2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

རྟགས་འཇུག་གཞུང་གི་དཀའ་བའི་གནད་ལ་དཔྱད་པ།

སྤེལ་དུས 2019-12-13 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། སྙན་བཟང་པ་ཀུན་བཟང་རྒྱལ།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་རྟགས་འཇུག་གཞུང་གི་དཀའ་གནད་དུ་གྱུར་བའི་དངོས་པོ་བདག་གཞན་དང་། བྱ་བྱེད་ལས་གསུམ་གྱི་ངོས་འཛིན། བྱ་བྱེད་ཐ་དད་མིན་གྱི་དབྱེ་བ་དང་ཁྱད་ཆོས་སོགས་གནའ་དེང་མཁས་པའི་གསུང་ལ་བརྟེན་ནས་མཐའ་དཔྱོད་བྱས་པ་མ་ཟད། དེ་དག་གི་བརྡ་ཆད་མི་འདྲ་བའི་རྣམ་གྲངས་དང་མཚོན་དོན་རྣམས་ལ་གོ་བདེ་བའི་དཔེར་བརྗོད་དང་སྦྲགས་ནས་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] རྟགས་འཇུག  བྱ་བྱེད་ལས་གསུམ། དངོས་པོ་བདག་གཞན། དུས་གསུམ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག།]1002-946X (2014)04-069-17   
          རྟགས་འཇུག་གཞུང་གི་བསྟན་བྱ་ནི་མིང་གཞི་རྟགས་ཀྱི་ངོས་འཛིན་དང་། སྔོན་འཇུག་རྟགས་ཀྱི་འཇུག་པ། རྗེས་འཇུག་རྟགས་ཀྱི་འཇུག་ཚུལ་བཅས་གསུམ་ཡོད་པ་ལས། སྔོན་འཇུག་གི་སྐབས་སུ་གཙོ་བོ་སྔོན་འཇུག་ཡོད་མེད་ཀྱི་བྱ་ཚིག་གྲུབ་སྟངས་དང་གཟུགས་འགྱུར་མིན་གྱི་ཁྱད་ཆོས་ལ་བརྟེན་ནས་བདག་གཞན་དུས་གསུམ་གྱི་དབྱེ་བ་འབྱེད་པ་དང་། དེ་ནི་དགོས་པ་ཅིའི་ཕྱིར་འཇུག་པའི་སྔོན་འགྲོ་ཡང་ཡིན་པའི་ཕྱིར་ན། འདིར་བརྗོད་པའི་བྱ་ཚིག་ཅེས་པའི་ཚིག་ནི་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་ཚིག་དེར་གོ་རྒྱུ་མིན་པར་བྱ་བྱ་བརྗོད་པའི་ཐ་སྙད་ལ་བྱ་ཚིག་ཅེས་བརྗོད་པ་དང་། སེམས་ཅན་གྱི་རྩོལ་བའམ་བེམ་པོའི་འགྱུར་བ་མཚོན་པའི་ཐ་སྙད་དེ་ལ་མིང་རྐྱང་དུ་བྱ་བའི་མིང་ཟེར་ཞིང་། ཚིག་སྦྱོར་དུ་བྱ་ཚིག་ཟེར། བྱ་ཚིག་གིས་བསྟན་བྱའམ་བརྗོད་བྱ་ནི། རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བའི་དངོས་པོའི་འཕོ་འགྱུར་དང་འགུལ་སྐྱོད། སེམས་ཅན་གྱི་ལུས་ཀྱི་བྱ་སྤྱོད། སེམས་ཀྱི་འཕྲོ་འདུ་སོགས་མིའི་བློ་ངོར་ཇི་ལྟར་སྣང་བའི་རྣམ་པ་དང་། རྟོག་བཏགས་བྱས་པའི་བྱ་བ་ཇི་སྙེད་པའོ། དེ་བཞིན་དུ་དངོས་པོ་མཐའ་དག་གི་འགུལ་སྐྱོད་དང་འགྱུར་ལྡོག་གི་ཆོས་ཉིད་དེའང་མི་གཞན་གྱི་རྩོལ་བ་ལ་བརྟེན་པ་ཞིག་དང་རྒྱུ་རྐྱེན་ལས་ཕྱུང་པའི་རིགས་གཉིས་ཡོད་ཅིང་། སྔ་མ་ནི་བྱེད་པོ་གང་རུང་གི་རྩོལ་བ་ལ་བརྟེན་ནས་བྱ་བའི་འབྲས་བུ་ཞིག་འབྱུང་བཞིན་ཡོད་པ་དེར་བོད་ཀྱི་བརྡ་སྤྲོད་གཞུང་དུ་རྩོལ་འགྱུར་གྱིལས་ཏེ། “བྱེད་པ་པོ་གཞན་དང་འབྲེལ་བའི་ལས་;'ཞེས་པརྗོད་པ་དང་། ཕྱི་མ་ནི་རྒྱུ་རྐྱེན་སོགས་ལ་བརྟེན་ནས་བྱ་བའི་འབྲས་བུ་ཞིག་འབྱུང་བཞིན་ཡོད་པས། དེར་“བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་”ཞེས་བརྗོད་ཀྱི་ཡོད། ལས་ཀྱི་རྣམ་པ་དང་འགྱུར་པ་དེ་བྱ་ཚིག་གིས་སྟོན་པས་ན། བྱ་བ་ལ་བྱ་བ་སྐྱེ་བའི་སྔ་ཕྱིའི་གོ་རིམ་དང་། བྱས་ཟིན། བྱེད་བཞིན། རྗེས་སུ་བྱ་རྒྱུའི་ཁྱད་པར་དང་། དུས་དང་གནས་སྐབས་ཀྱིས་ཕྱེ་བའི་རྣམ་པ་སོ་སོར་ཐ་དད་པ་མང་དུ་ཡོད་པས། བྱ་ཚིག་ལའང་སྒྲ་གདངས་དང་ཚིག་གྲོགས་ཅི་རིགས་ཀྱིས་མཚོན་པའི་དུས་ཀྱི་ཁྱད་ཆོས་བྱུང་བ་རེད།   
གཅིག བྱེད་པ་པོ་གཞན་དང་འབྲེལ་བའི་བྱ་ཚིག  
          བྱེད་པ་པོ་གཞན་དང་འབྲེལ་བའི་བྱ་ཚིག་ཡིན་ན། བྱ་བྱེད་ཐ་དད་པ་སྟེ། བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་གྱི་དབྱེ་བ་ཡོད་པ་དང་། དེ་ནི་ལས་ཀ་བྱེད་མཁན་ཞིག་གིས་ལས་དོན་གང་རུང་ཞིག་སྒྲུབ་པའི་ཚེ་ན། བྱ་བ་དེའི་མགོ་མཇུག་བར་གསུམ་གྱི་བརྒྱུད་རིམ་དང་རྣམ་པ་ཇི་བཞིན་ངོ་སྤྲོད་པའམ་གསལ་བརྗོད་བྱེད་པ་ཡིན་པས། དེ་ལ་བོད་ཀྱི་བརྡ་སྤྲོད་གཞུང་དུ་དངོས་པོ་བདག་གཞན་དང་བྱ་བྱེད་ལས་གསུམ་སོགས་ཀྱི་བརྡ་ཆད་མཛད་ནས་ངོས་འཛིན་བྱེད་པ་ཡིན། དེ་ལ་སི་ཏུ་པཎ་ཆེན་གྱིས་མཛད་པའི་《མུ་ཏིག་ཕྲེང་མཛེས་》ལས། “ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང་། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱའོ་”①ཞེས་གསུངས། དེའི་བདག་ཅེས་པ་ནི། རང་གཞན་གཉིས་ཀྱི་ནང་ནས་རང་གི་དོན་མ་ཡིན་པར་བྱ་བ་གང་ཞིག་བྱེད་ཀྱང་བྱེད་པ་པོའམ་བྱ་བ་བྱེད་མཁན་དེ་ལ་དངོས་པོ་བདག་ཟེར་བ་དང་། གཞན་ཞེས་པ་ནི། རང་གཞན་གཉིས་ལས་མི་གཞན་གྱི་དོན་མ་ཡིན་པར་བྱ་བའི་ཡུལ་ལམ་ལས་དེར་དངོས་པོ་གཞན་ཞེས་པའི་བརྡ་ཆད་བཏགས་པ་རེད། དེས་ན་“བཅས་པ་”ཞེས་པའི་ནང་དུ་ཅི་ཞིག་བསྡུས་ཡོད་དམ་ཞེ་ན། བྱེད་ལས་དང་བྱ་ལས་གཉིས་བསྡུས་ཡོད་ལ།  བྱེད་པ་སྟ་རེ་ལྟ་བུ་ནི་དངོས་པོ་བདག་གི་ཁོངས་སུ་བསྡུ་དགོས་པ་ཡིན་པ་ལས་དངོས་པོ་བདག་མིན་ཏེ། བྱེད་པ་པོ་དང་འབྲེལ་བའི་དངོས་པོ། བྱེད་པ་དང་། བྱེད་ལས་སོགས་ནི་བདག་གི་ཁོངས་སུ་བསྡུ་བ་དང་། བྱ་བའི་ཡུལ་དང་ལས། བྱ་ལས་བཅས་ནི་དངོས་པོ་གཞན་གྱི་ཁོངས་སུ་བསྡུ་པ་ཡིན། དེའི་ཕྱིར་ལས་ཀ་གང་ཞིག་ཡིན་རུང་ལས་ཀ་དེ་བྱེད་མཁན་གྱི་མི་(སེམས་ཅན་གང་རུང་གི་རྩོལ་བ་ཡང་འདུས་) དང་། བྱེད་པ་ལག་ཆ།  བྱེད་ལས་བཅས་ལ་དངོས་པོ་བདག་ཅེས་དང་། བྱེད་པ་པོ་དེས་བསྒྲུབ་པར་བྱ་བའི་ཡུལ་ལམ་ལས་དེ་དང་། ཡུལ་ལམ་ལས་དེ་དང་འབྲེལ་བའི་བྱ་ལས་བཅས་ལ་ནི་དངོས་པོ་གཞན་ཞེས་བརྗོད་པ་རེད། བདག་གཞན་གྱི་དབྱེ་བ་ཡོད་པ་དེ་ལ་བ་བྱེད་ཐ་དད་པ་ཟེར། དེ་ནི་ཡུལ་གང་ཞིག་ལ་བྱ་བ་གང་ཞིག་བྱེད་པའི་གནས་སྐབས་སུ་བྱེད་པ་པོ་གཙོ་ཕལ་གཞན་ཞིག་དངོས་སུ་སྣང་བའམ་དངོས་སུ་འབྲེལ་བ་ཞིག་ཡིན་དགོས། དེ་ཡང་བྱེད་པ་པོ་དང་ལས་སམ་ཡུལ་གྱི་དངོས་པོ་གཉིས་སོ་སོར་དབྱེ་བ་འབྱེད་དུ་ཡོད་པ་ཞིག་སྟེ། དཔེར་ན། ཚེ་རིང་གིས་སིལ་སྡོང་བཅད་ཅེས་པའི་སིལ་སྡོང་ནི་བྱ་བྱེད་ཐ་དད་མིན་གྱི“བྱ་”ཡིན་ཞིང་། དེ་གཅོད་པའི་བྱ་བ་བྱེད་མཁན་ནི་ཚེ་རིང་ཡིན་པས་བྱ་བྱེད་ཐ་དད་མིན་གྱི་“བྱེད་”ཅེས་ཟེར། དོན་འདི་ཤེས་ན། བྱ་བྱེད་གཉིས་ཀྱི་དབྱེ་གཞི་གང་ཡིན་པའང་རྟོགས་ཐུབ་པ་རེད།   
          བྱ་བྱེད་ལས་གསུམ་ཞེས་པ་ནི། གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་མཛད་པའི་《གསེར་ཏོག་སུམ་རྟགས་》ལས “བྱ་བྱེད་ལས་གསུམ་དུ་ཕྱེ་པའི་དོན་ལ། བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་དབང་གིས་ཁྱད་པར་མི་འདྲ་བ་ཅུང་ཟད་རེ་ཡོད་མོད།  གཙོ་ཆེར་བྱེད་པ་པོས་ལས་སུ་བྱ་བ་གང་བྱ་རྒྱུ་དེ་བགྱི་བ་ལ་བྱ་བ་དང་། བྱ་བ་དེའི་བྱེད་པ་པོ་གཙོ་བོ་དང་བྱེད་པ་ཕལ་པ་གཉིས་ལ་བྱེད་པ་དང་། ལས་གང་བྱ་བའི་ཡུལ་ལ་ལས་ཞེས་བྱའོ་”②ཞེས་གསུངས་པ་ཁ་ཇེ་གསལ་དུ་བཏང་ན། བྱ་བྱེད་ལས་གསུམ་གྱི་ནང་ནས་བྱ་ཞེས་པ་ནི་བྱ་བ་སྟེ། བྱེད་པ་པོ་དང་བྱ་ཡུལ་གཉིས་ཀྱི་དབར་དུ་འཕོ་འགྱུར་འགྲོ་བའམ་འཕོ་འགྱུར་བྱེད་པའི་ཆ་དེ་ལ་ཟེར། བྱེད་ཅེས་པ་ནི། བྱ་བ་གང་ཞིག་བྱེད་པའི་ཚེ་ན་བྱ་བ་དེ་ཉིད་བྱེད་མཁན་གྱི་སྐྱེས་བུ་དེའམ། བྱ་བ་དེ་དང་འབྲེལ་བའི་ལག་ཆ་ལ་ཟེར། ལས་ཞེས་པ་ནི། བྱེད་པ་པོ་ཞིག་གིས་བྱ་བ་གང་ཞིག་བྱེད་པའི་ཚེ་བྱ་བ་བྱེད་སའི་གཞི་དེའམ་བྱ་བའི་ཡུལ་གྱི་དངོས་པོ་དེ་ལ་ཟེར། དེ་ཡང་ཤིང་མཁན་གྱིས་སྟ་རེས་ཤིང་བཅད་པ་ལྟ་བུར་མཚོན་ན། བྱེད་པ་པོ་ཤིང་མཁན་དང་། གཅོད་བྱེད་དམ་ལག་ཆ་སྟ་རེ་གཉིས་ནི། བྱ་བྱེད་ལས་གསུམ་གྱི་ནང་ནས་བྱེད་ཅེས་པ་དེ་ཡིན།  ཤིང་མཁན་གྱིས་སྟ་རེ་ཤིང་གི་ངོས་ལ་འདེགས་འཇོག་བྱེད་པའི་ཆ་དང་། ཤིང་གི་ངོས་ནས་ཚུར་རིམ་པ་བཞིན་དུམ་བུར་ཆད་འོང་བའི་ཆ་གཉིས་པོ་ནི། བྱ་བྱེད་ལས་གསུམ་གྱི་ནང་ནས་བྱ་ཞེས་པ་དེ་ཡིན། ཤིང་མཁན་གྱིས་སྟ་རེ་འདེགས་འཇོག་བྱེད་པའི་གཞིའམ་ཡུལ་གྱི་དངོས་པོ་ཤིང་ནི། བྱ་བྱེད་ལས་གསུམ་གྱི་ནང་ནས་ལས་ཞེས་པ་དེ་ཡིན། བྱ་བྱེད་ལས་གསུམ་ཕན་ཚུན་ལྟོས་བཅས་སུ་གྲུབ་པ་ཡིན་ཏེ།《རྩ་ཤེས་རབ་བྱེད་བརྒྱད་པ་》ལས།  “བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །”ཞེས་གསུངས་པ་ལྟར། ལས་ལ་བརྟེན་ནས་དེ་སྒྲུབ་མཁན་ལ་བྱེད་པོ་ཞེས་བརྗོད་པ་དང་།  བྱེད་པོ་ལ་བརྟེན་ནས་དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་ལ་ལས་ཞེས་བཏགས་ཤིང་། ལས་དང་བྱེད་པ་མེད་ན་དེ་དང་འབྲེལ་བའི་བྱ་བ་ཞིག་ཡོད་པ་མ་ཡིན་པའི་ཕྱིར། བྱ་བྱེད་ལས་གསུམ་ནི་དངོས་པོ་བདག་གཞན་གཉིས་སུ་བསྡུ་བའི་ཚེ། བྱེད་པ་པོ་བདག་དང་།  ལས་སམ་བྱ་ཡུལ་ནི་གཞན་གྱི་ཁོངས་སུ་བསྡུ།  བྱ་བ་ནི་སྤྱིར་དངོས་པོ་གཞན་གྱིས་བསྡུ་མོད། ནང་གསེས་ཕྱེ་ན་བྱེད་པ་པོ་ལ་ཡོད་པའི་བྱ་བ་ནི་བདག་དང་། ལས་ལ་ཡོད་པའི་བྱ་བ་ནི་གཞན་གྱི་ཁོངས་སུ་བསྡུ་བ་ཡིན། བྱེད་པ་པོ་དང་ལས་ཀྱི་དངོས་པོ་གཉིས་དུས་གསུམ་གང་དུའང་མི་གཏོགས་ཏེ། བྱ་བ་མ་ཡིན་པའི་ཕྱིར་རོ།   
