བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

ཆིང་རྒྱལ་རབས་ཀྱི་གོང་མའི་དབུ་བླ་ཆེ་གྲས་ལཱ་མོ་གསེར་ཁྲི་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་དང་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་འབྲེལ་བ་ལ་ཐོག་མར་དཔྱད་པ།

སྤེལ་དུས 2020-01-07 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། སྟག་རིག་རྟ་མགྲིན་རྒྱལ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ངག་རྒྱུན་གྱི་བཤད་ཚུལ་དག་ལ་གཡའ་སེལ་བྱས་ཏེ། ཁྲི་ཀའི་ཡུལ་དུ་ཨ་མྱེས་ཡུལ་ལྷ་ཐོག་མར་འཁྲིད་ཡོང་མཁན་དེ་གསེར་ཁྲི་སྐུ་ཕྲེང་གཉིས་པ་མ་ཡིན་པ་དང་།   ཁོང་གིས་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་མཆོད་དོན་ནི་ལྷ་དེ་ཉིད་བླ་མ་ཁོ་རང་གི་སྐྱེས་ལྷར་གྱུར་པའི་རྒྱུ་མཚན་གྱིས་ཡིན་པ་ཐག་གིས་བཅད་ཡོད། གཞན་ཡང་ཁོང་གིས་བརྩམས་པའི་བསང་ཡིག་ནི་ལྷ་དེར་ཕྱིས་སུ་བསང་མཆོད་དང་བསྐང་བཤགས་མང་པོ་ཞིག་བྱུང་ཡོད་པ་ཐམས་ཅད་ཀྱི་རྨང་གཞིར་གྱུར་ཏེ།  ད་ལྟ་སེར་སྐྱ་ཕོ་མོ་མང་པོ་ཞིག་གི་རྒྱུན་འདོན་གྱི་བསང་ཚིག་ཏུ་སོང་ཡོད་པའི་ཚུལ་སོགས་ཞིབ་ཕྲ་བརྗོད་ཡོད།།
[བརྡ་ཆད་གཙོ་བོ།]གོང་མའི་དབུ་བླ། ཁྲི་ཀའི་ཨ་མྱེས་ཡུལ་ལྷ།  འབྲེལ་བ།།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]   K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)03-0031 -12
          འདིར་བརྗོད་པར་བྱ་བའི་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ཞུ་བ་ནི།  མདོ་སྨད་ཁྲི་ཀའི་ཡུལ་གཙོ་བྱས་པའི་བོད་མི་མང་པོས་མཆོད་ཅིང་བཀུར་བའི་རྒྱ་ལྷ་ཞིག་ལགས་ཤིང་། དེའི་རྒྱུན་འབོད་ཀྱི་རྒྱ་མིང་ལ་བིན་ཆཱང་ཏིས་ཇུན་ནམ་བིན་ཁྲང་ལོ་ཡེ་ཞེས་བྱ་ལ།    རྒྱ་ཡུལ་དུ་བྱུང་བའི་ལྷ་འདིའི་གདོད་མོའི་བླ་མཁར་ནི་ཟི་ཁྲོན་ཙི་ཐུང་ཡུལ་གྱི་སྨེ་བདུན་རི་བོའི་སྟེང་དུ་མཆིས་ཤིང་།   ལྷ་དེ་དང་ཐོག་ཏུ་གནས་དེའི་ཡུལ་ལྷ་ཆུང་ཆུང་ཞིག་ཡིན་ན་ཡང་།  ཕྱིས་ལོ་རྒྱུས་ཀྱི་གོ་སྐབས་ཤིག་གིས་ཐང་རྒྱལ་རབས་ནས་ཆིང་རྒྱལ་རབས་བར་གྱི་ཀྲུང་གོའི་གོང་མ་རིམ་བྱོན་གྱིས་བསྟེན་ཅིང་མཆོད་པའི་ལྷ་ཆེན་ཞིག་ཏུ་ཀུན་ནས་གྱུར་ཏེ།  དུས་སྐབས་དེའི་སྲིད་གཞུང་དང་དམངས་ཁྲོད་གཉིས་ཕྱོགས་ནས་དེ་ལ་གསོལ་མཆོད་རྒྱ་ཆེར་བྱས་འདུག མདོ་སྨད་ཀྱི་བོད་རྣམས་ཀྱིས་ཀྱང་ལྷ་འདི་ལ་མཆོད་བཀུར་བྱེད་སྔ་བ་མཐོང་སྟེ། ཐོག་མར་ཁྲི་ཀའི་ཡུལ་ནས་མཆོད་འགོ་བྱུང་ཡོད་པ་དང་། དེ་ནས་མདོ་སྨད་ཀྱི་བོད་ཁམས་གཞན་དང་གཞན་དུ་རིམ་གྱིས་ཁྱབ་པར་གྱུར་ཡོད།  ད་ལྟ་ལྷ་འདི་རྒྱུན་མཆོད་བྱེད་པའི་བོད་སྡེ་ལ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཁམས་མང་ཆེ་བ་དང་ཀན་སུའུ་ཞིང་ཆེན་གྱི་ས་ཆ་འགའ་རེ་ཡོད་པ་དང་། བསྡོམས་བརྩིས་བྱས་པ་ལྟར་ན་ཞིང་ཆེན་དེ་གཉིས་ཀྱི་བོད་ཁམས་སོ་སོར་བཏབ་པའི་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བོད་ལུགས་ལྷ་ཁང་དང་ལྷ་ཐོ་ཉུང་མཐའ་ཡང་ཞལ་གྲངས་ལྔ་བཅུ་ལ་ཉེ་བ་མངོན་པར་བཞུགས།   མིག་སྔར་རྙེད་པའི་བསང་དཔེ་རྣམས་གུང་བསྒྲིགས་ཏེ་མཇལ་དུས།   དུས་རབས་བཅུ་བདུན་པའི་ནང་ནས་བཟུང་ལྷ་འདི་ལ་བོད་མིང་མངོན་སུམ་དུ་ཐོགས་ནས་འབོད་བཞིན་པ་མཐོང་ཞིང་། དུས་སྐབས་དེ་དག་ཏུ་བྱུང་བའི་བསང་དཔེ་སྔ་ཤོས་ཀྱི་ནང་།  ལྷ་འདིའི་བོད་མིང་ལ་ཁྲི་ཀའི་ཡུལ་ལྷ་ཞེས་བྲིས་ཡོད་པ་ལས།  བིན་ཁྲང་ཞེས་པའི་རྒྱ་སྐད་ཀྱི་མིང་དེ་བྲིས་ནས་འབོད་པའི་སྐབས་ཕལ་ཆེར་མི་མཐོང་།  བསང་དཔེ་དེ་དག་ཏུ་བོད་རྣམས་ཀྱིས་མཆོད་པའི་ལྷ་འདིའི་དང་ཐོག་གི་བླ་མཁར་ཡོད་ས་དེ།  