ་ཡབ་ཡུམ་ལས་ལྷག་པའི་བཀའ་དྲིན་ཅན་གྱི་སྐྱེས་བུ་ཞིག་ཡིན་པ་མངོན་གྱི་ཡོད། འདི་ལྟ་བུའི་ཆེ་བསྟོད་ནི་རང་ལ་བཀའ་དྲིན་བླ་ལྷག་མངའ་བའི་བླ་མ་དང་སློབ་དཔོན་ཙམ་ལས། སྦྱིན་བདག་གམ་མི་དཔོན་ཕལ་པར་ཐོལ་བྱུང་དུ་སྦྱོར་བ་རྩ་བ་ཉིད་ནས་མ་ཡིན། རྒྱུ་མཚན་འདི་དག་ལ་བརྟེན། དཔོན་པོ་བཀྲས་རྒྱལ་ནི་ཁ་རག་རྒྱལ་པོའི་རིགས་ལས་འཁྲུངས་པ་གང་ཞིག་ལ།  སྐབས་དེར་སྨན་བླ་དོན་གྲུབ་ཀྱིས་སྟོན་པ་གཙོ་འཁོར་གསུམ་གྱིས་གཙོབས་པའི་ཐང་ག་བཅུ་བདུན་བཞེངས་པའི་རྒྱུ་སྦྱོར་གྱི་སྦྱིན་བདག་ཡིན་པ་དང་།  སྨན་བླ་དོན་གྲུབ་དང་།  གོང་དཀར་མཁྱེན་རྩེ་ཆེན་མོ་གཉིས་ཀྱི་དྲིན་ཆེན་སློབ་དཔོན་ཏེ། རྡོ་པ་བཀྲ་ཤིས་རྒྱལ་པོ་ཡིན་པར་ཁོ་བོས་འདོད། ཡང་འགའ་རེས་ཁྱོད་ཀྱིས་འདི་ལྟར་དུ་འདོད་ན། “ཁ་རག་རྒྱལ་པོའི་རིགས་འཁྲུངས་དགེ་ལ་སྤྲོ་”ཞེས་པའི་ཚིག་དུམ་འདིར་འགྲེལ་པ་ཇི་ལྟར་བྱ་ཞེས་ཟེར་སྲིད། དེར་གོང་དུ་བཀོད་པ་བཞིན། ཁ་རག་གི་རྒྱལ་པོའི་རིགས་ནི་སྨྱོས་ཡིན་ཞིང་།  བོད་བཙན་པོའི་རྒྱལ་རབས་ཀྱི་དུས་མཇུག་ཏུ “སྨྱོས་ཆེན་པོ་ལ་སྟོད་ཅུང་པའི་སར་ཕེབས། སྐུ་མཆད་སོགས་དང་ཁ་རག་གི་བསུམ་རྣམས་དང་མཇལ་ཕྲད་བྱུང་ནས་རིམ་པར་གཞིས་སུ་ཕེབས་”(25)ཞེས་པ་དང་། འབྲུག་སྨྱོས་ཀྱི་ལོ་རྒྱུས་དེད་པའི་སྐབས་སུ་སྨྱོས་རབས་བཅུ་བཞི་པ་གཙང་ཚ་རྡོ་རྗེ་བླ་མ་ཁོང་ནི། “སྤྱི་ལོ་༡༠༠༨ཀྱི་ས་སྤྲེལ་ལོར།  ལ་སྟོད་ཅུང་པའི་སའི་མ་སྡེ་ཞིག་ཏུ་འཁྲུངས་”(26)ཞེས་བྱུང་བ་དེ་གཉིས་ལས། བསྟན་པ་ཕྱི་དར་གྱི་མཚམས་ནས་ལོགས་སུ་གྱེས་པའི་ཁ་རག་སྨྱོས་དང་། ལ་སྟོད་སྨྱོས། ལྷ་སའི་སྐར་སྨྱོས་བཅས་རྒྱུད་པ་ཆེན་པོ་གསུམ་གྱི་ཁྱབ་ཁོངས་དང་འབྲེལ་བ་ཇི་འདྲ་ཡིན་མིན་ཅུང་ཁ་གསལ་ཙམ་མངོན་པ་མ་ཟད། སྐབས་བབ་ཀྱི་དཔྱད་གཞི་འདི་དང་བསྟུན་ནས་དོ་སྣང་བྱ་དགོས་པ་ཞིག་དང་།  