          ཡུལ་ལམ་ལས་ཀྱི་ངོས་འཛིན་སྟངས་ལ་རྗེ་སི་ཏུ་པཎ་ཆེན་གྱིས། “དེས་བསྒྲུབ་པར་བྱ་བའི་ཡུལ་གྱིདངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན” ③ཞེས་ “ལས”  ལ “ཡུལ་གྱི་དངོས་པོ་”ཞེས་བརྗོད་པ་དང་།  རྗེ་པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། “བྱ་བ་བསྒྲུབ་པའི་ཡུལ་ལ་ནི། །ལས་ཀྱིདངོས་པོ་ཞེས་པར་བརྗོད །”④ཅེས་གསུངས་པའི་སྡོམ་ཚིག་འདི་ལ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས། “བྱ་བ་བསྒྲུབ་པར་བྱ་བའི་ཡུལ་ལ་ལས་ཀྱི་དངོས་པོ་ཞེས་བརྗོད་དེ། གཅད་བྱའི་ཤིང་ལྟ་བུའོ་” ⑤ཞེས་“ཡུལ་”ལ་“ལས་ཀྱི་དངོས་པོ་”ཞེས་པའི་ཐ་སྙད་བཏགས་ནས་གསལ་བརྗོད་གནང་ཡོད།  དེས་ན་མཁས་དབང་འདི་གཉིས་ཀྱི་གསུང་ཚིག་ཏུ་“ཡུལ་” དང “ལས་”ཞེས་པའི་ཐ་སྙད་གཉིས་བྱུང་ཡོད་པ་ལྟར།  སུམ་འགྲེལ་གྱི་གཞུང་གཞན་ནའང་དེ་ལྟར་སོང་བའི་གནད་ནི། རྟགས་འཇུག་གི་གཞུང་དུ་བྱ་བྱེད་ལས་གསུམ་བཤད་པའི་སྐབས་སུ་མ་གཏོགས་ཡུལ་ཞེས་བརྗོད་མེད་པར་བརྟེན། ལས་ཁོ་ན་བརྗོད་པས་ཀྱང་འཐུས་མོད། འོན་ཀྱང་ལས་ཞེས་པ་ནི་ལས་ཀའམ་བྱ་བ་ལ་འཇུག་པས། གལ་སྲིད་བྱ་བར་འཁྲུལ་ན་དེའང་མི་རུང་བར་བརྟེན་མཁས་པ་སྔ་མ་མང་པོས་“ཡུལ་”ཞེས་རྐྱང་རྐྱང་བརྗོད་ན་སུམ་ཅུ་པའི་བྱ་ཡུལ་ལ་འཁྲུལ་དོགས་དང་།  “ལས་”ཞེས་རྐྱང་རྐྱང་བརྗོད་ན་བྱ་བ་ལ་འཁྲུལ་དོགས་ཀྱིས་“ཡུལ་གྱི་དངོས་པོ་”དང་“ལས་ཀྱི་དངོས་པོ་”ཞེས་པའི་ཐ་སྙད་བཏགས་ཡོད། ཅོ་ནེ་གྲགས་པ་བཤད་སྒྲུབ་ཚང་གིས། “འོ་ན་བྱ་བ་གཞི་ལ་ཡོད་པའི་ལས་ཞེས་པའི་དོན་གང་ཡིན་ཞེ་ན་”⑥ཞེས་“ལས་”ལ་“བྱ་བ་གཞི་ལ་ཡོད་པའི་ལས་”ཞེས་གསུངས་པ་དང་། དཀར་ལེབ་སུམ་རྟགས་ལས།“གཅད་བྱའི་ཤིང་། གཅད་བྱ། གཅད་རྒྱུ་ཞེས་པ་རྣམས་དོན་གཅིག་སྟེ་བྱ་བའི་དངོས་པོ་ཤེང་སྡོང་ལྟ་བུ་དང་”⑦ཞེས་“ལས་”ལ་“བྱ་བའི་དངོས་པོ་”ཞེས་ཟེར་བ་དང་། དགེ་རྒན་ཆེན་མོ་དོར་ཞི་མཆོག་གིས། “འདིར་བྱ་བྱེད་ལས་གསུམ་གྱི་ལས་ཀྱི་དངོས་པོ་དེ་ལ་བྱ་བའི་ལྟོས་གཞི་ཞེས་པ་ཡིན། ལྟོས་གཞི་ཞེས་པ་ནི། བྱ་བྱེད་ལས་གསུམ་ལྡན་གྱི་བྱེད་པས་བྱ་བ་བྱེད་པའི་གཞི་དེ་ལ་ལྟོས་དགོས་ཤིང་། གཞི་དེ་མེད་ན་བྱ་བ་མི་སྐྱེ་བའི་ཆ་ནས་དེ་ལྟར་བཏགས་པ་ཡིན་”⑧ཞེས་“ལས་”ལ་“བྱ་བའི་ལྟོས་གཞི་”ཞེས་འདོགས་པའི་རྒྱུ་མཚན་དང་བཅས་གསལ་བརྗོད་གནང་ཡོད་པ་སོགས་མདོར་ན། བྱ་བྱེད་ལས་གསུམ་གྱི་“ལས་”ངོས་འཛིན་སྟངས་ལ་བོད་ཀྱི་བརྡ་སྤྲོད་གཞུང་གི་འགྲེལ་པ་རྣམས་སུ“ཡུལ་གྱི་དངོས་པོ་” དང་།“ལས་ཀྱི་དངོས་པོ་” “བྱ་བའི་ཡུལ་ལམ་ལས་” “བྱ་བའི་དངོས་པོ་”  “བྱ་བ་གཞི་ལ་ཡོད་པའི་ལས་”  “བྱ་བའི་ལྟོས་གཞི་”བཅས་ཀྱི་ཐ་སྙད་མི་འདྲ་བ་དྲུག་བྱུང་ཡོད་ལ། འདིར་བརྗོད་པའི་བྱ་བྱེད་ལས་གསུམ་གྱི་ལས་དང་། རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་ལས་གཉིས་མི་འདྲ་སྟེ། བྱ་བྱེད་ལས་གསུམ་གྱི་ལས་ནི་བྱ་བ་འཇུག་པའི་གཞི་དེར་ཟེར་ཞིང་། ནགས་སུ་ཤིང་བཅད་ལྟ་བུར་མཚོན་ན། གཅད་བྱའི་ཤིང་ལ་གོ་དགོས་པ་དང་། རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་ལས་ནི་བྱ་བ་བྱེད་སའི་ཡུལ་ཏེ། གཅོད་སའི་ཡུལ་ནགས་ཚལ་ལ་གོ་བའི་ཁྱད་པར་ཤེས་དགོས་སོ།   
          རྟགས་འཇུག་གི་འགྲེལ་པ་རྣམས་སུབ་བྱེད་ལས་གསུམ་གྱི་“ལས་”ལའང་བྱ་བའི་ལས་དང་བྱེད་པའི་ལས་གཉིས་སུ་དབྱེ་བར་ཚིག་བསྡུས་ནས་འགྲེལ་པ་འགར་བྱ་ལས་དང་བྱེད་ལས་ཟེར། དུས་གསུམ་གྱི་ནང་ནས་བྱ་བའི་ལས་ནི་མ་འོངས་པ་དང་བྱེད་པའི་ལས་ནི་ད་ལྟ་བ་ཡིན་པར་བཞེད། ཇི་ལྟར་ཡིན་པའི་ཚུལ་ནི་《གསེར་ཏོག་སུམ་རྟགས་》ལས། “ལས་ལ་ནི། བྱེད་པའི་ལས་དང་།  བྱ་བའི་ལས་གཉིས་ཡོད་དེ། དབུལ་པོས་འབད་པས་ནོར་འཚོལ་བ་ནི། བྱེད་པ་པོ་དབུལ་པོ་དང་འབྲེལ་བའི་ལས་ཞེས་བྱ་ལ།  འབད་པས་ནོར་འཚོལ་བའི་བྱ་བ་ནི། འབད་པ་དང་འབྲེལ་ནས་ངོ་བོ་གཅིག་ཏུ་ཡོད་པས་བྱེད་པ་པོ་དང་འབྲེལ་བའི་ལས་དང་།  བདག་དང་འབྲེལ་བའི་ལས་ཞེས་བྱ་ཞིང་། ནོར་བཙལ་ནས་རྙེད་པའི་ཆ་ནི། བྱ་བའི་ཡུལ་ནོར་དང་འབྲེལ་བའི་ལས་ཡིན་པས་བྱ་བའི་ལས་དང་། གཞན་དང་འབྲེལ་བའི་ལས་ཞེས་བྱའོ་”⑨ཞེས་བསྒྲུབ་པར་བྱ་བའི་གཞི་“ ནོར་”གྱི་སྟེང་དུ་བྱེད་པོ་དབུལ་པོས་“འཆོལ་” བའི་བྱ་བ་འཇུག་པའི་རྩོལ་བ་ནི་བྱེད་པ་པོ་དང་འབྲེལ་བའི་ལས་ཏེ་བྱེད་པའི་ལས་དང་། འབད་པས་རྩོལ་བ་དང་འབྲེལ་ནས་འཚོལ་བའི་བྱ་བ་ནི་དུས་གསུམ་ལས་ད་ལྟ་བ་ཡིན། ནོར་བཙལ་ནས་རྙེད་པ་དང་རྙེད་པའི་ཆ་གཉིས་མི་འདྲ་སྟེ། རྙེད་པའི་ཆ་ཞེས་པའི་“ཆ་” ནི་སྐབས་འདིར་“རྣམ་པ་”ལ་གོ་དགོས་ཤིང་།  བྱེད་པོ་དབུལ་པོས་ཚོང་ལས་སོགས་ཀྱི་རྩོལ་བ་གང་རུང་ཞིག་ལ་བརྟེན་ནས་འབད་པས་རྒྱུ་ནོར་བཙལ་ཀྱང་། ཕྱུག་པོར་འགྲོ་ཐུབ་མིན་ནི་ནོར་གང་འདྲ་ཞིག་རྙེད་ཐུབ་མིན་གྱི་“ཆའམ་རྣམ་པ་”དེར་རག་ལས་པའི་ཕྱིར་ན། ནོར་གྱི་རིན་ཐང་དེས་བྱེད་པོ་དབུལ་པོ་ཉིད་ཕྱུག་པོར་འགྱུར་མིན་དང་དཀའ་ངལ་གང་འདྲ་ཞིག་ཐག་གཅོད་ཐུབ་མིན་ནི་བྱ་ལས་ནོར་གང་ཞིག་རྙེད་པའི་ཆ་དེ་ལས་མ་འདས་པ་ན། བྱ་བའི་ཡུལ་ནོར་དང་འབྲེལ་བའི་ལས་ཡིན་པས་བྱ་བའི་ལས་དང་། དུས་གསུམ་ལས་མ་འོངས་པ་ཡིན་པའི་ཕྱིར་རོ།   
          ཡང་ན། ད་ལྟའི་སྤྱི་ཚོགས་སུ་ནོར་འཚོལ་བའི་ཕྱིར་དུ་གསེར་རྐོ་བའི་བྱ་བར་ཞུགས་མཁན་ཧ་ཅང་མང་ལ། དེ་ལྟ་བུར་མཚོན་ན། གསེར་རྐོ་མཁན་གྱིས་འབད་པས་གསེར་འཚོལ་བའི་བྱ་བ་ནི། གསེར་རྐོ་བའི་རྩོལ་བ་དང་འབྲེལ་ནས་ཡོད་པས་བྱེད་པ་པོ་དང་འབྲེལ་བའི་ལས་ཏེ་བྱེད་པའི་ལས་དང་། འབད་པའི་རྩོལ་བ་དང་འབྲེལ་ནས་རྐོ་བའི་བྱ་བ་ནི་དུས་གསུམ་ལས་ད་ལྟ་པ་ཡིན། དམིགས་བྱ་གསེར་གྱི་རྡོག་མའམ་ཕོན་པོ་ཡང་རུང་གི་རྣམ་པའི་ཆ་(གསེར་ཆེ་ཆུང་གི་རྣམ་པའམ་སྤུས་ཚད་)དེས་གསེར་རྐོ་མཁན་གྱི་ཡོང་སྒོ་ཆེ་ཆུང་ཐག་གཅོད་ཐུབ་ལ། རྙེད་རྒྱུའི་གསེར་ཆེ་ཆུང་གི་རྣམ་པ་དེ་ནི་གསེར་རྐོ་མཁན་གྱི་ཡོང་འབབ་ཚད་གཞི་ཡང་ཡིན་པས། བྱ་བའི་ཡུལ་གསེར་དང་འབྲེལ་པའི་ལས་ཡིན་པའི་ཕྱིར་ན་བྱ་བའི་ལས་དང་། དུས་གསུམ་ལས་མ་འོངས་པ་ཡིན། ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་པའི་བློ་གྲོས་ཀྱིས་མཛད་པའི་《རྟགས་ཀྱི་འཇུག་པའི་དཀའ་གནད་བདག་གཞན་དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཞིབ་ཏུ་ཕྱེ་བ》ཞེས་པ་ལས།“སྟ་རེས་ཤིང་གཅོད་པའི་རྩོལ་པ་ནི་བྱེད་པ་པོ་ཤིང་མཁན་ལ་ཡོད་ཅིང་། ཤིང་དུམ་བུར་བཅད་པའི་ཆ་ནི་བྱ་ཡུལ་ཤིང་གི་སྟེང་དུ་ཡོད་པ་བཞིན་ནོ་”⑩ཞེས་གསུངས་པའི་ཤིང་དུམ་བུར་བཅད་པའི་ཆ་ནི་བྱ་ཡུལ་ཤིང་སྟེང་གི་རྣམ་པ་དེར་གོ་བས་དུས་འདས་པ་ཡིན་ཏེ། དེ་ཉིད་ལས། “འདིའི་དུས་འདས་པ་དང་མ་འོངས་པ་གཉིས་བྱ་བའི་ལས་དང་། ད་ལྟ་བ་དང་སྐུལ་ཚིག་གཉིས་བྱེད་པའི་ལས་སུ་གཏོགས་”⑾ཞེས་གསུངས་པ་ལྟར་བྱ་བའི་ལས་ཡིན་ན་དུས་མ་འོངས་པ་ཁོན་མ་ཡིན་ཏེ།  འདས་པ་ལའང་འཇུག་པའི་ཕྱིར་རོ།   
          བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་གནད་གཙོ་བོ་“བྱ་ཚིག་”གི་བསྟན་བྱ་ཉིད་ལས་མ་འདས་ཏེ། བཅད་ཅེས་པའི་བྱ་ཚིག་འདི་ལ་མཚོན་ན། ཤིང་སྡོང་སོགས་བཅད་པའི་དོན་སྟོན་ཅིང་། ཤིང་སྡོང་བཅད་པ་ནི་མིའི་རྩོལ་བ་དང་འབྲེལ་བའི་བྱ་བ་ཞིག་ཡིན་པས་ན། བྱ་བྱེད་ཐ་དད་པ་སྟེ། དངོས་པོ་བདག་གཞན་གྱི་དབྱེ་བ་ཡོད་པ་ཞིག་ཡིན། དེ་ནི་ཚེ་རིང་ཞེས་པའི་གྲོགས་པོ་ཞིག་ལ་ཅི་ཞིག་བྱེད་ཀྱིན་ཡོད་ལྟ་བུའི་དྲི་བ་ཞིག་བཀོན་པ་དཔེར་མཚོན་ན། ལན་དུ་དེ་རིང་ང་ཁོམ་གྱིན་མེད་ཅེས་བཤད་པ་ན། སླར་ཡང་ཅི་ཞིག་ལ་ཁོམ་གྱིན་མེད་པ་ཡིན་ཞེས་འདྲི་བ་དང་། ལན་དུ་ངས་འདི་ན་གཅིག་གཅོད་ཀྱིན་ཡོད་ཟེར་བ་ན། ཡང་ཅི་ཞིག་གཅོད་ཀྱིན་ཡོད་ཅེས་འདྲི་བ་དང་། ལན་དུ་སྡོང་པོ་གཅོད་ཀྱིན་ཡོད་ཅེས་བཤད་པ་ན། ཡང་གང་ཞིག་ན་ཞེས་འདྲི་བ་དང་། ལན་དུ་སིལ་རའི་ནང་གི་སིལ་སྡོང་སྐམ་པོ་དེ་དག་ཅེས་བཤད་པ་ན། ཡང་གཅོད་བྱེད་ཀྱི་ལག་ཆ་གང་ཞིག་ཅེས་འདྲི་བ་དང་། ལན་དུ་ཤིང་གཅོད་བྱེད་ཀྱི་འཕྲུལ་འཁོར་ཞིག་གཡར་ནས་སིལ་སྡོང་གཅིག་མ་གཏོགས་བཅད་ཚར་སོང་ཞེས་བཤད་ངེས། དེས་ན་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་སྐད་ཆ་འདི་ལས། བཅད་པ་ནི་སིལ་སྡོང་བཅད་པ་ཡིན་ལ། གཅད་སའི་ཡུལ་ནི་སིལ་ར་དང་། གཅོད་བྱེད་ཀྱི་ལག་ཆ་ནི་འཕྲུལ་འཁོར་ཡིན་པ། གཅོད་མཁན་ནི་ཚེ་རིང་ཡིན་པ་རྟོགས་ཐུབ་པ་བཅས། འདི་ཚིག་སྦྱོར་གཅིག་ཏུ་འདྲིལ་ན་འདི་ལྟར། ཚེ་རིང་གིས་འཕྲུལ་འཁོར་གྱིས་སིལ་ར་རུ་སིལ་སྡོང་བཅད་ལྟ་བུ་ཡིན། ཚིག་བསྡུས་ན་ཚེ་རིང་གིས་སིལ་སྡོང་བཅད་ཅེས་པ་ལྟ་བུ་ཡིན་ལ། བྱེད་པ་དང་བྱ་ཡུལ་གཉིས་བསྡུས་ཀྱང་བརྗོད་བྱའི་དོན་སྔར་བཞིན་གོ་ཐུབ་པ་དང་། ལས་ཀ་བྱེད་མཁན་ཚེ་རིང་དང་བྱ་བ་བཅད་གཉིས་ཀྱི་དབར་དུ་རྒྱས་བསྡུས་གང་བྱས་ཀྱང་ཆོག་པ་ནི་ཡུལ་དང་ལག་ཆ་གང་ཡིན་གསལ་མིན་གྱི་ཁྱད་པར་མ་གཏོགས་བྱ་བ་སྤྱིའི་བསྟན་དོན་ལ་འགྱུར་བ་མེད་པ་དང་། ད་དུང་བྱ་ཡུལ་གྱི་ཕྱོགས་མཚམས་དང་དུས་ཚོད། སིལ་རའི་བདག་པོ། སིལ་སྡོང་གི་རྣམ་པ་སོགས་ཀྱང་སྣོན་ཆོག་སྟེ། དཔེར་ན། ཚེ་རིང་གིས་ཤིང་གཅོད་འཕྲུལ་འཁོར་གྱིས་ཨ་ནེ་སྒྲོལ་མ་ཚང་གི་སིལ་རའི་ལྷོ་ནུབ་མཚམས་སུ་སིལ་སྡོང་སྐམ་པོ་གསུམ་ཡོད་པ་དེ་དག་ཕྱི་དྲོ་ཆུ་ཚོད་གཉིས་པ་ནས་བཞི་པའི་བར་བཅད་ཅེས་བརྗོད་ན་སྔར་ལས་ཀྱང་ཁ་ཇེ་གསལ་དུ་སོང་བ་དང་། བྱ་ཡུལ་དང་ཕྱོགས་མཚམས་ཀྱི་ཐ་སྙད་དེ་དག་ཀྱང་བྱེད་སྒྲ་གང་ལ་སྦྱར་བའི་བྱེད་པོ་དང་བྱ་བ་གཉིས་ཀྱི་དབར་དུ་སྦྱོར་དགོས་པ་ལས་བྱ་ཚིག་གི་རྗེས་སུ་སྦྱར་ན། བརྗོད་དོན་ངེ་ལས་དོན་གཞན་ཞིག་གི་རྣམ་པ་གསལ་བཤད་དུ་འགྲོ་བའང་ཤེས་པར་བྱའོ།   
          དེས་ན་“བཅད་”ཅེས་པའི་བྱ་ཚིག་གཅིག་ལ་བྱེད་སྒྲ་ཉིས་བརྩེགས་སྦྱོར་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཚེ་རིང་གི་ཞེས་བྱེད་སྒྲ་མ་སྦྱར་ན་ཤིང་གཅོད་འཕྲུལ་འཁོར་དེ་ཚེ་རིང་གི་ཡིན་པ་ལས་གཅོད་མཁན་གཞན་ཞིག་ཡིན་པར་གོ་བ་དང་། འཕྲུལ་འཁོར་གྱིས་ཞེས་བྱེད་སྒྲ་སྦྱོར་དོན་ནི་འཕྲུལ་འཁོར་གྱི་ཤུགས་ཀྱིས་ཤིང་ཕྱེ་བྲུལ་བའི་ཉག་སྟོང་གི་རྣམ་འགྱུར་དེ་ལས་བཅད་པའི་བྱ་བ་བྱུང་བས་ན། བྱ་ཚིག་གཅིག་ལ་བྱེད་སྒྲ་ཉིས་བརྩེགས་སྦྱོར་དགོས་བྱུང་བ་རེད།  ཡང་ཅིག་བཤད་ན། བཅད་པའི་བྱ་བ་དེ་བྱེད་པ་པོ་དང་བྱེད་པའི་ཕྱོགས་ནས་སྐྱེ་བའམ། བྱེད་པས་དངོས་སུ་བྱས་པ་ཡིན་པའི་རྟགས་སུ།  དེ་མཚོན་བྱེད་ཀྱི་བརྡ་ལ་བྱེད་པ་པོ་དང་། བྱེད་པ་ཚིག་ཟིན་དུ་ཡོད་ན་དེ་དག་གི་མིང་མཐར་བྱེད་སྒྲ་འཇོག་དགོས་པ་ཡིན་ནོ།   
          གོང་དུ་བཀོད་པའི་དཔེར་བརྗོད་དེ་ལས། “བཅད་”ཅེས་པའི་བྱ་ཚིག་ལ་བལྟས་ནས་བདག་གཞན་དུས་གསུམ་གྱི་དབྱེ་བ་བརྡ་སྤྲོད་གཞུང་གི་བརྡ་ཆད་ལྟར་བྲིས་ན་འདི་ལྟར། སིལ་སྡོང་གཅོད་མཁན་དང་། སིལ་སྡོང་གཅོད་པ་པོ། སིལ་སྡོང་གཅོད་པོ་རྣམས་དོན་གཅིག་སྟེ་བྱེད་པ་པོ་དང་། གཅོད་བྱེད་ཅེས་པ་སྟ་རེ་དང་ཤིང་གཅོད་འཕྲུལ་འཁོར་སོགས་བྱེད་པའི་དངོས་པོ་དེ་ཡིན། སིལ་སྡོང་གཅོད་པར་བྱེད་ཅེས་པ་བྱེད་པོའི་དངོས་པོ་སྟ་རེ་སོགས་ཀྱི་ལག་ཆ་མ་གསལ་བའི་བྱེད་ལས་གསལ་བྱེད་རྣམས་ལ་བདག་ཅེས་བྱ་ཞིང་།  སིལ་སྡོང་གཅད་བྱའི་ཡུལ་དང་། གཅད་རྒྱུའི་ས་ཆ། སིལ་སྡོང་གཅད་ས་རྣམས་དོན་གཅིག་སྟེ་སིལ་རའམ་ནགས་ཚལ་ལྟ་བུ། གཅད་བྱའི་སིལ་སྡོང་དང་། གཅད་བྱ། གཅད་རྒྱུ་ཞེས་པ་རྣམས་དོན་གཅིག་སྟེ་བྱ་བའི་དངོས་པོ་སིལ་སྡོང་ལྟ་བུ་དང་། སིལ་སྡོང་བཅད་ཅེས་པ་བྱ་བ་གཞི་ལ་ཡོད་པའི་ལས་ཡིན་ཏེ་འཕྲུལ་འཁོར་གྱི་ཤུགས་ཀྱིས་ཤིང་ཕྱེ་བྲུལ་བའི་ཉག་སྟོང་གི་རྣམ་འགྱུར་དེ་ལས་བཅད་པའི་བྱ་བ་བྱུང་བ་དང་།  གཅད་པར་བྱ་ཞེས་པ་བྱ་བའི་དངོས་པོ་སིལ་སྡོང་མ་གསལ་བའི་བྱ་ལས་གསལ་བྱེད་རྣམས་ལ་གཞན་ཞེས་བྱ་བ་ཡིན། དུས་གསུམ་ལ་འཇུག་པའི་ཐ་སྙད་ནི། སིལ་སྡོང་གཅད་གྲབས་ཡོད། གཅད་ཀྱི་རེད་ལྟ་བུ་རྗེས་སུ་བྱ་རྒྱུ་མ་འོངས་པ་དང་། སིལ་སྡོང་གཅོད་བཞིན་ཡོད། གཅོད་ཀྱིན་འདུག་ལྟ་བུ་བྱེད་བཞིན་ད་ལྟ་བ་དང་།  སིལ་སྡོང་བཅད་ཚར། བཅད་ཟིན་ལྟ་བུ་བྱས་ཟིན་འདས་པ་སྟོན་པའི་སྒྲ་ཡིན་ནོ།   
          དེ་ཡང་《དཀྱིལ་གྲྭ་དཀའ་ཆེན་པདྨའི་བརྡ་དག་ཕྱོགས་བསྒྲིགས་》ལས། “ཤིང་གཅོད་པ་པོ་དང་ཤིང་གཅོད་པ་ཞེས་པའི་སྒྲ་འདི་ལྟ་བུ་བྱེད་པོ་གང་ཟག་ཤིང་མཁན་ལ་གོ་བས་བདག་གཞན་གཉིས་ནས་བདག་ཡིན། གཅོད་པར་བྱེད་དང་།(《དཀར་ལེབས་སུམ་རྟགས་》ལས། གཅོད་པར་བྱེད་ཅེས་འདི་ཉིད་ཀྱང་། །ད་ལྟ་བ་དང་ད་ལྟར་མིན། །བྱེད་ལས་གསལ་བའི་ཚིག་ཡིན་པ། །སུམ་རྟགས་པ་ལ་རླུང་ལྟར་གྲགས། །འདི་རིགས་ཞལ་ལུང་དགོངས་དོན་དུ། །དུས་གསུམ་གར་གཏོགས་དབྱེ་བའི་ཚེ། །བསྡུ་སྐབས་ད་ལྟ་བར་བསྡུ་ཡང་། །ད་ལྟར་སྟོན་པའི་སྒྲ་མ་ཡིན། །ཞེས་བྱུང་།)གཅོད་དོ་ལྟ་བུར་བྱེད་ལས་གསལ་བྱེད་ཀྱི་སྒྲ་ཟེར་བ་ཡིན་ནོ། དོན་དུ་བྱེད་པ་སྟ་རེ་དང་དེ་འདེགས་པའི་བྱ་བར་གོ་དགོས། བདག་གཞན་གཉིས་ནས་དེ་ཡང་བདག་ཡིན།  གཅད་བྱ་དང་།  གཅད་པར་བྱ་བ། གཅད་བྱའི་ཤིང་ལྟ་བུ་འདི་རྣམས་ཚིག་བརྗོད་ཚུལ་མི་འདྲ་བ་བྱུང་ཡང་དོན་གཅིག་ཅིང་བྱ་ཡུལ་གསལ་བྱེད་ཀྱི་སྒྲ་ཟེར་བ་ཡིན། འདིའི་སྐབས་བྱ་ཡུལ་ཤིང་ལ་གོ་དགོས་ཤིང་བདག་གཞན་གཉིས་ནས་གཞན་ཡིན། གཅད་པར་བྱ་དང་། གཅད་དོ་ལྟ་བུ་རྣམས་ལ་བྱ་བའི་ཡུལ་དང་འབྲེལ་པའི་བྱ་བ་གསལ་བྱེད་ཀྱི་སྒྲ་ཟེར་བ་ཡིན། འདིའི་སྐབས་སྟ་རེ་འདེགས་པའི་བྱ་བ་ཤིང་གི་སྟེང་དུ་བབས་ནས་ཤིང་བཀས་པ་དང་དུལ་བུར་འགྲོ་བ་སོགས་ལ་གོ་དགོས་ཤིང་བདག་གཞན་གཉིས་ནས་གཞན་ཡིན་”⑿ཞེས་བརྡ་ཆད་ཀྱི་རྣམ་གྲངས་དང་བསྟན་དོན་གང་ཡིན་གསལ་པོར་གསུངས་ཡོད་པ་ལྟར་རོ།   
          དངོས་པོ་བདག་ཁོངས་ཀྱི་བྱེད་པ་པོ་དང་བྱེད་པ་གཉིས་ལ་རྟགས་འཇུག་གི་འགྲེལ་པ་རྣམས་སུ་ཐ་སྙད་སྦྱོར་ཚུལ་གྱི་ཁྱད་པར་ཅུང་ཡོད་པ་ནི། བྱེད་པ་པོ་དང་བྱེད་པ་པོ་གཙོ་བོ། བྱེད་པོ་གཙོ་བོ། ཚིག་བསྡུས་ནས་བྱེད་པོ་ཟེར་བ་ལྟ་བུ་ཡིན། དེ་རྣམས་ཐ་སྙད་ཀྱི་ཁྱད་པར་ཅུང་མ་གཏོགས་ངོས་འཛིན་ཐད་གཅིག་མཐུན་ཡིན། བྱེད་པ་ཟེར་བ་འདི་ལ་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་《རྟགས་ཀྱི་འཇུག་པའི་དཀའ་གནད་བདག་གཞན་དང་བྱ་བྱེད་ལས་གསུམ་ཀྱི་ཁྱད་པར་ཞིབ་ཏུ་ཕྱེ་བ་》ཞེས་པ་ལས།  “བྱ་བྱེད་ལས་གསུམ་དུ་ཕྱེ་བའི་ཚེ་བྱེད་པ་པོ་གཙོ་ཕལ་གཉིས་ལ་བྱེད་པ་དང་། བྱ་བའི་ཡུལ་ལ་ལས། བྱེད་པ་པོས་ལས་དེ་བགྱི་བ་ལ་བྱ་བ་ཞེས་བྱའོ་”⒀ཞེས་བྱེད་པ་པོ་ཕལ་པ་ཟེར་ཞིང་། ཚིག་བསྡུས་ནས་བྱེད་པོ་ཕལ་པའང་ཟེར་ལ། འདིའི་ཐ་སྙད་གྲུབ་སྟངས་དཔེ་ལ་བརྟེན་ནས་གསལ་པོར་བཤད་ན། སྟ་རེས་ཤིང་བཅད་ཅེས་པའི་གཅོད་བྱེད་ཀྱི་སྟ་རེ་ནི། བྱེད་པ་པོའི་ཆ་ཤས་སམ་བྱེད་པ་པོ་དང་འབྲེལ་བའི་ལག་ཆ་ཙམ་ལས་རང་སྐྱ་ཐུབ་པའི་བྱེད་པོ་ཞིག་མིན་ཏེ། བྱེད་པོ་ཤིང་མཁན་ཉིད་མེད་ན་དེ་དག་གིས་ཤིང་གཅོད་པའི་བྱ་བ་ཞིག་ཡོད་མི་སྲིད་པའི་ཕྱིར། དེའི་ཚིག་ཟུར་གྱི་ཕལ་པའི་སྒྲས། བདག་སྒྲའི་འཇུག་ཡུལ་གང་ཟག་གི་རྟེན་ཅན་དུ་གྱུར་བ་དེ་སེལ་བའི་དོན་བསྟན་པ་ཡིན། དེ་དང་འདྲ་བའི་དཔེ་ནི། འཇོར་གྱིས་ས་བརྐོ། པིར་གྱིས་རི་མོ་འབྲི། ལག་པས་སྐྱོར།  ཐོ་བས་རྡོ་བཅག་ལྟ་བུ་རྣམས་ཀྱི་འཇོར་དང་པིར། ལག་པ་ལ་སོགས་པ་རྣམས་བྱེད་པོ་མིན་པར་བྱེད་པ་ཡིན་ཞིང་། འགྲེལ་པ་འགར་འདི་ལ་བྱེད་པ་དངོས་བསྟན་དང་བྱེད་པོ་ཤུགས་བསྟན་ཞེས་བརྗོད་ལ། དོན་ནི་བྱེད་པ་དེ་དག་གི་ངོས་ནས་བྱ་བ་བྱེད་མི་ཐུབ་པར་བྱེད་པ་པོ་ཞིག་དང་འབྲེལ་ནས་བྱ་བ་བྱེད་དགོས་པས་བྱེད་པ་པོ་དང་འབྲེལ་བའི་བྱེད་པ་ཟེར་བ་ཡིན། དེས་ན་ལག་པ་ལ་བྱེད་པ་པོ་ཕལ་པའམ་བྱེད་པ་ཟེར་དོན་གང་ཡིན་ཞེ་ན། གང་ཟག་མི་དེ་ལ་དངོས་པོ་གང་ཞིག་འཛིན་པའམ་སྐྱོར་བའི་བསམ་བློ་དང་ཀུན་སློང་མ་སྐྱེས་ན་སྐྱོར་བའི་བྱ་བ་སོགས་མི་བྱེད་པས་ན་དེ་ལྟར་བརྗོད་པ་ཡིན། དེའི་ཕྱིར་བྱེད་པ་ཕལ་པ་ཟེར་བ་ནི། བྱེད་པ་པོ་གཙོ་བོའི་ལུས་ཀྱི་དབང་པོ་དང་། བྱ་བ་བྱེད་པའི་ཐབས། ཡོ་བྱད་སོགས་ཀྱིས་བྱ་བ་བྱེད་པར་སྟོན་པ་ལ་ཟེར་བ་ཡིན།  