ད་ལྟའི་ཁྲི་ཀའི་ཡུལ་ལྷའི་ཕོ་བྲང་ཞེས་བྱ་བའི་ཆགས་གནས་དེ་ཡིན་པ་བསྟན་ཅིང་། ལྷ་ཁང་དེ་ནི་ཕྱིས་སུ་མདོ་སྨད་ཀྱི་བོད་ཁམས་ཐམས་ཅད་དུ་ཡུལ་ལྷའི་ལྷ་ཁང་བཏབ་བོ་ཅོག་བཞུགས་པ་རྣམས་ཀྱི་ཁུངས་དང་ཕྱི་མོ་དང་།   དེ་བཞིན་ཁྲི་ཀའི་ཡུལ་ནི་བོད་ལུགས་བིན་ཆཱང་ཏིས་ཇུན་དད་མོས་ཀྱི་མགོ་ཁུངས་ཡིན་པ་ཡང་བསང་དཔེ་རྣམས་སུ་སྒོ་ཀུན་ནས་གསལ་བོར་ཞལ་གྱིས་བཞེས་ཡོད།  ལོ་ངོ་བཞི་བརྒྱ་ལྷག་གི་རིང་ལྷ་འདི་མཆོད་མཁན་གྱི་རིམ་པ་ལ་ཞིང་ཆེན་དེ་གཉིས་ཀྱི་བོད་རིགས་ཁྱིམ་པ་ཕོ་མོ་རྣམས་ཡོད་པས་མི་ཚད། གྲུབ་མཐའ་བོན་པོ་དང་རྙིང་མ། དགེ་ལུགས་པའི་བླ་གྲྭ་མང་པོ་དང་། ནང་སྒོས་སུ་རྒྱལ་བ་ཡབ་སྲས་གཉིས་ཀྱིས་ལྷ་འདི་ལ་བཀའ་རྩོམ་མཛད་པར་གྲགས་ཤིང་། གཞན་ཡང་མདོ་སྨད་ཀྱི་བླ་ཆེན་མང་པོ་དང་།  ཁྱད་པར་དུ་ཆིང་རྒྱལ་རབས་ཀྱི་གོང་མའི་དབུ་བླ་ཆེ་བརྒྱད་དུ་གྲགས་པའི་ནང་ནས། ད་སྔ་ཤེས་གསལ་བྱུང་བ་ནི་ཉུང་མཐའ་ཡང་དབུ་བླ་ཆེན་པོ་གསུམ་གྱི་སྐུ་ཕྲེང་རིམ་བྱོན་གྱིས་ལྷ་འདི་ད་ལྟའི་བར་མཆོད་ཅིང་བཀུར་བཞིན་དུ་མཆིས།  མདོ་སྨད་ཀྱི་ཡུལ་གྲུ་ཕོན་ཆེ་བ་འདི་འདྲ་ལ་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་དད་མོས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་དར་ཁྱབ་ཏུ་འགྲོ་ཐུབ་པ་དེའི་རྩ་བ་ནི།  གོང་བསྟན་བོད་ཀྱི་བླ་ཆེན་དེ་དག་གིས་ལྷ་འདི་ཉེ་བར་མཆོད་པའི་མཛད་པ་ལ་ཀུན་ནས་རག་ལས་པ་དང་། དེ་དག་ལས་ཀྱང་ཆིང་རྒྱལ་རབས་ཀྱི་གོང་མའི་དབུ་བླ་ཆེ་བརྒྱད་ཀྱི་གྲས་ལཱ་མོ་གསེར་ཁྲི་སྐུ་ཕྲེང་གཉིས་པ་ནི།   ཁྲི་ཀའི་ཡུལ་ལྷའི་མཆོད་བཀུར་དེ་མདོ་སྨད་མཚོ་སྔོན་པོ་གཡས་རུ་གཡོན་རུའི་ཡུལ་ཁམས་ཐམས་ཅད་ལ་ཁྱབ་གདལ་ཡུག་གཅིག་ཏུ་གཏོང་མཁན་གྱི་བླ་ཆེན་གཙོ་བོར་མཐོང་བས།   འདིར་ཁོང་དང་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་འབྲེལ་བར་ཆེ་ལོང་ཙམ་དཔྱད་པར་བྱ་བ་ལ།
དང་པོ། དམངས་ཁྲོད་ངག་རྒྱུན་དང་ལཱ་མོ་གསེར་ཁྲི་སྐུ་ཕྲེང་གཉིས་པ།  
          ཨ་མྱེས་ཡུལ་ལྷ་ཞེས་མདོ་སྨད་དུ་གྲགས་ཆེ་བའི་ལྷ་འདི་ཁྲི་ཀའི་ཡུལ་དུ་དུས་ནམ་ཞིག་ཏུ་བྱོན་པའི་སྐོར་མང་དུ་དྲིས་པར།   ས་འདིའི་བོད་རྣམས་ལ་ཡོངས་སུ་གྲགས་པའི་ངག་རྒྱུན་ནི།  ཡུལ་གང་ལ་ཕྱིན་ཀྱང་ཕལ་ཆེར་འདི་ལྟར་གཅིག་མཚུངས་སུ་བརྗོད་འོང་བ་ཐོས་ཏེ། དེ་ཡང་ཨ་མྱེས་ཡུལ་ལྷས་གོང་མའི་བློན་པོའི་ཚུལ་བཟུང་ནས་འགྲོ་དོན་མཛད་སྐབས།   བློན་པོ་འགས་ཕྲག་དོག་གིས་གོང་མར་སྙན་ཕྲ་ཞུས་པས་ཡ་ལ་ཕོག ཕྱིས་མི་མ་ཡིན་མཐུ་ཅན་ཞིག་ཏུ་སྐྱེས།  གསེར་ཁྲི་རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མ་(སྤྱི་ལོ་1689-1738)གོང་མའི་དབུ་བླར་བཞུགས་སྐབས་མི་མ་ཡིན་པ་དེས་ཁོང་ལ་གྲོགས་མཛད་པ་སྟེ།    བདུད་བློན་ཞིག་གིས་གོང་མར་བླ་མས་ཁྱེད་རང་དགྲོང་འདོད་ཀྱིས་སྨྱུག་ཁྲོག་ཏུ་གྲི་བཅུག་ཡོད།  མི་བདེན་སྙམ་ན་བརྟག་དང་ཤེས་ཡོང་ཞེས་སྙན་ཕྲ་ཞུས་པས། གོང་མས་བླ་མའི་སྨྱུག་ཁྲོག་གི་ཁ་ཕྱེས་ནས་སྨྱུ་གུ་སར་བྱོ་བ་ན། ཡུལ་ལྷས་སྨྱུག་ཁྲོག་ལས་སྨྱུག་གྲི་བཀག་པས་སྨྱུ་གུ་ལས་གྲི་སར་མ་ལྷུང་།   བློན་པོ་དེས་ཡང་གོང་མར་ད་རེབ་ཁོས་དོགས་ཟོན་གྱིས་གྲི་མ་བཟུང་བ་ཡིན་ལ། ཁོས་དོགས་ཟོན་བྱས་མེད་དུས་ཁྱེད་ཀྱིས་གློ་བུར་དུ་གཟིགས་ཤིག་ཅེས་ཞུས་པ་ལྟར།   ཉིན་ཞིག་ལ་སྨྱུག་ཁྲོག་ནང་གི་སྨྱུག་གྲི་དེ་གོང་མས་མཐོང་བས་བླ་མ་བཙོན་དུ་བཅུག བླ་མས་ཡུལ་ལྷ་ལ་ཁྲི་སྡེ་ཞིག་གི་སྲུང་མར་བཀུར་རྒྱུ་ཞལ་བཞེས་གནང་ཕྱིར། ཡུལ་ལྷས་གོང་མའི་བཙུན་མོ་འདང་ཅན་ཞིག་ཡོད་པ་དེའི་མཁལ་རྩ་ནས་བཟུང་བས་ན་ཟུག་དྲག་པོས་བཟོད་ཐབས་བྲལ།  སྨན་དཔྱད་ཀྱིས་མ་ཕན་པས་ཐབས་ཟད།  གོང་མའི་བསམ་པར་བདག་གི་བླ་མར་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན་པས་གདན་དྲངས་ན་ཕན་པར་ངེས་སྙམ་ནས་བླ་མ་བཙོན་ནས་གདན་དྲངས།  