“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

དོན་གྲུབ་རྒྱལ་དང་དེས་བོད་ཀྱི་རྩོམ་རིག་གསར་བར་ཐེབས་པའི་ཤུགས་རྐྱེན་སྐོར།

སྤེལ་དུས 2020-01-02 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བཀྲ་ཤིས་དཔལ་ལྡན།
          བོད་རིགས་ཀྱི་རྩོམ་རིག་གསར་པ་དར་བ་དང་བསྟུན་ནས་རྩོམ་རིག་སྒྱུ་རྩལ་གྱི་ལྡུམ་རའི་ནང་རྒན་དར་གཞོན་གསུམ་ལས་གྲུབ་པའི་རྩོམ་པ་པོ་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ཀྱིས་ཐོན་པ་དང་། ལྷག་དོན་བསམ་བློ་ཡར་ཐོན་དང་། ཁོར་ཡུག་དང་ཤེས་བྱ་གསར་པ་འཕྲོད་སླ་བའི་གཞོན་ནུ་རྩོམ་པ་པོ་ཁག་གཅིག་ཐོན་བཞིན་ཡོད་པ་དེ་དག་གི་ཁྲོད་ན། དེང་སྐབས་རྩོམ་རིག་ལས་རིགས་ཐོག“བོད་རིགས་ཀྱི་རྩོམ་རིག་སྨྲ་བའི”མཚན་སྙན་གྱིས་བསྟོད་ཅིང་རྩོམ་རིག་གི་འབྲས་བུ་གཡུར་དུ་ཟ་བ་ནི་དོན་གྲུབ་རྒྱལ་ཡིན། ཁོང་ནི་མདོ་སྨད་གཙན་ཚའི་ཡུལ་དུ་འཁྲུངས་པ་དང་། ༡༩༨༠ལོར་ཀྲུང་དབྱངས་མི་རིགས་སློབ་གྲྭའི་གནའ་རབས་བོད་ཡིག་འཛིན་གྲྭ་ནས་ཐོན། ཁོང་གིས་དུས་ཐུང་བགྲང་བྱ་བཅུ་ཕྲག་གསུམ་ལྷག་ཙམ་གྱི་སྐུ་ཚེའི་ཡུན་ལ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་རྩོམ་རིག་གསར་རྩོམ་སོགས་ཀྱི་ལས་དོན་ཐད་དུ་གཟེངས་སུ་ཐོན་པའི་ཕྱག་རྗེས་བཞག་ཡོད་ཅིང་། ལྷག་དོན་ཁོང་གི་བརྩམས་འབྲས་ལ་རྩོམ་རིག་ལས་རིགས་ཁྲོད་དུ་ཤུགས་རྐྱེན་ཟབ་མོ་ལྡན་པ་མ་ཟད། བོད་རིགས་ཀྱི་རྩོམ་རིག་གསར་པའི་རྨང་གཞི་འདིང་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུ་བཅས་ཀྱི་ཐད་ལ་དེ་བས་སྐུལ་སྤེལ་གྱི་ནུས་པ་ཤུགས་ཆེན་ལྡན་ཡོད་པས། ཁོང་ནི་མིང་དོན་མཚུངས་པའི་བོད་རིགས་ཀྱི་ན་གཞོན་རྩོམ་པ་པོ་ངོ་གནོང་མི་དགོས་པ་ཞིག་རེད། 
          དོན་གྲུབ་རྒྱལ་གྱི་བརྩམས་འབྲས། 
          དོན་གྲུབ་རྒྱལ་གྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བྱེད་རིང་ལོ་གཉིས་ཙམ་གྱི་སློབ་གསེང་དུས་ཚོད་ནང་དུ<<འབོལ་རྩོམ་ཞོགས་པའི་སྐྱ་རེངས>>ཞེས་པའི་བོད་རིགས་ཀྱི་དེང་རབས་རྩོམ་རིག་ཕྱོགས་བསྒྲིགས་ཀྱི་དེབ་ཆུང་དང་པོ་དེ་བཏོན་པར་མཁས་དབང་དུང་དཀར་རིན་པོ་ཆེ་ནས་ཀྱང“དུས་ཡུན་ཐུང་ངུ་ལོ་གཉིས་རིང་གི་སློབ་གསེང་གི་ཞོར་ལ་རྩོམ་རིག་དེ་འདྲ་མང་པོ་བྲིས་པ་ནི་ཧ་ཅང་དཀའ་བའི་གནས་ཡིན་པ་དང་ལྷག་པར་དུ་རྩོམ་ཡིག་ཁག་གཅིག་ནི་གསར་བརྗེའི་མི་རབས་རྗེས་མའི་གཞོན་ནུ་ཆེས་མང་པོ་ཞིག་གི་རེ་འདུན་མངོན་གསལ་དོད་པོས་མཚོན་པར་བྱས་ཡོད། ”ཅེས་ཚད་མཐོའི་གདེང་འཇོག་གནང་ཡོད་པ་ལྟར། དེབ་ཆུང་དེ་པར་འདོན་བྱས་རྗེས་བོད་རིགས་ཀྱི་ཀློག་པ་པོའི་ཁྲོད་དུ་བག་ཆགས་གཏིང་ཟབ་བཞག་ཡོད། ཁོང་གིས་བྲིས་པའི་བརྩམས་འབྲས་དེ་དག་གྲངས་ཚད་ཙམ་མ་ཟད་སྤུས་ཚད་ཀྱི་ཐད་ནས་ཀྱང་ཚད་གཞི་མཐོན་པོར་སླེབས་ཡོད་པ་དཔེར་ན།  <<ལེ་ལོ་ཅན་དང་བརྩོན་འགྲུས་ཅན>>དང་། <<པད་མཚོ>>ལྟ་བུས་རང་ཅག་ཁ་བ་རི་བའི་གཞོན་ནུ་ཚོས་གསར་ཐོན་ཚན་རིག་ཤེས་བྱ་དང་། རིག་གནས་སློབ་སྦྱོང་བྱ་རྒྱུར་བྲག་རྡོ་ཁུང་འབིགས་ཀྱི་སྙིང་རུས་བྱེད་ལུགས་མཚོན་པ་དང་། འབྲུག་མཚོ་ལྟ་བུའི་བོད་རིགས་སློབ་གྲྭ་ཆེན་མོ་བའི་གཞོན་ནུ་མས་རང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་རྩྭ་ཐང་གི་མི་རབས་རྗེས་མ་གསོ་སྐྱོང་བྱེད་ཕྱིར་རང་ཉིད་ཀྱི་ཐོབ་ཤོར་དང་བདེ་སྡུག་ལ་བསམ་བློ་མི་གཏོང་བའི་སྤྱོད་ཚུལ་བཟང་པོ་དང་སྙིང་སྟོབས་ལ་བསྟོད་བསྔགས་ཚད་མེད་བྱས་པ་དང་། ད་དུང་དེ་ལས་ཀྱང་<<རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ>>ལྟ་བུས་རྩོམ་པ་པོའི་ལྷག་བསམ་རྣམ་པར་དག་པའི་བསམ་པས་ལེ་ལོ་ཅན་གྱི་གཞོན་ནུ་རྣམས་ལ་དུས་ཚོད་ཀྱིས་བསྒུགས་ནས་མི་སྡོད་ལ། འཇིག་རྟེན་གྱི་འདོད་ཡོན་མཐའ་དག་དང་གྲུབ་འབྲས་ནོར་བུ་རིན་ཆེན་མཐའ་དག་ནི་བརྩོན་འགྲུས་ཀྱིས་འབད་པ་བྱེད་མཁན་ལས་གཞན་སུ་ལའང་བདག་དབང་མེད་པའི་ཆོས་ཉིད་དང་གནས་ལུགས་གསལ་སྟོན་བྱས་ཏེ་འབད་བརྩོན་བྱེད་དགོས་པ་ལས་དུས་ཚོད་ཉིན་རེ་བཞིན་སོས་དལ་དུ་ཕུད་ན་ནམ་ཞིག་འབྲས་བུ་ངན་པ་ཐོན་སྐབས་འགྱོད་པ་བྱས་ཀྱང་འཕྱིས་དྲགས་པ་རེད་ཅེས་པའི་དྲན་སྐུལ་ཤུགས་ཆེན་པོ་བྱས་པ་སོགས་ནང་དོན་ཕུན་ཚོགས་ཤིང་ཚིག་སྦྱོར་མཛེས་ལ་མིང་ཚིག་སྣ་མང་བེད་སྤྱོད་བྱ་ཐབས་ཀྱི་ཁོ་ལག་ཡངས་པོར་གྲོལ་བའི་རྩོམ་གཤིས་དེ་དག་ནི་གཅིག་ནས་མི་རིགས་རང་ཉིད་ཀྱི་རྩོམ་སྲོལ་བེད་སྤྱོད་བྱས་པ་དང་། གཉིས་ནས་མི་རིགས་གཞན་དག་གི་ཕུལ་བྱུང་རྩོམ་སྲོལ་ལ་སློབ་སྦྱོང་བྱེས་ཏེ་མི་རིགས་ཀྱི་རྩོམ་རིག་རིག་གནས་བང་མཛོད་ལ་ཁ་སྣོན་དང་རང་ཉིད་ཀྱི་གསར་རྩོམ་དེས་དངོས་ཡོད་འཚོ་བ་འབྲི་བའི་ལམ་བཏོད་དེ་བོད་རིགས་ཀྱི་དེང་རབས་རྩོམ་རིག་ལ་ཁྲིད་སྟོན་བྱས་པ་ཞིག་རེད། 
          སྔ་ཕྱིར་<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>དང་<<སྦྲང་ཆར>><<ཟླ་ཟེར>><<མཚོ་སྔོན་མང་ཚོགས་སྒྱུ་རྩལ>>སོགས་རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་དཔྱིད་དུས་ཀྱི་མྱུ་གུ་ལྟར་ཐོན་པ་དེས། ཁོང་གིས་གསར་རྩོམ་བྱ་གཞག་གི་རྟ་ཕོ་ལའང་བརྒྱུགས་སའི་ཐང་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་བཏོན་པས་ལོ་ངོ་དྲུག་ཙམ་གྱི་ནང་ལ་རིམ་བཞིན་དྭངས་གཙང་གཞོན་ནུ་ཕོ་མོའི་བརྩེ་དུང་གི་ཆུ་རྒྱུན་ལྷུང་ལྷུང་བབས་ཤིང་། ཕ་མས་ཕྲུ་གུའི་གཉེན་དོན་བཙན་སྒྲིག་བྱེད་སྲོལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་རྙིང་པའི་གད་སྙིགས་ཕུང་པོ་གཙང་ཕྱགས་བྱེད་པའི་སྒྲུང་<<སད་ཀྱིས་བཅོམ་པའི་མེ་ཏོག>>དང་ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱུང་བའི་གོ་སྐབས་དང་བསྟུན་ནས་སངས་རྒྱས་བསྟན་པའི་སྙན་གྲགས་ལ་ནག་པོ་བྱུགས་པ་དང་མི་དམངས་མང་ཚོགས་ལ་མགོ་སྐོར་གྱིས་ཁོ་ཚོའི་རྒྱུ་ནོར་དང་མི་ལུས་ལ་གནོད་འཚེ་དང་ཆོས་འབག་གྱོན་ནས་གང་སར་བྱ་ལོག་སྤྱོད་ལོག་བྱེད་པའི་སྐྱེ་བོ་ཉུང་ཤས་ཀྱི་ཐ་ཤལ་སྤྱོད་ཚུལ་ལ་སུན་འབྱིན་དང་ཐེར་འདོན་བྱེད་པའི་ནང་དོན་ཅན་གྱི་སྒྲུང་གཏམ<<སྤྲུལ་སྐུ>>དང་།  རང་ཉིད་བཅུ་དྲུག་ལང་ཚོའི་དར་ལ་བབ་ཅིང་གང་བྱས་གང་ཡོང་ཐུབ་པ་དེ་ནི་ཨ་མའི་ཁོག་ནས་སྐྱེས་དུས་ནས་ཡོད་པ་ལྟར་ལས་ཕ་མས་ཇི་ལྟར་བྱས་ཏེ་ཚ་གྲང་གི་དཀའ་སྡུག་བསྲན་ནས་རང་ཉིད་ཆེར་བསྐྱངས་པ་སོགས་ལ་དྲིན་དུ་མི་སེམས་པར་ད་དུང་ཕ་མ་ལ་འཁོན་འཛིན་གནག་སེམས་བྱེད་པ་དང་རང་གིས་བྱ་ལོག་སྤྱོད་ལོག་མ་ཚང་བ་མེད་པར་བྱས་མཐར་ཡ་ང་བའི་གནས་སུ་ལྷུང་བའི<<རྒྱུ་འབྲས་མེད་པའི་གནའ་མ>>(མཉམ་བྲིས) ལྷག་བསམ་རྣམ་པར་དག་ཅིང་ལྷད་མེད་བཟའ་ཚོའི་བརྩེ་དུང་། ཕ་མ་བུ་ཕྲུག་གི་བརྩེ་དུང་མཚོན་པའི་<<ཤ་དང་རུས་པའི་བརྩེ་དུང་>> མེས་པོའི་དུས་ནས་ཆགས་པའི་ཁྱིམ་དུད་དང་མི་སྒེར་བར་རྩོད་གཞིའི་ནད་གཅོང་ཡོད་པ་དག་དེང་རབས་ཀྱི་གཞོན་ནུ་དང་། ཁོག་རྒྱ་ཆེ་བའི་མི་རྣམས་ཀྱིས་སེལ་བར་ནུས་པ་མཚོན་པའི<<འབྲོང་སྟག་ཐང་>>དངོས་ཡོད་དང་འཆར་ཡན་ཟུང་དུ་འབྲེལ་བའི་རྩོམ་སྟངས་སྤྱད་ནས་བྲིས་པའི་མེས་པོ་ཚོའི་ལོ་རྒྱུས་མཛད་རྗེས་ལ་བློ་ཡིད་ཚིམས་ཤིང་། དེ་དག་ཁོ་ན་ངོམ་ནས་སྡོད་པ་ལས་དུས་རབས་དང་ལོ་རྒྱུས་ཀྱི་འཁོར་ལོ་མདུན་དུ་རྒྱུ་བའི་ལམ་བུ་གསར་པའི་སྟེང་དུ་འགྲོ་རྒྱུར་ད་དུང་ཡང་ཐེ་ཚོམ་དང་རྙིང་ཞེན་གྱིས་མགོ་བོ་རྨོངས་ནས་སྡོད་མཁན་ལ་དྲན་སྐུལ་བྱེད་པའི<<རྐང་ལམ་ཕྲ་མོ>>དང་། <<ལང་ཚོའི་རྦབ་ཆུ>>སོགས་སྒྲུང་གཏམ་དང་སྙན་ངག་གི་བརྩམས་འབྲས་ཁག་སུམ་ཅུ་ཙམ་ང་ཚོར་བཞག་ཡོད་པ་དེ་དག་ནི་ཞིབ་འཇུག་དང་ལྟ་ཀློག་བྱེད་རིན་ཡོད་པ་ཤ་སྟག་ཡིན། རྩོམ་པ་པོ་ཞིག་ལ་གདེང་འཇོག་གང་འདྲ་ཞིག་བྱེད་དགོས་མིན་ནི་དེས་བྲིས་པའི་བརྩམས་འབྲས་ཀྱི་ནང་དོན་གྱི་བསམ་བློའི་རང་བཞིན་དང་། མི་རིགས་རང་བཞིན། སྒྱུ་རྩལ་གྱི་རང་བཞིན་བཅས་ལ་དབྱེ་ཞིབ་བྱེད་རྒྱུ་ནས་མགོ་འཛུགས་དགོས་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས་དོན་གྲུབ་རྒྱལ་ལ་གདེང་འཇོག་བྱེད་པར་ཡང་ཁོག་གིས་བྲིས་པའི་བརྩམས་འབྲས་ལ་དབྱེ་ཞིབ་བྱེད་རྒྱུ་ནས་མགོ་འཛུགས་པ་ནི་གདོན་མི་ཟའོ། ། 