          ཡང་ན། དབྱངས་ཅན་གྱིས་ས་བརྐོ། སྐལ་བཟང་གིས་རི་མོ་འབྲི། ལྷ་སྒྲོན་གྱིས་སྐྱོར། ཚེ་རིང་གིས་རྡོ་བཅག་ལྟ་བུ་རྣམས་ཀྱི་དབྱངས་ཅན་དང་སྐལ་བཟང་།  ལྷ་སྒྲོན་ལ་སོགས་པ་རྣམས་བྱེད་པ་མིན་པར་བྱེད་པོ་ཡིན་ཞིང་། འགྲེལ་པ་འགར་འདི་ལ་བྱེད་པོ་དངོས་བསྟན་དང་བྱེད་པ་ཤུགས་བསྟན་ཞེས་བརྗོད་ལ། དེ་ནི་བརྐོ་བྱེད་དང་འབྲི་བྱེད་སོགས་ཀྱི་ལག་ཆ་མེད་ན། ས་བརྐོ་བ་དང་རི་མོ་འབྲི་བའི་བྱ་བ་སོགས་འབྱུང་དུ་མེད་པ་ཡིན། དེའི་ཕྱིར་བྱེད་པ་དངོས་བསྟན་གྱི་ཤུགས་སུ་བྱེད་པོ་ཞིག་དངོས་སུ་ཡོད་པ་དང་བྱེད་པོ་དངོས་པསྟན་གྱི་ཤུགས་སུའང་བྱེད་པ་ཞིག་མེད་ན་བྱ་བ་དེ་སྒྲུབ་མི་ནུས་པ་ནི་བོད་པའི་སྐད་ཀྱི་ཆོས་ཉིད་ལས་རྟོགས་ཐུབ་པ་ཡིན།《གསེར་ཏོག་སུམ་རྟགས་》ལས། “གཙོ་ཆེར་བྱེད་པ་པོས་ལས་སུ་བྱ་བ་གང་བྱ་རྒྱུ་དེ་བགྱི་བ་ལ་བྱ་བ་དང་། བྱ་བ་དེའི་བྱེད་པ་པོ་གཙོ་བོ་དང་བྱེད་པ་ཕལ་པ་གཉིས་ལ་བྱེད་པ་དང་། ལས་གང་བྱ་བའི་ཡུལ་ལ་ལས་ཞེས་བྱའོ་”ཞེས་བྱེད་པ་པོ་ཕལ་པ་མི་ཟེར་བར་བྱེད་པ་ཕལ་པ་ཟེར་ལ། དཀའ་ཆེན་བསྟན་འཛིན་འཇིགས་མེད་དབང་ཕྱུག་གིས་མཛད་པའི་《ཡི་གེའི་བཤད་པ་དང་དག་ཡིག་སུམ་རྟགས་ཀྱི་འགྲེལ་བ་ཚིགས་སུ་བཅད་པ་གཞུང་བརྒྱའི་མཛོད་སྒོ་འབྱེད་པའི་ལྡེ་མིག་བློ་གསར་གཞོན་ནུའི་ཉེར་མཁོ་ཞེས་བྱ་བ་》ལས། “ཤིང་མཁན་བྱེད་པོ་ཡིན་ཏེ། །གཅོད་པ་པོ་ནི་དེ་ཡི་སྒྲ། །སྣུན་བྱེད་སྟ་རེ་བྱེད་པ་སྟེ། །གཅོད་བྱེད་བྱེད་པའི་སྒྲ་ཡིན་ནོ། ། ”⑩ཞེས་བྱེད་པ་པོ་ཕལ་པ་དང་བྱེད་པ་ཕལ་པ་མི་ཟེར་བར་“བྱེད་པ་”ཞེས་བརྗོད་པ་དང་། དེའི་ཐ་སྙད་གྲུབ་སྟངས་ཀྱི་ཡིག་གཟུགས་ལ་བལྟས་ན་“བྱེད་པ་པོ་ཕལ་པ་”ཞེས་པའི་“པོ་”བསྡུས་ནས་“བྱེད་པ་ཕལ་པ་”ཟེར་ཞིང་། དེའི་མིང་གི་ཆ་ཤས་ཕྱི་མ་“ཕལ་པ་”བསྡུས་ནས་“བྱེད་པ་”ཞེས་ཟེར་བ་རེད། རྟགས་འཇུག་གི་འགྲེལ་པ་རྣམས་སུ་བྱེད་པ་པོ་ཕལ་པ་དང་བྱེད་པ་ཕལ་པ། བྱེད་པ་བཅས་ཐ་སྙད་གསུམ་བྱུང་ཡོད་ལ། དེ་གསུམ་ལས་“བྱེད་པ་”ཟེར་བ་དེ་འགྲེལ་པ་རྣམས་སུ་བཀོལ་སྤྱོད་ཆེ་བ་ཞིག་ཏུ་གྱུར་ཡོད།   
          གཞན་ཡང་བྱ་བྱེད་ལས་གསུམ་གྱི“བྱེད་”ཅེས་པ་འདི་ལ་འགྲེལ་པ་རྣམས་སུ“བྱེད་པ་” ཞེས་བརྗོད་པས།  “བྱེད་པ་”ཞེས་པའི་ཐ་སྙད་འདི་ལ་གོ་དོན་གཉིས་ཡོད་པའང་ཤེས་ཐུབ། དེ་ཡང་རྗེ་དམུ་དགེ་བསམ་གཏན་གྱིས་མཛད་པའི་《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་》 ལས།“བྱེད་པ་ལ་གཉིས་ཡོད་དེ། བྱེད་པ་པོ་དང་། བྱེད་པ་གཉིས། མགར་བ་ནི་བྱེད་པ་པོ་དང་། རྡུང་བྱེད་ཐོ་བ་ནི་བྱེད་པ་ཡིན་”⒂ཞེས་“བྱེད་པ་ལ་གཉིས་ཡོད་”ཅེས་གསུང་དོན་ནི་བྱ་བྱེད་ལས་གསུམ་གྱི་“བྱེད་པ་”ལ་དགོངས་པ་རེད། དེའི་ཕྱིར་དངོས་པོ་བདག་ཁོངས་ཀྱི་བྱེད་པ་ཁོ་ན་དང་། བྱ་བྱེད་ལས་གསུམ་གྱི་བྱེད་པ་གཉིས་ལ་ཁྱད་པར་ཡོད་དེ། དོན་གྲུབ་ཀྱིས་སྨྱུ་གུས་ཡི་གེ་བྲིས་ལྟ་བུ་ཞིག་ལ་དཔེ་བཞག་ན། འབྲི་བྱེད་སྨྱུ་གུ་ནི་དངོས་པོ་བདག་ཁོངས་ཀྱི་བྱེད་པ་ཁོ་ན་ཡིན་ཏེ། དོན་དུ་བྱེད་པ་པོ་ཕལ་པ་ལ་ངོས་འཛིན་དགོས་པ་དང་། བྱ་བྱེད་ལས་གསུམ་གྱི་བྱེད་པ་ནི་འབྲི་བ་པོ་དོན་གྲུབ་དང་འབྲི་བྱེད་སྨྱུ་གུ་གཉིས་ཀར་ངོས་འཛིན་དགོས་ཏེ། དོན་དུ་བྱེད་པ་པོ་གཙོ་ཕལ་གཉིས་ལ་ངོས་འཛིན་དགོས་པའི་གནད་འདི་རྟོགས་ན་ཐེ་ཚོམ་གྱི་གཞི་དེ་ལས་ཐར་བར་འགྱུར་རོ། 
          གང་ཟག་མ་ཡིན་པའི་སེམས་ཅན་གང་རུང་གི་རྩོལ་བ་ལའང་བདག་བྱེད་པ་པོ་ཟེར་བ་ནི། དགེ་རྒན་ཆེན་མོ་མཁྱེན་རབ་འོད་གསལ་མཆོག་གིས། “ལུག་གིས་རྩྭ་བཟས་(ཟོས་)ལྟ་བུར་མཚོན་ན། ལུག་བྱེད་པ་པོའམ་དངོས་པོ་བདག རྩྭ་ལས་སམ་དངོས་པོ་གཞན་”⒃ཞེས་གསུངས་པ་ལྟར། ལུག་ནི་རྩྭ་ཟ་བ་པོ་ཡིན་པས་བྱེད་པ་པོའམ་དངོས་པོ་བདག་ཅེས་བརྗོད་པ་དང་། རྩྭ་ལས་སམ་དངོས་པོ་གཞན། བཟས་ནི་བྱ་བ་སྟེ་དུས་འདས་པ་སྟོན་པའི་བྱ་ཚིག་ཡིན་ལ། ཁ་སྐད་དུ་ཟོས་ཞེས་བརྗོད་པས་ན་དེ་ལྟར་ཁ་སྐོང་ནས་བྲིས་པ་རེད། དཔེ་འདི་ལ་ཟོས་ཞེས་སྦྱར་ན་དུས་ཀྱི་དབྱེ་བ་གསལ་མོད་ཀྱང་། སྔོན་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པའི་ཚུལ་བཤད་པའི་སྐབས་ཡིན་པས་ན་“བཟས་”ཞེས་བྱ་ཚིག་ལ་སྔོན་འཇུག་སྦྱར་ནས་དོན་དེ་མཚོན་པ་རེད། དེ་ཉིད་ལས། “སེར་བས་ལོ་ཏོག་བཅོམ་ཞེས་པ་ལྟ་བུར་མཚོན་ན། སེར་བ་བྱེད་པ། ལོ་ཏོག་ལས། འཇོམས་པར་བྱེད་བྱེད་པའི་ལས། གཞོམ་པར་བྱ་བྱ་བའི་ལས། འཇོམས་པར་འགྱུར་ནི་བྱེད་ལས་མ་འོངས་པ། འཇོམས་བཞིན་པ་ད་ལྟ་བ། བཅོམ་ཟིན་འདས་པ་”⒄ཞེས་གསུངས་པ་ལྟར། ཉི་མས་འཁྱག་རོམ་ཞུ། རླུང་གིས་ཤོག་བུ་ཁུར། ཆུས་ར་ལུག་ཁུར་ལྟ་བུ་རྣམས་ནི། ཚིག་གི་དངོས་ཤུགས་གང་རུང་དུ་བྱེད་པ་པོ་དང་མ་འབྲེལ་བར་བྱེད་པ་རང་ངོས་ནས་བྱ་བ་ཞིག་བྱས་པའི་དཔེ་ཡིན་ལ། འདི་འདྲའི་རིགས་ལ་བྱེད་པ་པོ་དང་མ་འབྲེལ་བའི་བྱེད་པ་ཟེར་བ་རེད།  གོང་དུ་དྲངས་པའི་དཔེ་སྔ་ཕྱི་གཉིས་ལས་སྔ་མའི་བསྟན་བྱ་ནི། བདག་བྱེད་པ་པོ་ཡིན་ན་གང་ཟག་མི་ཁོ་ན་ལ་མི་རྐོ་བར་སེམས་ཅན་གང་ཞིག་ཡིན་ཀྱང་རུང་ལ། སེམས་ཅན་ཟེར་བ་ནི་བོད་པའི་ཁ་སྐད་དུ་རྒྱུན་བཀོལ་གྱི་ཐ་སྙད་ཅིག་ཡིན་ནའང་གསལ་བཤད་ཀྱི་ཚུལ་དུ་ངོས་བཟུང་ན་ཚོར་བ་བདེ་སྡུག་གི་མྱོང་ཤེས་ཡོད་པ་མཐའ་དག་ནི་སེམས་ཅན་ཡིན་ཞེས་བཤད་ཆོག་པ་དང་། ཕྱི་མའི་དོན་གྱི་དམིགས་བྱ་ནི་བྱེད་པ་པོ་དང་མ་འབྲེལ་བར་བྱེད་པ་རང་ངོས་ནས་ཀྱང་བྱ་བ་ཞིག་འབྱུང་དུ་ཡོད་པའི་ཚུལ་བསྟན་པ་རེད། དེའི་ཕྱིར་གཅན་གཟན་དང་རི་དྭགས་གང་ཡིན་རུང་སེམས་ཅན་རང་རང་གི་ཁ་ཟས་ཕྱིར་དུ་རྩོལ་བ་བྱེད་པའི་བྱ་བའི་གནས་སྐབས་དེར་བརྡ་སྤྲོད་གཞུད་དུ་བཤད་པའི་བདག་གཞན་གྱི་དབྱེ་བ་འབྱུང་ལ། དབྱེ་གཞི་དེའི་བྱ་བ་ཡང་སེམས་ཅན་དེ་དག་གི་རྩོལ་བ་དང་དངོས་སུ་འབྲེལ་བའི་ཕྱིར་ན་སེམས་ཅན་དེ་རྣམས་ལ་བདག་བྱེད་པ་པོ་ཟེར་བ་དང་། བྱ་བྱེད་ཐ་དད་པའི་བྱ་བའི་རིགས་ཀྱི་བདག་བྱེད་པ་པོ་ལ་གང་ཟག་མ་ཡིན་པའི་སེམས་ཅན་གཞན་ཡང་འཇོག་རུང་ལ།  བྱ་བ་དེ་ཡང་སེམས་ཅན་གང་གི་རྩོལ་པ་དང་མ་འབྲེལ་བར་སེམས་མེད་ཀྱི་བྱེད་པ་རང་ངོས་ནས་ཀྱང་འབྱུང་དུ་ཡོད་པ་ཤེས་པར་བྱའོ།   
གཉིས།  བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག   
          《མུ་ཏིག་ཕྲེང་མཛེས་》ལས། “དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་དངོས་སུ་མེད་པར་རང་གི་ངང་གིས་འགྲུབ་པར་སྣང་བ་འདི་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་”⒅ཞེས་གསུངས་པ་དང་། མཚོན་དཔེ་ལ་དངུལ་ཆུ་ཡབ་སྲས་ཀྱིས་མཛད་པའི་《སི་ཏུའི་ཞལ་ལུང་》ལས། “རྫ་མཁན་གྱི་འཁོར་ལོ་འཁོར་རོ། ལྟ་བུའི་ཚེ།  དང་པོར་སྐོར་བྱེད་གཞན་ཡོད་ཀྱང་། འཁོར་བཞིན་པའི་གནས་སྐབས་སུ་སྐོར་བྱེད་གཞན་མེད་པར་རང་ཉིད་ངང་གིས་འཁོར་བས། གནས་སྐབས་དེར་བྱ་བྱེད་ཐ་མི་དད་པའི་ཆ་ནས་བསྐོར་ཞེས་མི་བརྗོད་པར་འཁོར་ཞེས་བརྗོད་པ་ཡིན་ནོ་”⒆ཞེས་རྫ་མཁན་གྱིས་འཁོར་ལོ་བསྐོར་ནས་འཁོར་བ་ན། སྐད་ཅིག་དང་པོར་རྫ་མཁན་གྱིས་འཁོར་ལོ་ཤུགས་ཆེན་པོས་བསྐོར་བ་ན་བྱེད་པ་པོ་རྫ་མཁན་གྱི་རྩོལ་བ་དང་འབྲེལ་ཡང་། སྔ་མའི་རྩོལ་བ་དེའི་ཤུགས་ཀྱིས་འཁོར་བ་ན་སྐད་ཅིག་དང་པོའི་སྐབས་སྐོར་བར་བྱེད་པ་པོ་དང་དངོས་སུ་འབྲེལ་ཞིང་།  སྐད་ཅིག་གཉིས་པའི་སྐབས་བྱེད་པོས་བསྐོར་རྒྱུ་མཚམས་བཞག་སྟེ་གཞན་དུ་སོང་ཡང་སྔ་མའི་ཤུགས་ཀྱིས་འཁོར་བ་ན་བསྐོར་ཞེས་མི་བརྗོད་ཡར་“འཁོར་”ཞེས་བརྗོད་པར་གསུངས། དཔེར་བརྗོད་འདི་རིགས་ལ་བྱ་བའི་གནས་སྐབས་དེར་བྱེད་པ་པོ་དངོས་སུ་མི་སྣང་བས་བྱ་བྱེད་ཐ་མི་དད་པའི་བྱེད་མེད་ལས་ཚིག་ཟེར།   