བླ་མས་བཙུན་མོའི་གཟིམ་ཁང་གི་སྒོ་ཁ་ནས།   ཡུལ་ལྷ་ལ་བསྟོད་པའི་ཚིགས་བཅད་གཅིག་གསུངས་ནས་འབྲུ་ཟན་སྟོར་བས་འཕྲལ་དུ་བཙུན་མོ་ནད་ལས་ཐར།  གོང་མ་བླ་མར་ལྷག་པར་དད་ནས་ཉེས་པ་མེད་པར་བྱས།  ཕོ་བྲང་དུ་བསྟུད་མར་བཞུགས་རྒྱུ་ཞུས་ཀྱང་བླ་མ་དེར་བཞུགས་མ་འདོད་པར་མདོ་སྨད་དུ་ཕེབས།  རེ་ཞིག་རྨ་ཆུར་གྲུ་བརྒྱབ་ནས་སྐྱོད་སྐབས་གྲུ་ཆུང་ཆུ་དཀྱིལ་ནས་བགྲོད་མ་ཐུབ་པས།①ཁོང་གིས་གློ་བུར་དུ་སྔོན་གྱི་ཞལ་བཞེས་དྲན་ཏེ། ཀྱེ། ཁྲི་ཀའི་ཡུལ་གནས་ལྷ་གཉན་མཐུ་བོ་ཆེ།།   རྒྱ་ནག་ཤིང་མ་ཐེན་ཙི་ཞེས་གྲགས་ཁྱོད།།   མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ།།   བསང་གསུར་བཞེས་ལ་འདོད་པའི་དོན་ཀུན་སྒྲུབས།།    ཞེས་བསང་མཆོད་བཀྲ་ཤིས་གཡང་ཆགས་མར་གྲགས་པ་འདི་སྐབས་དེར་གསུངས་ཏེ་ཡུལ་ལྷའི་ཕོ་བྲང་གི་ཤུལ་གྱི་ཕ་བོང་དཀར་པོ་ཞིག་གི་སྟེང་ཡུལ་ལྷ་བསྟིམས་པར་མཛད་ཅེས་བཤད་ལ།  དེར་མ་ཟད་བསང་མཆོད་འདི་འདོན་ཆོག་ཏུ་བཞུགས་པའི་མཇུག་ཏུ་གསེར་ཁྲི་རིན་པོ་ཆེས་གསུངས་ཞེས་བཀོད་ཡོད་དོ།། ཞེས་ཀྱང་འབྱུང་།   
          བཤད་རྒྱུན་འདི་ནི་གང་ལྟར་མི་རབས་མང་པོར་བརྒྱུད་ཡོང་བ་ནི་གདོན་མི་ཟ་ཡང་། ད་སྔ་དེ་དག་ཡི་གེར་དངོས་སུ་ཕབ་མཁན་ལ།   《བོད་ཡིག་ངོས་འཛིན་སློབ་དེབ་》ཅེས་པའི་དཔེ་ཆའི་ནང་།  དགེ་རྒན་དཔའ་ཆེན་ལགས་ཀྱིས་ངག་རྒྱུན་ཞེས་པའི་རྩོམ་ཞིག་ཏུ་ཐོག་དང་པོར་བཤད་རྒྱུན་འདི་རགས་རིམ་ཞིག་བྲིས་ནས་ངོ་སྤྲོད་གནང་ཡོད་པ་དང་།  དེའི་རྗེས་ཤ་བོ་མཁར་བྱམས་ལགས་ཀྱིས་《ཨ་མྱེས་ཡུལ་ལྷའི་བྱུང་བ་བརྗོད་པ་》ཞེས་པའི་དཔྱད་རྩོམ་ཞིག་《མཚོ་སྔོན་དམངས་ཚོགས་སྒྱུ་རྩལ་》སྟེང་བཀོད་པའི་ནང་། ཡང་བསྐྱར་ངག་རྒྱུན་འདི་ཐོར་བུ་ཞིག་བྲིས་ནས་བཅུག་ཡོད། ལྷག་པར་དུ་《ཁྲི་ཀའི་རིག་གནས་ལོ་རྒྱུས་》དང་《མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས་》གཉིས་སུ་ཨ་ལགས་མཚན་སྒྲོགས་སྐུ་ཕྲེང་བཞི་བ་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོས། གོང་དུ་དྲངས་པའི་ངག་རྒྱུན་དེ་ཇི་བཞིན་དུ་ཁྲི་ཀའི་ཡུལ་ལྷའི་ལྷ་ཁང་གི་ལོ་རྒྱུས་ཞེས་པའི་རྩོམ་ནང་བཅུག་ནས་བྲིས་ཡོད་པ་ནི།   ངག་རྒྱུན་དེ་ད་སྔ་ཡི་གེར་བཀོད་པའི་ནང་བྲིས་པ་ཆེས་ཞིབ་ཅིང་དམངས་ཁྲོད་ཀྱི་བཤད་རྒྱུན་མ་ལུས་པ་ཁ་ཚང་ཚུད་ཡོད་པ་མཐོང་ངོ་།།   
          ངག་རྒྱུན་དེར་བརྗོད་པའི་ནང་དོན་མང་པོ་ཞིག་ལ་བདེན་ཞད་ཤིན་ཏུ་ཆེ་སྟེ།   དཔེར་ན་གསེར་ཁྲི་སྐུ་ཕྲེང་གཉིས་པས་ཡུལ་ལྷ་མཆོད་པར་སྨོས་པ་དེ་དང་།  དེས་མི་ཚད་ཡུལ་ལྷ་ལ་བསང་ཡིག་གསུངས་པ་དང་། གོང་མའི་ཕོ་བྲང་དུ་བཞུགས་སྐབས་ཡུལ་ལྷས་བསྡོངས་གྲོགས་མཛད་པ་སོགས་ཀྱི་གནས་ཚུལ་བསྟན་པ་རྣམས་ནི་དཔྱད་རྩོམ་འདིས་རེ་རེ་བཞིན་འོག་ཏུ་བྲི་བར་འགྱུར་བ་ལྟར་བདེན་པར་གནས་སོ།།   ཡིན་ན་ཡང་ངག་རྒྱུན་དེར་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ཞེས་པའི་རྒྱ་ལྷ་དེ་ནི། ལཱ་མོ་གསེར་ཁྲི་སྐུ་ཕྲེང་གཉིས་པའི་རིང་ཁྲི་ཀའི་ཡུལ་དུ་ཐོག་མར་ཁྲིད་འོང་བར་མཐའ་གཅིག་ཏུ་བསྒྲུབས་ཡོད་པ་དེ་ནི་ལོ་རྒྱུས་དང་མི་མཐུན་པ་མཐོང་སྟེ། གསེར་ཁྲི་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་ནི་སྤྱི་ལོ་1689ལོར་སྐུ་བལྟམས་ཤིང་། སྤྱི་ལོ་1762ལོར་གཟུགས་སྐུའི་བཀོད་པ་བསྡུས་པ་སྟེ། ཁོང་ནི་དུས་རབས་བཅུ་བདུན་པའི་མཇུག་དང་དུས་རབས་བཅོ་བརྒྱད་པའི་སྟོད་ཀྱི་ཆར་ཁྱོན་བསྡོམས་དགུང་གྲངས་བདུན་ཅུ་དོན་གསུམ་ལ་འཚོ་བཞུགས་གནང་བའི་བོད་ཀྱི་མཁས་དབང་ཞིག་ཡིན་པས།  ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ནི་ཁོང་མ་འཁྲུངས་པའི་གོང་རོལ་གྱི་དུས་སྔ་མོ་ནས་ཁྲི་ཀའི་ཡུལ་ན་མཆོད་ཅིང་བཀུར་བཞིན་པའི་ཤེས་བྱེད་མང་པོ་རྙེད་འོང་སྟེ།    