ཡང་ན་ཤེས་རྟོགས་ཐུབ་པ་ཞིག་ནི། ལ་སྟོད་ཀྱི་སྨྱོས་རིགས་ཀྱི་གནས་ཡུལ་ནི་ཡུལ་ངེས་མེད་གང་ཞིག་མ་ཡིན་པར། ལ་སྟོད་ཅུང་གི་ལུང་པ་དེ་རང་ཡིན་ཞིང་། ལ་སྟོད་ཅུང་གི་ས་ཆ་དེ་ནི་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་རྡོ་པའམ་ཡང་ན་རྡོ་སྤེ་བཀྲ་ཤིས་རྒྱལ་པོ་འཁྲུངས་པའི་གནས་དེ་རང་ཡིན་སྙམ་པ་དེ་ཡིན། དེས་ན་ད་ལྟའི་ཆར་གུས་པར་རྡོ་པ་བཀྲ་ཤིས་རྒྱལ་པོ་ཉིད་རིགས་སྨྱོས་ཡིན་མིན་གྱི་འབྲེལ་ཡོད་དཔྱད་ཡིག་ཁུང་བཙན་ཞིག་མ་རྙེད། འོན་ཏེ། གོང་དུ་དྲངས་པའི་ཁུངས་ལུང་དང་རིགས་པས་དེད་པའི་དཔྱད་བརྗོད་ལས། ཞལ་ཐང་དེའི་ནང་དུ་གསལ་བའི་ཁ་རག་རྒྱལ་པོའི་རིགས་ལས་འཁྲུངས་པའི་ཡོན་བདག་བཀྲས་རྒྱལ་གྱི་རིགས་ནི་སྨྱོས་ཡིན་པ་དང་།  དེ་ཡང་སྨན་མཁྱེན་ཆེན་མོ་ཟུང་གི་སློབ་དཔོན་མཚན་ལ་རྡོ་པ་བཀྲས་རྒྱལ་ཞུ་བ་དེ་ཡིན་སྙམ་པ་ཙམ་ལས་ཞིབ་ཕྲའི་ལོ་རྒྱུས་ད་ཆའི་བར་ལྐོག་གྱུར་གྱི་གནས་སུ་ཚུད་ཡོད།  
        ༣ རྒྱབ་བྱང་ལས་རི་མོ་བའི་སྐོར།    
        རྒྱབ་བྱང་གི་དུམ་བུ་གཉིས་པའི་ནང་དུ།  “ཚུལ་འདི་ལག་རྩེར་སོན་བྱེད་རི་མོ་བ། །ལྷོ་བྲག་སྨན་ཐང་ཕྱོགས་ནས་གྱི་ནའི་ལས། །ལྷུར་ལེན་སྨན་བླ་དོན་གྲུབ་ཞེས་བྱ་བ། །གང་གི་སོར་མོ་བསྐྱོད་པའི་བཟློས་གར་ལས། །སྲས་བཅས་རྒྱལ་བའི་རི་མོ་འདི་སྤྲོས་སོ། །”ཞེས་བྱུང་བ་ལྟར་ན། སྟོན་པའི་ཞལ་ཐང་དེ་ཉིད་བཞེངས་མཁན་ནི་ཕ་ཡུལ་ལྷོ་བྲག་སྨན་ཐང་ཕྱོགས་ནས་ཡིན་པའི་“གྱི་ན་བ་”སྨན་བླ་དོན་གྲུབ་ཅེས་བྱ་བ་དེ་ཡིན་པ་གསལ་པོ་ཡིན། དེ་ལས་དེ་སྔོན་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་མཁན་མང་དག་ཅིག་གིས་ཁོང་གི་མཚན་ལ་སྨན་བླ་དོན་གྲུབ་རྒྱ་མཚོ་ཞེས་བྲིས་འདུག་པ་ནི་མ་དག་རྒྱུན་འབྱམས་ཤིག་ཡིན་པ་ར་སྤྲོད་བྱེད་ཐུབ།   
        མཇུག་བསྡུའི་གཏམ།  
        གོང་དུ་ཞལ་ཐང་དེའི་རི་མོའི་འབྲི་ལུགས་དང་།  འབྲི་བའི་ནང་དོན། གོས་ཤམ་གཏོང་ལུགས་དང་རྒྱུ་ཆ། རྒྱབ་བྱང་གི་ནང་དོན། རྒྱབ་བྱང་གི་འབྲི་ལུགས། དེ་བཞིན་ཡིག་གཟུགས་དང་དག་ཆའི་འགྲོ་སྟངས། རྩོམ་ཚུལ་སོགས་གང་ས་སྤྱི་ཐད་ལ་དབྱེ་ཞིབ་དང་བརྟག་དཔྱད་ཅི་ནུས་བྱས་ཁུལ་ལས།གསར་དུ་རྙེད་པའི་སྟོན་པའི་ཞལ་ཐང་དེ་ནི་རྒྱབ་བྱང་དུ་གསལ་བའི་དོན་དང་ཡོངས་སུ་མཐུན་པར།   