          བརྗོད་བྱ་གདམ་གསེས་ཀྱི་སྐོར། 
          སྤྱི་ཚོགས་ཀྱི་འཚོ་བ་ནི་རྒྱ་ཆེ་ལ་ཕུན་སུམ་ཚོགས་པ་ཞིག་ཡིན་པས། རྩོམ་རིག་གི་བརྗོད་བྱའི་ཐད་བླངས་ན་རྫོགས་མཐའ་མེད་པ་དང་སྤྱད་ན་ཟད་མཐའ་མེད་པ་ཞིག་ཡོད། འོན་ཀྱང་རྩོམ་པ་པོས་དེ་དག་ལ་བླང་དོར་མེད་པར་མ་ལུས་པ་གཅིག་ཏུ་བསྡུས་ནས་ཤོག་བུའི་ཐོག་ཏུ་བཀོད་ན་དེ་ནི་བྱེ་ཐང་དུ་འདྲེས་པའི་གསེར་བྱ་བཞིན་ཡོད་ཚུལ་ཤེས་པ་ལས་དོན་དུ་བེད་སྤྱོད་ཀྱི་རིན་ཐང་མེད་པ་དང་ཀློག་པ་པོའི་དགོས་མཁོ་ཡང་སྐོང་མི་ཐུབ་པ་ཞིག་ཆགས་རྒྱུ་རེད། དེར་བརྟེན་བརྩམས་འབྲས་ཤིག་གི་ལེགས་སྒྲུབ་དང་ཕམ་ཉེས་ཅི་ཡོང་གི་འགག་རྩ་ནི་བརྗོད་བྱ་གདམ་གསེས་བྱ་རྒྱུ་དེ་གནད་དུ་འཁེལ་བ་ཞིག་དང་དངོས་ཡོད་དང་དུས་ལ་བབ་པ་ཞིག་བྱུང་མིན་ལ་རག་ལས་ཡོད། དོན་གྲུབ་རྒྱལ་གྱིས་བྲིས་པའི་བརྩམས་འབྲས་ཀྱི་ནང་དུ་མི་རྣམས་ཧང་སངས་དགོས་པའི་དཔའ་བོ་དང་གནས་ཚུལ་ཡ་མཚན་ཅན་གང་ཡང་བྲིས་མེད་པར་རྒྱུན་གཏན་གྱི་འཚོ་བའི་ནང་བྱུང་དང་འབྱུང་མས་ཡིན་པའི་མི་སྣ་དང་བྱ་སྤྱོད་ཁོ་ན་བྲིས་ནའང་དེས་ཀློག་པ་པོའི་ཡིད་དབང་འགུག་ཤུགས་ཆེན་པོ་དེ་འདྲ་ཡོད་དོན་ག་རེ་ཡིན་ནམ། དེའི་ཐད་ཡོ་རོབ་གླིང་ཁོངས་ལོ་མ་རྒྱལ་ཁབ་ཀྱི་སྙན་ངག་པ་ཧ་ལ་སིས“ཁྱོད་ཚོ་རྩོམ་འབྲི་མཁན་ཚོས་བརྗོད་བྱ་གདམ་གསེས་བྱེད་སྐབས་ངེས་པར་དུ་ཁྱོད་ཚོའི་སྟོབས་ཤུགས་ཀྱི་ནུས་པ་ཞིག་འདེམས་དགོས་ཤིང་།  གང་ཞིག་ནི་ཕྲག་པར་ཐེག་ནུས་པ་དང་གང་ཞིག་ནི་ཐེག་མི་ནུས་པའི་ཐད་ལ་བསམ་གཞིག་ཡག་པོ་བྱེད་དགོས།  གལ་ཏེ་ཁྱོད་ཀྱིས་གདམ་གསེས་བྱས་པའི་དོན་དེ་སྟོབས་ཤུགས་ཀྱི་ཁྱབ་ཁོངས་ནང་དུ་ཡིན་ན་རང་ཤུགས་ཀྱིས་མིང་ཚིག་དང་ཐ་སྙད་རྣམས་ཀྱང་ཐོགས་པ་མེད་པ་ཞིག་ཡོང་གི་ཡོད་རེད”ཅེས་གསུངས་པ་ལྟར། དེ་ནི་རྩོམ་པ་པོས་ཆ་རྒྱུས་མེད་པའི་བརྗོད་བྱ་ལ་མགོ་འཁོར་ནས་མི་སྡོད་པར་རང་ཉིད་ལ་རྒྱུས་མངའ་ཡོད་པ་དང་།  རང་གི་དཔུང་པས“ཐེག་ནུས”པའི་བརྗོད་བྱ་གདམ་གསེས་བྱས་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་རྒྱུན་གཏན་གྱི་འཚོ་བའི་ནང་གི་སྤྱིར་བཏང་གི་འཚོ་བ་རྣམས་སྒྱུ་རྩལ་གྱི་ལས་སྣོན་དང་མཐོ་ཚད་དུ་བཏེགས་ནས་དངོས་ཡོད་དང་རང་བཞིན་གྱི་རྣམ་པའི་སྒོ་ནས་ཀློག་པ་པོའི་མིག་ལམ་དུ་བསྟན་པས་ཡིན། དོན་གྲུབ་རྒྱལ་གྱི་བརྩམས་འབྲས་ཀྱི་གྲུབ་འབྲས་གཙོ་ཆེ་བ་ཞིག་ནི་སྒྲུང་གཏམ་ཡིན་པ་དང་།  སྒྲུང་གཏམ་མང་ཆེ་བའི་ནང་དུ་ཕོ་མོའི་བརྩེ་དུང་གི་བརྗོད་བྱ་གཙོ་བོར་བྱས་པའི་སྤྱིར་བཏང་གི་ཞིང་པ་དང་།  འབྲོག་པ།  ཤེས་ཡོན་ཅན་སོགས་བྲིས་ཡོད་ལ།  དྲང་ཕྱོགས་ཀྱི་མི་སྣ་དང་ལྡོག་ཕྱོགས་ཀྱི་མི་སྣའང་བྲིས་ཡོད། ཕོ་མོའི་བརྩེ་དུང་མཚོན་པའི་བརྗོད་བྱས་གནའ་རབས་ནས་ད་ལྟའི་བར་རྩོམ་རིག་གི་གྲངས་འབོར་མང་ཆེ་བ་བཟུང་ཡོད་པ་དེའང་ངག་རྒྱུན་དུ“གཟུགས་འགོད་ཀྱི་སྒྱུ་རྩལ་ཐད་ཆེས་སྔ་ཤོས་ཀྱི་ཚོད་ལྟ་ནི་བརྩེ་དུང་ལས་དྲན་སྐུལ་བྱས་པ་ཞིག་ཡིན”ཞེས་པ་ལྟར།  དེའང་རྒྱུ་མཚན་དང་ཡིད་དབང་འཕྲོག་ཤུགས་ཀྱི་ནུས་པ་ངེས་ཅན་ཞིག་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད།  འོན་ཀྱང་བརྩེ་དུང་སྐོར་གྱི་བརྗོད་བྱ་དེའང་རྩོམ་པ་པོ་སོ་སོའི་གྲལ་རིམ་དང་། སྤྱི་ཚོགས། འཇིག་རྟེན་ལྟ་ཚུལ་བཅས་མི་འདྲ་བའི་ཐོག་ནས་དེའི་སྙིང་དོན་གྱི་དམིགས་ས་དང་། སྒྱུ་རྩལ་གྱི་སྤྱོད་སྟངས་ཐོག་གཅིག་མཚུངས་ཤིག་གཏན་ནས་མེད་ན།  དོན་གྲུབ་རྒྱལ་གྱི་སོར་རྩེ་ལས་ཐོན་པའི་བརྩམས་འབྲས་དེ་དག་ཀྱང་བརྩམས་འབྲས་མང་པོའི་ཁྲོད་དུ་རང་ཉིད་ཀྱི་གནས་བབ་བཟུང་ཞིང་། རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གྱི་ཡོད་པ་དཔེར་ན། <<འབོལ་རྩོམ་ཞོགས་པའི་སྐྱ་རེངས>>ནང་གི་པད་མཚོ་ནི་བར་སྐབས་ཤིག་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་རིག་གནས་སློབ་སྦྱོང་བྱེད་པར་བར་ཆད་བྱུང་ཡང་སློབ་ཆེན་ཐོན་པའི་ཤེས་ཡོན་ཅན་ཞིག་གི་རོགས་རམ་འོག་ཤེས་བྱའི་གནས་ལ་སྐོམ་པ་ཆུ་འདོད་ལྟར་འབད་བརྩོན་བྱས་ནས་གྲུབ་འབྲས་ཡག་པོ་ཐོབ་ཁར་ཁོང་གཉིས་ཀྱི་བར་ལ་རིམ་བཞིན་བརྩེ་དུང་གི་མྱུ་གུ་འབུས་ནས་ཐོག་མའི་སྤྱིར་བཏང་གི་འབྲེལ་བ་ནས་རིམ་བཞིན་ཕོ་མོའི་བརྩེ་དུང་གི་ཕྱོགས་སུ་ཁྲིད་པ་དང་། འབྲུག་མཚོ་ནི་སློབ་གྲྭ་ཆེན་མོ་ཐོན་རྗེས་རྩྭ་ཐང་གི་རིག་གནས་སློབ་གསོའི་བྱ་བཞག་འཕེལ་རྒྱས་གཏོང་ཕྱིར་མཛེས་སྡུག་ཕུན་སུམ་ཚོགས་པའི་གྲོང་ཁྱེར་གྱི་འཚོ་བ་དོར་ཞིང་། ཐ་ན་བརྩེ་དུང་ཟབ་པའི་དགའ་རོགས་དང་འགལ་ཟླར་གྱུར་ཀྱང་རང་ཉིད་ཀྱི་ཆོད་སེམས་མ་དོར་བར་རྩྭ་ཐང་དུ་སོང་ནས་ལས་ཀ་མང་པོ་བྱས་རྗེས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་།  རྗེས་རང་གི་དགའ་གྲོགས་ཡུལ་དེར་ལྷགས་སྐབས་ཁོ་མོའི་དཀའ་སྤྱད་ཁུར་དུ་བཟོད་ནུས་པ་དང་། མཐའ་དག་ལེགས་སྐྱེས་འབུལ་ནུས་པའི་བླ་ན་མེད་པའི་སྤྱོད་བཟང་གི་མདུན་དུ་སེམས་འགུལ་ཆེན་པོ་བྱུང་བ་དེའི་ཐོག་ནས་འབྲུག་མཚོ་ལྟ་བུའི“ལྡུམ་རའི་བཟོ་བ”རྣམས་ལ་བསྟོད་བསྔགས་ཤུགས་ཆེན་བྱས་ཡོད་པ།  <<སད་ཀྱིས་བཅོམ་པའི་མེ་ཏོག>>ནི་ཕོ་མོའི་བརྩེ་དུང་ཁོ་ན་མཚོན་པའི་རྩོམ་ཞིག་ཡིན་ཞེས་བཤད་ཆོག་ཀྱང་། དེའི་ནང་གི་མི་སྣ་གཙོ་བོ་ཚེ་རིང་དང་ལྷ་སྐྱིད་ཀྱི་ལྷད་མེད་པའི་བརྩེ་དུང་གིས་གཙོས་དེར་ཕྱོགས་པའི་མི་རྣམས་ཀྱིས་ཕུན་ཚོགས་དང་ཉི་མའི“ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག”གི་བསམ་བློ་དང་བྱེད་སྟངས་རྙིང་པར་འཐབ་རྩོད་བྱས་མཐར་ཕམ་ཉེས་ཀྱི་ཁྲོད་དུ་རྒྱལ་ཁ་བླངས་པའི་སྐོར་བྲིས་ཡོདཔ་དང་། <<ཤ་དང་རུས་པའི་བརྩེ་དུང་>>ནི་བསམ་བློ་གསར་རྙིང་གི་འཐབ་རྩོད་སོགས་མིན་པར་ཡོངས་སུ་བརྩེ་དུང་གི་དྲི་བསུང་གིས་གང་བའི་རྩོམ་ཞིག་ཡིན་པ་དེའང་དབང་ལྡན་གྱི་ཕ་མ་གཉིས་ཀྱི་ཕན་ཚུན་བརྩི་འཇོག་དང་།  གུས་བཀུར་ཟོལ་མེད་ཀྱི་བཟའ་ཚོའི་བརྩེ་དུང་གི་སྐོར་དང་།  ད་དུང་ཕ་མ་དང་བུའི་བར་གྱི་བར་ཏུ་དམ་པའི་བརྩེ་དུང་བཀོད་པ་དེས་དཔེ་མཚོན་གྱི་ཁོར་ཡུག་ནང་གི་དཔེ་མཚོན་གྱི་མི་སྣའི་གཤིས་རྒྱུད་དང་བསམ་པའི་བརྩེ་དུང་མངོན་པ་གསལ་ཡོད་པ་ཞིག་རེད། <<འབྲོང་སྟག་ཐང་>>ཡང་དེ་སྔོན་ཕོ་ཤ་མོ་གྱོད་ཡོད་པའི་འབྲོག་ཐང་དང་སྟག་ཐང་གི་གཞོན་ནུ་ཕོ་མོ་ཟུང་གི་བརྩེ་དུང་གི་མེ་ལྕེས་སྡེ་པ་དེ་གཉིས་ཀྱི་ཕ་མེས་ཀྱིས་བསགས་པའི་འཁོན་འགྲས་ཀྱི་གཅོང་རོ་བསྲེགས་པའི་སྐོར་བཀོད་ཡོད་པ་བཅས་གོང་གསལ་དེ་དག་ཚང་མའི་གཙོ་རྒྱུན“བརྩེ་དུང་”གིས་དྲངས་ཀྱང་རྩོམ་སོ་སོའི་བརྗོད་བྱ་མཚོན་སྟངས་མི་གཅིག་ལ། ཟུར་ཕྱོགས་མང་པོའི་སྒོ་ནས་མི་སྣ་བཀོད་འབྲི་བྱས་པ་ཞིག་རེད། 