《བོན་གྱི་བསང་ཡིག་ཡུལ་ལྷའི་བསྐང་གསོལ་འཕྲིན་ལས་ཀུན་འགྲུབ་》ཅེས་པའི་ནང་།   “ཤ་འབེན་ལྷ་བཙན་རྫུ་འཕྲུལ་མྱུར་མགྱོགས་ཅན།།   རྒྱ་ནག་ཤིང་མ་ཐེན་ཙི་ཞེས་གྲགས་ཁྱོད།། སྔོན་ཚེ་བསྟན་འཛིན་རྩེ་སྟོན་ཡབ་སྲས་དང་།།   སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་དང་།།    སྒྲུབ་ཆེན་མུ་ལ་པྲཛ་ཁུ་དབོན་སོགས།། དྲིན་ཆེན་རྩ་རྒྱུད་བླ་མ་ཡན་ཆད་ཀྱི།།    སྤྱན་སྔར་ཁས་བླངས་སྲོག་གི་སྙིང་བོ་ཕུལ།།  བོན་ཡུལ་བོན་བསྟན་སྐྱོང་བར་ཞལ་བཞེས་བཞིན།།  དེ་རིང་གསང་བའི་སྒྲུབ་གནས་ཡིད་འོང་འདིར།།  སྒྲུབ་པའི་གཤེན་པོ་རྣལ་འབྱོར་བདག་ཅག་གིས།།  ཡིད་ལ་གང་བརྩམ་དོན་ཀུན་ཐོགས་མེད་དུ།། མྱུར་དུ་འགྲུབ་པའི་འཕྲིན་ལས་མ་གཡེལ་མཛོད།” ཅེས་འབྱུང་བ་དེར།  ལྷ་དེ་བོན་གྱི་བསྟན་འཛིན་རྩེ་སྟོན་ཡབ་སྲས།②དང་།   སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་བོན་ཡུལ་བོན་བསྟན་སྐྱོང་བར་བཀའ་བསྒོས་དམ་བཞག་བྱས་པའི་ལྷ་ཞིག་ཡིན་པར་བཤད་ཡོད་ལ། བོན་གྱི་བླ་མ་དེ་དག་ལས་མདོ་སྨད་ཁྲི་ཀའི་ཡུལ་དུ་ཞབས་ཀྱིས་དངོས་སུ་བཅགས་མྱོང་མཁན་ནི།  སོག་བཙུན་སྟོན་པ་ཡེ་ཤེས་ཚང་ལགས་ཤིང་།  འདི་ཉིད་དུས་རབས་བཅུ་གསུམ་པའི་ནང་(རབ་བྱུང་བཞི་བ་)ཁྲི་ཀར་ཕེབས་ནས་བོན་ཆོས་སྤེལ་བའི་ལོ་རྒྱུས་དངོས་སུ་གསལ་ལོ།།  གཞན་ཡང་ཅོག་རོང་བླ་མ་བཤད་སྒྲུབ་རྒྱ་མཚོའི་ཡུལ་ལྷའི་བསང་ཡིག་ཏུ།  ལྷ་འདི་ས་སྐྱ་ཀུན་དགའ་རྒྱལ་མཚན་གྱི་བཀའ་བསྒོས་ཡིན་པར་གསུངས་ཡོད་པ་དང་། སྐབས་ཀྱི་ཞུ་སྙིང་ཅོག་རོང་བཤད་སྒྲུབ་རྒྱ་མཚོ་ཞུ་བ་ནི་ཁྲི་ཀ་ཅོག་རོང་གྲྭ་ཚང་ཕྱག་འདེབས་པ་པོ་ཡིན་པ་《མདོ་སྨད་ཆོས་འབྱུང་》དང་《སྐུ་འབུམ་གདན་རབས་》གཉིས་ཀས་ཁས་བླངས་ཤིང་།  《ཅོག་རོང་དགོན་གྱི་ལོ་རྒྱུས་)སུ་མཁས་དབང་འདི་ཉིད་ནི་ཅོག་རོང་ར་རྒན་ཞེས་པའི་བོད་སྡེར་འཁྲུངས་པ་ཞིག་ཡིན་པར་ཡང་བསྟན་ཡོད་དོ།།  མཁས་པ་འདིའི་འཁྲུངས་འདས་གསལ་བོ་མི་ཤེས་ན་ཡང་། ཁོང་གིས་ཅོག་རོང་དགོན་བཏབ་པའི་ལོ་ཚིགས་ལ་དཔྱད་སྐབས་ཕལ་ཆེར་དུས་རབས་གང་གི་མི་ཡིན་ཤེས་ཐུབ་སྟེ།  གོང་གི་《ཅོག་རོང་དགོན་གྱི་ལོ་རྒྱུས་》་སུ་སྤྱི་ལོ་1649ལོར་རྗེ་འདིས་ཅོག་རོང་གྲྭ་ཚང་བཏབ་ཅེས་བྲིས་འདུག་པ་དང་།《བོད་ཡིག་ནང་བསྟན་དཔེ་ཚོགས་》སུ།    ཅོག་རོང་བཤད་སྒྲུབ་རྒྱ་མཚོ་ནི་དུས་རབས་བཅུ་བདུན་པའི་མི་ཡིན་ཞིང་།   ཅོག་རོང་གྲྭ་ཚང་ནི་སྤྱི་ལོ་1694ལོར་ཁོང་གིས་བཏབ་ཅེས་འབྱུང་བ་དང་།  དེ་བཞིན་《སུམ་པའི་ཆོས་འབྱུང་》དུ་གྲྭ་ཚང་འདིའི་སྐོར་གྱི་གནས་ཚུལ་གླེང་མེད་ཀྱང་། ཆོས་འབྱུང་དེ་དང་དུས་མཉམ་དུ་བྲིས་པ་སྟེ། སྤྱི་ལོ་1747ལོར་བརྩམས་ནས་གྲུབ་པའི་《ཟི་ལང་སྒར་གཞུང་གི་ལོ་རྒྱུས་གསར་བ་》ཞེས་པར།  ཅོག་རོང་གྲྭ་ཚང་དུ་གྲྭ་བ་བདུན་བཅུ་ཡོད་ཅེས③བྲིས་འདུག་པས། མ་མཐའ་ཡང་དཔེ་ཆ་དེ་འབྲི་བའི་དུས་སྐབས་དེར་ཅོག་རོང་གྲྭ་ཚང་བཞེངས་ནས་གྲུབ་ཡོད་པ་མ་ཟད། གྲྭ་པའི་སྡེ་ཡང་མི་ཉུང་བ་བྱུང་ཡོད་པའི་གནས་ཚུལ་མཐོང་བས། ཡིག་ཆ་དེ་དག་ཏུ་ཅོག་རོང་བཤད་སྒྲུབ་རྒྱ་མཚོ་ནི་གསེར་ཁྲིའི་ཡར་སྔོན་གྱི་དུས་རབས་བཅུ་བདུན་པའི་བླ་མ་ཞིག་ཡིན་པ་གསལ་བར་བསྟན་ཏོ།།    གཞན་ཡང་དུས་རབས་བཅུ་བདུན་པའི་སྟོད་དུ་རྒྱལ་དབང་ལྔ་བ་མཆོག་མདོ་སྨད་དུ་ཆིབས་བསྒྱུར་གནང་སྐབས་བརྩམས་པར་གྲགས་པའི་ཁྲི་ཀའི་ཡུལ་ལྷའི་གསོལ་མཆོད་བྱ་ཚུལ་གཡས་འཁྱིལ་དུང་གི་རང་སྒྲ་ཞེས་བྱ་བར།   ལྷ་འདི་ལ་ཁྲི་ཀའི་རྒྱལ་པོ་ཤིང་མ་ཐེན་ཙི་དང་ཁྲི་ཀའི་ཡུལ་ལྷ་ཞེས་བོས་འདུག་པས། ལྷ་དེར་དེ་དུས་ནས་བོད་མིང་ཐོགས་ཤིང་ཡུལ་ཕྱོགས་དེས་མཆོད་བཞིན་པ་བསྟན་ཡོད་ལ། གསེར་ཁྲི་སྐུ་ཕྲེང་གཉིས་པ་དང་འཁྲུངས་དུས་མཉམ་པའི་མཁས་དབང་ཆེན་མོ་སྟོང་འཁོར་བསོད་ནམས་རྒྱ་མཚོས་ཀྱང་།  