          ཡང་དེ་ཉིད་ལས།   “བདག་འགྲོའོ། ལྟ་བུའི་ཚེ། འགྲོ་བ་དེ་བྱ་ཚིག་ཡིན་ཡང་། འགྲོ་བ་འགྲོ་བྱེད་གཉིས་ཀ་བདག་ཡིན་པས་འགྲོ་བ་ལས་གཞན་པའི་འགྲོ་བྱེད་མེད་པས་ན་འདི་དག་ལ་བདག་གཞན་གྱི་དབྱེ་བའང་མི་འབྱེད་པ་ཡིན་ནོ་”⒇ཞེས་བྱུང་བའི་འགྲོ་ནི་བྱ་ཚིག་ཡིན་ལ། དེའི་བསྟན་བྱའམ་ཁ་གཏད་སའི་གཞི་ནི་བདག་ཅེས་པའི་གང་ཟག་དེ་ཡིན་པས། འགྲོ་མཁན་བདག་དངོས་སུ་ཡོད་ལ། དེ་ཉིད་འགྲོ་བའི་བྱ་བ་དང་དངོས་སུ་འབྲེལ་མོད། འོན་ཀྱང་འགྲོ་མཁན་ལས་ལོགས་སུ་འགྲོ་བྱ་གཞན་ཞིག་འཇོག་རྒྱུ་མེད་པར་འགྲོ་བྱ་འགྲོ་བྱེད་གཉིས་ཀ་བདག་ཡིན་པའི་ཕྱིར་ན། བདག་གཞན་གྱི་དབྱེ་བ་མེད་པའམ་བྱ་བྱེད་ཐ་མི་དད་པ་ཟེར། རྟགས་འཇུག་གི་གཞུང་དོན་ལྟར་ན། བྱ་བྱེད་ཐ་དད་པའི་བྱ་ཚིག་ལ་བདག་གཞན་གྱི་དབྱེ་བ་འབྱེད་པ་ནི་བདག་ལ་བལྟས་ནས་གཞན་དང་། གཞན་ལ་བལྟས་ནས་བདག་ཅེས་ཕན་ཚུན་བལྟོས་བཅས་སུ་བཏགས་པ་ཡིན། བྱ་བྱེད་ཐ་མི་དད་པ་ལ་བདག་གཞན་གྱི་ཐ་སྙད་མི་སྦྱོར་ཡང་། གོང་དུ་དྲངས་པའི་དཔེ་དེ་ལས་འགྲོ་མཁན་བདག་ལ། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་《དཀའ་གནད་གསལ་བའི་མེ་ལོང་》ལས།“འགྲོ་བ་པོ་དང་འགྲོ་བར་བྱེད། །ཅེས་སོགས་བདག་དོན་ཕལ་པ་དང་། །”(21)ཞེས་བདག་གཞན་གྱི་བདག་དང་ཁྱད་པར་འབྱེད་ཕྱིར་བདག་དོན་ཕལ་པ་ཟེར་ཞིང་། གཞུང་གཞན་དུ་བྱེད་འབྲེལ་ལས་ཚིག་རྗེས་མཐུན་པ་ཞེས་བཏགས་པའང་ཡོད། དཔེར་བརྗོད་འདི་རིགས་ལ་རྡོ་རྗེ་རྒྱལ་པོ་ཚང་གིས“བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་དེ་སྒྲུབ་པ་པོ་དང་ངོ་བོ་གཅིག་ཏུ་གྱུར་བའི་བྱ་བྱེད་ཐ་མི་དད་པ་”(22)ཞེས་གསུངས།   
          ཡང་ན་མཚོ་འཕྱུར་ལྟ་བུར་མཚོན་ན། འཕྱུར་ཞེས་པའི་བྱེད་པོ་གཞན་ཞིག་དངོས་སུ་མི་སྣང་བར། འཕྱུར་བྱ་མཚོ་་ཡིན་ལ་འཕྱུར་བྱེད་ཀྱང་མཚོ་ཡིན་པས། བདག་གཞན་གྱི་དབྱེ་བ་མེད་པའམ་བ་བྱེད་ཐ་མི་དད་པ་ཟེར། དེ་བཞིན་དུ་མེ་ཏོག་བཞད། ས་གས། རི་ཉིལ། རླུང་གཡུག གློག་འཁྱུག  སྒྲ་གྲགས་སོགས་གཅིག་མཚུངས་ཡིན་ལ། བྱ་བ་འདི་དག་ཀྱང་རྒྱུ་རྐྱེན་ངེས་ཅན་ཞིག་འཛོམས་པ་ལ་བརྟེན་ནས་བྱུང་བ་ཡིན་པས། དཔེར་བརྗོད་འདི་རིགས་ལ་བྱེད་པ་པོ་ངོས་འཛིན་རྒྱུ་མེད་པའི་བྱེད་མེད་ལས་ཚིག་ཟེར་བ་ཡིན་ནོ།   
གསུམ། བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར།   
          བྱེད་འབྲེལ་ལས་ཚིག བྱ་བ་གང་ཞིག་ཡིན་ཡང་བྱེད་པ་པོ་ཞིག་གིས་རྩོལ་བའི་འབད་པ་ལ་དངོས་སུ་བརྟེན་པའི་སྒོ་ནས་བྱེད་པ་ཞིག་ལ།  བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཟེར་ཞིང་། དེ་ཉིད་སྟོན་པའི་ཚིག་ལ་བྱེད་འབྲེལ་ལས་ཚིག་ཟེར།  མིང་གི་རྣམ་གྲངས་ལ། བྱེད་པ་པོ་གཞན་དང་འབྲེལ་བའི་བྱ་ཚིག་དང་། བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་པ། དངོས་པོ་བདག་གཞན་གྱི་དབྱེ་བ་ཡོད་པ། བྱ་བྱེད་ཐ་དད་པ་བཅས་ཡོད། དེ་ཡང་ཁྱད་ཆོས་གསུམ་དང་ལྡན་པའི་བྱ་ཚིག་ལ་བྱེད་འབྲེལ་ལས་ཚིག་ཏུ་འཇོག་རུང་སྟེ།  ༡、བྱ་བ་དེ་ཉིད་ཀྱི་བྱེད་པ་པོའམ་བྱེད་པ་གང་རུང་དངོས་སུ་ཡོད་པ། ༢、དེ་ཉིད་བྱ་ལས་དང་ངོ་བོ་ཐ་དད་པ། ༣、དེ་ཉིད་བྱ་ཡུལ་དང་བྱ་བྱེད་ཀྱི་འབྲེལ་བ་དངོས་སུ་ཡོད་པ་གསུམ་སྟེ། རྡོ་བཟོ་བས་སོ་ཕག་བརྩིགས་ལྟ་བུར་མཚོན་ན། རྩིག་པའི་བྱ་བ་བྱེད་པ་པོ་རྡོ་བཟོ་བ་དངོས་སུ་ཡོད་པ་དང་གཅིགབརྩིགས་པའི་བྱ་བའམ་སོ་ཕག་དེ་ཉིད་རྡོ་བཟོ་བ་དང་ཐ་དད་དུ་ཡོད་པ་དང་གཉིས། བརྩིགས་པ་དེ་ཉིད་རྡོ་བཟོ་བའི་འབད་པར་དངོས་སུ་བརྟེན་པ་དང་གསུམ་ཚོགས་པས། བྱེད་འབྲེལ་ལས་ཚིག་ཅེས་བྱ་བ་ཡིན་ནོ།  
          བྱེད་མེད་ལས་ཚིག  བྱེད་པ་པོའི་རྩོལ་བའི་འགུལ་སྐྱོད་ལ་ལྟོས་པར་དངོས་པོ་རང་ངོས་ནས་རང་བཞིན་གྱིས་འགྱུར་བར་སྣང་པ་ལྟ་བུ་ཞིག་ལ། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བའམ་ལས་ཡིན་ཏེ། དེ་ཉིད་སྟོན་པའི་ཚིག་ལ་བྱེད་མེད་ལས་ཚིག་ཟེར། མིང་གི་རྣམ་གྲངས་ལ། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་དང་། དངོས་པོ་བདག་གཞན་གྱི་དབྱེ་བ་མེད་པ། བྱ་བྱེད་ཐ་མི་དད་པ་བཅས་ཡོད། བྱེད་མེད་ལས་ཚིག་གམ་བྱ་བྱེད་ཐ་མི་དད་པའི་དཔེར་བརྗོད་ལ་གནའ་དེང་མཁས་དབང་རྣམས་ཀྱི་གསུང་ཕན་ཚུན་དཔྱད་བསྡུར་བགྱིས་ན། ཁྱད་ཆོས་གསུམ་དང་མི་ལྡན་པའི་བྱ་ཚིག་གི་རིགས་ལ་བྱེད་མེད་ལས་ཚིག་གམ་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་ཟེར་བ་ཡིན་ཏེ། ༡、བྱ་བའི་གནས་སྐབས་དེར་བྱེད་པ་པོ་དངོས་སུ་མི་སྣང་བས་བྱ་བྱེད་ཐ་མི་དད་པའི་བྱེད་མེད་ལས་ཚིག ༢、བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་དེ་སྒྲུབ་པ་པོ་དང་ངོ་བོ་གཅིག་ཏུ་གྱུར་བའི་བྱ་བྱེད་ཐ་མི་དད་པ། ༣、བྱེད་པ་པོ་ངོས་འཛིན་རྒྱུ་མེད་པའི་བྱེད་མེད་ལས་ཚིག་བཅས་གསུམ་དུ་འདུ་བར་སེམས་ལ་དཔེ་གོང་དུ་བརྗོད་ཟིན་པ་ལྟར་རོ།   
          བོད་སྐད་རྣལ་མར་བརྗོད་པའི་བོད་མིའི་ངག་ནས་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར་གསལ་པོར་ཐོན་ཏེ། དཔེར་ན། དགོན་པའི་མཐའ་སྐོར་གྱི་མ་ཎི་འཁོར་ལོ་བསྐོར་དུ་འགྲོ་བ་ཞིག་ལ། གང་དུ་འགྲོ་ཞེས་འདྲི་བ་ན། ལན་དུ་མ་ཎི་བསྐོར་དུ་འགྲོ་བ་ཡིན་ཟེར་བ་ལས་མ་ཎི་འཁོར་དུ་འགྲོ་བ་ཡིན་ཞེས་མི་བརྗོད་པ་དང་། ཡང་ན་ཁྱིམ་ཚང་གི་ཁང་སྟེང་དང་མཁར་སྟེང་གང་རུང་དུ་མ་ཅི་འཁོར་ལོ་ཞིག་འཁོར་གྱིན་འདུག་ཟེར་བ་ལས་བསྐོར་གྱིན་འདུག་ཅེས་མི་བརྗོད་པ་ལྟ་བུ་ཡིན། དེ་ནི་“བསྐོར་”ཞེས་པ་མི་(བརྡ་སྤྲོད་གཞུང་གི་བརྡ་ཆད་ལྟར་ན་བྱེད་པ་པོ་) ཞིག་གི་རྩོལ་བའི་འབད་པ་ལ་བརྟེན་དགོས་པ་ཞིག་དང་། “འཁོར་”ཞེས་པ་མི་ཞིག་གི་རྩོལ་བའི་འབད་པ་ལ་བརྟེན་མི་དགོས་པས་ན་དེ་ལྟར་བརྗོད་པ་རེད། དེ་བཞིན་དུ་སྒོ་ཕྱུགས་རྟ་བོང་སོགས་ལོ་ན་རྒས་ནས་ཤི་སོང་ཟེར་བ་ལས་རྒས་ནས་བསད་སོང་མི་ཟེར་བ་བཞིན་ནོ།
          བྱེད་འབྲེལ་ལས་ཚིག་གམ་བྱ་བྱེད་ཐ་དད་པ་ཡིན་ན་བྱེད་པ་པོ་སེམས་ལྡན་གྱིས་བྱས་པའི་བྱ་བ་དང་།  བྱེད་མེད་ལས་ཚིག་གམ་བྱ་བྱེད་ཐ་མི་དད་པ་ཡིན་ན། བྱེད་པ་པོ་སེམས་མེད་དམ་རང་བཞིན་གྱིས་གྲུཔ་པའི་བྱ་བ་ཞིག་ཡིན་ནམ་ཞེ་ན། མ་ཡིན་ཏེ། ལྷ་སྐྱིད་དལ་པོར་འགྲོ་བཞིན་ཡོད་ལྟ་བུའི་“འགྲོ་”བྱ་ཚིག་ཡིན་པ་དང་འགྲོ་བ་པོའམ་འགྲོ་བྱེད་(འགྲོ་བར་བྱེད་མཁན་)ལྷ་སྐྱིད་དངོས་སུ་ཡོད་ཀྱང་དེ་ལས་འགྲོ་བ་གཞན་ཞིག་མེད་པའི་ཕྱིར་ན་བྱ་བྱེད་ཐ་མི་དད་པ་ཟེར་བ་ཡིན་པས། བྱེད་པ་པོ་སེམས་ལྡན་གྱིས་བྱས་པའི་བྱ་བ་ཡིན་ཕྱིན་པ་ཚང་མ་བྱ་བྱེད་ཐ་དད་པ་ཡིན་པས་མ་ཁྱབ་པ་དང་། ཡང་ན་སེར་བས་ལོ་ཏོག་བཅོམ་ལྟ་བུར་སེར་བ་དེ་འཇོམས་པ་པོ་མིན་ཡང་འཇོམས་བྱེད་སེམས་མེད་ཡིན་ལ།  དེའི་ལས་སམ་ཡུལ་གྱིདངོས་པོ་གཞོམ་བྱ་ལོ་ཏོག་གཉིས་དབྱེ་བ་འབྱེད་རྒྱུ་ཡོད་པས། འཇོམས་བྱེད་སེམས་མེད་ཡིན་པའི་སེར་བས་གཞོམ་བྱ་ལོ་ཏོག་བཅོམ་པའི་བྱ་བ་འདི་བྱ་བྱེད་ཐ་དད་པའི་ཁོངས་སུགཏོགས་པ་ལས། བྱེད་པ་པོ་སེམས་མེད་དམ་རང་བཞིན་གྱིས་གྲུབ་པའི་བྱ་བ་ཡིན་ཕྱིན་པ་ཚང་མ་བྱ་བྱེད་ཐ་མི་དད་པ་ཡིན་པའི་ཁྱབ་པའང་མེད་པ་རྟོགས་ཐུབ། དེའི་ཕྱིར་བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་བྱ་ཚིག་གམ་ལས་ཚིག དངོས་པོ་བདག་གཞན་ཀྱི་དབྱེ་བ་ཡོད་མེད་སོགས་བརྡ་སྤྲོད་གཞུད་གི་བརྡ་ཆད་གང་སྦྱར་རུང་བྱ་བྱེད་ཐ་དད་མིན་གྱི་ཁྱད་པར་གཙོ་བོ་མདོར་བསྡུས་ན།  “བྱེད་པ་པོའམ་བྱེད་པ་དང་བྱ་བའི་དངོས་པོ་གཉིས་སོ་སོར་དགར་དུ་ཡོད་མེད་”ཀྱི་གནད་འདིར་ཐུག་ཡོད་དོ།    
བཞི། བྱེད་པོ་བརྒྱུད་འབྲེལ་གྱི་ལས།    
          བརྒྱུད་འབྲེལ་ཞེས་པའི་དོན་ནི། “བྱེད་པོ་རྔོན་པས་བྱ་ཡུལ་རི་དྭགས་སོད་པ་ལ། ཐོག་མར་བྱེད་པོས་བསད་པའི་བྱ་རིམ་ཞིག་བརྒྱུད་དགོས་ཤིང་།  ལས་དེ་བརྒྱུད་ནས་བྱེད་པོ་གཞན་དང་འབྲེལ་བའི་གནད་ཀྱིས་དེ་ལྟར་འདོགས་རུང་བར་ཤེས་པར་བྱའོ་”(23)ཞེས་གཞན་ཕན་འཕྲིན་ལས་རྡོ་རྗེ་མཆོག་གིས་བཞེད་པ་ལྟར། རྡོ་བཟོ་བས་རྡོ་བཅག་ནས་ཆག་སོང་ལྟ་བུར། ལས་ཀྱི་དངོས་པོ་རྡོ་ལ་སྦྱར་བའི་བྱ་བ་བཅག་དང་ཆག་གཉིས་བྱུང་བར་མཚོན་ན། སྔ་མ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་སྟེ། གཅོག་པ་པོ་རྡོ་བཟོ་བ་དང་ལས་སམ་ཡུལ་གྱི་དངོས་པོ་གཅག་བྱ་རྡོ་གཉིས་སོ་སོར་དགར་དུ་ཡོད་པས་བྱེད་འབྲེལ་ལས་ཚིག་སྟེ་བྱ་བྱེད་ཐ་དད་པ་དང་།  ཕྱིར་ཆག་པའི་བྱ་བ་ནི་བཅག་པའི་བྱ་རིམ་ཞིག་བརྒྱུད་ནས་བྱུང་བ་ཡིན་པས་བྱེད་པོ་བརྒྱུད་འབྲེལ་གྱི་ལས་ཡིན། “ཆག་”ཅེས་པའི་སྒྲ་དོན་འདི་ལས་གཞན་གྱིས་བཅག་པའི་རྩོལ་བ་བསྐྱེད་ནས་ཆག་པའམ། འབད་མེད་རང་ཤུགས་ཀྱིས་ཆག་པ་གང་ལྟར་ཡང་།  དེ་ཉིད་ཀྱི་རྒྱུ་ཡི་ཁྱད་པར་མི་མཚུངས་མོད། རྡོ་རང་ཉིད་ཀྱི་འགྱུར་བ་ལ་དམིགས་ནས་ཆག་ཅེས་བརྗོད་པས།  བྱ་བྱེད་ཐ་མི་དད་པའི་དོན་དུ་ཤེས་པར་བྱའོ།   