དུས་རབས་བཅོ་ལྔ་པའི་ནང་དུ་བྱོན་པའི་བོད་ཀྱི་སྨན་ལུགས་རི་མོའི་སྒྱུ་རྩལ་གྱི་བྱེད་པོ་པིར་ཐོགས་རྒྱལ་པོའམ། ལྷག་པའི་ལྷས་བྱིན་གྱིས་རླབས་པར་གྲགས་པའི་བཟོ་བོ་སྤྲུལ་སྐུ་དཔོན་མོ་ཆེ་སྨན་ཐང་པའམ་མཚན་ཆ་ཚང་ལ་ལྷོ་བྲག་སྨན་བླ་དོན་གྲུབ་ཏུ་གྲགས་པ་དེས། དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་ནས་དབུ་བརྩམས་ཏེ།  བོད་དབུས་གཙང་གི་ཡུལ་གྲུ་མང་དག་ཅིག་ལ་ཕེབས་ཏེ་ལྡེབས་རིས་དང་། གོས་སྐུ། ལྷག་པར་དུ་བྲིས་ཐང་སོགས་རི་མོའི་བརྩམས་ཆོས་ཕུལ་དུ་བྱུང་བ་དུ་མ་ཞིག་རང་ཅག་རྗེས་རབས་པའི་མིག་གི་སྟོན་མོ་དང་ཡིད་ཀྱི་རྒྱགས་ཕྱེར་བཞག་གནང་ཡོད་པ་དེའི་གྲས་ཤིག་ཡིན་པའི་གདེང་ཚོད་ཟབ་མོ་ལྡོག་ཏུ་མེད་པ་ཞིག་རྒྱུད་ལ་སྐྱེས་བྱུང་བ་མ་ཟད། རྒྱབ་བྱང་དང་མེ་ལོང་གི་ངོས་སུ་རི་མོ་དང་ཡི་གེའི་རྣམ་པར་གསལ་བའི་ཁ་རག་རྒྱལ་པོའི་རྒྱུད་དུ་འཁྲུངས་པའི་མིའི་ཁྱུ་མཆོག་བཀྲས་རྒྱལ་དུ་འབོད་པ་དེ་ཡང་སྤྱིར་བཏང་གི་མི་སྣ་ཞིག་གཏན་ནས་མ་ཡིན་པར།  ཁོང་ནི་སྨན་ཐང་ལུགས་ཀྱི་སྲོལ་འབྱེད་པ་ལྷོ་བྲག་སྨན་བླ་དོན་གྲུབ་དང་།  མཁྱེན་ལུགས་རི་མོའི་བྱེད་པོ་གོང་དཀར་མཁྱེན་རྩེ་ཆེན་མོ་གཉིས་ཀྱི་སློབ་དཔོན་རྡོ་པ་བཀྲ་རྒྱལ་དུ་འབོད་པའི་སྐྱེས་ཆེན་དམ་པ་དེ་རང་ཡིན་པའི་ངེས་ཤེས་ཀྱང་ཅུང་ཟུད་སྐྱེས་བྱུང་། འོན་ཀྱང་ད་དུང་མུ་མཐུད་དཔྱད་དགོས་པ་དང་གསལ་ཁ་གཏོད་དགོས་པའི་ལོ་རྒྱུས་ཀྱི་གནད་དོན་རབ་དང་རིམ་པ་སྔར་བཞིན་བཀའ་སློབ་གང་མང་བཅས་གནང་རྒྱུའི་འདུན་པ་སྙིང་བཞིན་ལྐོག་གྱུར་གྱི་གནས་སུ་ལུས་ཡོད། དེར་བརྟེན། དོན་ལ་གནས་པའི་རིག་པའི་ཁྱུ་མཆོག་རྣམས་ཀྱིས་དོན་འདིར་འདི་ཡིན་དེ་མིན་གྱི་དཔྱད་པ་དང་ཟོལ་མེད་ཀྱི་བགྲོ་གླེང་།  དེ་བཞིན་བཀའ་སློབ་གང་མང་བཅས་གནང་རྒྱུའི་འདུན་པ་སྙིང་དབུས་སུ་འཆང་བཞིན། །
        མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①རྒྱུན་དུ་རང་ཅག་གིས་མཇལ་བའི་རྐྱལ་བ་རྡོ་རྗེ་འཆང་ནི་ཕྱག་གཉིས་མདུན་ངོས་སུ་བསྣོལ་ནས་སོ་སོར་རྡོ་རྗེ་དང་དྲིལ་བུ་འཛིན་པའི་རྣམ་པ་ཞིག་ཡིན། འདིར་ཆོས་འཆད་ཀྱི་རྣམ་པར་བཞེངས་པ་ནི་ཆོས་ལུགས་ཀྱི་དམིགས་བསལ་དགོས་པ་རྒྱུ་མཚན་ཡོད་ཚུལ་རྗེ་དགེ་འདུན་གྲུབ་པ་མཆོག་གི་རྣམ་ཐར་ནང་གསལ་པོར་གསུངས་འདུག
②③④《རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་བཞུགས》བཀྲ་ཤིས་ལྷུན་པོའི་ཤིང་དཔར། ཤོག་ངོས་༥༡ ༦༡ ༦༤བཅས་སུ་གསལ།
⑤སྨན་ཐང་པར་འདི་ལྟ་བུའི་ཆེ་བསྟོད་ནི་བདག་གི་ཤེས་རྟོགས་མེད་པར་བྲིས་པ་ཞིག་གཏན་ནས་མ་ཡིན་པར། སྐབས་དེའི་སྦྱིན་བདག་གམ་དོན་གྱི་བདག་པོ་རྒྱལ་དབང་དགེ་འདུན་གྲུབ་པ་མཆོག་གེ་གསུང་ཡིན། ཆེ་བསྟོད་འདི་ལས། སྐབས་དེར་མ་གཞི་བཀྲ་ཤིས་ལྷུན་པོར་ལྡེབས་བྲིས་བྱེད་པོ་བསམ་གཏན་སོགས་ཡོད་མོད་ཀྱང་།  དེ་དག་གི་ཁྲོད་ལས་སྨན་བླ་དོན་གྲུབ་འདི་ཉིད་ཕྱག་བཟོའི་རྩལ་ཕུལ་དུ་བྱུང་བའི་སློབ་དཔོན་ཞིག་ཏུ་གྱུར་ཟིན་པ་ར་སྤྲོད་གསལ་པོ་བྱེད་ཐུབ།
⑥ད་ཆ་ཚོན་རྣམས་ཞུས་ཏེ་ཕལ་ཆེར་མེད་པར་གྱུར་འདུག འོན་ཏེ། མཐིང་ནག་གི་གཞི་དེ་གསལ་པོར་མངོན་ཐུབ་པས་ཞིབ་ཕྲ་དཔར་རིས་ལ་གཟིགས་པར་འཚལ།
⑦པདྨའི་གདན་འོག་གི་གཡས་གཡོན་གཉིས་སུ། རལ་པ་གཟེངས་པའི་སེང་གེའི་གཟུགས་བརྙན་ཕྱེད་ཁྲི་འོག་དང་ཕྱེད་ཕྱིར་ཕྱུང་པ་རེ་རེ་མངོན་པ་ལས་དུས་ཕྱིས་ཀྱི་རྒྱས་སྤྲོས་མི་སྣང་། 
⑧རྒྱབ་བྱང་དུ་འཁོད་པར་གཞིགས་ན། མི་སྐྱ་ཕོ་མོ་འདི་གཉིས་ནི་སྨན་ཐང་པ་ཆེན་པོས་ཞལ་ཐང་དེ་བཞིན་བཞེངས་པའི་སྐབས་ཀྱི་སྦྱིན་བདག་སྟེ།  བཀྲས་རྐྱལ་དང་དཔལ་ལ་སྟངས་དཔྱལ་གཉིས་ཡིན། གཞན་ཡང་རྒྱབ་བྱང་གི་ནང་དུ་ཡོན་བདག་བཀྲས་རྒྱལ་ལ་བསྟོད་པའི་སྐབས་སུ “འབྱོར་པ་རྣམ་ཐོས་བུ་ལ་འདྲེན་(འགྲན་)འདྲ་བ་”ཞེས། ཕྱོགས་གཅིག་ནས་སྦྱིན་པའི་བདག་པོ་དེའི་རྒྱུ་དངོས་ཀྱི་འབྱོར་པ་སྟོབས་དང་ལྡན་པ་ཞིག་ཡིན་པར་བསྟན་པ་དང་།  ཕྱོགས་གཞན་ཞིག་ནས་ད་ཐེངས་ཀྱི་ཞལ་ཐང་དེ་བཞེངས་པའི་སྦྱིན་བདག་ཀྱང་ཡིན་པར་བསྟན་ཡོད།