ཁྲི་ཀའི་ཡུལ་ལྷ་ལ་བསང་མཆོད་བརྩམས་ཡོད་པ་ཨ་ཀྱཱ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་རྒྱ་མཚོས་དངོས་སུ་གསུངས་ཤིང་།   ཁོ་བོས་རྙེད་པའི་ཡུལ་ལྷའི་ཆོག་དཔེ་ལག་བྲིས་མ་རྒྱས་པ་ཞིག་གི་མཇུག་ཏུ་ཡང་རྗེ་སྟོང་འཁོར་བས་གསུངས་སོ་ཞེས་གསལ་ཞིང་། དེའི་ནང་དོན་དང་ཚིག་ཉམས་གང་ཆ་ནས་མཁས་པ་ཆེན་པོའི་གསུངས་འཁྲུལ་མེད་དུ་འཁུམས་པ་ཞིག་འདུག་གོ། རྗེ་གསེར་ཁྲི་སྐུ་ཕྲེང་གཉིས་པ་དང་དགུང་ལོ་བཅུ་ཕྲག་གིས་གཞོན་པ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་《ཆོས་འབྱུང་དཔག་བསམ་ལྗོན་ཤིང་》དུ་ཡང་།  ཁྲི་ཀའི་ཡུལ་ན་གཞི་བདག་འཕྲིན་ལས་མྱུར་བ་ཤན་པ་ཙེག་ཐུང་ཟེར་བ་ཡོད་ཅེས་འབྱུང་བའི་ནང་། ཡུལ་དེས་མཆོད་སྔ་བའི་རྒྱུ་མཚན་གྱིས་ཁྲི་ཀའི་ཡུལ་ལྷ་ལ་ཐ་ན་གཞི་བདག་གི་མིང་ཡང་བཏགས་ཡོད་པ་འདིས། ལྷ་དེ་ཁྲི་ཀའི་ཡུལ་དུ་ཡོང་མི་འཕྱི་བའི་དོན་དེ་ཤིན་ཏུ་ལྐོག་ཏུ་གྱུར་མེད་དོ།། འདིའི་ཙེག་ཐུང་ཞེས་པ་བསང་དཔེ་གཞན་དང་གཞན་དུ་ཙི་ཐུང་ཞེས་འབྲི་བའི་སྐབས་ཅུང་མང་ཞིང་། སྤྱིར་ཨ་མྱེས་ཡུལ་ལྷའི་བསང་མཆོད་ལས་འབྱུང་བའི་ཙི་ཐུང་ལ་གོ་དོན་གཉིས་ཡོད་པ་ལ།④ སྐབས་འདིར་དེ་ནི་ཨ་མྱེས་ཡུལ་ལྷའི་གནའ་བོའི་རྒྱ་མིང་དུ་ཙི་ཐུང་ལྷ་ཞེས་འབོད་སྲོལ་ཡོད་པ་དེར་གོ་དགོས་ཤིང་། བོད་ཀྱི་ས་ཆ་འགའ་རེར་ད་ལྟའང་མིང་དེ་ལྟར་སོ་བར་བཞག་སྟེ།  ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ལ་ཤན་པ་ཙི་ཐུང་ཞེས་འབོད་པའི་སྐབས་མང་དུ་ཡོད་པ་མཐོང་།   
          ཡང་སུམ་པ་མཁན་པོ་དང་བྱོན་དུས་མཉམ་པའི་རྒྱའི་མཁས་པ་ཡཱང་ཡུན་ཅུ་(杨应据)ནས་དུས་རབས་བཅོ་བརྒྱད་པའི་སྟོད་ཀྱི་ཆར་(སྤྱི་ལོ་1747ལོ་)རྩོམ་སྒྲིག་མཛད་པའི་《ཟི་ལིང་སྒར་གཞུང་གི་ལོ་རྒྱུས་གསར་བ་(西宁府新志))ཞེས་པའི་ནང་ཁྲི་ཀའི་ཡུལ་ལྷའི་ལྷ་ཁང་གི་རབས་བརྗོད་སྐབས།   མཁར་གྱི་ནུབ་ཏུ་ལེ་བར་ཉི་ཤུའི་ཆོད་པའི་མཚམས་སུ་བིན་ཆཱང་ལྷ་ཁང་ཡོད་དོ།⑤  ཞེས་དེ་དུས་ནས་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་ལྷ་ཁང་དེ་བཞེངས་ནས་གྲུབ་ཡོད་ཚུལ་བསྟན་འདུག་པ་མ་ཟད། རྒྱ་སྐད་དུ་ལྷ་ཁང་གི་མིང་ལ་བིན་ཆཱང་ལྷ་ཁང་(文昌庙)དུ་འབོད་པ་སོགས་ཀྱང་ཤིན་ཏུ་གསལ་བ་བཅས་ཀྱིས། ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ནི་གསེར་ཁྲི་སྐུ་ཕྲེང་གཉིས་པ་སྐུ་མ་འཁྲུངས་པའི་ཡར་སྔོན་ཞིག་ནས་ཁྲི་ཀའི་ཡུལ་དུ་མཆོད་ཅིང་བཀུར་ནས་ཡུལ་ལྷར་བསྟེན་ཡོད་པ་གསལ་ལོ།།
གཉིས་པ། ལཱ་མོ་གསེར་ཁྲི་སྐུ་ཕྲེང་དང་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་འབྲེལ་བ།   
          ལཱ་མོ་གསེར་ཁྲི་ཞེས་པ་ནི་ལཱ་མོ་བདེ་ཆེན་དགོན་པའི་གཙོ་བོ་ཉི་ཟླ་ལྟ་བུའི་བླ་མ་རྣམ་གཉིས་ཀྱི་གཅིག་དང་། ཆིང་རྒྱལ་རབས་སྐབས་གོང་མའི་ཕོ་བྲང་རྒྱལ་ས་པེ་ཅིན་མཁར་དུ་རྒྱུན་བཞུགས་གནང་མཁན་ལ་བོད་ཀྱི་བླ་ཆེན་བརྒྱད་བྱུང་བའི་ནང་གི་གཅིག་བཅས་ཡིན།  བླ་མ་འདིའི་སྐུ་ཕྲེང་རྣམས་ལ་ལཱ་མོ་གསེར་ཁྲི་ཞེས་འབོད་པའི་ལཱ་མོ་ནི་གདན་སའི་མིང་གང་ཟག་ལ་ཐོགས་པ་ཞིག་སྟེ།   དེ་ནི་ཁོང་གི་གདན་སའི་དགོན་མིང་དུ་ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་ཞེས་ཞུ་བའི་བསྡུས་མིང་ངོ་།།  གསེར་ཁྲི་ཞེས་པའི་དོན་ནི་དགེ་ལུགས་པའི་གྲུབ་མཐའི་ནང་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ལ་སྦྱངས་པ་མཐར་ཕྱིན་ཏེ། དགའ་ལྡན་གསེར་གྱི་ཆོས་ཁྲི་ཆེན་པོར་བཞུགས་མཁན་གྱི་དགེ་བཤེས་ཆེན་པོ་རྣམས་ལ། གསེར་ཁྲི་པ་དང་ཁྲི་ཆེན་པ་ཞེས་གུས་མཚན་གནང་གསོལ་ཡོད་པ་ལ། བླ་མ་འདིའི་སྐུ་ཕྲེང་དང་པོ་བློ་གྲོས་རྒྱ་མཚོ་མཆོག་དགའ་ལྡན་གསེར་གྱི་ཁྲི་རབས་ཞེ་བཞི་པར་བཞུགས་པས། ཁོང་གི་མཚན་ལ་ཁྲི་ཆེན་པའམ་གསེར་ཁྲི་པར་འབོད་པ་དང་།  