          གཞན་ཡང་ཁོང་གིས་འཆར་ཡན་དང་དངོས་ཡོད་ཟུང་དུ་འབྲེལ་བའི་སྨྱུག་རྩལ་ལས་ཐོན་པའི་ལྷུག་རྩོམ<<རྐང་ལམ་ཕྲ་མོ>>ལྟ་བུར་མཚོན་ན།  རྒན་པོ་དེ་དག་ཕྱོགས་མང་པོའི་ཐད་ནས་ལྟ་བ་མི་མཐུན་ཀྱང་རྐང་ལམ་ཕྲ་མོ་དེ་ཆེ་རུ་གཏོང་དགོས་པའི་སྐོར་བཤད་སྐབས་ཚང་མས་མ་བགྲོས་རང་མཐུན་གྱིས་དེ་ནི་གཉན་དང་བཙན་གྱི་རྒྱུ་ལམ་ཡིན་པས་སྒུལ་མི་ཉན་པའི་རྨོངས་དད་དང་བག་འཁུམས་ཀྱི་བསམ་བློ་དང་བག་ཆགས་ངན་པ་དེ་དག་ལ་ཟུར་ཟ་དང་ཐེར་འདོད་བྱས་རྗེས་མི་རབས་རྗེས་མ་རྣམས་ལ་འོད་སྟོང་ལྡན་པའི་མདུན་ལམ་གྱི་རེ་བས་ཁེངས་པའི་གཞུང་ལམ་གྱི་ཕྱོགས་སུ་གོམ་པ་སྤོ་དགོས་ཚུལ་བསྟན་ཡོད།  ད་དུང་ཁོང་གི་ལྡོག་ཕྱོགས་ཀྱི་མི་སྣའི་སྐྱུག་བྲོ་བའི་ངོ་རིས་གསལ་བར་བཀོད་པའི་སྒྲུང་གཏམ<<སྤྲུལ་སྐུ>>ལྟ་བུས།  རྫུན་མའི་གདོང་རིས་དམར་རྗེན་དུ་བཏོན་ཏེ་མི་རྣམས་ལ་བསླབ་བྱ་བྱས་པ་དང་། <<རྒྱུ་འབྲས་མེད་པའི་གནའ་མ>>ལ་མི་ཀུན་གྱིས་མཆིལ་ཞགས་འཕེན་དགོས་པ་ཞིག་བཟོས་ཡོད་ལ་རང་གི་བྱ་གཞག་ལ་འབད་བརྩོན་མི་བྱེད་པར<<མི་རྟག་སྒྱུ་མའི་རྨི་ལམ>>དངོས་བདེན་དུ་བཟུང་ནས་སྟོང་བསམ་སྒུག་མཁན་གྱི་མི་སྣ་བཅས་ལ་སྣ་རྒྱུག་ཚ་ཐག་ཆོད་ཅིག་གཞུས་ཡོད། 
          ཁོང་གི་རྩོམ་གྱི་གྲུབ་འབྲས་གཞན་ཞིག་ནི་སྙན་ངག་ཡིན་ཞིང་། དེའི་ཐད་ཁོང་གིས་བྲིས་པའི་དེབ་ཆུང<<འབོལ་རྩོམ་ཞོགས་པའི་སྐྱ་རེངས>>ནང་གི་<<འཁྲུལ་མིན་རྨི་ལམ་ངོ་མཚར་དགའ་སྐྱེད>>དང་<<སློབ་གྲྭའི་ཞོགས་པ>><<རྩྭ་ཐང་གི་ལྷ་མོ>><<རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ>>སོགས་ཀྱིས་མཚོན་པར་བྱེད་ཅིང་། སྙན་རྩོམ་དེ་དག་རྗོད་བྱེད་ཐད་མི་རིགས་ཀྱི་རིག་གནས་ཤུལ་འཛིན་བྱས་པ་ཙམ་དུ་མ་ཟད།  བརྗོད་བྱའི་ཐད་བཀོད་ཚིག་དང་།  ཡང་ན་ཡུལ་ལྗོངས་ཁོ་ན་འབྲི་བའི་ཁོར་རྒྱ་ཆུང་ངུ་ལས་གྲོལ་ཏེ་སྙན་ངག་དེ་ཉིད་རྒྱ་ཆེ་བའི་འཚོ་བའི་ཁྲོད་དུ་ཕྱིན་ནས་ཕུན་སུམ་ཚོགས་ལ་རིན་ཐང་ཆེ་བའི་འཚོ་བ་དངོས་ཀྱི་ནང་དོན་མཚོན་པར་བྱས་ཡོད་པ་དང་། མཛེས་ཤིང་ཡིད་དུ་འོང་བའི་ཕུགས་བསམ་མཚོན་པར་བྱས་ཡོད། དེའི་རྗེས་སུ་ཐོན་པའི་དོན་བརྗོད་སྙན་ངག<<སྙན་ངག་ལ་སྦྱར་བའི་སྒྲུང་རྩོམ་གཞོན་ནུའི་ཡིད་ཀྱི་མཛེས་རྒྱན>>(འབྲི་འཕྲོ་ཅན)གྱི་ནང་དུ་དེང་རབས་དང་དངོས་ཡོད་ཀྱི་འཚོ་བ་མཚོན་པ་བྱས་ཡོད་ལ་སྒྱུ་རྩལ་གྱི་ཐད་ལའང་མེ་ལོང་མའི་གཞུང་ནས་བསྟན་པའི་རྒྱན་གྱི་སྦྱོར་བ་འཇུག་པ་དེ་ལ་སྙན་ཞིང་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་བས་ཁོང་གི<<ལང་ཚོའི་རྦབ་ཆུ>>ཞེས་པའི་སྙན་ངག་དེས། འབྲི་སྲོལ་རྙིང་པའི་འཆིང་རྒྱ་ལས་ཡོངས་སུ་བརྒལ་ཏེ་སྙན་ངག་གི་རྩོམ་ཚུལ་དེ་རྦད་དེ་ཡུལ་ཁམས་གསར་པ་ཞིག་གི་སྟེང་དུ་བསྐྱལ་ཡོད། ང་ཚོ་བོད་རིགས་ལ་སྔར་ནས་བཟུང་མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་ཀྱི་སྙིང་པོ་བསྡུ་ལེན་བྱས་ཏེ་རང་མི་རིགས་ཀྱི་རིག་གནས་བང་མཛོད་ཕུན་སུམ་ཚོགས་སུ་གཏོང་བའི་དར་སྲོལ་བཟང་པོ་ཞིག་ཡོད་པ་དེ་བཞིན་དུ་ཚིག་རྒྱན་རིག་པའི་ཐད་ལའང་རྒྱ་གར་མཁས་པའི་<<སྙན་ངག་མེ་ལོང་མ>>བསྒྱུར་ནས་འཛིན་སྐྱོང་སྤེལ་གསུམ་བྱས་མཐར་གངས་ཅན་གྱི་ཁྱོན་དུ་ཁྱབ་ཆེན་པོ་བྱུང་བ་གདོན་མི་ཟ། 
          འོན་ཀྱང་རྙིང་ཞེན་དང་བག་འཁུམས་ཀྱི་བསམ་བློའི་ཤུགས་རྐྱེན་གྱིས་སྙན་ངག་མེ་ལོང་མ་དེ་ཉིད་བླང་དོར་མེད་པའི་སྒོ་ནས་བོད་ཀྱི་རྩོམ་རིག་དུ་སྤོར་བ་དེས་ང་ཚོའི་སྙན་ངག་གི་རྩོམ་ཚུལ་ལ་གུ་དོག་པོའི་སྡོམ་ཁྲིམས་ཤིག་ཆགས་ནས་ད་བར་མེ་ལོང་མའི་རྒྱན་ཁོ་ནར་ལད་མོ་ཅི་ཐུབ་བྱེད་རྒྱུ་ཙམ་དང་། ལྷག་དོན་ཡུན་རིང་པོའི་སྤྱི་ཚོགས་དང་ཁོར་ཡུགམིའི་བསམ་བློ་རྙིང་པ་བཅས་ཀྱི་ཚོད་འཛིན་ཕོག་པའི་འོག མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་གཞུང་ལུགས་ཤིག་ད་དུང་ཐོན་ཐུབ་མེད་ལ། སྔོན་ཐོན་མི་རིགས་གཞན་གྱི་སྒྱུ་རྩལ་ལ་སློབ་སྦྱོང་བྱ་རྒྱུ་མི་འདང་བའི་དབང་གིས་ང་ཚོའི་སྙན་རྩོམ་དེ་ད་དུང་ཡང་གནའ་རབས་ཀྱི་རྒྱ་གར་པའི་གཞུང་ལུགས་དེ་ལས་འདའ་མ་ཐུབ་པར་ལུས་ཡོད།  བློ་མཐུན་མའོ་ཙེ་ཏུང་གིས“རྒྱུན་འཛིན་དང་དཔྱད་གཞིར་འཛིན་རྒྱུ་དེ་རང་གི་གསར་རྩོམ་བྱེད་པའི་ཚབ་ཏུ་འགྱུར་མི་རུང”ཞེས་གསུངས་པ་ལྟར། ང་ཚོས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ཚན་རིག་གི་ལྟ་བ་ཁྱེར་ནས་མི་རིགས་གཞན་གྱི་ཕུལ་བྱུང་གི་རིག་གནས་ཤེས་བྱ་སློབ་སྦྱོང་དང་སྲོལ་རྒྱུན་གྱི་རྩོམ་སྲོལ་རྒྱུ་འཛིན་བྱེད་སྐབས་ངེས་པར་དུ་སྤང་བླང་གི་དབྱེ་འབྱེད་བྱ་རྒྱུ་ནི་རྦད་དེ་དུས་ལ་བབ་པ་དང་། ཤིན་ཏུ་གལ་ཆེ་བ་ཞིག་རེད།  དེའི་ཐད་དོན་གྲུབ་རྒྱལ་ནས་ཨུ་རུ་སུའི་རང་མོས་སྙན་ངག་རྩོམ་སྲོལ་ལ་སློབ་སྦྱོང་བྱས་ཏེ་སྲོལ་རྒྱུན་གྱི་ལྷ་ཀླུ་དང་།  གོ་དཀའ་བའི་མངོན་བརྗོད་བརྡ་རྙིང་།  དེ་བཞིན་སྦྱོར་དཀའ་བའི་རྒྱན་གྱི་ངལ་བ་སྤྱོད་མི་དགོས་པར་རྦབ་ཆུ་དང་གངས་ཅན་གྱི་གཞོན་ནུ་རྣམས་དཔེ་དང་དཔེ་ཅན་གྱི་ཚུལ་དུ་བཀོད་ནས་རང་གིས་བརྗོད་པར་འདོད་པའི་དོན་རྣམས་ལྷོད་ཅིང་འབྲེལ་ཆགས་པའི་སྒོ་ནས་ཀློག་པ་པོའི་མིག་ལམ་དུ་བསྟར་ཡོད་པ་དེ་ནི་ང་ཚོའི་རྩོམ་རིག་ལོ་རྒྱུས་ཐོག་གི་གསར་འབྱེད་ཆེན་པོ་ཞིག་རེད། 
          བརྩམས་ཆོས་ཀྱི་གཙོ་དོན་བསམ་བློའི་རང་བཞིན་དང་མི་རིགས་ཀྱི་རང་བཞིན་སྐོར། 
          གནའ་དེང་དང་ཕྱི་ནང་གི་རྩོམ་རིག་པ་གྲགས་ཅན་མང་པོས“གཙོ་དོན་ནི་རྩོམ་ཡིག་གི་རྣམ་ཤེས་ཡིན”ཞེས་གསུངས་མྱོང་བས། ང་ཚོས་རྩོམ་ཞིག་ལ་གདེང་འཇོག་བྱེད་སྐབས་དེའི་བརྗོད་བྱ་དང་རྗོད་བྱེད་ལ་ལྟ་དགོས་པར་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་དེའི་གཙོ་དོན་གྱི་བསམ་བློའི་རང་བཞིན་དང་མཚོན་ཚུལ་གྱི་མི་རིགས་རང་བཞིན་ལ་ལྟ་རྒྱུ་དེ་ཡིན།  ལེ་ཉིན་གྱིས“གལ་ཏེ་ང་ཚོས་མཐོང་བ་ནི་སྒྱུ་རྩལ་པ་དངོས་འབྲེལ་ཞིག་ཡིན་ཕྱིན་དེའི་བརྩམས་ཆོས་ཀྱི་ནང་དུ་མ་མཐའ་ཡང་གསར་བརྗེའི་ངོ་བོ་ཁ་ཤས་མངོན་ཐུབ་ཀྱི་ཡོད”ཅེས་གསུངས་པ་ལྟར་འགན་འཁྲིའི་བསམ་བློའི་ཡོད་པའི་རྩོམ་པ་པོ་ཞིག་ཡིན་ཕྱིན་ག་དུས་ཡིན་ཡང་དངོས་དོན་གྱི་འཚོ་བ་དང་རང་ཉིད་དུས་རབས་ཀྱི་གཙོ་བོའི་ནང་དོན་མཚོན་གང་ཐུབ་བྱེད་ཀྱི་ཡོད།  དོན་གྲུབ་རྒྱལ་གྱི་རྩོམ་ཡིག་ལས་ང་ཚོས་རྟག་ཏུ་མཐོང་ཐུབ་པ་ནི།  ད་ལྟའི་དངོས་ཡོད་འཚོ་བའི་ནང་གི་མང་ཚོགས་ཀྱི་དཔའ་འབྱོར་དང་། རིག་གནས།  ཁྱིམ་ཚང་གི་འཚོ་བ།  བརྩེ་དུང་གི་འཚོ་བ་སོགས་བརྗོད་བྱ་སྣ་ཚོགས་པ་རྣམས་ཡིན་གཤིས་དེ་ཚོའི་ནང་དུ་མི་རིགས་ཀྱི་སྙིང་སྟོབས་མཚོན་ཡོད་ལ། དངོས་ཡོད་འཚོ་བའི་ནང་གི་འགལ་བ་སྣ་ཚོགས་ཀྱི་སྙིང་སྟོབས་མཚོན་ཡོད།  དངོས་ཡོད་འཚོ་བའི་ནང་གི་འགལ་བ་སྣ་ཚོགས་གསལ་སྟོན་བྱས་ནས་ང་ཚོར་རྟག་ཏུ་དྲན་སྐུལ་བྱེད་པ་དང་།  ལྷག་དོན་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་རྙིང་པ་དང་འདུ་ཤེས་རྙིང་པ་ཐེར་འདོན་བྱས་ཏེ་ང་ཚོར་མདུན་དུ་ལྟ་དགོས་པ་དང་། མིག་རྒྱང་རིང་དུ་གཏོང་དགོས་པའི་ལྕག་འདེབས་བྱེད་ཀྱི་ཡོད་པ་ནི་ཁོང་གི་བརྩམས་ཆོས་མང་ཆེ་བའི་སྙིང་དོན་ཡིན་པ་དེའང་ཁོང་ལ་བསྒྱུར་བཅོས་ཀྱི་བསམ་བློ་ཤུགས་ཆེན་ཡོད་པའི་དབང་གིས་མི་རིགས་གོང་འཕེལ་དུ་གཏོང་རྒྱུ་དང་མདུན་དུ་སྐྱོད་རྒྱུར་སྐུལ་མ་བྱེད་པའི་འགན་འཁྲིའི་ལྷག་བསམ་རབ་ཏུ་དཀར་བ་ཞིག་ཡོད་པ་དེས་ཡིན། 