          དེ་བཞིན་དུ་མེ་ཏོག་བཏབ་ནས་སྐྱེས། ཤེས་བྱ་སྦྱངས་ནས་ཤེས། དགྲ་བསད་ནས་ཤི།  ཤིང་སྡོང་བཅད་ནས་ཆད། གདོན་འདྲེ་བཏུལ་ནས་འཐུལ།  ལས་དོན་བསྒྲུབས་ནས་འགྲུབ། འཁོར་ལོ་བསྐོར་ནས་འཁོར།  རྫ་སྣོད་བཅག་ནས་ཆག རྫིང་བུ་བསྐྱིལ་ནས་འཁྱིལ། ཁྲིམས་སྲོལ་བཙུགས་ནས་ཚུགས། ལུག་ཤ་བཙོས་ནས་འཚོས་ལྟ་བུ་རྣམས་ཀྱི་བྱ་ཚིག་སྔ་མ་བཏབ་པ་དང་།  སྦྱངས་བ།  བསད་པ།  བཅད་པ། བཏུལ་བ། བསྒྲུབས་པ། བསྐོར་བ། བཅག་པ། བསྐྱིལ་བ། བཙུགས་པ། བཙོས་པ་བཅས་ནི་བྱེད་འབྲེལ་ལས་ཚིག་ཏེ་བྱ་བྱེད་ཐ་དད་པ་དང་། བྱ་ཚིག་ཕྱི་མ་སྐྱེས་པ་དང་། ཤེས་པ།  ཤི་བ། ཆད་པ། འཐུལ་བ། འགྲུབ་པ། འཁོར་བ། ཆག་པ། འཁྱིལ་བ། ཚུགས་པ། འཚོས་པ་བཅས་ནི་བྱེད་པོ་བརྒྱུད་འབྲེལ་གྱི་ལས་ཡིན། དེ་ཡང་། བྱ་ཚིག་རང་ངོས་ནས་དངོས་པོ་དེ་དག་གི་འགྱུར་བ་ལ་དམིགས་ནས་བརྗོད་པས་བྱ་བྱེད་ཐ་མི་དད་པ་ཟེར། གོང་དུ་དྲངས་པ་ནི་དམངས་ཁྲོད་དུ་བརྗོད་བཞིན་པའི་བོད་སྐད་ཀྱི་ཆོས་ཉིད་གཞིར་བཟུང་ནས། དེའི་བྱ་ཚིག་སྔ་ཕྱི་གཉིས་ཀྱི་སྒྲ་དང་དོན་གྱི་ཁྱད་པར་མི་འདྲ་བར་བརྟེན་ནས་བྱ་བྱེད་ཐ་དད་མིན་གཉིས་གཞི་དངོས་པོ་གཅིག་གི་སྟེང་དུ་འབྱུང་བཞིན་ཡོད་པའི་མཚོན་དཔེ་ཙམ་མོ།   
          གཞན་ཡང་།  རྔོན་པས་རི་དྭགས་སོད་མི་སོད། བསླབས་པས་ཡི་གེ་ཤེས་མི་ཤེས། སྨན་གྱིས་རྨ་ཁ་སོས་མི་སོས། སྟ་རེས་ཤིང་སྡོང་ཆོད་མི་ཆོད། སེན་མོས་མདུད་པ་ཁྲོལ་མི་ཁྲོལ། བདག་པོས་རང་ནོར་རྙེད་མི་རྙེད་སོགས་བོད་སྐད་དུ་བཤད་སྲོལ་ཡོད་པ་འདི་དག་ལས། རྔོན་པ་དང་། སློབ་མཁན། སྨན། སྟ་རེ། བདག་པོ། སེན་མོ་བཅས་ནི་བྱ་བྱེད་ལས་གསུམ་གྱི་བྱེད་པ་ཡིན་ལ། དེར་བརྒྱུད་ནས་བྱ་བ་ཞིག་སྟོན་པས་ན་བྱེད་སྒྲ་ཞིག་འཇོག་དགོས་པ་ཡིན་ཡང་། བྱ་ཚིག་སོད་མི་སོད་དང་། ཤེས་མི་ཤེས སོས་མི་སོས།  ཆོད་མི་ཆོད། ཁྲོལ་མི་ཁྲོལ། རྙེད་མི་རྙེད་སོགས་ཀྱི་བསྟན་དོན་ནི། བྱེད་པའི་རྩོལ་བ་དངོས་ལ་ལྟོས་པ་མིན་པར། དེ་ལ་བརྟེན་ནས་བྱ་བའི་ཡུལ་ལ་འཕོ་འགྱུར་ཡོད་མེད་ཀྱི་དོན་གཙོ་བོར་སྟོན་པས་གོང་དུ་བརྗོད་པ་དང་ཁྱད་པར་ཆེ་ལ། ད་དུང་ཐག་བཅད་ཀྱང་མ་ཆོད། བློར་བཟུང་ཡང་མ་ཟིན། ཤ་བཙོས་ཀྱང་མ་ཚོས། ལན་བཏབ་ཀྱང་མ་ཐེབས། རྒྱུགས་སྤྲད་ཀྱང་མ་འཕྲོད་ཅེས་པ་སོགས་ཀྱི་བཤད་སྲོལ་ཡང་ཡོད་ལ། འདི་དག་གི་མ་ཆོད་དང་། མ་ཟིན། མ་ཆོས། མ་ཐེབས། མ་འཕྲོད་བཅས་ཀྱི་དོན་ནི། ཐག་མ་བཅད་པ་དང་།  བློར་མ་བཟུང་བ། ཤ་མ་བཙོས་པ། ལན་མ་བཏབ་པ། རྒྱུགས་མ་སྤྲད་པ་སོགས་ཀྱི་དོན་མིན་པར། ཐག་མ་ཆོད་པ་དང་། བློར་མ་ཟིན་པ། ཤ་མ་ཚོས་པ། ལན་མ་ཐེབས་པ། རྒྱུགས་མ་འཕྲོད་པ་སོགས་ཀྱི་དོན་ཡིན་པས། བྱེད་པའི་ཕྱོགས་ཀྱི་རྩོལ་བ་དང་འབྲེལ་ཡང་བྱ་བའི་ངོས་ནས་འབྲས་བུ་གང་ཡང་མ་བྱུང་བར་སྟོན་པ་ལ་དགག་སྒྲ་སྦྱར་བ་ཤེས་པར་བྱའོ།    
ལྔ། བྱེད་སྒྲ་དང་ལ་དོན་གྱི་ཕྲད་འཇུག་མི་འཇུག   
          བོད་སྐད་ཀྱི་ཆོས་ཉིད་ལྟར་ན། བྱ་བྱེད་ཐ་དད་མིན་གྱིདབང་གིས་བྱེད་སྒྲའི་ཕྲད་འཇུག་མི་འཇུག་དང་། ཡུལ་དང་ལས་སོ་སོར་ཡོད་མེད་ཀྱིས་ལ་དོན་གྱི་ཕྲད་འཇུག་མི་འཇུག་གི་དབྱེ་བ་གཉིས་ཡོད་པ་ལས།    
           ༡ 、བྱེད་སྒྲའི་ཕྲད་འཇུག་མི་འཇུག   
          བྱེད་སྒྲ་ཟེར་བ་ནི་བྱེད་སྒྲ་གང་ལ་སྦྱར་བའི་བྱེད་པོ་དེས་ཡུལ་གཞན་ཞིག་ལ་བྱ་བ་བྱས་པར་སྟོན་པའི་རྣམ་དབྱེ་ཡིན་པས། བྱེད་པ་པོ་གཞན་འབྲེལ་གྱི་བྱ་བའམ་བྱ་བྱེད་ཐ་དད་པ་མ་གཏོགས། གཞན་དང་མ་འབྲེལ་བའི་བྱ་བའམ་བྱ་བྱེད་ཐ་མི་དད་པ་ལ་བྱེད་སྒྲ་མི་འཇུག་པ་ཡིན་ཏེ། དཔེར་ན། ངས་བཤད་དང་ངས་ཟས་ཞེས་གསུམ་པ་བྱེད་སྒྲ་སྦྱར་ན་ང་ནི་བྱེད་པ་པོ་དང་། བྱ་བ་ནི་བཤད་པ་དང་ཟ་བ་གཉིས་ཡིན་ལ། ངས་བཤད་ཅེས་པའི་བཤད་པ་པོ་ང་དང་བཤད་བའི་གཏམ་གཉིས་ཐ་ཐད་དུ་ཡོད་པ་དང་།  ངས་ཟོས་ཞེས་པའང་ཟ་བ་པོ་ང་དང་བཟའ་བྱའི་གོ་རེ་ལྟ་བུ་ཐ་དད་དུ་ཡོད་པས་བྱེད་སྒྲ་ངེས་པར་དུ་སྦྱོར་དགོས། ང་འགྲོ་དང་ང་འདུག་ཅེས་པ་ལ་ངས་འགྲོ་དང་ངས་འདུག་མི་ཟེར་ཞིང་།  དེ་ལྟར་བྱེད་སྒྲ་སྦྱར་ན་བོད་སྐད་ཀྱི་ཆོས་ཉིད་དང་འགལ་བ་ཡིན་ཏེ། ང་འགྲོ་ཞེས་པའི་འགྲོ་བྱེད་དང་འགྲོ་བ་གཉིས་ཀ་ང་ཡིན་པ་དང་། འདུག་པ་པོ་དང་འདུག་བྱའི་དངོས་པོ་ཡང་ང་ཉིད་ལས་ཐ་དད་དུ་མི་སྣང་པས་བྱེད་སྒྲ་སྦྱར་ན་ནོར་བ་ཡིན་ནོ། 
          ཡང་། “ང་ཚོང་ཁང་ལ་སོང་ནས་རྔན་པ་ཉོས།  ཞེས་པའི་ཚིག་ལ། ང་ཚོང་ཁང་ལ་སོང་། ངས་རྔན་པ་ཉོས། ཞེས་པའི་ཚིག་གཉིས་བསྲེས་པ་རེད། སོང་ནི་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་ཡིན་སྟབས། སྔོན་ན་བྱེད་སྒྲ་མི་འཐོབ། ཉོས་ནི་བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་ཡིན་སྟབས། སྔོན་དུ་བྱེད་སྒྲ་ངེས་པར་དགོས་ཏེ། ཡས་ཉོས་ཟེར་བ་ལས་ང་ཉོས་ཟེར་ན་མི་འགྲིག་གོ འོན་ཀྱང་ང་ཚོང་ཁང་ལ་སོང་ནས་རྔན་པ་ཉོས། ཞེས་པ་ནི། ང་ཚོང་ཁང་ལ་སོང་བའི་བྱ་བ་དེ་གཙོ་བོར་སྟོན་པས། ང་ཞེས་ཟེར་ཞིང་། ངས་ཞེས་མི་ཟེར་རོ། གལ་ཏེ་རྔན་པ་དེ་གཞན་གྱིས་ཉོས་པ་མིན་པར། ངས་ཉོས་པ་ཡིན། ཞེས་པའི་དོན་གཙོ་བོར་བསྟན་ན། ངས་ཚོང་ཁང་ལ་སོང་ནས་རྔན་པ་ཉོས། ཟེར་བ་ལས། ང་ཞེས་མི་ཟེར་”(24)ཞེས་བྱེད་སྒྲའི་ཕྲད་འཇུག་མི་འཇུག་གི་ཁྱད་པར་དེ་དོན་གྱི་བསྟན་བ་གཙོ་བོ་གང་ལ་དམིགས་ནས་བརྗོད་པའི་གནས་སྐབས་དེར་བལྟ་དགོས་པ་དང་། ཚིག་གཅིག་གི་ནང་དུ་བྱེད་སྒྲ་སྦྱོར་ས་མི་གཅིག་ན། དོན་སྟོན་ཚུལ་ལའང་ཁྱད་པར་ཡོད་དེ། “དཔེར་ན། ངས་ཕྲེང་བའི་གྲངས་ཀ་བླངས། ངའི་ཕྲེང་བས་གྲངས་ཀ་བརྩིས། ངས་ཕྲེང་བས་གྲངས་ཀ་བླངས། ཞེས་པའི་ཚིག་སྦྱོར་གསུམ་གྱི་དང་པོ་ནི། ཕྲེང་བའི་གྲངས་ཀ་ལེན་མཁན་ང་ཡིན་པར་སྟོན་པ་དང་། གཉིས་པ་ནི་གྲངས་ཀ་ལེན་བྱེད་ཕྲེང་བའི་བདག་པོ་ང་ཡིན་ཀྱང་། ཕྲེང་བ་ལ་བརྟེན་ནས་གྲངས་ཀ་ལེན་མཁན་སུ་ཡིན་མ་ངེས་པར་སྟོན་པ་དང་། གསུམ་པ་ནི་ངས་ཕྲེང་བ་བཟུང་ནས་གྲངས་ཀ་བླངས་པ་སྟོན་ཀྱང་།  ཕྲེང་བའི་བདག་པོ་སུ་ཡིན་མི་སྟོན་” (25)པའི་ཁྱད་པར་བྱེད་སྒྲ་སྦྱོར་ཚུལ་ལས་བྱུང་བ་ལྟ་བུ་ཡིན་ནོ།   
          ཚེ་རིང་གིས་ཡི་གེ་འབྲི་དང་། དབྱངས་ཅན་གྱིས་དགེ་རྒན་འབོད། ལྷ་སྒྲོན་གྱིས་མེ་ཏོག་བཏབ། དཀར་མཚོ་ཡིས་གཏམ་བཟང་བཤད། རྔོན་པས་རི་དྭགས་བསད། ལུག་གིས་རྩྭ་ཟོས། རྟ་མཆོག་གིས་ཆུ་འཐུང་ལྟ་བུ་རྣམས་བྱེད་པོ་སེམས་ཅན་གྱིས་བྱ་བ་བྱེད་པའམ་བྱས་པར་སྟོན་པ་ལ་བྱེད་སྒྲའི་ཕྲད་སྦྱར་བ་དང་།  དེ་ལས་རྔོན་པས་རི་དྭགས་བསད་(རྔོན་པ་ཞེས་རི་དྭགས་བསད་)ལྟ་བུའི་པ་མཐའ་མེད་ཀྱི་རྗེས་སུ་འིས་འཐོབ་ཀྱང་དངོས་སུ་མི་འབྲི་བ་ནི། བྱེད་པ་ངག་ལ་བདེ་བའི་ཆེད་ཡིན་ལ། དེ་ནི་སྐད་གསར་བཅད་ཀྱིས་ཡི་གེ་ཟོར་ཡང་བའི་ཆེད་དུ་འ་མཐའ་ཕལ་ཆེར་བསྡུས་པའི་ཤུགས་རྐྱེན་གྱིས། འིས་ཞེས་པའི་“འི་”ཡིག་བསྡུས་ནས་ས་གཅིག་པུ་ལས་མི་འབྲི་བ་ཡིན་གྱི། ཐོབ་ཐང་ལ་མེད་པ་མ་ཡིན།    
          སེར་བས་ལོ་ཏོག་བཅོམ་དང་།  ཚོས་ཀྱིས་མདོག་བསྒྱུར།  པིར་གྱིས་རི་མོ་འབྲི།  སྐྱོགས་ཀྱིས་ཆུ་བཅུས། དབྱུག་པས་རྡུང་། ཁབ་ཀྱིས་བཙེམས། དམངས་སྒོར་གྱིས་ཉོས་ལྟ་བུ་རྣམས་བྱེད་པོ་ཡོད་པའི་བྱེད་པ་དང་བྱེད་པ་རྐྱང་པ་ཡིན་པ་ལ་བྱེད་སྒྲ་སྦྱར་བ་དང་། སྐབས་འགར་བྱ་བ་བྱས་པར་མི་སྟོན་པའི་འཇུག་ཚུལ་གཞན་ཡང་ཡོད་དེ།  དཔེར་ན། ཞིམ་པས་ཁ་མངར། སྙན་པས་ཡིད་འཕྲོག  རིང་བས་མ་མཐོང་། རྫུན་མང་བས་ཡིད་རྟོན་དཀའ། རིན་གོང་མཐོ་བས་ཉོ་མ་ཐུབ་ལྟ་བུ་རྣམས་བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ་དང་། རིམ་གྱིས་འགྱུར། ཉིན་གསུམ་གྱིས་ཐོན། ནན་གྱིས་བཤད། ལྷུན་གྱིས་གྲུབ། ངང་གིས་འདུ་ལྟ་བུ་རྣམས་ཀྱི་བྱེད་སྒྲའི་ཕྲད་སྦྱོར་ཡུལ་ནི་བྱེད་པ་པོ་དང་བྱེད་པ་གང་ཡང་མིན་ལ། འདིར་འགྱུར་དང་། བཤད། ཐོན། གྲུབ། འདུ་སོགས་བྱ་ཚིག་ཡིན་ཡང་བྱ་བ་དེ་དག་རིམ་དང་ཉིན་སོགས་ཀྱིས་བྱས་པ་མིན་པར། རིམ་གྱིས་འགྱུར་ཞེས་པ་ལྟ་བུའི་འགྱུར་བ་དེ་ཚུལ་ཇི་ལྟར་འགྱུར་ཞེ་ན། མགྱོགས་པོ་མིན་པར་ཡུན་ནམ་རིམ་གྱིས་འགྱུར་བའི་ཚུལ་སྟོན་པ་དང་། དེ་བཞིན་དུ།  ལྷུན་གྱིས་གྲུབ། ངང་གིས་འདུ་ཞེས་པ་ལྟ་བུའི་གྲུབ་དང་འདུ་གཉིས་ནི་བྱེད་པོ་ཞིག་གིས་ཕར་བྱ་བ་བྱས་པའི་ཚུལ་མི་སྣང་ལ། གྲུབ་དེ་གཞན་ཞིག་གིས་སྒྲུབ་པ་མིན་པར་ལྷུན་གྱིས་སམ་རང་བཞིན་གྱིས་གྲུབ་པ་དང་། འདུ་བ་ཡང་གཞན་གྱིས་བསྡུས་པ་མིན་པར་རང་བཞིན་གྱིས་འདུ་བའི་ཚུལ་ལམ་རྣམ་པ་དེ་བྱེད་པ་པོ་ཞིག་གིས་བྱ་བར་ཕར་འཇུག་པ་མིན་པར་ཚུར་སྣང་བ་ལྟ་བུ་རྣམས་སོ།    