⑨རི་མོའི་ངོས་སུ་གསལ་བའི་རྣམ་པ་དེ་ལྟར་ཡིན་རུང་། ཆེས་ཐོག་མའི་ཚོས་གཞི་ཡིན་ནམ་ཡང་ན་དེར་ནམ་དུས་ཀྱི་དབང་གིས་འགྱུར་བ་བྱུང་བ་གང་ཞིག་ཡིན་པ་ནི་རྟོགས་པར་དཀའ།
⑩གསེར་གཡུའི་རྣ་རྒྱན་དེ་ནི་འཕྱང་འཕྲུལ་གྱི་རྣམ་པ་ཞིག་ཡིན་པ་དང་།  དེ་ཡང་རྣ་ཅོག་གི་མདུན་དུ་གསེར་གྱི་རྣ་རྒྱན་སྒོར་མོ་དང་དེའི་རྒྱབ་ངོས་སུ་གཡུ་རྡོག་པོ་གསུམ་ཙམ་སྦྲེལ་ནས་འཕྱང་འཕྲུལ་དུ་བརྒྱན་འདུག
(⑾ཡང་འདོད་ཡོན་སྣ་ལྔའི་གོ་རིམ་དང་འབྲི་ལུགས་གཞིར་བྱས་ཚེ།  གཟུགས་མཚོན་པར་བྱེད་པའི་དངོས་པོ་ནི་མེ་ལོང་ཁོ་ན་ཡིན་དགོས་མོད། འདིར་ནི་དབྱིབས་སྒོར་མོ་མེ་ལོང་འདྲ་བའི་ཐོག་ཚོན་མདོག་ལི་ཁྲི་ཅན་ཞིག་མཆིས་སོ། ཞིབ་ཕྲ་དཔར་རིས་ལ་གཟིགས་པར་འཚལ།
⑿དིའི་བཟོ་དབྱིབས་དང་ལྷག་པར་དུ་རབ་ཏུ་གདངས་པའི་མཆུ་དང་ཀྲོང་ངེར་ལངས་པའི་རྣ་ཅོག་གཉིས་ལ་བལྟས་ཚེ། ཁྱི་ཡི་རྣམ་པ་དང་འདྲ་ཤས་ཆེ་བས་ཡ་མཚན་པ་ཤིག་འདུག
⒀དེ་ཡང་རི་མོའི་ནང་དོན་དང་རྒྱབ་བྱང་གི་ནང་དོན་ཟུང་དུ་སྦྲེལ་ནས་བརྟགས་ཚེ། ཞལ་ཐང་དེ་བཞིན་གནས་བཅུའི་ཞལ་ཐང་གི་གཙོ་ཐང་ཞིག་ཡིན་པ་གསལ་པོར་མངོན་ཞིང་།  འདིའི་ནང་དོན་ནི་སྨན་བླ་དོན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་དང་གསེར་མདོག་ཅན་སོགས་སུ་རས་བྲིས་དང་ལྡེབས་བྲིས་སུ་བཞེངས་པ་མང་ཤོས་ཀྱི་འབྲི་བ་ཞིག་ཡིན་པ་མ་ཟད། སྐབས་དེར་དར་སྲོལ་ཆེ་བའི་འབྲི་སྲོལ་ཞིག་ཀྱང་ཡིན་པ་ལོ་རྒྱུས་ཀྱི་ཡིག་རིགས་དག་ལས་མངོན་ཐུབ་པས། པིར་ཐོགས་ཀྱི་རྒྱལ་པོ་སྨན་ཐང་པའི་ཕྱག་སོར་ལས་འཁྲུངས་པར་དོགས་པ་གང་ཡང་མིན་འདུག་སྙམ།
⒁རྒྱུན་དུ་མཐོང་ཆོས་སུ་གྱུར་བ་མང་ཆེ་བ་ནི་བླ་མའི་ཕྱག་རྗེས་དང་།  ཞབས་རྗེས། དམ་ཕྲུའམ་ཡང་ན་མཚན་བཀོད་པ་སོགས་ཡིན།
⒂དིའི་ཡིག་གཟུགས་ལཉྫ་ཡིན་ཞིང་། ཡི་གེའི་གཟུགས་དང་འབྲི་རྩལ་ལ་བལྟས་ན། འདིའི་གཤམ་གྱི་བོད་ཡིག་འབྲི་མཁན་དང་ཡིག་མཁན་གཅིག་མིན་ནམ་སྙམ།