          ང་ཚོའི་མི་རིགས་ནི་གནའ་ནས་བཟུང་སྤྱང་གྲུང་ལྡན་ལ་དཔའ་ངར་ཆེ་ཞིང་།  བབ་ཆགས་ལ་ལས་ལ་བརྩོན་པའི་མི་རིགས་ཤིག་ཡིན་པས་རྩོམ་རིག་གི་བརྩམས་ཆོས་ནང་དུ་འོས་ཤིང་འཚམས་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། བསམ་པའི་འདུ་ཤེས། རང་བྱུང་ཁམས་ཞིབ་འབྲི་བྱེད་པ་དེས་རྩོམ་རིག་དེ་བཞིན་མི་རིགས་ཅན་དུ་འགྱུར་བ་དང་། དེ་དག་གིས་མི་རིགས་དེ་རང་གི་ཐུན་མོང་མ་ཡིན་པའི་བསམ་པ་དང་། མི་རབས་ནས་མི་རབས་རྒྱུན་འཛིན་བྱས་པའི་ཡུལ་སྲོལ་གོམས་གཤིས་དང་མི་རིགས་དེའི་སྐྱེ་བོ་རྣམས་ཀྱི་གཏིང་ཟབ་པའི་མི་རིགས་ཀྱི་བརྩེ་དུང་། དེའི་ཤུལ་རྒྱུན་གྱི་རིག་གནས་དང་ཐུན་མོང་གི་བསམ་བློའི་འཁྱེར་སོ་མངོན་གྱི་ཡོད་པས། མི་རིགས་དེར་དགའ་སྣང་དང་བརྩེ་དུང་ཆགས་ཐུབ་པ་ཞིག་ཡོང་གི་ཡོད། དེའི་ཐད་ཁོང་གི་བརྩམས་ཆོས་ནང་དུ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། མི་རྣམས་ཀྱི་བསམ་པའི་འདུ་ཤེས་དང་བརྩེ་དུང་། དེ་བཞིན་ཐུན་མོང་མ་ཡིན་པའི་རང་བྱུང་ཁམས་ཀྱི་བཀོད་པ་མང་པོ་བྲིས་ཡོད་པ་དེ་དག་ལས<<ཤ་དང་རུས་པའི་བརྩེ་དུང་>>ཞེས་པ་དེ་ནི་མིའི་འདུ་ཤེས་དང་། བརྩེ་དུང་བཀོད་པའི་དཔེ་མཚོན་ཞིག་ཡིན། དེའི་ནང་དཔེར་ན་དབང་ལྡན་གྱི་ཨ་མ་གྲོངས་ཁར“……ཁྱེད་རང་ད་དུང་ལོ་ཆུང་ཆུང་རེད། ངའི་ཕྱོགས་ལ་བསམ་བློ་དེ་འདྲ་གཏོང་མི་དགོས། རང་གི་བློ་ལ་འབབ་པ་འདྲ་ཡོད་ན་སྡོད་རོགས་ཤིག་ཚོལ”ཞེས་པའི་སྐད་ཆ་དུམ་བུ་དེའི་ཐོག་ནས་ཟོལ་མེད་ལ་ཁོག་ཡངས་པའི་བོད་རིགས་བུད་མེད་དེས་རང་གི་བཟའ་ཟླ་ལ་སེམས་གཏིང་ནས་བརྩེ་སེམས་ཇི་ལྟར་བཅངས་པ་ཚུལ་མཚོན་ཡོད་པས་རང་ཉིད་མི་ཡུལ་ནས་འབྲལ་དགོས་པ་ཤེས་རྗེས་ཁོང་ལ་སྡུག་བསྔལ་མི་ཡོང་བའི་ཕྱིར་དེ་སྐད་སྨྲས་ཀྱང་། དེ་བས་ལྷག་པའི་བཟའ་ཚོའི་བརྩེ་དུང་རང་ཉིད་ཀྱི་རྒྱུད་ལས་ཆད་པའི་བུ་ལ་བརྩེ་བའི་པ་ཕས་ཞལ་ཆེམས་དེ་ལག་ལེན་དུ་མ་བསྟར་བར་ཨ་མར་བརྩེ་དུང་མཐའ་གཅིག་ཏུ་བཅངས་པར་མ་ཟད། ཨ་མ་འདས་རྗེས་ཀྱི་ལོ་བཅུ་ཕྲག་ལྷག་གི་རིང་ལ་བུའི་ངོ་སྲུང་བ། ལྷག་དོན་བུ་ལ་སྙིང་རྗེ་སྐྱེས་ཏེ་མི་རྐྱང་རྟ་རྐྱང་གི་འཚོ་བ་བསྐྱལ་བ་ནི་མི་རང་ག་བ་ཞིག་གིས་གཏན་ནས་བྱེད་མི་ཐུབ་པ་དེའི་ཐོག་ནས་ཁོང་ཁྱོ་ཤུག་གཉིས་ཀྱི་བརྩེ་སེམས་དང་། ཁྱད་པར་ཨ་ཕའི་ལྷག་བསམ་རྣམ་དག་གི་བརྩེ་དུང་དང་བློ་བརྟན་འགྱུར་མེད་ཀྱི་གཤིས་ཀ་མཚོན་ཡོད་པ་དེནི་མི་ཁ་ཤས་ཀྱི་བཤད་པའི“ཡ་ང་སྙིང་རྗེ་མེད་པའི་བརྩེ་གྲོགས”ཤིག་མིན་པར་ཕན་ཚུན་བརྩེ་དུང་དང་བརྩི་བཀུར་བྱེད་གྱི་འདུ་ཤེས་ཀྱིས་ཡོངས་སུ་ཁེངས་པའི་མི་རིགས་ཀྱི་བསམ་པ་མཚོན་པ་ཞིག་ཡིན། དེ་བཞིན་པ་ཕས་བུ་ལ་ཤིན་ཏུ་གཅེས་ཤིང་། བསམ་ཤེས་བྱེད་པ་ནི་དབང་ལྡན་གྱིས་ཕྲུ་གུའི་སྤྱོད་ཚུལ་དང་བསམ་བློའི་རྐྱེན་པས་ལས་ཀ་བྱེད་འཕྲོ་བཞག་སྟེ་ཕྱི་ལ་འཁྱམས་རྗེས་དགོང་མོ་གཞི་ནས་ཡར་ལོག་ཡོང་ནས། “སྒོ་ཁར་སླེབས་ཚེ་ངས་ད་གཟོད་པ་ཕའི་ཚིག་དེ་དག་ཡིད་ལ་དྲན་པ་དང་དོ་ནུབ་རྡུང་རྡེག་གི་འགྱོད་པ་ཞིག་རིན་གྱིས་ཉོས་སོང་སྙམ་བཞིན་གཉོམ་ཆུང་ཆུང་གི་སྒོ་ནས་ཁྱིམ་ལ་སོང་བ་ན་པ་ཕས་ཐོག་མར་ངོ་ནག་བསྡུས་ཏེ་ང་ལ་མི་དགའ་བའི་རྣམ་འགྱུར་སྟོན་པ་དང་ངའི་བྱེད་སྟངས་དང་བཟོ་ལྟ་མཐོང་འཕྲལ་དེ་མ་ཐག་འཛུམ་ཞིག་ལངས་ནས་“བུ་དབང་ལྡན། ད་ཡར་ཤོག དགོང་ཇ་ཐུངས།  གྲོད་པ་ལྟོགས་མ་བྱུང་ངམ། ”ཞེས་པའི་ཕ་དང་མ་གོ་ཉིས་ཆོད་བྱེད་དགོས་པའི་དབང་ལྡན་གྱི་པ་ཕའི་སྐད་ཆ་དེ་ནི་ཅི་འདྲའི་བྱམས་བརྩེ་དང་རང་བཞིན་གྱི་ཉམས་འགྱུར་ལྡན་པ་ཞིག་མི་འདུག་གམ།  དབང་ལྡན་གྱིས་པ་ཕའི་ལྐོག་ཏུ་ཡུལ་གཞན་དུ་ཕྱིན་པ་དང་། ཚུར་ལམ་དུ་རྐྱེན་ངན་དང་ཕྲད་རྗེས་གཞི་ནས་པ་ཕའི་བྱམས་བརྩེ་ལྡན་པའི་བཞིན་རས་ཡིད་དུ་འཁོར་བ་དང་། ཞི་འཇམ་ལ་སྙན་པའི་གསུང་རྣམས་རྣ་བར་ཐོས་ཤིང་དེ་ནི“དམྱལ་བ་མ་མཐོང་སངས་རྒྱས་ལ་ཡིད་མི་ཆོས”པའི་དཔེ་ལྟར་ཕོ་ལོ་ཉི་ཤུ་ལྷག་གི་རིང་ལ་བཞུར་མ་མྱོང་བའི་མྱ་ངན་གྱི་མཆེ་མ་ཐེངས་དང་པོ་དེ་དབང་ལྡན་གྱི་དཔྲལ་བའི་མིག་གཉིས་ལས་བཞུར་བའི་སྐབས་དེར་སྐད་ཆ་དུམ་བུ་དེ་འདྲ་ཞི་བྲིས་ཡོད་པ་ནི“ཁྱོད་ཀྱིས་ཉི་མ་ཡར་ཤར་གྱི་དུས་ནས་བཟུང་སྒོ་ཁའི་ཕར་འགྲམ་གྱི་ཐོ་འབོག་ཐོག་ཏུ་བཞེངས་ནས་ཡར་རེབ་གོང་ལ་གཟིགས་པ་དང་། མར་དགུ་རོང་ལ་གཟིགས་ནས་སྐྱ་མོ་ལམ་གྱི་མགྲོན་པོ་མཐའ་དག་ལ་ངའི་བུ་འདི་དང་འདི་འདྲ་བ་གྲོགས་དེ་ད་ང་དེ་ལྟ་བུ་ཞིག་ཡོད་པ་མ་མཐོང་ངམ། གཏམ་འདྲ་ཐོས་རྒྱུ་མི་འདུག་གམ་ཞེས་ཡང་འདྲི་བསྐྱར་འདྲི་གནང་བ་དང་།  ལམ་འགྲོ་བ་དེ་ཚོས་མགོ་བོ་འཕྲེད་གཡུག་སྐབས་ཁྱེད་ཀྱི་བཞིན་རས་ཀྱི་རྣམ་འགྱུར་དང་།  ཐུགས་ཀྱི་མྱ་ངན་ཇི་འདྲ་ཡིན་པ་ངས་གསལ་པོ་ཤེས་ཐུབ། ”ཅེས་པ་དེ་ནི་བུ་ལ་ཤིན་ཏུ་བརྩེ་བའི་ཕ་དེས་སེམས་མྱ་ངན་གྱིས་གདུངས་པ་དང་། རེ་བའི་མིག་ལྟོས་འཆའ་བཞིན་རང་གི་བུ་ལོག་ཡོང་རྒྱུར་སྒུག་པའི་བྱམས་བརྩེའི་གཟུགས་བརྙན་བཀོད་ཡོད་པ་དེས། དབང་ལྡན་ཙམ་མ་ཟད་ཀློག་པ་པོའི་དཔྲལ་བའི་མིག་གཉིས་ལས་ཀྱང་རང་དབང་མེད་པར་མིག་ཆུ་འཆོར་དགོས་པ་ཞིག་ཡོང་གི་ཡོད།  དབང་ལྡན་གྱིས་དང་ཐོག་པ་ཕའི་ལྐོག་ཏུ་ཡུལ་གཞན་དུ་སོང་བ་ནི་རང་གི་ཕ་ལ་བརྩེ་དུང་དོར་བ་ཞིག་མ་ཡིན་པ་དཔེར་ན་ཁོ་པ་ཚུར་ལོག་ཡོང་སྐབས“ངས་པ་ཕ་ལ་རྣ་རྒྱན་ཞིག་དང་།  ཀོ་ལྷམ་ཆ་གཅིག སྣམ་བུ་རྒྱ་སྨུག་གི་སྟོད་གོས་ཤིག་ཉོས”ཞེས་པ་དེའི་ཐོག་ནས་དབང་ལྡན་གྱིས་རང་གི་ཕ་ལ་བཅངས་པའི་བརྩེ་དུང་། བརྩི་བཀུར། དགའ་ཞེན་བཅས་མཚོན་ལ་སེམས་ཀྱི་དམ་བཅའ་ཡང་མང་དུ་བཀོད་ཡོད་མོད།  མཐར་རང་གི་བྱམས་བརྩེ་ལྡན་པའི་ཕ་དེ་ནི་རང་ཉིད་ཀྱི་སྤྱོད་ཚུལ་གྱི་རྐྱེན་པས་སེམས་ཁྲལ་ལས་གྲོངས་པ་ཤེས་སྐབས་དབང་ལྡན་གྱི་སེམས་ནང་འགྱོད་སེམས་ནི་བརྗོད་ཐབས་མེད་པར་རང་གི་རྐང་པར་གྲི་བརྒྱབ་པ་དེ་གླེན་རྟགས་ཀྱི་ལས་ཀ་ཞིག་ཡིན་ཡང“ངའི་ལུས་ཀྱི་ཟུངས་ཁྲག་དྲོན་མོ་འདིས་པ་ཕའི་ཐུགས་ཀྱི་མྱ་ངན་འཁྲུད་ཐུབ་པ་དང་ངའི་སེམས་ཀྱི་ཉེས་པ་འདག་ཐུབ་པ་ཡིན། ངས་རང་གི་སྙིང་ལ་གྲི་ཤན་རྒྱག་དགོས་བྱུང་ཡང་འགྱོད་པ་མེད”ཅེས་པ་ནི་དབང་ལྡན་གྱིས་རང་གི་ཕ་ལ་བཅངས་པའི་བརྩེ་དུང་དྲག་པོ་མཚོན་པ་མ་ཡིན་ནམ།  དེ་བཞིན<<རྒྱུ་འབྲས་མེད་པའི་གནའ་མའི>>ནང་དུ་ཀུན་ཏུ་བཟང་མོའི་གཡོ་བྲིད་འོག་མ་བུ་མཉམ་དུ་འཚོ་བ་རོལ་བཞིན་པའི་བསོད་བྷེས་རང་གི་མ་ལྷ་མཚོ་ཟུར་དུ་ཕུད་ནས་དཀའ་སྡུག་མྱོང་བར་ཅི་མི་སྙམ་པར་གནས་ཀྱང་མཐར་ཀུན་ཏུ་བཟང་མོ་གར་སོང་མེད་པར་གྱུར་པ་དང་། རང་དང་འབྲེལ་བ་མེད་པའི་ཕྲུ་གུ་ཞིག་བཞག་ཡོད་པ་དེས་བསོད་བྷེ་འགྲོ་སྡོད་གཉིས་དཀའི་གནས་སུ་ལྷུང་ནས་རང་གི་ཨ་མ་ལ་ཞུ་བ་བྱེད་སྐབས་ཨ་མས་སྡུག་ཡས་དང་འཁོན་འཛིན་གང་ཡང་མེད་པར“བསོད་བྷེ། ངས་ཁྱོད་ལ་འཁང་སེམས་བཅངས་མེད། འཇིག་རྟེན་གྱི་ཨ་མ་རྣམས་ནི་སེམས་སྙི་མོ་ཞེ་ཅིག་ཡིན”ཞེས་པ་དེའི་ཐོག་ནས་དབང་ལྡན་གྱི་ཕ་མ་དང་ལྷ་མཚོས་མཚོན་པའི་ང་ཚོའི་མི་རིགས་འདི་ལ་གཏིང་ཟབ་ཅིང་གཡོ་ཟོལ་མེད་པའི་ཤ་དང་རུས་པའི་བརྩེ་དུང་ངོ་མ་དང་གཤིས་རྒྱུད་རྣམས་ལེགས་པར་མཚོན་ཡོད་པ་དེ་ནི་གཞན་གྱི་བོད་ཀྱི་རྩོམ་རིག་ཅེས་བཅོས་མའི་མར་རྩམ་དེ་འདྲ་མ་ཡིན་པར་དེ་ནི་རྦད་དེ་མཐོ་སྒང་གི་མར་དྲི་དང་རྩམ་དྲིའི་བྲོ་བ་ལྡན་པ་ཞིག་རེད། དེ་བཞིན་བརྩམས་ཆོས་དེ་ཚོའི་ནང་དུ་ཡུལ་སྲོལ་གོམས་གཤིས་དང་ལས་ཀའི་བྱེད་སྲོལ་ཐུན་མོང་མ་ཡིན་པ་དག་གསོན་པོར་བྲིས་ཡོད་པ་དཔེར་ན<<འབོལ་རྩོམ་ཞོགས་པའི་སྐྱ་རེངས>>ནང་གི<<རྩྭ་ཐང་དྲན་གླུ>>ལས། ཉི་རྩེ་ས་ལ་ཤར་བའི་སྔ་དྲོ་ཡི་དུས་སུ། ། བཅུ་དྲུག་ལང་ཚོས་སྙེམས་པའི་གེ་སར་གྱི་གཞོན་ནུ། ། དབུ་འཕང་དགུང་དང་མཉམ་པའི་རྟ་ཕོ་ལ་བཅིབས་ཏེ། ། སྒོ་ཕྱུགས་འཚོ་སྐྱོང་བྱེད་པའི་ངང་ཚུལ་དེ་དྲན་བྱུང་། ། དཀར་གསལ་ཟླ་འོད་འཕྲོ་བའི་མཚན་མོ་ཡི་དུས་སུ། ། གསེར་གྱི་བཞོ་ལུང་བཏགས་པའི་འཇོ་སྒེག་གི་བུ་མོས། ། “དགོ་དགོ”གླུ་དབྱངས་ངག་གི་དབྱངས་རྟ་ལ་འགུགས་བཞིན། ། འབྲི་མོའི་འོ་མ་བཞོ་བའི་ངང་ཚུལ་ཡང་དྲན་བྱུང་། ཞེས་པའི་ཤོ་ལོ་ཀ་གཉིས་པོ་དེས་འབྲོག་པའི་འཚོ་བ་དང་ཐུན་མོང་མ་ཡིན་པའི་ལས་ཀའི་ཁྱད་ཆོས་རྣམས་གསོན་པོར་མཚོན་པ་དང་། དེ་བཞིན་<<སད་ཀྱིས་བཅོམ་པའི་མེ་ཏོག>>ཅེས་པའི་ནང“རྒན་རྒྱའི་རྩྭ་ཐང་དུ་དཔྱིད་ཀྱི་དཔལ་ཡོན་ཤར་བའི་མངོན་རྟགས་དེ་འདྲ་མི་གསལ་བ་དང་རྒྱང་རིང་སའི་རི་བོའི་རྩེ་མོར་ད་དུང་གངས་དཀར་པོས་གཡོགས་འདུག་ལ་དེ་ནི་དབྱར་ཟླ་དྲུག་པའི་ནང་དུའང་ཞུ་བར་མི་འགྱུར། རྩྭ་ད་དུང་སྐྱ་བོར་སྣང་ན་ཡང་ཞིབ་ཏུ་བལྟས་ན་ཁ་དོག་སྐྱ་བའི་རྩྭ་ཕོན་གྱི་གསེབ་དག་ན་སྔོ་ཞིང་ལྗང་བའི་མྱུ་གུའི་མཆེ་བ་ཕྲ་མོ་འགའ་ཡོད་པ་མཐོང་ཐུབ། དགུང་ཨ་སྔོན་སྔོ་ཞིང་དྭངས་ལ་མཚར་སྡུག་གི་ཉི་མར་དྲོད་འཇམ་ལྡན་པས་དཔྱིད་དཔལ་དེ་མྱུར་བ་མྱུར་དུ་རྒན་རྒྱའི་རྩྭ་ཐང་ལ་སླེབ་ངེས་རེད། ”ཅེས་པའི་སྐད་ཆ་དུམ་བུ་ཞིག་ཡོད་པ་དེ་ཀློག་སྐབས། མཐོ་སྒང་གི་ས་ཆ་ལ་རྒྱུས་མངའ་ཡོད་པའི་མི་ཞིག་ཡིན་ཕྱིན་དེ་ནི་ཡི་གེ་ཀློག་པ་མིན་པར་རང་ཉིད་དཔྱིད་ཐོག་མ་ཤར་བའི་མཐོ་སྒང་གི་རྩྭ་ཐང་དུ་དངོས་སུ་སླེབས་པ་ལྟ་བུའི་སྣང་བ་ཡོང་གི་ཡོད་པས། དེའི་ཐོག་ནས་རྩོམ་པ་པོས་རྒྱུན་གཏན་གྱི་འཚོ་བའི་ནང་དུ་བྱ་དངོས་ལ་ཞིབ་རྟོག་ཕྲ་ཞིབ་མཛད་ཀྱི་ཡོད་པ་མཚོན་ཐུབ། ད་དུང་ཁོང་གིས་བྲིས་པའི<<འབྲོང་སྟག་ཐང་>>གི་ནང་དུའང་ཕོ་ཤ་མོ་གྱོད་ཡོད་པའི་སྡེ་པ་དེ་གཉིས་ཀྱི་ལོ་རྒྱུས་ནས་ལྷག་པའི་གྱོད་གཞི་དེ་སྟག་ཐང་དང་འབྲོང་ཐང་གི་མི་རབས་གསར་པའི་གཞོན་ནུ་ཕོ་མོ་གཉིས་ཀྱི་བརྩེ་དུང་ལ་བརྟེན་ནས་འདུམ་འགྲིག་ཐུབ་པ་དང་། མཐར་གཞོན་ནུ་ཕོ་མོ་དེ་གཉིས་གཉེན་སྒྲིག་བྱེད་སྐབས་ཀྱི་གོམས་གཤིས་དང་རྟེན་འབྲེལ་བྱེད་པའི་གླུ་གཏམ་རྣམས་ཞིབ་འབྲི་བྱས་ཡོད་པ་དེའི་ཐོག་ནས་རྩོམ་པ་པོ་ནི་རྣམ་ཀུན་འབྲོག་པའི་འཚོ་བ་ལ་རྒྱུས་མངའ་ཞིབ་ཕྲ་ཡོད་པ་ཞིག་ཡིན་པ་ཤེས་ཐུབ་པས། དེ་དག་ནི་མཐོ་སྒང་གི་རྣམ་པའི་བསྡུས་རིས་འབའ་ཞིག་རེད་ཅེས་བཤད་ཆོག ང་ཚོའི་མི་རིགས་འདིར་མི་རིགས་གཞན་གྱི་ཡར་ཐོན་གྱི་བསམ་བློ་དང་རིག་གནས་ཀྱི་སྙིང་བཅུད་བསྡུ་ལེན་བྱེད་པའི་སྲོལ་རྒྱུན་བཟང་པོ་ལྡན་པ་ཞིག་ཡིན་པ་སྨོས་མི་དགོས་ཀྱང་། བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ལམ་ལུགས་ཀྱི་དབང་གིས་བག་འཁུམས་ཀྱི་བསམ་བློའི་ཤུགས་རྐྱེན་གཙང་སེལ་ལེགས་པོ་བྱུང་མེད་སྟབས་ཤེས་བྱ་གསར་པ་དང་། ལྟ་བ་གསར་པ་དང་ལེན་བྱེད་རྒྱུར་ད་དུང་ཕྱོགས་གང་ཅིའི་བཀག་རྒྱ་ངེས་ཅན་ཞིག་ཡོད་ཅིང་། རང་རེའི་རྒྱུན་གཏན་གྱི་འཚོ་བའི་ནང་དུ་ད་དུང་དཔེ་དང་སྲོལ་མང་ཞིང་མུན་འཐོམས་ཀྱི་དད་པ་ལ་བརྟེན་ནས་བདེ་སྐྱིད་རེ་སྒུག་བྱེད་པའི་སྣང་ཚུལ་ཅུང་ཙམ་ཁྱབ་གདལ་དུ་གནས་ཡོད་པས། ང་ཚོས་ལོ་རྒྱུས་དང་གྲལ་རིམ་གྱི་ཐོག་ནས་དབྱེ་ཞིབ་ཀྱིས་ཕན་མེད་ཀྱི་ཡུལ་སྲོལ་གོམས་གཤིས་དེ་དག་ལ་སུན་འབྱིན་དང་མཐའ་དཔྱོད་ལེགས་པར་བྱས་ཏེ་སྙིགས་དོར་བཅུད་ལེན་བྱ་རྒྱུ་མ་ཟད་རྒྱལ་ཡོངས་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་བལྟས་ནས་སྔོན་ཐོན་མི་རིགས་གཞན་དང་འདྲ་བར་དུས་རབས་ཀྱི་གོམ་སྟབས་དང་གཅིག་གྱུར་ཡོང་བ་བྱེད་རྒྱུ་ནི་ང་ཚོའི་མི་རབས་འདིའི་མདུན་དུ་ལྷགས་པའི་གལ་ཆེའི་ལས་འགན་ཞིག་ཡིན།  ཨུ་རུ་སུའི་རིག་རྩལ་དཔྱད་གཏམ་པ་གྲགས་ཅན་སྦའི་ལིན་སི་ཆིས། “སྒྱུུ་རྩལ་གསོན་པོ་མཐའ་དག་ཀྱང་ལྟོས་མེད་ཀྱི་བྱ་དངོས་དང་འདྲ་བར་ལོ་རྒྱུས་འཕེལ་བའི་བརྒྱུད་རིམ་གྱི་ཁོས་སུ་གཏོགས་ཤིང་། ང་ཚོའི་དུས་རབས་ཀྱི་སྒྱུ་རྩལ་ཡང་དེང་རབས་ཀྱི་གོ་དོན་གྱི་མཛེས་སྡུག་ལྡན་པའི་རྣམ་པའི་ཁྲོད་དུ་དེང་རབས་ཀྱི་འཚོ་བར་འཛིན་པའི་གོ་དོན་དང་དམིགས་བྱ་མངོན་པའམ་མཚོན་པ་བྱེད་དགོས་ཤིང་། མིའི་རིགས་ཀྱི་མདུན་ལམ་དང་འཚོ་གནས་ཀྱི་ཡུན་གནས་རང་བཞིན་བཅས་ལ་བདེན་དོན་གྱི་ལྟ་སྟངས་འཛིན་དགོས། ”ཞེས་གསུངས་ཡོད་པ་ལྟར་རྩོམ་རིག་སྒྱུ་རྩལ་གྱིས་ད་ལྟའི་དངོས་ཡོད་འཚོ་བ་དང་བསྟུན་ནས་དཔལ་འབྱོར་དང་རིག་གནས་གོང་འཕེལ་དུ་གཏོང་རྒྱུར་གཞོགས་འདེགས་དང་མི་རིགས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བྱ་རྒྱུ་ནི་དེའི་འདོར་ཐབས་མེད་པའི་འོས་འགན་ཡིན་པས། རྩོམ་རིག་གི་བརྩམས་ཆོས་ཀྱི་ཐོག་ནས་མི་རྣམས་ཀྱི་བསམ་བློར་བཅིངས་འགྲོལ་དང་བློ་སྒོ་འབྱེད་རོགས་བྱ་རྒྱུ་ནི་དེ་བས་གལ་ཆེ་བ་ཞིག་ཡིན། དེའི་ཐད་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ནང་དུ་མངོན་ཆུང་དང་རྣོ་ངར་ཆེ་བའི་སྐད་ཆའི་ཐོག་ནས་གནད་དོན་མང་པོ་ཞིག་ལ་མཛུབ་མོ་བཙུགས་ཡོད་པས། གལ་ཏེ་བསམ་བློ་ཡག་པོ་གཏོང་ཐུབ་པའི་ནུས་པ་ལྡན་པའི་མི་ཞིག་ཡིན་ཕྱིན། དེ་འདྲའི་གོ་དཀའ་བ་དང་རྟོགས་དཀའ་བ་ཞིག་མིན། དཔེར་ན། <<སད་ཀྱིས་བཅོམ་པའི་མེ་ཏོག>>ནང་དུ་ཚེ་རིང་དང་ལྷ་སྐྱིད་ཀྱི་ཟོལ་མེད་པའི་བརྩེ་དུང་གི་ཆུ་རྒྱུན་ལ་ཁོ་གཉིས་ཀྱི་པ་ཕའི་སྔོན་ཆད་ཀྱི་ཁ་དན་བཙན་པོའི་བྲག་རྡོའི་བར་ཆད་འཁེལ་བས་མཐར་ཞལ་ཁ་ཕྱེ་མ་ཐག་པའི་ལྷ་སྐྱིད་ཀྱི་ལང་ཚོའི་མེ་ཏོག་བར་ཆད་སད་ཀྱིས་བཅོམ་པས་རང་གི་ཡུལ་དུ་ལོག་མི་འདོད་ལ། རང་གི་བརྩེ་གྲོགས་ཀྱི་སར་ཡང་འགྲོ་མི་ཕོད་པར་ལྷག་བསམ་དག་པའི་ཇོ་མོ་ཞིག་གི་རྗེས་སུ་མི་འགྲོ་ཀ་མེད་བྱུང་སྐབས། ཁོ་མོའི་གངས་དཀར་གྱི་སེམས་ནས་དྲི་རྟགས་ཆེན་པོ་འདི་འདྲ་ཞིག་ཤར་ཏེ། “བུ་མོ་མའི་མངལ་ན་ཡོད་དུས་གཉེན་གཏམ་སྡེ་པའི་དཀྱིལ་ནས་བཤད་པའི་ཕ་མ་ཚོ་ལ་ཞེ་ཁྲེལ་ཡོད་དམ། ལུས་རྟེན་ཕ་མས་བསྐྲུན་ཀྱང་རང་ལུས་རང་ལ་མི་དབང་བ་འདི་བོད་ཀྱི་སྲོལ་རྒྱུན་ཡིན་ནམ། ”ཞེས་དང་། དེ་བཞིན་ལྷ་སྐྱིད་ཀྱི་ཨ་མས་རང་གི་བུ་མོས་གནག་ལ་སྣུམ་པའི་སྐྲ་ལོ་བཅད་ནས་ཁྱིམ་དུ་ལོག་ཡོང་འདོད་མི་བྱེད་པའི་གནས་ཚུལ་ཤེས་ནས་ཕུན་ཚོགས་ལ་འཁང་ར་བྱེད་སྐབས་ལྷ་སྐྱིད་ཀྱི་པ་ཕས་ད་དུང་གཉའ་རེངས་ཀྱིས་དེ་ནི་བོད་ཀྱི་སྲོལ་ཡིན་ལ་ཕས་བུ་མོའི་གཉེན་སྒྲིག་ཐག་གཅོད་མི་ཆོག་པ་ཅི་ཡོད་ཅེས་བཤད་པར་དབང་མཚོས“ཁ་གདངས་ན་དཔེ། བཙུམས་ན་སྲོལ། བྱིས་པ་མའི་མངལ་ན་ཡོད་དུས་བུ་བུ་མོ་གང་ཡིན་མི་ཤེས་དུས། གཉེན་གཏམ་པ་དེ་བོད་ཀྱི་དཔེ་ཡིན་ནམ”ཞེས་པའི་དྲི་བ་དེ་དག་ནི་ལྷ་སྐྱིད་ཀྱི་ཨ་ཕ་ཕུན་ཚོགས་དང་ཚེ་རིང་གི་ཕ་ཉི་མ་ལ་བཏོན་པའི་དྲི་བ་ཙམ་མ་ཡིན་པར་དེ་ནི་སྲོལ་རྒྱུན་རྙིང་པ་དེ་དག་ལ་མི་མོས་པར་གཉེན་སྒྲིག་རང་མོས་ཀྱི་རེ་བ་བྱེད་མཁན་གཞོན་ནུའི་མི་རབས་ཤིག་གི་སེམས་ནང་གི་འབོད་སྒྲ་མཚོན་པ་ཞིག་དང་ཕྲུ་གུར་རང་དབང་མེད་པར་ཕ་མས་ཕྲུ་གུའི་གཉེན་དོན་བཙན་ཤེད་ཀྱིས་ཐག་གཅོད་བྱེད་པའི་སྲོལ་རྒྱུན་དེར་གནད་དུ་འཁེལ་བའི་དྲི་རྟགས་ཆེན་པོ་བརྒྱབ་པ་ཞིག་རེད།  གཞན་ཡང་ཁོང་གིས<<རྐང་ལམ་ཕྲ་མོ>>ནང་དུ་སྐད་ཆ་དུམ་བུ་འདི་འདྲ་ཞིག་བྲིས་ཡོད་དེ“ངོ་མ།  ཁོང་ཚོས་ང་ཚོ་ལ་རྐང་ལམ་ཕྲ་མོ་ཞིག་མ་གཏོགས་འཇོག་མ་ཐུབ། ཡིན་ན་ཡང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་ལམ་ཕྲན་འདི་རྒྱ་ཇེ་ཆེ་དང་། ཁོད་ཇེ་སྙོམ། ཁྱོན་ཇེ་ཡངས་སུ་གཏོང་མ་ཐུབ་པ་དེ་ནི་ང་ཚོའི་ངོ་ཚ་ཡིན་པ་ལས་གནའ་མིའི་གླེན་རྟགས་ག་ལ་ཡིན།  ཁོང་ཚོས་ང་ཚོར་བཞག་པའི་རྐང་ལམ་ཕྲ་མོ་འདི་ནི་རང་བཞིན་གྱི་ལམ་དཀྱུས་མ་ཞིག་མ་ཡིན་ཏེ། ལམ་ཕྲན་འདིས་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་མར་བསྐྲུན་ཏེ་རིག་དར་གྱི་བོད་རིགས་འདི་སྔོན་ཐོན་གྱི་རྩེ་མོར་བསྐྱལ་བ་དང་།  