ཡང་དགའ་ལྡན་གསེར་ཁྲིའི་མཚན་བཏགས་ནི་དགུང་གྲངས་མཐོན་པོར་མ་སླེབས་པར་འཐོབ་དཀའ་བ་ཞིག་ཡིན་པ་ལ། དགའ་ལྡན་གསེར་ཁྲིར་བཞུགས་མཁན་གྱི་གྲས་ནས་སྐུ་ཕྲེང་དང་པོ་བློ་གྲོས་རྒྱ་མཚོས་དགུང་ལོ་ཞེ་བརྒྱད་པ་སྟེ་ན་ཅུང་ཚོད་གཞོན་ཞིང་དབུ་སྐྲ་དཀར་པོར་མ་གྱུར་པར་དགའ་ལྡན་གསེར་ཁྲིར་བཞུགས་ཐུབ་པ་བྱུང་བས།  བླ་མ་འདི་བར་ཁྲི་སྐྲ་ནག་པ་ཞེས་ཀྱང་མཚན་གྱི་འབོད་སྲོལ་བྱུང་ཡོད། གཞན་ཡང་བླ་མ་འདི་ཉིད་དགའ་ལྡན་ཁྲི་བའི་གྲས་ནས་རྒྱལ་ས་པེ་ཅིན་དུ་ཆབ་སྲིད་ཀྱི་གོ་གནས་ཐོབ་མཁན་ཐོག་མ་ཡིན་པས་དང་།  ཡང་ན་པེ་ཅིན་གོང་མའི་ཕོ་བྲང་དུ་ཡུན་རིང་བཞུགས་པས་ན་ཁྲི་ཆེན་རྒྱ་ནག་པ་ཞེས་པའི་མཚན་ཡང་ཐོགས་པ་སོགས་རྣམ་ཐར་དང་ཆོས་འབྱུང་མང་པོར་སྐུ་ཕྲེང་དང་པོ་ལ་ཁྲི་ཆེན་རྒྱ་ནག་པ་བློ་གྲོས་རྒྱ་མཚོ་ཞེས་དོན་གྱི་སླད་དུ་མཚན་ནས་སྨོས་ཡོད། འདིའི་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་ནས་བཟུང་ཁྲི་ཆེན་རྒྱ་ནག་པའི་ཡང་སྲིད་རྣམས་ལཱ་མོ་བདེ་ཆེན་དགོན་གྱི་བླ་མ་གཙོ་བོར་གྱུར་སྟབས།  སྐུ་ཕྲེང་རིམ་བྱོན་ལ་ལཱ་མོ་གསེར་ཁྲི་ཚང་ཞེས་མཚན་གྱི་འབོད་སྲོལ་རིམ་གྱིས་དར་བར་གྱུར། འོ་ན་གསེར་ཁྲི་སྐུ་ཕྲེང་རིམ་བྱོན་དང་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བར་མཆོད་བཀུར་གྱི་འབྲེལ་བ་ཡོད་དམ་མེད་ཟེར་ན། ཁོ་བས་ཉེ་ཆར་བཅར་འདྲི་བྱེད་སྐབས་ཐོས་པའི་བཤད་སྒྲོས་ཤིག་ཏུ། བླ་མ་འདིའི་སྐུ་ཕྲེང་དང་པོ་ནས་བཟུང་ཁྲི་ཀའི་ཡུལ་ལྷ་སྲུང་མར་བསྟེན་ཡོད་པར་བཤད་ཀྱང་།  ད་སྔ་ཡན་ཆད་དུ་དེ་ལ་རྒྱབ་རྟེན་གྱི་ལུང་ཁུངས་བརྟན་པོ་མ་རྙེད་པས།   འདིར་སྐུ་ཕྲེང་དང་པོས་ཁྲི་ཀའི་ཡུལ་ལྷ་མཆོད་མིན་གྱི་སྐོར་དེ་རེ་ཞིག་བཏང་སྙོམས་སུ་བཞག་ཡོད།   སྐུ་ཕྲེང་གཉིས་པ་ནས་བཟུང་ཁྲི་ཀའི་ཡུལ་ལྷ་བསྟེན་ཅིང་མཆོད་པ་ལ་རང་རེས་ཐེ་ཚོམ་ཅི་ཡང་ཟ་མི་དགོས་ཏེ། གསེར་ཁྲི་སྐུ་ཕྲེང་གཉིས་པས་ལྷ་འདི་ལ་ཡུལ་ལྷའི་བསང་མཆོད་འདོད་དོན་ཀུན་གྲུབ་མ་ཞེས་པའི་བསང་ཡིག་བརྩམས་པ་ཤིང་དཔར་དུ་ད་ལྟ་མངོན་སུམ་མཇལ་རྒྱུ་ཡོད་པ་མ་ཟད།  བསང་ཡིག་དེར་ལྷ་དེ་བླ་མ་ཁོ་རིང་གི་སྐྱེས་ལྷ་ཡིན་པ་ཡང་གསལ་བར་ཁས་བླངས་ཡོད།   ཁྱད་པར་དུ་ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོའི་ཞལ་ནས། ཁྲི་ཀའི་ཡུལ་ལྷ་དེ་དགེ་ལྡན་བསྟན་པའི་གསལ་བྱེད་ཁྲི་ཆེན་རྒྱ་ནག་པ་ཆེན་པོ་སྐུ་ཕྲེང་གཉིས་པ་དང་མཁས་གྲུབ་འཁོར་བསྒྱུར་སྟོང་འཁོར་བསོད་ནམས་རྒྱ་མཚོ་རྣམ་གཉིས་ལ་སྐུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ཅི་གསུང་བཀའ་བཞིན་མངོན་སུམ་དུ་བསྒྲུབ་པའི་སྲུང་མ་ཁྱད་པར་ཅན་དུ་གྱུར་ཅེས⑥གསུངས་པའི་དངོས་ཤུགས་ཅི་རིགས་ནས་ཤེས་ཐུབ་པ་ནི།  བླ་མ་དེས་ཁྲི་ཀའི་ཡུལ་ལྷ་ལ་བསང་ཡིག་བྲིས་པ་ཁོ་ན་ཙམ་ཞིག་ནི་གཏན་ནས་མ་ཡིན་པར་དུས་རྒྱུན་སྲུང་མ་གཙོ་བོར་མཆོད་ཅིང་བསྟེན་ཡོད་པའི་ཚུལ་ཡང་གསལ་བར་བསྟན་ནོ།།   གཞན་ཡང་གོང་གི་ངག་རྒྱུན་དུ་བྲིས་པའི་དབུ་བླ་མཛད་རིང་བཙོན་དུ་བཅུག་པའི་གནས་ཚུལ་སོགས་གསེར་ཁྲིའི་རྣམ་ཐར་ནས་མི་མཐོང་ཡང་།  སྐུ་ཕྲེང་གཉིས་པ་འདི་ཉིད་པེ་ཅིན་གོང་མའི་ཕོ་བྲང་དུ་བཞུགས་སྐབས།   ཁྲི་ཀའི་ཡུལ་ལྷས་མངོན་སུམ་གྱིས་གྲོགས་མཛད་པར་བཤད་པའི་དོན་དེ་ནི་བླ་མ་ཁོང་གིས་ཀྱང་ཞལ་གྱིས་གསལ་བར་བཞེས་ཡོད་དེ། ཡུལ་ལྷའི་བསང་ཡིག་གི་སྦྱར་བྱང་དུ། ཡུལ་ལྷ་གཉན་པོ་ཉེ་བར་འཁོར་བའི་རྟགས་མཚན་ཕྲན་བུ་རང་ལ་བྱུང་བ་དང་། སྒོམ་པ་ཆོས་རབ་ཀྱིས་ཀྱང་བསྐུལ་བ་ལྟར། འཇམ་དབྱངས་གོང་མ་ཆེན་པོའི་བཞུགས་གནས་མེ་ཏོག་སྐྱེད་ཚལ་ལྷའི་ཕོ་བྲང་གཉིས་པར།   