          ༢、ལ་དོན་གྱི་ཕྲད་འཇུག་མི་འཇུག   
          ཞིང་ལ་ས་བོན་འདེབས་ལྟ་བུར་མཚོན་ན། ཞིང་ནི་བྱ་བའི་ཡུལ་དང་། འདེབས་པ་བྱ་བ། ས་བོན་ནི་འདེབས་རྒྱུའི་ལས་སམ་དངོས་པོ་ཡིན་པས། བྱ་བའི་ཡུལ་“ཞིང་”དང་ལས་ཀྱི་དངོས་པོ་“ས་བོན་” གཉིས་ཀྱི་དབར་དུ་“ལ་དོན་གྱི་ཕྲད་”སྦྱོར་དགོས་པ་ཡིན། དེ་ནི་འདེབས་པའི་བྱ་བ་དེ་ཕར་ཡུལ་ལམ་ཞིང་གི་སྟེང་ལ་བྱེད་དགོས་པར་སྟོན་ཆེད་ཡུལ་གྱི་སྟེང་དུ་ལ་དོན་གྱི་ཕྲད་ཅིག་སྦྱོར་བ་ཡིན། དེ་ལས་ལྡོག་སྟེ་“ལས་”དང་“བྱ་བ་”གཉིས་ཀྱི་དབར་“ལ་དོན་གྱི་ཕྲད་”སྦྱར་ན། ཞིང་ས་བོན་ལ་འདེབས་ལྟ་བུ་ཞིག་ཏུ་གྱུར་བས།  དེ་འདྲའི་བཤད་ཚུལ་ཞིག་བོད་སྐད་དུ་མེད་ལ། དོན་དུ་ཡང་བྱ་བའི་ཡུལ་ཞིང་དེ་ཉིད་ལས་ཀྱི་དངོས་པོ་ས་བོན་གྱི་སྟེང་དུ་འདེབས་པར་སོང་བས་དངོས་པོའི་ཆོས་ཉིད་དང་འགལ་བའི་སྐྱོན་ཞིག་ཡོད། དེའི་ཕྱིར་ལ་དོན་གྱི་ཕྲད་ནི་“ཡུལ་”དང་“ལས་”གཉིས་ཀྱི་དབར་འཇུག་ལ་“ལས་”དང་“བྱ་བ་”གཉིས་ཀྱི་དབར་མི་འཇུག་པ་རེད། དེ་བཞིན་དུ་ཤོག་བུ་ལ་ཡི་གེ་འབྲི་དང་། རི་ལ་ཤིང་འཛུགས། རྟ་ལ་སྒ་གཏད། རྡོ་ཐོག་ཏུ་མ་ཎི་བརྐོས། དཀོན་མཆོག་ལ་མཆོད་པ་འབུལ། གྲོགས་ལ་ཡི་གེ་བསྐུར། ཁང་སྟེང་དུ་དར་ལྕོག་བཙུགས་ལྟ་བུ་རྣམས་ཀྱང་ཡུལ་དང་ལས་གཉིས་སོ་སོར་ཡོད་པ་ཧ་ཅང་མངོན་གསལ་ཡིན་ལ། དེ་གཉིས་ཀྱི་དབར་ལ་དོན་གྱི་ཕྲད་སྦྱོར་དགོས་པའང་གོང་དུ་བརྗོད་པ་ལྟར་དང་། བྱ་ཡུལ་ཤོག་བུ་དང་། རི། རྟ། རྡོ། དཀོན་མཆོག  གྲོགས། ཁང་སྟེང་སོགས་ཚིག་དངོས་སུ་མི་གསལ་ཞིང་བསྡུས་པ་ཡིན་ན། ལ་དོན་གྱི་ཕྲད་ཀྱང་བསྡུ་ཆོག་སྟེ། ཡི་གེ་འབྲི་དང་། ཤེང་འཛུགས། སྒ་གཏད། མ་ཎི་བརྐོས། མཆོད་པ་འབུལ། ཡི་གེ་བསྐུར། དར་ལྕོག་བཙུགས་ལྟ་བུ་ཡིན། འདིར་ཡི་གེ་འབྲི་ཡུལ་ཤོག་བུ་དང་། ཤིང་འཛུགས་ཡུལ་རི་སོགས་ཡིན་པར་མི་གསལ་བ་མ་གཏོགས། བྱ་བའི་རྣམ་པ་སྔར་བཞིན་གསལ་ཞིང་གོ་ཐུབ་པ་ཡིན་ནོ།   
 དྲུག བྱ་བའི་དུས་གསུམ།   
          བྱ་བའི་དུས་གསུམ་ནི། བྱེད་པ་པོ་དང་བྱེད་པ་གང་རུང་ཞིག་གིས་རྩོལ་བ་ལས་བྱུང་བའམ་རང་བཞིན་གྱིས་བྱུང་བ་གང་ཡིན་ཡང་། དངོས་པོའི་འགྱུར་ལྡོག་གི་སྔ་ཕྱིའི་རིམ་པ་དང་རྣམ་པའི་ཆ་དེར་གཞིགས་ནས་འདས་དང་ད་ལྟ་མ་འོངས་གསུམ་གྱི་དུས་ཀྱི་དབྱེ་བ་དགར་བ་ཞིག་ལ་ཟེར།    
《དཀའ་ཀནད་གསལ་བའི་མེ་ལོང་》 ལས། “དེ་བཞིན་བྱེད་པོ་གཞན་དང་ནི། །དངོས་སུ་འབྲེལ་མིན་ཇི་ལྟར་ཡང་། །བྱ་བ་བྱས་ཟིན་འདས་པ་དང་། །བྱ་བ་བྱེད་འགྱུར་མ་འོངས་དང་། །བྱེད་བཞིན་པ་ནི་ད་ལྟ་བ། །དེ་ཕྱིར་དུས་གསུམ་དབྱེ་བས་ནི། །བྱེད་ལས་དང་འབྲེལ་ངག་གི་ནི། །སྦྱོར་བ་ཀུན་ལ་ཁྱབ་པ་ཡིན། །བདག་གཞན་དབྱེ་བས་དེ་ཙམ་དུ། །ཁྱབ་པ་མིན་ཡང་བྱེད་པོ་དང་། །བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ། །མཛད་ནས་བདག་གཞན་དང་འབྲེལ་བའི། །བྱ་བྱེད་རྣམས་ཀྱང་དེ་ཁོངས་བསྡུས། །”(26)ཞེས་གསུངས་པ་ལྟར། བྱ་བ་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་རུང་མ་འབྲེལ་རུང་བྱ་བ་བྱས་ཟིན་པ་ནི་འདས་པ་དང་། བྱ་བ་གང་བྱ་རྒྱུའི་བྱ་འགྱུར་སྟོན་པ་ནི་མ་འོངས་པ། བྱ་བ་གང་བྱེད་པཞིན་སྟོན་པ་ནི་ད་ལྟ་བ་ཡིན་པས་དུས་གསུམ་གྱི་དབྱེ་བ་ནི་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་སྟེ་བྱ་ཚིག་ཀུན་ལ་ཁྱབ་པ་ཡིན།(རྟགས་ཀྱི་འཇུག་པའི་གཞུང་དུ། སྤྱིར་བྱ་ཚིག་ལ་བྱེད་པ་པོ་གཞན་དང་འབྲེལ་བའམ་བྱ་བྱེད་ཐ་དད་པ་དང་། གཞན་དང་མ་འབྲེལ་བའམ་བྱ་བྱེད་ཐ་མི་དད་པ་གཉིས་སུ་འདོད་པ་ཡིན།) བདག་གཞན་གྱི་དབྱེ་བས་བྱ་ཚིག་ཐམས་ཅད་ལ་ཁྱབ་པ་མིན་ཏེ། ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་ཚིག་འགྲོ་དང་། འཕུར། འཁྱིལ་སོགས་ལ་བདག་གཞན་གྱི་དབྱེ་བ་འབྱེད་དུ་མེད་པ་ལྟ་བུ་ཡིན། དེའི་ཕྱིར་དུས་གསུམ་གྱི་དབྱེ་བ་ཁྱབ་ཆེ་ཞིང་། བདག་གཞན་གྱི་དབྱེ་བ་ཁྱབ་ཆུང་བ་རེད། འོ་ན་དུས་གསུམ་གྱི་དབྱེ་བ་ཁོ་ནས་ཆོག་མོད།  བདག་གཞན་གྱི་དབྱེ་བ་མཛད་དོན་གང་ཞེ་ན། བདག་གཞན་གྱི་དབྱེ་བ་མཛད་པ་ནི་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་ཡིན་ཞིང་། 《མུ་ཏིག་ཕྲེང་མཛེས་》ལས། “དེའི་ཞར་ལས་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་བསྡུས་པ་ཡིན་ནོ་”(27)ཞེས་“བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་”ཞེས་པའི་ཐ་སྙད་འདི་རྟགས་འཇུག་གི་གཞུང་དུ་ཐོག་མར་བྱུང་བ་དང་། ཕྱིས་ཀྱི་འགྲེལ་པ་རྣམས་སུ་“བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་པ་”ཞེས་“ཚིག་”ཅེས་པ་“སྒྲ་”རུ་བཅོས་ནས་གསུངས་ཡོད། དེའི་དོན་ནི་《དཀྱིལ་གྲྭ་དཀའ་ཆེན་པདྨའི་བརྡ་དག་ཕྱོགས་བསྒྲིགས་》ལས། “བྱ་བྱེད་ཀྱི་སྒྲ་ཤེད་མཚུངས་བདག་གཞན་གྱི་ཁོངས་སུ་བསྡུ་ཚུལ་ཇི་ལྟར་ཡིན་སྙམ་ན། སྒྲུབ་པར་བྱེད། ཅེས་པའི་ཚིག་འདི་སྒྲུབ་པ་པོ་ཞེས་པ་དང་ཤེད་མཚུངས་ཡིན་པས་བདག་གཞན་གཉིས་ཀྱི་ནང་ནས་བདག་གི་ཁོངས་སུ་བསྡུས། བསྒྲུབ་པར་བྱ། ཞེས་པ་འདི་བསྒྲུབ་བྱའི་ལྷ་ཞེས་པ་དང་ཤེད་མཚུངས་ཡིན་པས་བདག་གཞན་གཉིས་ཀྱི་ནང་ནས་གཞན་གྱི་ཁོངས་སུ་བསྡུས། ཡང་བདག་གཞན་གྱི་དབྱེ་བ་མ་མཛད་ན་ཅི་འགྱུར་སྙམ་ན། མ་མཛད་ན་སྐྱོན་འདི་ལྟར། དཔེར་ན། སྐལ་ལྡན་གྱིས་སངས་རྒྱས་བསྒྲུབས་ལྟ་བུའི་ཚེ། བསྒྲུབས་ཞེས་པའི་ཚིག་ཁོ་ནས་དུས་འདས་པ་གོ་ནུས་ཀྱང་། སྐལ་ལྡན་དང་སངས་རྒྱས་དེ་ཇི་ལྟ་བུ་ཡིན་ནམ་སྙམ་པའི་དོགས་པ་འབྱུང་བའི་སྐྱོན་ཡོད། བདག་གཞན་གྱི་དབྱེ་བ་མཛད་པས་སྐལ་ལྡན་དེ་བདག་བྱེད་པོ་དང་། སངས་རྒྱས་བསྒྲུབ་པར་བྱ་བ་གཞན་དེ་ཡིན་པ་བདེ་བླག་ཏུ་གོ་བའི་དགོས་པ་ཡོད་པས་དེའི་ཕྱིར་བདག་གཞན་གྱི་དབྱེ་བ་མཛད་དོ་”(28)ཞེས་གསུངས་པ་ལྟར་རོ།   
          དུས་གསུམ་གྱི་དབྱེ་བས་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་ཚུལ་སྤྱིར་བཏང་གི་ཁ་བརྡ་ལས་ཀྱང་གསལ་པོར་མཚོན་ཏེ། དཔེར་ན། མི་ཞིག་ལམ་འགྲམ་གྱི་སྤང་སྟེང་དུ་བསྡད་ཡོད་པ་མཐོང་ན། ཕ་རོལ་པོས་ཁྱོད་འདིར་བསྡད་ཡོད་དམ་ཞེས་འདྲི་བ་ལས། ཁྱོད་འདིར་འདུག་ཡོད་དམ་ཞེས་མི་ཟེར་བ་དང་།  མི་དེས་ཀྱང་ཕ་རོལ་ལ་ཁྱོད་འདིར་འདུག་རྒྱུ་ཡིན་ནམ་ཞེས་འདྲི་བ་ལས། ཁྱོད་འདིར་བསྡད་རྒྱུ་ཡིན་ནམ་ཞེས་ཟེར་བ་མེད་པ་ལྟ་བུའོ། དེའི་རྒྱུ་མཚན་ནི་“བསྡད་”ཅེས་པ་དུས་འདས་པ་དང་“འདུག་”ཅེས་པ་དུས་མ་འོངས་པ་ཡིན་པའི་རྐྱེན་གྱིས་ཡིན། ཡང་ཚུལ་ཁྲིམས་རྡོ་རྗེ་ཡིས་སློབ་གྲོགས་བཀྲ་ཤིས་དོན་གྲུབ་ལ་ཁྱོད་ཕ་ཡུལ་དུ་ནམ་ཞིག་འགྲོ་རྒྱུ་ཡིན་ཞེས་འདྲི་བ་ལས། ནམ་ཞིག་ལ་སོང་རྒྱུ་ཡིན་ཞེས་ཟེར་བ་མེད། བོད་ཡིག་མི་ཤེས་པའི་ཨ་ནེ་ལྷ་སྐྱིད་ཀྱིས་ཀྱང་ཁྱིམ་མཚེས་རྒན་པོ་སྐྱ་ལྷ་ལ། མོ་རང་ཕྱི་དྲོར་སྐོར་བ་ལ་འགྲོ་རྒྱུ་ཡིན་ཞེས་བརྗོད་པ་ལས། ཕྱི་དྲོར་སྐོར་བ་ལ་སོང་རྒྱུ་ཡིན་ཞེས་ཟེར་སྲོལ་མེད་པ་ལྟ་བུའོ། དེ་འདྲའི་བཤད་ཚུལ་འགྲིག་མིན་ནི་བོད་སྐད་ཀྱི་ཆོས་ཉིད་ལ་ལྟ་དགོས་ཤིང་། ཆོས་ཉིད་དེ་དུས་ཀྱི་སྟེང་ནས་བྱུང་བ་ཡིན་པས། མ་འོངས་པའི་བྱ་བ་ལ་འདས་ཚིག་མི་བརྗོད་པ་དང་། འདས་པའི་བྱ་བ་ལ་མ་འོངས་པའི་ཚིག་མི་བརྗོད་པས། མ་འོངས་པའི་བྱ་ཚིག་“འགྲོ་”ཞེས་པ་མ་འོངས་པའི་བྱ་བར་སྦྱོར་དགོས་པ་ཡིན།   