ལྔ་རིག་གི་གླེགས་མཛོད་ཀྱིས་ལྕགས་རི་བསྐོར་ཏེ་འཛམ་གླིང་གི་ཡང་རྩེ་ནས་ཁྱིམ་གཞི་བཙུགས་ཤིང་།  དེ་ནས་བཟུང་གདོང་དམར་བོད་ཀྱི་རུས་རྒྱུད་རྣམས་རྒྱུན་མ་ཆད་པར་དར་བ་ཡིན།  ཁྲེལ་ཡོད་ཀྱི་རྣམས་ཨ།  ཁྱོད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཕོད་པར་མ་ཟད།  དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་ཀྱང་མཛད་ཡོད་མོད།  འོན་ཀྱང་ཁོ་ཚོས་གསར་གཏོད་ཀྱི་སྙིང་སྟོབས་དང་མཁས་མཛངས་ཀྱི་བློ་གྲོས་ལ་སློབ་སྦྱོང་མ་བྱེད་པའམ་བྱེད་མི་མཁས་པར་རྨོངས་ཚོད་ཀྱི་སྒོ་ནས་དཔའ་བོའི་མཛད་རྗེས་རྣམས་ངག་གི་ཕྲེང་བར་ཟློ་བ་ཙམ་གྱིས་ཅི་ལ་ཕན། ”ཞེས་པའི་སྐད་ཆ་དུམ་བུ་དེ་ནི་མང་པོ་མ་བཤད་ཀྱང་སེམས་ནང་དུ་འཆར་སླ་བའི་གནས་ཤིག་རེད།  ལོ་རྒྱུས་ནི་མིས་གསར་སྐྲུན་བྱས་པ་ལས་ལྷ་དང་གོང་མས་གསར་སྐྲུན་བྱས་པ་ཞིག་མིན་ཞིང་། གནའ་རབས་ཀྱི་མེས་པོ་ཚོས་འཇིག་རྟེན་འདིར་གཞན་ལ་ངོ་གནོང་མི་དགོས་པའི་ལོ་རྒྱུས་ཤིག་གསར་སྐྲུན་བྱས་ཡོད་ཀྱང་།  ང་ཚོ་རྗེས་རབས་པ་ཚོས་རིམ་བཞིན་དེ་དག་ལྷ་སྒྲུང་དང་གཏམ་རྒྱུད་ཅན་དུ་བསྒྱུར་ཏེ་དག་གི་གསར་གཏོད་སྙིང་སྟོབས་ལ་སློབ་སྦྱོང་མི་བྱེད་པར་ང་ཚོའི་མི་རིགས་ལ་འདི་དང་འདི་ཡོད་ཅེས་ངག་ནས་ཡང་དུ་ཟློ་བ་ཙམ་ལས་དོན་དུ་བསྟུད་མར་མི་རིགས་འཕེལ་རྒྱས་དང་གོང་འཕེལ་དུ་གཏོང་རྒྱུར་ལས་ཀ་བྱེད་མི་ཐུབ་པ་ནི་ཧ་ཅང་ཡི་མུག་པ་དང་ངོ་ཚ་དགོས་པ་ཞིག་ཡིན། བློ་མཐུན་ཀྲོའུ་ཨེན་ལའེ་ཡིས“འབྱོར་མེད་གྲལ་རིམ་གྱི་རྒྱལ་སྤྱི་རིང་ལུགས་ནི་མི་རིགས་ཅན་དང་རྒྱལ་སྤྱི་ཅན་གཉིས་གཅིག་འགྱུར་དང་ཕན་ཚུན་ཟུང་དུ་འབྲེལ་བ་ཞིག་ཡིན། ང་ཚོས་ཀྲུང་གོའི་མི་རིགས་ཀྱི་རྨང་གཞིའི་སྟེང་དུ་རྐང་པ་བཙུགས་ཏེ་ང་ཚོས་རྒྱལ་སྤྱིར་ལེགས་སྐྱེས་འབུལ་རྒྱུའི་བསམ་བློ་གཏོང་དགོས”ཞེས་གསུངས་པ་ལྟར། ང་ཚོས་ཀྱང་སྔོན་ལ་རང་ཉིད་ཀྱི་མི་རིགས་འདི་འཕེལ་རྒྱས་དང་སྔོན་ཐོན་གྱི་རྗེས་བསྙེག་ཐུབ་པ་ཞིག་བྱས་ཏེ་མེས་རྒྱལ་གྱི་དེང་རབས་ཅན་བཞི་དང་།  དེ་བས་ཀྱང་རྒྱལ་སྤྱིའི་ཐོག་ཏུ་ལེགས་སྐྱེས་འབུལ་ཐུབ་པ་བྱ་རྒྱུར་བརྩོན་ལེན་བྱེད་དགོས། ད་དུང་དེ་དག་གི་སྐོར་ལ་“རུས་ལྡོང་ཅན་གྱི་རྒན་པོ་དང་། གླིང་ཚང་གི་སྒྲུང་པ། སྤྱན་རས་གཟིགས་ཀྱི་བྱིན་རླབས་སུ་སེམས་པའི་རྒན་མོ། ལྷ་ལུང་དཔལ་རྡོར་གྱི་རྗེས་འབྲངས་པ། རི་དྭགས་ལ་མོས་པའི་རྔོན་པ”སོགས་རྒན་པོ་རྣམས་ནི་ཡུན་རིང་པོར་སྤྱི་ཚོགས་ཀྱི་ཁོར་ཡུག་དང་བསམ་བློ་རྙིང་པའི་ཤུགས་རྐྱེན་གྱིས་རང་རང་གི་ལྟ་བ་མི་འདྲ་བ་རེ་འཁྱེར་ནས་ཁ་སྟོང་པའི་ཚིག་རྩོད་བྱེད་ན་ཡང་ཁོ་ཚོར་ཕོག་པའི་སྡོམ་ཁྲིམས་ནི་གཅིག་མཚུངས་ཡིན་པས་མི་གཞན་གྱིས“ཁྱོད་ཚོའི་རྐང་ལམ་འདི་གུ་དོག་དྲགས་པས་ཆེ་རུ་བཏང་ན་ཅི་མ་རུང་”ཞེས་གླེང་བ་ཐོས་སྐབས། ཁོ་ཚོའི་ལྟ་བ་མི་འདྲ་བ་རྣམས་ལས་ཤུགས་ཆེ་བའི་རྨོངས་དད་ཀྱི་བསམ་བློས“ལམ་དེ་ནི་གཉན་དང་བཙན་གྱི་རྒྱུ་ལམ་ཡིན་པས་ས་ཁེམ་གང་བསྐོས་ན་ཡང་མཛེ་བུད་ནས་འཆི་ངེས་རེད”ཅེས་གླེང་བ་དེའི་ཐོག་ནས“རྒན་པོ”དེ་དག་གིས་ལམ་དེ་ཆེ་རུ་གཏོང་འདོད་དང་ཆེ་རུ་གཏོང་བའི་དགོས་པ་ལྡན་པ་ཤེས་ཀྱང་ཁོ་ཚོ“གཉན”དང་“བཙན”ལ་སྐྲག་ནས་ཆེ་རུ་གཏོང་ཕོད་ཀྱི་མེད་ལ། ཕྱིས་སུ་མི་གཞན་གྱིས་གཞུང་ལམ་ཞིག་བཟོས་ཀྱང་བག་འཁུམས་ཅན་གྱི“རི་སྡེ་འདིའི་མི་རྣམས་རྐང་ལམ་བརྒྱུད་ནས་འགྲོ་བ་ལས་གཞུང་ལམ་དུ་འགྲོ་མཁན་མ་བྱུང་”ཡང་། “ངའི་སེམས་ལ་རང་རེའི་མི་རིགས་དང་རང་གི་ཕ་ཡུལ་དྲན་པ་དང་། མིག་ལམ་དུ་མཚར་སྡུག་འོད་སྟོང་འབར་བའི་མདུན་ལམ་ཞིག་འཆར་བའི་མོད་ལ་ངའི་གོམ་པའང་རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་བྱུང་བ་”དེ་ནི་དུས་རབས་དང་ལོ་རྒྱུས་ཀྱི་དགོས་མཁོ་དང་ཆོས་ཉིད་ཡིན་པས་གསར་སྐྱེས་པ་རྣམས་ཀྱིས་བསམ་གཞིགས་ལེགས་པར་བགྱིས་ཏེ་དུས་རབས་ཀྱི་རྗེས་ཟིན་པ་བྱེད་དགོས་རྒྱུར་སེམས་གཏིང་གི་སྐད་ཆ་བཤད་པ་ཞིག་ཡིན།  དེ་དང་ཕྱོགས་མཚུངས་པར་སྙན་ངག<<ལང་ཚོའི་རྦབ་ཆུའི>>ནང་དུ།  མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ཙ། བ་ཚའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད། རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་ལ། དུས་དང་མཐུན་པའི་སྲོག་གི་དབང་པོ་མ་ཞུགས་ན། ཡར་རྒྱས་ཀྱི་འཕར་རྩ་ལྡང་མི་སྲིད་ལ། སྔོན་ཐོན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང་། མདུན་སྐྱོད་ཀྱི་གོམ་པ་ནི་དེ་བས་ཀྱང་ངོ་། ཞེས་དང་། ཡང་དེའི་མཇུག་ཏུ། རྙིང་ཞེན་དང་། བག་འཁུམས། རྨོངས་དད། ལེ་ལོ……ང་ཚོའི་མི་རབས་འདིར་འཇུག་ཡུལ་གཏན་ནས་མེད། རྗེས་ལུས། ཀླ་ཀློ། མུན་ནགལོག་སྤྱོད…...ང་ཚོའི་དུས་རབས་འདིར་གནས་ས་ཡེ་ནས་མེད།  ཅེས་པ་ལ་སོགས་པ་དེ་དག་གི་ཚིག་འབྲུ་རེ་རེ་བཞིན་ཁ་བ་རི་བའི་གཞོན་ནུ་རྣམས་མདུན་དུ་སྐྱོད་རྒྱུར་སྐུལ་བ་དང་།  ལམ་སྟོན་པའི་སྒྲོན་མེ་ལྟ་བུ་དང་། རྨོངས་དད་དང་། རྙིང་ཞེན། བག་འཁུམས་ཅན་རྣམས་ཀྱི་སྙིང་ཁའི་རྣག་ཐོག་ལ་འཛུགས་པའི་གཙག་གྲི་དང་ནད་ཐོག་གི་སྨན་ལྟ་བུས་མི་རྣམས་ལ་དྲན་སྐུལ་བྱེད། ད་དུང<<སྤྲུལ་སྐུ>>ཞེས་པའི་སྒྲུང་གཏམ་དུ་ཨ་ཁུ་ཉི་མ་དང་། འབྲུག་མོའི་ཨ་མ། འབྲུག་མོས་གཙོས་པའི་ཡིན་ཟེར་ཚད་བདེན་པར་འཛིན་པ་དང་། ཨྃ་འདོན་ཚད་ཆོས་པ་དང་སྤྲུལ་སྐུ་ཡིན་པར་རྨོངས་ནས་ཐ་ན་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་གང་ཡིན་ཙམ་མི་ཤེས་པར་ད་དུང་ཁ་ཕོ་ཆེས་སློབ་གཉེར་བྱ་ཁྱུང་མཐིལ་ནས་བྱས་པར་འུད་སྒྲོག་བྱེད་མཁན་ལ་དད་པ་ཆེན་པོས་བསྙེན་བཀུར་ཞབས་ཏོག་གིས་རང་མགོ་ཆུ་འདྲེན་བྱེད་མི་ལ་ད་ནས་བཟུང་བསླབ་བྱ་དེ་ལྟ་བུ་ལ་དོགས་ཟོན་གྱིས་གཡོ་འོག་ཏུ་མི་ཚུད་པ་བྱེད་དགོས་རྒྱུར་དྲན་སྐུལ་དང་ཉེན་བརྡ་སྤྲད་ཡོད།  གཞན་ཡང་<<རྐང་ལམ་ཕྲ་མོར>>“གཅིག་བྱས་ན་སེམས་ཀྱི་རྟ་ལ་བཅིབས་ཏེ་ཐར་པའི་ལམ་དུ་བགྲོད་པའི་དམ་པ་ནི་ཡོད་དུ་སྲིད་ཀྱང་། ཐར་པའི་ལམ་སྣ་ཟིན་ནས་འགྲོ་བའི་སྡུག་བསྔལ་སེལ་བའི་མགོན་སྐྱབས་ནི་དཀའ་ཙམ་གདའ། ”ཞེས་པའི་སྐད་ཆ་དུམ་བུ་དེ་ལའང་གོ་རྒྱུ་ཆེན་པོ་ཞིག་ཡོད་དོ། ། ཕྱོགས་བསྡུས་ནས་བཤད་ན།  ཁོང་རང་གིས“ང་རང་དགའ་ས་ནི་རྐང་ལམ་ཕྲ་མོ་འདི་ཡིན་ལ། ང་རང་སྐྱོ་ས་ཡང་རྐང་ལམ་ཕྲ་མོ་འདི་ཡིན”ཞེས་པ་ལྟར། རྩོམ་པ་པོས་བྲིས་པའི་རྩོམ་དེ་ཚང་མ་ནི། བོད་མི་རིགས་འདི་མདུན་དུ་འགྲོ་རྒྱུ་དང་འཕེལ་རྒྱས་སུ་གཏོང་རྒྱུར་འགོག་ཐབས་མེད་པའི་རེ་བས་སྐུལ་བ་ཤ་སྟག་ཡིན་པས། ཁོང་རང་ཉིད་ཀྱི་ལྟ་ཚུལ་དེ་དག་རང་ཉིད་ཀྱི་བརྩམས་ཆོས་ནང་དུ་ཞུགས་ནས་ང་ཚོར་ལམ་གསར་པའི་སྟེང་དུ་འགྲོ་རྒྱུར་སྐུལ་མ་བྱེད་པ་ཞིག་ཡིན་ན།  ཁོང་གི་བརྩམས་ཆོས་ཀྱི་སྙིང་དོན་ཡང་དེའི་ཐོག་ནས་མཚོན་ཐུབ་ཀྱི་ཡོད་སྙམ། 
          བརྩམས་ཆོས་ཀྱི་སྒྱུ་རྩལ་རང་བཞིན་དང་རྩོམ་རིག་གསར་པའི་ཤུགས་རྐྱེན། 