⒃དུམ་བུ་དང་པོར་སྟར་པ་གཅིག་དང་ནང་དོན་ལ། ༄༅། །ཨོམ་སརྦབིདྻཱདྱཱསྭཱཧཱ། །ཞེས་དང་། དུམ་བུ་གཉིས་པར་ཡིག་སྟར་གསུམ་དང་ནང་དོན་ལ། ༄༅། །ཨོམནམོབྷགྷྭལྦཏེ། ཤཀྱཱམུནཡེ། ཏཐགཏཡ། ཨརྷཏེསམྱཀྶམབུ་དྔྷཡ། ཏདྱཐ། ཨོམམུནིམུནིམཧཱམུནིཡེསྭཱཧཱ།  ཨོམམུནིམུནིམཧཱམུནིཡེསྭཱཧཱ། ཨོམསུཔནརཏིཋྛབཛྲཡེསཱཧཱ། ཞེས་སྟོན་པ་ཤཀྱཱཐུབ་པའི་གཟུངས་སྔགས་དང་།  དུམ་བུ་གསུམ་པར་ཡིག་སྟར་གཉིས་དང་ནང་དོན་ལ།
༄༅ །  །ཡེདྷརྨཱཧེཏུབྲབྲལྦཱཧེཏུནཏེཤའནྟཐཱགཏོཧྱལྦདཏ།  ཏེཥཱཉྩཡོནིརོདྷཨེལྦམ།  ལྦཱཏིམཧའཤྲམཎ།  ཨོབེཤྲབནཡེསཱཧཱ། ཨོཛམྦྷལཛལེནྡྲཡེསཱཧཱ།    ཞེས་རྣམ་ཐོས་སྲས་དང་ནོར་ལྷ་ཛམ་བྷ་ལའི་གཟུངས་སྔགས་བཅས་བཀོད་ཡོད།  (ནོར་གླིང་འགྱུར་མེད་ཚུལ་ཁྲིམས་ལགས་ནས་རྒྱབ་བྱང་དེ་དག་གི་སྒྲ་སྒྱུར་རམ་འདེགས་གནང་བར་བཀའ་དྲིན་ཆེ་ཞུ)
⒄སྨན་བླ་དོན་གྲུབ། 《བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་ཚད་ཀྱི་རབ་ཏུ་བྱེད་པ་ཡིད་བཞིན་ནོར་བུ་》 ཤོག་ངོས་༡༢༠ན་གསལ།
⒅དེ་ནི་འདུལ་བ་མདོ་རྩའི་ནང་ལས་དྲངས་པ་ཞིག་ཡིན་པ་དང་སྔོན་གྱི་ཞལ་ཐང་མང་པོའི་རྒྱབ་ངོས་སུ་མཐོང་ཆོས་སུ་གྱུར་བ་ཞིག་རེད་འདུག་ཅིང་།  ཞལ་ཐང་གི་རྒྱབ་ངོས་སུ་བྲིས་པ་དེ་ཡང་དམིགས་བསལ་གྱི་དགོས་པ་རྒྱུ་མཚན་ཤིག་ཡོད་ངེས་ཀྱང་།  ད་བར་ཡིག་རིགས་ཁག་དང་སློབ་དཔོན་གྱི་གསུང་སོགས་གང་དུ་ཡང་དེའི་སྐོར་མ་མཇལ། གཞན་ཡང་། དེའི་ཚབ་ཏུ་འབྲི་བར་བྱེད་པའི་དོན་གཞན་ཞིག་ནི། “སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བསགས །རང་གི་སེམས་ནི་ཡོངས་སུ་འདུལ། །དེ་ནི་སངས་རྒྱས་བསྟན་པ་ཡིན། །”ཞེས་པ་དེ་ཡིན། བདག་གི་བསམ་པར།  དད་ལྡན་ཆོས་བྱེད་སྐྱེས་བུ་སུ་འདྲ་ཞིག་ཡིན་རུང་།  ཞལ་ཐང་ནི་རང་གེ་ཡི་དམ་དང་བླ་མའི་སྣང་བརྙན་དེ་བློ་ངོར་སྒོམ་པ་དང་དྲན་པར་བྱེད་པའི་དམིགས་བསལ་གྱི་དངོས་པོ་གལ་ཆེན་ཞིག་ཡིན་པས་ན།  རྒྱབ་བྱང་དུ་དེ་ལྟ་བུའི་དགེ་སྒྲུབ་སྡིག་སྤོངས་ཀྱི་ཚིག་དོན་བཀོད་པ་ཡང་ཚུལ་ཁྲིམས་སྲུང་བའི་དམ་བཅའི་རྣམ་པ་ཞིག་མིན་ནམ་སྙམ།