བློ་བཟང་བསྟན་པའི་ཉི་མས་སྦྱར་ཞེས་ཚིག་དངོས་སུ་གསུངས་ཡོད་པ་ལས་ཚུལ་དེ་ཡོངས་སུ་ཤེས་ནུས། དེ་ཡང་ཁྲི་ཀའི་ཡུལ་གྱི་ཤར་ཕྱོགས་སུ་ཆགས་པའི་ཡུལ་གྲུ་སྔར་ཆོས་ཚར་འབོད་པའི་འབྲོག་སྡེ་ཡི་སའི་ཆ་ཤས་ཡང་བཟང་དུ་སྐུ་འཁྲུངས་པའི་གསེར་ཁྲི་སྐུ་ཕྲེང་གཉིས་པ། ལཱ་མོ་བདེ་ཆེན་དགོན་དུ་སྤྱན་དྲངས་ཤིང་དེར་བཞུགས་སྒར་བླ་བྲང་བཏབ་པ་ནས་བཟུང་། ཁྲི་ཀའི་ཡུལ་ལྷ་ནི་གསེར་ཁྲི་དེ་ཚང་གིས་བསྟེན་པའི་སྲུང་མ་གཙོ་བོར་གྱུར་པའི་འགོ་བརྩམས་པར་གྱུར།   ཁོ་བོ་ཉིས་སྟོང་བཅུ་ལོའི་དབྱར་ཟླ་དྲུག་པའི་ནང་། ཆེད་གཉེར་གྱིས་དོན་དེར་ཡུལ་དངོས་བརྩད་ཞིབ་ཏུ་འགྲོ་སྐབས།  གསེར་ཁྲིའི་བླ་སྒར་ན་ད་ལྟའང་ཁྲི་ཀའི་ཡུལ་ལྷའི་མཆོད་ཁང་སྔོན་གྱི་བཀོད་པ་ལྟར་བཞེངས་ཡོད་པ་དང་། ནང་རྟེན་གཙོ་བོར་ཁྲི་ཀའི་ཡུལ་ལྷའི་བཞུགས་ཐང་ཆེན་པོ་ཞིག་བཞེངས་ནས་བསྟེན་ཡོད་པ་མཐོང་། ཉེ་གནས་པས་བཤད་པ་ལྟར་ན་སྔ་མར་མཆོད་ཁང་གི་རྟེན་གཙོ་བོར་ཡུལ་ལྷའི་ཟངས་སྐུ་བྱོན་ལེགས་ཤིག་བསྟེན་ཡོད་པ་ཡིན་ཟེར།   གལ་སྲིད་དེ་ལྟར་ཡིན་ཕྱིན་ཁོ་བོས་བརྩད་ཆོད་པའི་ནང་། མཆོད་པའི་རྟེན་དུ་ཡུལ་ལྷའི་ཟངས་སྐུ་ཡོད་པ་ཡང་བླ་མ་དེ་བ་ཚང་ཁོ་ནའོ།།  སྐུ་ཕྲེང་གཉིས་པའི་སྐབས་ནས་བཟུང་ལ་མོ་བདེ་ཆེན་དགོན་པའི་གྲྭ་མང་གིས་རིམ་གྱིས་ཁྲི་ཀའི་ཡུལ་ལྷ་མཆོད་འགོ་བྱུང་ཡོད་པ་གསལ།  དེར་བཞུགས་པའི་གྲྭ་པ་རྒན་པ་རྣམས་ཀྱིས་ཕྱི་དྲན་བྱས་པ་ལྟར་ན།   ལོ་རེའི་རྒྱ་ལོའི་ལོ་གསར་ཚེས་པ་གཉིས་ཀྱི་ཉིན། བདེ་ཆེན་དགོན་གྱི་གྲྭ་པ་རྣམས་གསེར་ཁྲི་སྒར་བར་འཚོགས་ནས་ཁྲི་ཀའི་ཡུལ་ལྷ་ལ་བསང་མཆོད་རྒྱ་ཆེན་པོ་ཕུལ་བའི་སྔར་སྲོལ་མཆིས་ཤིང་།    དེའི་ཉིན་བསུར་མཆོད་ཀྱང་འབུལ་ཆོག་པའི་དམིགས་བསལ་ལྡན་པར་བཤད།  དེ་ལྟར་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་ནས་བཟུང་།  ལཱ་མོ་གསེར་ཁྲི་ལ་ཁྱོན་བསྡོམས་སྐུའི་ཕྲེང་བ་དགུ་རིམ་པར་བྱོན་པ་ཐམས་ཅད་ཀྱིས་ཁྲི་ཀའི་ཡུལ་ལྷ་སྲུང་མ་གཙོ་བོར་བསྟེན་ནས་མཆོད་བཀུར་གྱི་རྒྱུན་མ་ཆད་པར་བསྐྱངས་ཤིང་། དེ་དག་ལས་སྐུ་ཕྲེང་དྲུག་པ་དང་བདུན་པ། དགུ་བ་རྣམས་ཁྲི་ཀའི་ཡུལ་ལྷ་ཉེ་བར་མཆོད་པའི་ཡུལ་གྲུ་ཀོས་ནན་ནས་འཁྲུངས་ཡོད་པ་དང་། ད་ལྟ་བཞུགས་པའི་སྐུ་ཕྲེང་དགུ་བ་འདི་ཉིད་ཀྱང་ཁྲི་ཀ་སྟོད་སྨད་ཀྱི་ལྷ་ཁང་མང་པོའི་ཐུགས་བཀོད་འཐེན་མཁན་གྱི་རྩ་བའི་བླ་མར་གྱུར་ཡོད་པས་མི་ཚད།   མཚོ་སྔོན་གཅན་ཚ་རྫོང་ཐོག་ཏུ་ཁོང་གིས་གཙོ་འགན་ཕྲག་ཏུ་བཞེས་ཏེ།  ཨ་མྱེས་ཡུལ་ལྷའི་ལྷ་ཁང་རྒྱ་ཆེ་བ་ཞིག་ད་ལྟ་བཞེངས་བཞིན་པའི་སྐབས་ལགས་སོ།།
གསུམ་པ། གསེར་ཁྲི་སྐུ་ཕྲེང་གཉིས་པས་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་མཆོད་དོན།   
          རང་རེས་བོད་ཀྱི་ཆོས་འབྱུང་དེབ་ཐེར་སོགས་ལས་གསལ་བར་མཐོང་ཐུབ་པ་ནི།   ཐུབ་པའི་བསྟན་པ་བོད་གངས་ཅན་གྱི་ལྗོངས་སུ་མངོན་པར་དར་ཞིང་རིམ་གྱིས་གཞི་ཚུགས་པ་ནས་བཟུང་། དགྲ་ལྷ་མཆོད་པའི་ཕྱོགས་སུ་དཀར་ཕྱོགས་པ་དང་ནག་ཕྱོགས་པའི་རིགས་དགར་གྱི་སྲོལ་རྒྱུན་བྱུང་བས།  ནང་བའི་བསྟན་པ་དང་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་གཙོར་བྱེད་པའི་བོད་མི་རིགས་ཀྱིས་གང་འདོད་དུ་ལྷ་ཐམས་ཅད་མཆོད་མི་ཆོག་པ་དང་། སྒོས་སུ་རབ་བྱུང་ངུར་སྨུག་གི་སྡེ་རྣམས་ཀྱིས་ནང་བའི་ཆོས་སྐྱོང་སྲུང་མའི་བསྟེན་ཁུངས་ཡང་དག་དང་མི་ལྡན་པའི་ས་གནས་ཀྱི་ལྷ་རྣམས་གང་འདོད་དུ་མཆོད་ན།    སྐྱབས་འགྲོའི་བསླབ་བྱར་འགལ་བའི་གནང་བཀག་བྱུང་ཡོད་ན་ཡང་།   འདུལ་བ་ཡུལ་དུས་དང་བསྟུན་པའི་ལོ་རྒྱུས་ཀྱི་དགོས་དབང་གིས་བོད་ཡུལ་གྱི་ཤཱཀྱའི་རྗེས་འཇུག་རབ་ཏུ་བྱུང་མཁན་རྣམས་ཀྱིས་འཇིག་རྟེན་པའི་ལྷ་ཞིག་དགྲ་ལྷར་མཆོད་སྐབས།    རྒྱུ་མཚན་ངེས་ཅན་ཞིག་གི་སྟེང་ནས་བསྟེན་སྲོལ་ཆགས་ཡོད་པ་མཐོང་སྟེ།  ཉུང་མཐའ་ཡང་ལྷ་དེ་ལ་འོག་གི་ཆ་རྐྱེན་ཆེན་པོ་གསུམ་གྱི་གང་རུང་ཞིག་ངེས་པར་ཚང་དགོས་པ་ནི།  