          རྩོམ་རིག་གི་བརྩམས་ཆོས་ཡག་པོ་ཞིག་འབྲི་བར་བྱང་ཆུབ་པའི་སྒྱུ་རྩལ་གྱི་མཐུན་རྐྱེན་ཞིག་མེད་ན་བརྗོད་བྱའི་དོན་རྣམས་གསལ་པོར་མཚོན་པ་དང་། ཀློག་པ་པོར་བག་ཆགས་ཟབ་མོ་འཇོག་རྒྱུ་ཟེར་བ་ནི་སྟོང་གཏམ་ཙམ་དུ་ཟད། འོ་ན་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ལ་དེ་ལྟ་བུའི་ནང་དོན་ཟབ་མོ་དང་ཡིད་དབང་འགུགས་ཆེན་པོ་ཡོད་དོན་ཅི་ཡིན་ཟེར་ན། དེ་ནི་རྩོམ་པ་པོས་རྣམ་ཀུན་སྤྱི་ཚོགས་ཀྱི་འཚོ་བར་རྟོག་ཞིབ་དང་། བརྗོད་བྱ་གདམ་གསེས་བྱས་ཏེ་དངོས་ཡོད་ཀྱི་འཚོ་བ་བྲིས་པ་ཙམ་དུ་མ་ཟད། ཡུན་རིང་སློབ་སྦྱོང་དང་བརྩོན་ཞིབ་བྱས་ནས་སྒྱུ་རྩལ་ལ་ནང་བྱན་ཆུད་པས། ཕྱོགས་གཅིག་ནས་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རྒྱུན་འཛིན་དང་། ཕྱོགས་གཞན་ཞིག་ནས་མི་རིགས་གཞན་དག་གི་རྩོམ་སྲོལ་ལ་སློབ་སྦྱོང་གིས་དེ་གཉིས་ཀྱི་སྙིང་བཅུད་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྒྲུང་གི་བརྒྱུད་རིམ་དང་། མི་སྣའི་གཟུགས་བརྙན་ཞིབ་འབྲི། ཕན་ཚུན་གཏམ་གླེང་དམངས་ཁྲོད་ཅན་དུ་འགྱུར་བ་བྱས་ཏེ་ལྟ་ན་འདོད་ལ་ཉན་ན་སྤྲོ་བའི་སྒྱུ་རྩལ་བེད་སྤྱོད་བྱས་པ་དང་། བརྗོད་བྱ་ཚགས་དམ་ལ་སྒྲུང་གི་གོ་རིམ་རྣམས་ཟུར་བལྟས་ལེབ་མཐོང་གི་སྐྱོན་ལས་གཡོལ་ཏེ་ཆུ་བོའི་རླབས་་བཞིན་འཚོ་བ་དངོས་ལྟར་ཀྱག་ཀྱོག་གི་འབྲི་ཚུལ་སྤྱད་ནས་ཀློག་པ་པོར་སྙིང་སྟོབས་སྤྲད་པ་ལས་བྱུང་བ་ཞིག་ཡིན། ཁོང་གི་རྩོམ་འབྲི་སྲོལ་ནི་ཆུ་སྣ་གར་ཁྲིད་ལྟར་མིན་པར་རང་ཉིད་ཀྱི་རྩོམ་སྲོལ་ཞིག་གྲུབ་ཡོད། ཁོང་གིས་བྲིས་པའི་སྒྲུང་གཏམ་མང་པོ་ཞིག་མི་སྣ་དང་པོའི་འབྲི་སྲོལ་ཐོག་ནས་བྲིས་ཡོད་པ་དེ་དག་ལའང“རྩོམ་བརྒྱ་དོན་གཅིག”གི་སྣང་བ་གཏན་ནས་མེད་པར་དེ་དག་སོ་སོས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་བཏོན་ནས་བརྗོད་དོན་རྣམས་གསལ་པོར་མངོན་ཡོད་པ་དང་། ལྷག་པར་འབྲི་ཚུལ་དེས་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོའི་སེམས་ཁམས་ཞིབ་འབྲི་བྱེད་རྒྱུར་གཞོགས་འདེགས་དང་ཁྱད་དུ་འཕགས་པའི་ནུས་པ་ཐོན་ནས་མི་སྣ་རེ་རེ་བཞིན་གྱང་ལྡེབས་ཀྱི་རི་མོ་ཙམ་མ་ཡིན་པར་གཟུགས་ཡོད་ལ་རྣམ་ཤེས་ཡོད་པའི་མི་སྣ་གསོན་པོ་ཤ་སྟག་ཆགས་ནས་ཀློག་པ་པོའི་མིག་མདུན་དུ་ལངས་ནས་བྱ་སྤྱོད་སྤེལ་བ་དང་སྐད་ཆ་བཤད་ཀྱིན་ཡོད་པའི་ཚོར་བ་སྟེར། སྒྲུང་གཏམ་དེ་དག་སོ་སོའི་མི་སྣའི་གཟུགས་བརྙན་བཀོད་འབྲི་བྱེད་སྐབས་ཀྱང་ཚང་མ་ཁུགས་པར་གཅིག་ནས་ཐོན་པ་ལྟར་མིན་པར་མི་སྣ་རེ་རེར་སོ་སོར་གཤིས་ཀ་དང་།  སེམས་ཁམས། འདུ་ཤེས། ཕུགས་བསམ། གཏམ་སྤྱོད། འཇིག་རྟེན་ལྟ་ཚུལ་བཅས་མི་འདྲ་བ་རེ་ཡོད་པ་དཔེར་ན<<སད་ཀྱིས་བཅོམ་པའི་མེ་ཏོག>>ནང་གི་ལྷ་སྐྱིད་དང་རིག་ཡག་ལྟ་བུ་དང་། <<སྤྲུལ་སྐུ>>ནང་གི་སྤྲུལ་སྐུ་ལྟ་བུ།  <<རྒྱུ་འབྲས་མེད་པའི་གནའ་མའི>>ནང་གི་ཀུན་ཏུ་བཟང་མོ་ལྟ་བུ། <<ཤ་དང་རུས་པའི་བརྩེ་དུང་>>ནང་གི་དབང་ལྡན་དང་དབང་ལྡན་གྱི་ཨ་ཕ་ལྟ་བུ་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་མི་སྣའི་གཟུགས་བརྙན་དེ་དག་ལ་དེ་བས་དངོས་འབྲེལ་དང་རང་བཞིན་གྱི་སྣང་བ་ཤུགས་ཆེར་མངོན་གྱི་ཡོད་པ་ལྟ་བུའོ། ། སྒྲུང་གཏམ་གྱི་འབྲི་ཚུལ་ཐད་ལའང་རྩོམ་སོ་སོར་ཁྱད་ཆོས་མི་འདྲ་བ་དང་། འབྲི་ཚུལ་མི་འདྲ་བ་རེ་ཡོད་པ་དཔེར་ན<<སད་ཀྱིས་བཅོམ་པའི་མེ་ཏོག>>ནི་ད་ལྟ་ང་ཚོ་བོད་རིགས་ཀྱི་རྩོམ་རིག་ཐོག་རྦད་དེ་གསར་པ་ཡིན་པའི་འབྲི་སྲོལ་བེད་སྤྱད་དེ་བརྩམས་པ་ཞིག་ཡིན་ཅིང་།  སྒྲུང་གཏམ་དེའི་ནང་གི་གཤིས་རྒྱུད་མི་འདྲ་བའི་མི་སྣ་ཚེ་རིང་དང་། ལྷ་སྐྱིད།  རིག་ཡག ལྷ་མོ། ཇོ་མོ་སྒྲོལ་མ། ཨ་ཕ་ཕུན་ཚོགས་བཅས་གཙོ་བོའི་མི་སྣ་ཚང་མར་སྒྲུང་གི་གོ་རིམ་ལྟར་རང་གི་བརྒྱུད་རིམ་བཤད་དུ་བཅུག་པ་དེས། ཀློག་པ་པོར་གཤིས་རྒྱུད་མི་འདྲ་བའི་མི་སྣ་རེ་རེ་བཞིན་གྱི་སེམས་ཁམས་རྒྱུས་མངའ་བྱུང་ནས་འཚོ་བ་ངོ་མའི་བག་ཆགས་ཡོང་བ་དང་། དེ་བཞིན་<<ཤ་དང་རུས་པའི་བརྩེ་དུང་>>ནང་དུ། དང་ཐོག་རྩོམ་ཡིག་མགོ་ཚུགས་སྐབས་ཀྱི་ཀླུ་ཕྱུག་གི་མཐོང་ཐོས་ཆུང་ངུ་ནས་རིམ་བཞིན་འཚོ་བའི་ཁོར་ཡུག་ཆེན་པོའི་ནང་དུ་ཁྲིད་ནས་བརྗོད་བྱ་རྒྱ་ཆེ་དང་གཏིང་ཟབ་ཏུ་བཏང་བ་དང་། བརྗོད་བྱ་གཙོ་བོ་རྣམས་དབང་ལྡན་ལ་བཤད་དུ་བཅུག་ལ། ཡང་དེའི་ནང་དུ“ང”སྟེ་ཀླུ་ཕྱུག་ཀྱང་ཡོད་པས་དབང་ལྡན་གྱི་གཟུགས་བརྙན་བཀོད་འབྲི་གཏིང་ཇེ་ཟབ་ཏུ་གཏོང་བའི་རྩོམ་སྲོལ་དེའང་གསར་པ་ཞིག་རེད། ད་དུང་དེ་ལས་གཞན་ཁོང་གིས་བྲིས་པའི་<<རྐང་ལམ་ཕྲ་མོར>>དེ་དེང་སྐབས་ནུབ་ཕྱོགས་རྩོམ་རིག་གི་འབྲི་་སྲོལ“འདུ་ཤེས་རྒྱུ་བའི(རྟོག་པ་རང་ཡན་པ)”འབྲི་ཚུལ་དང་དང་ཉེ་ཞིང་། ད་དུང་གཞན་གྱི་བཤད་ཚུལ་ལྟར་ན་རྩོམ་དེ་ནི་ཧ་ལམ་སྐུ་ཞབས་ལུའུ་ཞུན་གྱི་རྩོམ་དང་འདྲ་པོ་ཡོད་ཟེར། སྙན་ངག<<ལང་ཚོའི་རྦབ་ཆུ>>ཡང་རྦད་དེ་འབྲི་ཚུལ་གསར་པ་བཏོད་པའི་སྐོར་ལ་གོང་དུ་བཤད་ཟིན་པས་འདིར་བསྐྱར་ཟློས་མི་བྱེད། 
          སྐད་ཆ་ནི་རྩོམ་གྱི་རྒྱུ་རྐྱེན་ཨང་དང་པོ་དེ་ཡིན་པས་སྒྲུང་གཏམ་ནང་གི་མི་སྣའི་སྐད་ཆ་རྣམས་སྒྱུ་རྩལ་གྱི་རང་བཞིན་དང་ལྡན་པ་ཞིག་མ་བྱུང་ན་སྒྱུ་རྩལ་ཞེས་པ་བརྗོད་ཐབས་མེད་པས།  དེའི་སྐོར་ལ་རླབས་ཆེན་གྱི་རྩོམ་པ་པོ་ཀོར་ཅིས“སྐད་ཆ་ནི་རྩོམ་རིག་པའི་མཚོན་ཆ་ཡིན་པ་དེའང་མེ་མདའ་ནི་དམག་མིའི་མཚོན་ཆ་ཡིན་པ་དང་འདྲ་ཞིང་། མཚོན་ཆ་ཇི་ཙམ་ཡག་པ་དེ་ཙམ་གྱིས་འཐབ་འཛིང་པའི་ནུས་ཤུགས་ཀྱང་ཆེ་བ་ཡོད་པ་ནི་གསལ་པོ་རེད”ཅེས་གསུངས་པ་ལྟར། སྐད་ཆ་བེད་སྤྱད་བྱ་རྒྱུ་ཇི་ཙམ་གྱིས་ཡག་པ་དེ་ཙམ་གྱིས་རྩོམ་ཡང་ཡག་པོ་ཡོང་གི་ཡོད་པས། ཁོང་གིས་བྲིས་པའི་རྩོམ་དུ་སྤྱད་པའི་སྐད་ཆ་རྣམས་ནི་བོད་སྤྱིས་གོ་བའི་སྐད་ཆའི་རྨང་གཞིའི་ཐོག་ས་གནས་དེ་གའི་མང་ཚོགས་ཀྱི་ཁ་རྒྱུན་དུ་སྤྱོད་པའི་སྐད་ཆ་གནད་དུ་འཁེལ་ལ་ཉན་སྤྲོ་བ་མང་པོ་ཞིག་སྟབས་བསྟུན་གྱིས་བེད་སྤྱོད་བྱེད་མཁས་པོ་བྱས་ཡོད་པ་དཔེར་ན<<འབྲུག་མཚོ>>ཞེས་པའི་ནང་སྒྲུང་ནང་གི་མི་སྣ་གཙོ་བོ“ང”དང་འབྲུག་མཚོ་སློབ་གྲྭ་ཐོན་ཁར་ལས་ཀའི་འདུན་མ་འབྲི་རྒྱུར་གྲོས་བྱེད་སྐབས་ཁོ་གཉིས་ཀྱི་ལྟ་བ་མ་མཐུན་པས་འབྲུག་མཚོ་མ་དགའ་བར་འགྲོ་རྩིས་བྱེད་སྐབས་སྐད་ཆ་དུམ་བུ་འདི་འདྲ་ཞིག་བྲིས་པ་ཡོད་པ་ནི“ངས་མཐར་ཕྱིན་ལ་ཡོད་པས་གཅིག་གཅིག་གི་སེམས་ལ་སྡུག་བཞག་ནས་ཅི་བྱེད་སྙམ་སྟེ་མོའི་ལྭ་བའི་ཐུ་སྣེ་ནས་བཟུང་སྟེ།  འབྲུག་མཚོ།  ཁོང་ཁྲོ་མ་ལང་།  ནམ་ལང་ཁ་དང་བྱ་འཕུར་ཁ་ཟེར་བའི་དཔེ་རེད།  ང་ཡང་འབྲོག་ཕྱོགས་ལ་འགྲོ་འདོད་མེད། འབྲོག་ཕྱོགས་ལ་སོང་ན……”ཞེས་དང་། “ཡང་དང་འོར་གྱིས་ཅི་བཤད། ཕོ་ངན་གྱི་ཚིག་ལ་བསྐྱར་བཟློས་དང་རུམ་མས་རྩམ་པ་ཉིས་འཐག་ཟེར་བ་ངོ་མ་རེད། ད་ནས་བཟུང་ཁྱོད་ན་རོ་སྐྱིད་པ་ཁྲི་ཐོག་དང་ང་ཞབས་ཀྱུ་སྡུག་པ་སྟན་འོག་བྱེད”ཅེས་དང་། ཡང་<<སད་ཀྱིས་བཅོམ་པའི་མེ་ཏོག>>ནང་ “དགུན་གསུམ་གྱི་དུས་ཚིགས་སྐད་ཅིག་སྐད་ཅིག་ལ་ཕར་འདས་པ་དང་དཔྱིད་གསུམ་གྱི་མངོན་རྟགས་ཀྱང་རྐང་འཇབ་ལག་འཇབ་ཀྱིས་མིག་གི་མདུན་དུ་མངོན་སུམ་དུ་ཤར་ཡོང”ཞེས་པ་ལ་སོགས་པའི་གླེང་མོ་རྣམས་ནི་ཤིན་ཏུ་གསོན་ཉམས་ལྡན་ཞིང་། གཟུགས་བརྙན་ལས་གྲུབ་པའི་སྣང་བ་ཞིག་ཡོང་གི་ཡོད། ད་དུང་སྒྲུང་དེའི་ནང་དུ་ཚེ་རིང་དང་ལྷ་སྐྱིད་ཀྱི་ཨ་ཕས་ལྷ་སྐྱིད་ད་དུང་མའི་མངལ་ན་ཡོད་དུས་ཚེ་རིང་གི་ཕུ་བོ་རིག་ཡག་ལ་སྟེར་རྒྱུའི་གཉེན་གཏམ་བྱེད་སྐབས་ཁོ་གཉིས་ཀྱིས་ཕན་ཚུན་རེ་བ་བྱས་པར་ལན་འདེབས་རེས་འདི་འདྲ་ཞིག་བྱས་ཡོད་དེ།  “ངས་འདོད་པ་བུ་ཞིག་ཡིན་ཀྱང་ཁྱོད་ཀྱིས་འདོད་པ་བུ་མོ་ཞིག་རེད། གལ་ཏེ་ཁྱོད་ཀྱི་འདོད་ཐོག་ལ་སོང་ན་ཁྱོད་ལ་སྟེར”“ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ཡིན་ནམ། ”ཞེས་པའི་སྐད་ཆ་དང་གཏམ་དཔེ་དེ་དག་ནི་རྦད་དེ་གནད་དུ་འཁེལ་ཞིང་དོན་ལ་གནས་པ། རྣོ་ངར་ཆེ་ཞིང་རྙོག་དྲ་མེད་པ་ཞིག་མི་འདུག་གམ། དེ་དང་འདྲ་བའི་སྐད་ཆ་ནི་བགྲང་ལས་འདས་ཀྱང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས། 