⒆ཤོ་ལོ་ཀ་འདིས་ད་ཐེངས་འཚོལ་རྙེད་བྱུང་བའི་སྟོན་པ་གཙོ་འཁོར་གསུམ་གྱི་ཞལ་ཐང་དེ་དང་ལྷན་དུ་གནས་བརྟན་བཅུ་དྲུག་གི་ཐང་ག་བརྒྱད་ཡོད་པ་རྣམས་གྲྭ་ཚར་གཅིག་ཡིན་པ་མ་ཟད། ཞལ་ཐང་དེ་བཞིན་གཙོ་ཐང་ངམ་དཀྱིལ་ཐང་ཡིན་པ་གསལ་པོར་རྟོགས་ཐུབ།
⒇ད་ལྟའི་དག་ཡིག་གེ་འགྲོ་ལུགས་གཞིར་བཟུང་ན། མིང་གཞི་ག་སྟེ་འགྲན་དུ་འབྲི་དགོས་མོད། སྐབས་དེར་འགྲན་ཟླའི་འགྲན་དེ་འདྲེན་ནམ་ཡང་ན་དབྱངས་འགྲེང་བུ་མེད་པར་འདྲན་དུ་འབྲི་བའི་ལུཀས་ཀྱང་འདུག་པ་ནི། ཡིག་ནོར་མ་ཡིན་པར་སྐབས་དེའི་བོད་ཡིག་གི་ཁྱད་ཆོས་སམ་མཚོན་རྟགས་ཤིག་ཏུ་ངོས་བཟུང་ན་ཆོག་པར་སྣང་། འོ་ན་དེ་ལྟ་བུའི་ལུགས་སྲོལ་དུས་གང་འདྲ་ཞིག་ནས་དར་བ་དང་དུས་ནམ་ཞིག་ནས་འགྲན་ཡིག་གིས་ཚབ་བྱས་པ་ཡིན་ནམ་ཟེར་ན། དེ་ཡང་དུས་རབས་མི་འདྲ་བའི་དཔེ་མཚོན་ཅན་གྱི་ཡིག་ཆ་ཁུངས་བཙན་དག་ཕན་ཚུན་ཞིབ་བསྡུར་གྱིས་དཔྱད་སྡོམ་བྱ་དགོས་པ་གལ་ཆེ།  དཔྱད་རྩོམ་འདི་འབྲི་བའི་དུས་སུ་ཕྲན་གྱིས་གནས་སྐབས་དགོས་པའི་དབང་གིས་རོབ་ཙམ་དོ་སྣང་བྱས་པ་ལས་དུས་ནམ་ཞིག་ནས་འགོ་ཚུགས་མིན་བརྗོད་པའི་སྤོབས་མ་མཆིས་ནའང་། དེ་ནི་བོད་ཡིག་ཐོག་མ་བཀོལ་སྤྱོད་བྱེད་པའི་སྐབས་ནས་འདི་ལྟར་འབྲི་བ་ཡིན་སྲིད་ལ། དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་ནས་འབྲི་ལུགས་དག་ཆ་འགྲན་ཏེ། མིང་གཞི་གར་དངོས་སུ་འགྱུར་བའི་སྣང་ཚུལ་ཞིག་མངོན།
(21)བོད་ཀྱི་བསྟན་མ་བཅུ་གཉིས་ལས་ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ་ཟེར་བ་དེ་གནས་པའི་གངས་རི་དེ་ཡིན་པ་དང་།  དེར་གནའ་བོའི་དུས་སུ་བོད་ཀྱི་བླ་ཆེན་མང་པོ་ཞིག་སྒོམ་སྒྲུབ་ལ་ཕེབས་མྱོང་བ་མ་ཟད། དེང་གེ་བར་དུ་གལ་འགངས་ཤིན་ཏུ་ཆེ་བའི་དམ་པའི་གནས་མཆོག་ཅིག་ཏུ་ངོས་འཛིན་བྱས་དང་བྱེད་བཞིན་ཡོད། ཡུལ་ལུང་དེའི་མིང་གི་དག་ཆའི་ངོས་ནས་བཤད་ན། ཁ་རག་དང་།  ཁ་རེག མཁའ་རག མཁའ་རེག་སོགས་འབྲི་ཚུལ་མི་ཉུང་བ་ཞིག་མཆིས་སོ།