          གོང་དུ་དཔེར་བརྗོད་པ་ནི་བྱ་ཚིག་གི་ཡིག་གཟུགས་མི་འདྲ་བ་ལས་སྒྲ་མི་འདྲ་བ་དང་། དེ་ལས་དུས་ཀྱི་དབྱེ་བ་མི་འདྲ་བའི་ཁྱད་པར་འབྱུང་བ་ཞིག་ཡིན་པས། གཟུགས་འགྱུར་བྱ་ཚིག་ཅེས་བརྗོད་པ་དང་། བྱ་ཚིག་ཡིན་ན་གཟུགས་འགྱུར་ཁོ་ནའང་མ་ཡིན་ཏེ། བོད་སྐད་ཀྱི་ཆོས་ཉིད་ལྟར་ན། མིག་གིས་མཐོང་དང་། ལག་པ་འདར།  ཕ་མ་དྲན། ཚོགས་འདུ་གྲོལ། རྒན་ལ་བཀུར།  སློབ་སྦྱོང་ལ་འབད། བླ་མ་ལ་བསྟོད། ཐག་པ་འཐེན་ལྟ་བུ་སོགས་ཀྱི་མཐོང་དང་། འདར།  དྲན། གྲོལ། བཀུར། འབད། བསྟོད།  འཐེན་བཅས་ཀྱི་བྱ་ཚིག་འདི་དག་ནི་དུས་གསུམ་ཁྱབ་མཉམ་དུ་ཡི་གེའི་གཟུགས་དང་སྒྲ་མཚུངས་པས། གཟུགས་མི་འགྱུར་བའི་བྱ་ཚིག་ཅེས་བརྗོད་པ་ཡིན། གཟུགས་མི་འགྱུར་བའི་བྱ་ཚིག་ལ། མིང་གཞི་དང་སྔོན་འཇུག  རྗེས་འཇུག ཡང་འཇུག དབྱངས་སོགས་ཡིག་གཟུགས་དང་སྒྲ་ཡི་སྟེང་ན་དུས་ཀྱི་ཁྱད་པར་ནི་མེད་ཅིང་། ཚིག་སྦྱོར་དུ་འགོད་པའི་ཚེ།  དུས་གསུམ་བདག་གཞན་གྱི་ཁྱད་པར་ཚིག་གྲོགས་དང་ཚིག་སྔ་ཕྱིའི་དོན་གྱི་སྟེང་ནས་སྟོན་པ་ཡིན་ཏེ། ཚིག་གྲོགས་ལ་བལྟས་ནས་དུས་གསུམ་དབྱེ་བ་དཔེར་ན། ལྟད་མོ་སོགས་མཐོང་བར་འགྱུར་ལྟ་བུ་མ་འོངས་པ་དང་། མཐོང་གིན་འདུག་ལྟ་བུ་ད་ལྟ་བ། མཐོང་བར་གྱུར་ཏོ་ལྟ་བུ་འདས་པ་ཡིན་པ་ཡང་གཙོ་བོ་ཚིག་གྲོགས་འགྱུར་དང་།  གིན་འདུག གྱུར་ཏོ་གསུམ་ལ་བལྟས་ནས་དུས་གསུམ་གྱི་དབྱེ་བ་འབྱེད་པ་ལས་བྱ་ཚིག་“མཐོང་”ལ་བལྟས་ནས་བཞག་པ་མིན་པ་ལྟར་རོ།
          དུས་གསུམ་མཚོན་བྱེད་ཀྱི་ཚིག་གྲོགས་ཞེས་པ་ནི། བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་བྱ་ཚིག་ཅི་རིགས་དང་བསྡེབས་ནས་དུས་གསུམ་མ་འདྲེས་པར་མཚོན་པའི་སྒྲ་ཁྱད་པར་བ་སྐོར་ཞིག་སྟེ། བྱས་ཟིན་འདས་པ་མཚོན་པའི་ཚིག་གྲོགས་ནི། ཟིན། ཚར། གྱུར།  གྱུར་ཏོ། བྱས་སོ། བགྱིས་སོ་ལ་སོགས་པ་དང་། བྱེད་བཞིན་ད་ལྟ་བ་མཚོན་པའི་ཚིག་གྲོགས་ནི། བཞིན་(བྱེད་བཞིན།) ཀྱིན་(བྱེད་ཀྱིན།)ཀིན་(བཤད་ཀིན།) གྱིན་(འདར་གྱིན་འདུག་)ལ་སོགས་པ་དང་། བྱ་འགྱུར་མ་འོངས་པ་མཚོན་པའི་ཚིག་གྲོགས་ནི། འགྱུར། འགྱུར་རོ། རྒྱུ་ཡིན། བྱ་ལས་སྟོན་པའི་བྱ་དང་། བྱའོ་ལ་སོགས་པ་དང་།  དེ་བཞིན་གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་ཏོ་རྣམས་ལས། སོ་སྒྲ་དང་ཏོ་སྒྲ་དག་ད་ལྟ་མ་འོངས་གཉིས་ལ་འཇུག་པ་ཉུང་ཞིང་། འདས་པར་འཇུག་པ་མང་བ་ཙམ་མ་གཏོགས། སྤྱིར་དེ་ཐམས་ཅད་དུས་གསུམ་གའི་ཚིག་གྲོགས་ལ་འཇུག་རུང་བ་ཡིན། བདག་གཞན་དང་དུས་མཚོན་བྱེད་ཀྱི་ཚིག་གྲོགས་ཁྱབ་ཤིན་ཏུ་ཆེ་བ་“བྱ་བྱེད་བྱས་བྱོས་”འདི་དག་གཞན་འབྲེལ་མ་ཡིན་པ་སྐོར་ཞིག་གི་ཚིག་གྲོགས་སུ་སྦྱར་ན། བྱེད་འབྲེལ་གྱི་དོན་ཅན་དུ་བསྒྱུར་རུང་བ་སྟེ།  དཔེར་ན། སྲོལ་བཟང་ཚུགས་པར་བྱས། བསམ་དོན་འགྲུབ་པར་བྱ།  དཔལ་འབྱོར་འཕེལ་བར་བྱེད། ལུས་ཕུང་འགུལ་བར་བྱོས་ཤིག་ལྟ་བུ་ཡིན། དེའི་ཚིག་གྲོགས་ཀྱི་ནུས་པས། གོམས་སྲོལ་བཟང་པོ་གང་རུང་ཞིག་རང་བཞིན་གྱིས་ཚུགས་པའི་དོན་མིན་པར། ཤུགས་སུ་ཡོད་པའི་བྱེད་པོ་གཞན་ཞིག་གིས་ཚུགས་པར་བྱས་པའི་དོན་ཅན་དུ་སོང་ཞིང་། སྲོལ་བཟང་བཙུགས་ལྟ་བུའི་བྱེད་པོ་དངོས་འབྲེལ་གྱི་ཚིག་སྦྱོར་དངོས་དང་སྟོབས་མཚུངས་སུ་འགྱུར་བ་དང་། “ཡང་རང་ཉིད་འགྲོ་བར་བྱེད། ལྟ་བུའི་ཚིག་གྲོགས་ཀྱི་ནུས་པས། འགྲོ་མཁན་རང་ཉིད་ཀྱིས་རང་ཉིད་འགྲོར་འཇུག་པའི་ཚུལ་ཅན་ཞིག་བགྱིད་པའི་སྒོ་ནས་འགྲོ་བའི་ལས་ཤིག་སྟོན་པའང་ཡོད་པ་ཤེས་དགོས་སོ། སྒྲ་སྦྱོར་དང་བསྟན་དོན་འདི་ལྟ་བུ་ནི། སྒྲ་ལྕི་ཡང་དང་། ཚིག་སྣ་རིང་ཐུང་སོགས་ཀྱི་ཚིག་གི་སྡེབ་སྦྱོར་སྙོམས་པོར་འགྱུར་བའི་དགོས་པ་ལ་བརྟེན་ནས་བྱེད་པོ་གཞན་མེད་ཀྱི་ལས་ཕལ་མོ་ཆེ་དང་སྦྲེལ་དུ་རུང་བར་བྱུང་མོད་ཀྱི།  ཉི་མ་ཤར་བ། ནམ་ལངས་པ། དགུན་དུ་འགྱུར་བ། ལོ་ན་རྒས་པ། ལྟ་བུ་སོགས་བྱེད་པོས་བྱ་ཡུལ་དུ་མི་རུང་བའི་གཞན་དབང་ཅན་གྱི་ལས་དངོས་ལ་ནི་དེ་ལྟའི་ཚིག་གྲོགས་སྦྱར་མི་རུང་བའི་ཕྱིར་ཏེ། དོན་སྐྱོན་དུ་འགྱུར་བའི་སྐྱོན་ཡང་ཤེས་དགོས”(29)པ་ཡིན་ནོ།   
          བྱ་བྱེད་ཐ་དད་པ་ཡིན་ན་སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་གཉིས་འཇུག་པ་དང་།  བྱ་བྱེད་ཐ་མི་དད་པ་ཡིན་ན་སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་གཉིས་མི་འཇུག་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སེར་བས་ལོ་ཏོག་བཅོམ་ལྟ་བུའི་འཇོམས་བྱེད་སེར་བ་དང་གཞོམ་བྱ་ལོ་ཏོག་ཡིན་པས་བྱ་བྱེད་ཐ་དད་ཀྱང་།  བཅོམ་ཞིག་ཅེས་སྐུལ་ཚིག་དང་། མ་བཅོམ་ཞེས་དགག་སྒྲའི་སྐུལ་ཚིག་གཉིས་སྦྱོར་སྲོལ་མེད་པ་དང་། ཨ་མ་གདན་ལ་བཞུགས་ཟེར་བྱ་བ་བྱེད་ཐ་མི་དད་ཀྱང་། བཞུགས་ཤིག་ཅེས་སྐུལ་ཚིག་དང་། མ་བཞུགས་ཞེས་དགག་སྒྲའི་སྐུལ་ཚིག་འཇུག་པ་ཡིན། ཚུལ་འདིར་བལྟས་ན། སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་གཉིས་གང་ལ་འཇུག་དང་མི་འཇུག་པའི་གནད་གཙོ་བོ་ནི་བྱ་བྱེད་ཐ་དད་མིན་གྱི་དབང་གིས་མ་ཡིན་ཏེ། སྨྲ་ཤེས་ཤིང་དོན་གོ་བའི་བྱེད་པོ་ཞིག་ཡིན་མིན་ལ་བལྟ་དགོས་པ་དེ་རེད། བསམ་དོན་གང་ཞིག་ལ་གཉེར་གཏད་ནས།  ལོ་ཕྱུགས་རྟག་ཏུ་ལེགས་པར་ཤོག  ཕྱུགས་ལ་གོད་ཁ་མེད་པར་ཤོག ཆར་ཆུ་དུས་སུ་འབབ་པར་ཤོག བཀྲ་ཤིས་པར་གྱུར་ཅིག དོན་འགྲུབ་པར་གྱུར་ཅིག  ཚེ་རིང་བར་གྱུར་ཅིག་ལྟ་བུའི་སྨོན་པའི་ཚིག་དེ་དག་གང་ལའང་སྦྱོར་རུང་བ་ཤེས་པར་བྱའོ། །
          ལུང་འདྲེན་དཔྱད་ཡིག
          ①③⒅(27)《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་》ཀརྨ་སི་ཏུས་བརྩམས། ༢༠0༨ལོའི་ཟླ་༡༡པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ། ཤ༡༥༥-༡༥༦ ཤ༡༥༦、ཤ༡༥༨、ཤ༡༥༦རྣམས་སུ་གསལ།
          ②⑨《གསེར་ཏོག་སུམ་རྟགས་》གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་བརྩམས ༡༩༩༥ལོའི་ཟླ་༡༠པར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ།  ཤ༡༤༢、ཤ༡༤༤
          ④⑤《ཀུན་བཟང་དགོངས་རྒྱན་》པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་བརྩམས།  ༢༠༠༨ལོའི་ཟླ་༨པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ། ཤ༧༨、ཤ༩༨
          ⑥《ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ་》དེབ་རྟགས་(༡/༡༨)༢༠༠༩ལོའི་ཟླ་༩པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ།  ཤ༤༢
          ⑦《དཀར་ལེབས་སུམ་རྟགས་དཀའ་འགྲེལ་》དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེའམ་ཨོ་རྒྱན་རྡོ་རྗེས་བརྩམས། ༡༩༨༩ལོའི་ཟླ་༢པར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གཉིས་ཀྱིས་དཔར་དུ་བཏབ། ཤ༧༠
          ⑧(24)(25)《བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ་》དོར་ཞི་གདོང་དྲུག་སྙེམས་བློས་བརྩམས། ༡༩༩༧ལོའི་ཟླ་༧པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ། ཤ༡༡༥、ཤ༤༢、ཤ༤༡
          ⑩⑾⒀⒁《བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ་》དུད་བླ་བུ་ཆུང་གིས་བསྒྲིགས། ༢༠༡༢ལོའི་ཟླ་༡༢པར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ། ཤ༡༥༥、ཤ༡༦༡、ཤ༡༥༤ 、ཤ༣༣༢
          ⑿(28)《དཀྱིལ་གྲྭ་དཀའ་ཆེན་པདྨའི་བརྡ་དག་ཕྱོགས་བསྒྲིགས་》༢༠༠༡ལོའི་ཟླ་༡༢པར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་དུ་བཏབ། ཤ༡༩༧-༡༩༨   ཤ༢༠༡-༢༠༢བར་གསལ།
          ⒂《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་》དམུ་དགེ་བསམ་གཏན་གྱིས་བརྩམས། ༢༠༠༥ལོའི་ཟླ་དང་པོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ།  ཤ༧༨       
          ⒃⒄《མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་》༢༠༠༣ལོའི་ཟླ་༢པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ། ཤ༢༤༩、ཤ༢༤༩
          ⒆⒇《སུམ་རྟགས་རྩ་འགྲེལ་སི་ཏུའི་ཞལ་ལུང་》དངུལ་ཆུ་ཡབ་སྲས་ཀྱིས་བརྩམས། ༢༠༠༢ལོའི་ཟླ་༧པར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ།  ཤ༥༣
          (21)(26)《དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་འབུམ་》(གླེགས་བམ་གསུམ་པ་)༢༠༠༧ལོའི་ཟླ་༧པར་པོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ། ཤ༡༥༡、ཤ༡༥༠
          (22)《རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས་》༡༩༩༢ལོའི་ཟླ་༦པར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ། ཤ༢༢༡
          (23)(29)《སུམ་རྟགས་ཀྱི་དཀའ་འགྲེལ་བློ་ལྡན་དགྱེས་པའི་རོལ་མཚོ》གཞན་ཕན་འཕྲིན་ལས་རྡོ་རྗེས་བརྩམས། ༢༠༡༡ལོའི་ཟླ་༦པར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ། ཤ༤9༦、ཤ༤༡༦-༤༡༧བར་གསལ།