          མདོར་ན་རླབས་ཆེན་གྱི་སྙན་ངག་པ་ཕུ་ཤིས་ཅིན་གྱིས་གསུངས་པ་ལྟར། ཁོང་གིས་མང་ཚོགས་ཀྱི་ཁྲོད་ནས་རྒྱུན་གཏན་གྱི་འཚོ་བར་སྤྱོད་པའི་བབ་ཆགས་པའི་སྐད་ཆ་སྟེ་དུས་དེབ་ནང་ནས་རྙེད་ཐབས་མེད་པའི་སྐད་འཚོལ་ཞིབ་བྱས་པ་ཙམ་དུ་མ་ཟད། རྩོམ་པ་པོ་ཁོང་ནི་གཞན་ལས་ལྷག་པའི་སྐད་ཆའི་སྒྱུ་རྩལ་གྱིས་ནུས་པ་ཡོད་པ་དང་རྣམ་པ་ཀུན་ནས་མང་ཚོགས་ཀྱི་འཚོ་བ་དང་སྐད་ཆའི་ཐད་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པ་མཚོན་ཡོད། དེ་བཞིན་ཁོང་གིས་བོད་རིགས་ཀྱི་རྩོམ་རིག་ནང་མེད་པའི་མིང་ཚིག“ལོས་ཡིན་ལོས་ཡིན། ཁྱིས་མི་བཟའ་ལྕགས་དང་མིས་མི་བཟའ་གནའ་ཡིན”ཞེས་དང་། <<སྤྲུལ་སྐུའི>>ནང་སྔོན་ཆད་ཆེས་ཉེ་བའི་གྲོགས་མོ་འབྲུག་མོ་དང་། ལྕགས་མོ་བྱམས་གཉིས“སྤྲུལ་སྐུའི”གཡོ་སྦྱོར་དང་མི་གཙང་བའི་ལག་པས་བཟོས་པའི་འགལ་རྐྱེན་གྱིས་ཁ་རྩོད་ཤོར་སྐབས་ལྕགས་མོ་བྱམས་ཀྱིས“ཤ་ཞིམ་པོ་ཨ་ཕོ་སྤྱང་ཀིས་ཟོས། ཁག་ངན་པ་ཨ་ཆེ་ཝ་མོར་བཀལ་ཟེར་བ་དེ་ཁྱོད་ལ་རན། རྩམ་པ་རང་གིས་ཟོས་ནས་རྩམ་ཁུག་མིའི་མགོ་ལ་སྐོན”“སྔ་དྲོ་རྟ་ཕོ་ཆས་ཀྱིས་གསོས་ན་ཕྱི་དྲོ་དྲིན་ལན་འཕྲ་ཡིས་འཇལ་ཟེར་བ་དེ་ཁྱོད་འདྲ་བ་ལ་བཤད་པ་རེད། ཆང་ལན་ཆུ་འཇལ་དང་ཇ་ལན་གཅིག་གྱིས་མ་འཇལ་ན་བཟང”“ཁྱོད་ཀྱིས་ང་ལ་ཇ་ཞིག་བླུད་པ་དེ་དུག་ལས་ཁ་བ་རེད། ཁྱོད་མ་དགའ་གས་སོང་རུང་མ་སྐྱིད་ཤི་སོང་རུང་སྤྲུལ་སྐུ་ངའི་ཡིན། ”ཞེས་པ་ལ་སོགས་དང་ཐ་སྙད་མང་པོ་ཞིག་ཀྱང་མི་རིགས་གཞན་གྱི་མིང་ཚིག་དང་ཐ་སྙད་ལས་བླངས་ཏེ་མི་རིགས་ཅན་དུ་བསྒྱུར་བ་བྱས་ནས་རྩོམ་རིག་གི་མིང་ཚིག་དང་ཐ་སྙད་ལ་ཁ་སྣོན་དང་ཕུན་སུམ་ཚོགས་པར་བཏང་བས་ད་ཆ་རྩོམ་པ་པོ་མང་པོས་རིམ་བཞིན་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་ཡོད། ཉེ་ལམ་ལོ་ཤས་རིང་གངས་ཅན་གྱི་ལྗོངས་འདིར་བརྗོད་བྱ་རྒྱ་ཆེ་བརྗོད་དོན་གཏིང་ཟབ་པ་དང་། རྗོད་བྱེད་གོ་བདེ་ལ་རྩོམ་ཚུལ་སྣ་ཚོགས་ཀྱིས་སྤུད་པའི་རྩོམ་རིག་གི་མེ་ཏོག་རབ་ཏུ་བཞད་པ་དེ་དག་གི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་བྱང་ཚད་བཅས་གང་ཐད་ནས་དེང་རབས་རྩོམ་རིག་གི་གསར་གཏོད་རྣམ་པ་གང་འཚམས་ལྡན་པ་ཡོད་པའི་ཁྲོད་དུ་དོན་གྲུབ་རྒྱལ་གྱི་རྩོམ་གྱིས་ནང་གལ་ཆེའི་གནས་བབ་བཟུང་ཡོད་པ་དཔེར་ན། བོད་ཡིག་གི་ཐོག་ནས་བྲིས་པའི་སྒྲུང་གཏམ<<སད་ཀྱིས་བཅོམ་པའི་མེ་ཏོག>>དང་། <<ཤ་དང་རུས་པའི་བརྩེ་དུང་>>ལྷུག་རྩོམ<<རྐང་ལམ་ཕྲ་མོ>>དེ་བཞིན་སྙན་ངག་གི་གུ་དོག་པའི་ལམ་བུ་གཤོང་མཁན<<ལང་ཚོའི་རྦབ་ཆུ>>བཅས་ནི་ཆེས་གཟེངས་སུ་ཐོན་པ་དང་། ངོ་གནོང་མི་དགོས་པའི་རྩོམ་ཤ་སྟག་ཡིན་ལ། ལྷག་དོན་སྙན་ངག<<ལང་ཚོའི་རྦབ་ཆུ>>ཞེས་པ་དེ་ཉིད<<སྦྲང་ཆར>>དུས་དེབ་ཐོག་བཀོད་པ་ནས་བཟུང་བོད་རིགས་ཀྱི་དེང་རབས་རྩོམ་རིག་ལ་གཡོ་འགུལ་ཆེན་པོ་བྱུང་སྟེ་བསྒྱུར་བཅོས་ལ་དགའ་བའི་གཞོན་ནུ་རྩོམ་པ་པོ་མང་པོས་གསར་གཏོད་མཁན་གྱི་རྗེས་སུ་འབྲངས་ནས<<བསྟོད་ཚིག>>དང་<<ཀ་བཤད>>ཀྱི་འཁོར་རྒྱ་ཆུང་ངུའི་ནང་མགོ་འཁོར་ནས་མི་སྡོད་པ་དང་། མངོན་བརྗོད་དང་བརྡ་རྙིང་གིས་ཁེངས་ཤིང་རྒྱན་དང་ཚིག་རྐང་སྙོམ་པའི་དྲ་བ་དོག་པོ་ལས་ཐོན་ཏེ་དངོས་ཡོད་ཀྱི་འཚོ་བའི་གོམ་སྟབས་དང་། བརྩེ་དུང་། མི་རིགས་ཀྱི་བསམ་བློའི་འདུ་ཤེས་སོགས་མཚོན་པའི་སྙན་ངག་གསར་པའི་རྩོམ་འབོར་ཆེན་བྲིས་ཡོད་པ་དེ་དག་ལ་གྲུབ་འབྲས་མངོན་གསལ་ཅན་ཐོབ་ཡོད། དེ་བཞིན་<<ཤ་དང་རུས་པའི་བརྩེ་དུང་>>ཞེས་པའི་སྒྲུང་གཏམ་དེ<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>ཐོག་བཀོད་པ་ནས་བཟུང་རྩོམ་རིག་ལས་རིགས་ཐོག་གི་ཤེས་ཡོན་ཅན་རྒན་གཞོན་ཚང་མའི་ཁྲོད་དུ་བག་ཆགས་གཏིང་ཟབ་དང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་ནི། སྒྲུང་གཏམ་དེ་བོད་མི་རིགས་ཀྱི་གཤིས་རྒྱུད་མཚོན་པའི་རྩོམ་ཡག་པོ་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་པ་ཙམ་དུ་མ་ཟད། དེང་དུས་རྒྱལ་ཡོངས་དང་རྒྱལ་སྤྱིའི་རྩོམ་རིག་ཁྱབ་ཁོངས་ནང་དུའང་རྐང་པ་འཛུགས་ཐུབ་པ་ཞིག་དང་། ང་ཚོ་བོད་རིགས་ཀྱི་དེང་རབས་རྩོམ་རིག་གི་ཚབ་མཚོན་རང་བཞིན་གྱི་ནུས་པ་ཐོན་ཐུབ་པ་ཞིག་ཀྱང་ཡིན་པས་སོ། །  མདོར་ན་དོན་གྲུབ་རྒྱལ་གྱིས་བོད་རིགས་ཀྱི་དེང་རབས་རྩོམ་རིག་གི་ལམ་ཐོག་ཏུ་བློ་ཁོག་ཆེན་པོས་ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་འགྲོ་ལམ་ཞིག་བཏོད་དེ་གཟེངས་སུ་ཐོན་པའི་གྲུབ་འབྲས་བཞག་ཡོད་ལ།  ཁོང་གི་རྩོམ་རིག་གི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་དེའང་རིམ་བཞིན་གཏིང་ཇེ་ཟབ་དང་ཕུན་སུམ་ཇེ་ཚོགས་ཀྱི་ཕྱོགས་སུ་བསྐྱོད་ཡོད་པ་དཔེར་ན། དང་ཐོག་གཞོན་ནུ་རྣམས་ལ་རིག་གཞུང་ཚན་རིག་སློབ་དགོས་པར་སྐུལ་བའི་བརྗོད་བྱ་ཅུང་སྟབས་བདེ་བའི་རིགས་ལས་རིམ་བཞིན་རང་རེའི་མི་རིགས་འདི་ཉིད་དཔལ་འབྱོར་དང་རིག་གནས་རྗེས་ལུས་ཐེབས་པའི་རྒྱུ་རྐྱེན་ལ་དཔྱད་པ་དང་། ཞིབ་དཔྱོད་གཏིང་ཟབ་བྱས་ཏེ་རྣག་ཐོག་གཙག་འཁེལ་གྱི་སྒོ་ནས་མི་རྣམས་ལ་བློ་སྒོ་འབྱེད་པ་དང་། རྨོངས་གཉིད་ལས་སད་རྒྱུར་སྐུལ་མ་དྲག་པོ་བྱེད་པའི་བརྗོད་བྱ་གཏིང་ཟབ་ལ། སྣེ་མང་རྙོག་འཛིང་ཅན་གྱི་ཕྱོགས་སུ་སྤེལ་ཡོད་པ་དེས། རྩོམ་རིག་ལས་རིགས་ཀྱི་མི་སྣ་ཚོར་སྒྱུ་རྩལ་གྱིས་མི་དམངས་མང་ཚོགས་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་དང་། མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་གཏོང་རྒྱུར་གཞོགས་འདེགས་བྱེད་དགོས་ན། སྔོན་ལ་རང་ཉིད་ཀྱི་ཞན་ཆ་རྟོགས་དགོས་པ་དང་། དེའི་རྗེས་གསར་གཏོད་ཀྱི་ལམ་དུ་བསྐྱོད་རྒྱུར་ཁྲིད་སྟོན་དང་མ་དཔེ་བཟང་པོ་བསྟན་ཡོད། འདིར་ནན་བཤད་བྱེད་དགོས་པ་ཞིག་ནི། གསར་གཏོད་བྱེད་པའི་བརྒྱུད་རིམ་ནང་བྱ་དངོས་གསར་པ་དང་གང་འདྲ་ཞིག་ཡིན་རུང་ཚུར་བསྡུ་ལེན་བྱེད་མཁས་པོ་མ་བྱུང་ན་ང་ཚོའི་རྒན་རབས་ཚོའི“ལྕམ་ལགས་ཀྱི་འགྲོ་སྟངས་མ་ཤེས་པར་བུ་མོ་ང་རང་འགྲོ་སྟངས་ཤོར”ཟེར་བའི་གཏམ་དཔེ་ལྟར་དུ་འགྱུར་ཉེན་ཤིན་ཏུ་ཆེ་བས། ག་དུས་ཡིན་རུང་མུན་འཐོམས་དང་ལོང་མཆོང་གིས་གཞན་རྗེས་སུ་རྒྱུགས་པ་ནི་ལོ་རྒྱུས་དང་དངོས་ཡོད་ཀྱི་འཚོ་བ་གང་དང་ཡང་འཚམ་ཐབས་མེད་པས་ངེས་པར་དུ་གཟབ་ནན་གནང་དགོས་པ་གལ་ཆེ་ཞིང་། ལྷག་དོན་སྲོལ་རྒྱུན་སྙན་ངག་གི་འབྲི་སྲོལ་ནི“ལོ་རྒྱུས་ཀྱི་དངོས་མང་བཤམས་སྟོན་ཁང”དུ་སྐྱེས་པའི་དུས་ལ་སླེབས་མེད་པས་ང་ཚོས་སྲོལ་རྒྱུན་སྙན་ངག་གིས་གཙོ་བོ་བྱེད་པའི་མི་རིགས་ཀྱི་སྙན་ངག་རིག་གཞུང་དང་། རྩོམ་ཡིག་འཕེལ་རྒྱས་གཏོང་རྒྱུ་གལ་ཆེར་འཛིན་འོས་པ་གླེང་དུ་མེད། དེར་བརྟེན་གསར་དུ་ཐོན་པའི་རྩོམ་དེ་དག་གིས་རང་རེའི་མི་རིགས་ཀྱི་སྲོལ་རྒྱུན་སྙན་ངག་རྩོམ་སྲོལ་གྱི་རྐུབ་སྟེགས་འཕྲོག་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་ལ། སྲོལ་རྒྱུན་གྱི་སྙན་ངག་ནི་དུས་ལས་འདས་པ་ཞིག་རེད་ཅེས་བཤད་པ་དེ་བས་ཀྱང་མིན། འོན་ཀྱང་ཁོ་བོས<<ལང་ཚོའི་རྦབ་ཆུ>>སོགས་དོན་གྲུབ་རྒྱལ་གྱིས་རྩོམ་དག་ལ་རང་བློས་གང་དཔོག་གིས་བསྔགས་བརྗོད་དང་གདེང་འཇོག་གང་ལེགས་བགྱིས་པ་དེ་ནི། རྩོམ་པ་པོ་གང་ཉིད་གསར་གཏོད་ཀྱི་ལམ་བུ་འབྱེད་མཁན་ཞིག་དང་། གང་དེའི་རྩོམ་གྱིས་བོད་རིགས་ཀྱི་སྙན་ངག་བང་མཛོད་ནང་དུ་རིན་ཐང་བྲལ་བའི་ནོར་བུ་གསར་པ་ཞིག་ཁ་སྣོན་བྱས་པ་དེའང་རང་རེའི་རྩོམ་རིག་གི་མ་ལག་ཅིག་ཏུ་འགྲུབ་པར་སེམས་ནས་བརྗོད་པ་རེ་ཞིག་རྫོགས་སོ། །