(22)དི་ནི་རིན་སྤུངས་སྡེ་པ་ནོར་བུ་བཟང་པོས་མཐུན་རྐྱེན་བསྐྲུན་ཞིང་། སྤྱི་ལོ་༡༤༣༧ལོར་བྱམས་ཆེན་རབ་འབྱམས་པས་ཕྱག་བཏབ་པ་ཞིག་ཡིན།
(23)གཉོས་སམ་ཡང་ན་སྨྱོས་ཞེས་འབྲི་སྲོལ་གཉིས་མཆིས་པ་ལས་ཕལ་ཆེ་སར་སྨྱོས་འདི་སྤྱོད་པ་མང་།  དེ་ཡང་སྨྱོས་ནི་བཙན་པོའི་རྒྱལ་རབས་སྐབས་སུ་བོད་ཡུལ་དུ་གྲགས་ཆེ་བའི་རུས་ཤིག་ཡིན་པ་དང་།  ཐོག་མར་ཡར་ཀླུང་གི་རྒྱུད་དུ་བྱུང་བ་དང་དེ་ནས་རིམ་བཞིན་ཁ་གྱེས་ཏེ་དབུས་རྒྱུད་ལྷ་སའི་སྟོད་ལུང་གི་ཁུལ་དང་། ཁ་རག དེ་ནས་སྟོད་མངའ་རིས་བཅས་ཡུལ་ཁག་གསུམ་དུ་མཆེད་ཅིང་། ཁ་རག་ཏུ་ཡོད་པ་དེར་ཕྱིས་སུ་ཁ་རག་སྨྱོས་ཞེས་འབོད་པ་དང་གྲགས་པ་ཆེར་ཁྱབ། ཡང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་ཡུལ་ལུང་གི་གནས་སྟངས་གང་ནས་བལྟས་ཀྱང་། འདིར་ཡོད་པའི་ཁ་རག་རྒྱལ་པོ་ཟེར་བ་འདི་ནི་ཁ་རག་གི་སྡེ་པའམ་ཡང་ན་ཡུལ་དཔོན་ཞིག་རང་ལ་གོ་དགོས་སྙམ།
(24)དིར་ཡང་ཁུངས་གཅིག་དྲངས་ནས་ཞུས་ན། རྒྱལ་བ་དགེ་འདུན་གྲུབ་ཀྱི་རྣམ་ཐར་《ནོར་བུའི་ཕྲེང་བ་》ཡི་ནང་།  སྤྱི་ལོ་༡༤༦༩ཙམ་ལ་གདན་ས་བཀྲ་ཤིས་ལྷུན་པོར་རྒྱལ་བ་བྱམས་པ་མགོན་པོའི་སྣང་བརྙན་བཞེངས་སྐབས། བཟོ་བོ་གང་འདྲ་ཞིག་གདན་འདྲེན་མིན་གྱི་གླེང་མོ་ཚུགས་པ་ལ། ཁ་ཅིག་གེས་སླེའུ་ཆུང་བ་ལེགས་ཚུལ་དང་ཁ་ཅིག་གིས་བྱང་པའི་དཔོན་བཀྲ་ཤིས་རིན་ཆེན་པ་དྲག་ཅེས་ཟེར་བ། ཡང་རྣམ་ཐར་འདི་གའི་ནང་དུ་སྨན་བླ་དོན་གྲུབ་ཀྱིས་དགོན་སྡེ་དེར་གོས་སྐུ་དང་ལྡེབས་བྲིས་བཞེངས་པའི་ལོ་རྒྱུས་འགོད་སྐབས་སུ་དཔོན་མོ་ཆེ་ཞེས་པའི་ཚིག་བཀོད་འདུག་པ་བཅས་ལས། དཔོན་དང་།  དཔོན་པོ། དཔོན་མོ་ཆེ་བཅས་ཀྱི་ཐ་སྙད་འདི་དག་ནི་དོན་གཅིག་སློབ་དཔོན་ལ་འཇུག་པར་གསལ།
(25)(26)《འབྲུག་གི་སྨྱོས་རབས་གསལ་བའི་མེ་ལོང་》 བླ་མ་གསང་སྔགས་ནས་བརྩམས། ༡༩༨༣ལོ། ཤོག་ངོས་༧༢ ༧༧༧བཅས་སུ་གསལ།