གཅིག་ནས་ལྷ་དེ་ནི་ཐེག་ཆེན་གྱི་སྤྲུལ་སྐུའི་རྣམ་བཞག་ལྟར་གྱི་ལྷ་ཞིག་ཡིན་དགོས་པ། གཉིས་སུ་ལྷ་དེ་ནི་དཀར་ཕྱོགས་དང་ནག་ཕྱོགས་པའི་རྩ་བའི་དབྱེ་བ་ལས་དཀར་ཕྱོགས་སྐྱོང་བའི་ལྷའི་རིགས་སུ་གཏོགས་དགོས་པ། གསུམ་དུ་ལྷ་དེ་ནི་རང་གི་སྐྱེས་ལྷ་ཡིན་པའི་དགོས་དབང་གིས་མཆོད་བཀུར་བྱས་པ་བཅས་སོ།། ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ནི་ས་གནས་ཀྱིས་མཆོད་པ་ཙམ་དང་ཕྱི་ནས་ཡོང་བའི་ཡུལ་ལྷ་ཞིག་ལགས་ཤིང་།   ལཱ་མོ་གསེར་ཁྲི་ཚང་ནི་དགེ་སློང་གི་རྟེན་དུ་ཡང་དག་པར་གནས་པའི་བདག་ཉིད་ཆེན་པོ་ཡིན་གཤིས།  རྒྱུན་མཆོད་ཀྱི་སྲུང་མའི་གཙོ་བོར་ལྷ་འདི་བསྟེན་སྐབས་རྒྱུ་མཚན་ངེས་ཅན་ཞིག་གི་སྟེང་ནས་མཆོད་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད།  དེ་ཡང་ང་ཚོས་ཁོང་གི་བསང་ཡིག་ལ་ཞིབ་ཏུ་མཇལ་དུས།   གོང་བསྟན་ཆ་རྐྱེན་གསུམ་བཤད་པའི་དང་པོ་ནི་ཚིག་ཟིན་ཏུ་མངོན་སུམ་བསྟན་པ་མི་མཐོང་ཡང།   ཆ་རྐྱེན་བར་མ་དེ་ནི་དོན་གྱིས་བསྟན་ཡོད་ཅེས་བཤད་ཀྱང་ཆོག་སྙམ་སྟེ།  ལྷ་འདི་ལ་ཤིང་མ་ཐེན་ཙི་ཞེས་གསོལ་བའི་མཚན་བསྟོད་དེ་དཀར་ཕྱོགས་པའི་སྲུང་མ་ཉིད་དུ་གོ་རུང་བའི་ཚུལ་འོག་ཏུ་འབྱུང་བའི་བསང་མཆོད་ཀྱི་སྐབས་བཤད་པར་འགྱུར་ལ། ཆ་རྐྱེན་ཕྱི་མ་སྐྱེས་ལྷ་ཡིན་པ་དེ་བསང་ཡིག་ཏུ་དངོས་སུ་ཞལ་གྱི་བཞེས་འདུག་པ་ནི། ཇི་སྐད་དུ་གསེར་ཁྲི་སྐུ་ཕྲེང་གཉིས་པས་ལྗགས་རྩོམ་བགྱིས་པའི་ཁྲི་ཀའི་ཡུལ་ལྷའི་བསང་ཡིག་ཏུ།  “ཀྱེ།  བཀྲ་ཤིས་གཡང་ཆགས་རྨ་ཆབ་ཆེན་པོའི་འགྲམ།།     རྒྱ་བོད་ས་མཚམས་རྣལ་འབྱོར་སྐྱེས་ཡུལ་དུ།།   གནས་པའི་ཡུལ་ལྷ་གཉན་པོ་སྤྱན་འདྲེན་ན།།  མ་ཐོགས་ད་ལྟ་གནས་འདིར་གཤེགས་སུ་གསོལ།།” ཞེས་འབྱུང་བའི་ནང་། རྣལ་འབྱོར་སྐྱེས་ཡུལ་དུ་གནས་པའི་ཡུལ་ལྷ་གཉན་པོ་སྤྱན་འདྲེན་ཞེས་པས།  རྣལ་འབྱོར་བདག་གི་སྐྱེས་ལྷ་གཉན་པོ་སྤྱན་འདྲེན་ཞེས་པ་དོན་གྱིས་བསྟན་པས།  ཁོང་གིས་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་མཆོད་དོན་ནི་ལྷ་དེ་རང་གི་སྐྱེས་ལྷ་ཡིན་པ་རྒྱུ་མཚན་གཙོ་བོར་མངོན་སུམ་དུ་ཁས་བླངས་ཡོད།   སྤྱིར་སྐྱེས་ལྷ་ཞེས་བྱ་བ་སྐྱེས་ཡུལ་གྱི་ལྷ་ཞེས་པའི་ཚིག་སྡུད་དེ། དེ་ནི་རང་སྐྱེས་སའི་ཡུལ་ཕྱོགས་དེས་སྔོན་མ་ནས་བཀུར་ཞིང་མཆོད་བཞིན་པའི་ཡུལ་ལྷ་གཞི་བདག་ཅིག་ལ་ཟེར་བ་ལས།  སྔོན་ཆད་མེད་པའི་ལྷ་ཞིག་ཡུལ་ཕྱོགས་དེར་གསར་དུ་བྱུང་ནས་མཆོད་བཀུར་མ་ཐོབ་པ་ཞིག་ལ་མི་གོའོ།། གཞན་ཡང་ཁྲི་ཀའི་ཡུལ་ལྷ་དེ་ཉིད་གསེར་ཁྲི་སྐུ་ཕྲེང་གཉིས་པའི་སྐྱེས་ལྷ་ཡིན་དགོས་ན།   བླ་མ་ཁོང་ཉིད་སྐུ་འཁྲུངས་པའི་ཡུལ་དེ། གཅིག་ནས་ཁྲི་ཀའི་ཡུལ་གྱི་ཆ་ཤས་སུ་གཏོགས་དགོས་པ་དང་།  གཉིས་ནས་ལྷ་འདི་ཁོང་མ་འཁྲུངས་གོང་ནས་ཡུལ་ཕྱོགས་དེས་མཆོད་ཅིང་བཀུར་བའི་ལྷ་ཞིག་ཀྱང་ངེས་པར་ཡིན་དགོས་ཏེ། རྒྱུ་མཚན་ནི་ལྷ་གང་ཞིག་རང་གི་སྐྱེས་ལྷ་ཡིན་དགོས་ན།   ལྷ་དེ་ནི་གང་ཟག་དེ་ཉིད་སྐྱེས་པའི་ཡུལ་ཕྱོགས་ཀྱིས་དེ་སྔ་ནས་མཆོད་པའི་ཡུལ་ལྷ་ཞིག་ཡིན་དགོས་པ་ཀུན་གྱིས་རྩོད་མེད་དུ་ཁས་ལེན་པས་ཕྱིར་རོ།།   
          འོ་ན་གསེར་ཁྲི་སྐུ་ཕྲེང་གཉིས་པའི་འཁྲུངས་ཡུལ་ནི་ས་གང་དུ་མཆིས་ཞེ་ན།  ཇི་སྐད་དུ་།  གསེར་ཁྲི་སྐུ་ཕྲེང་གཉིས་པ་དང་སྐུ་དུས་ཆུང་དུས་མཉམ་དུ་འགྲོགས་པའི་བོད་ཀྱི་མཁས་གྲུབ་ཆེན་མོ་རྒྱལ་བ་སྐལ་བཟང་རྒྱ་མཚོས་ལྗགས་རྩོམ་མཛད་པའི་གསེར་ཁྲིའི་རྣམ་ཐར་ཏེ། 《ཁྲི་སྤྲུལ་བློ་བཟང་བསྟན་པའི་ཉི་མའི་རྣམ་ཐར་》ཞེས་བྱ་བར།⑦དེ་ཡང་དམ་པ་དེ་ཉིད་ཐོག་མར་འཁྲུངས་པའི་ཡུལ་ནི། གནམ་སྔོན་ས་ལ་ཞུན་མར་འཁྱིལ་བ་ལྟ་བུའི་མཚོ་ཁྲི་ཤོར་རྒྱལ་མོའི་གཡས་ཕྱོགས་མང་ཡུལ་བྱེ་མའི་ཆར་གཏོགས་ཤར་རི་སྲིན་པོའི་རི་རྒྱུད་གཡས་སུ་འཁོར་བ། ལྷོ་རི་གསལ་ལུང།    ནུབ་ཏུ་བྲག་དཀར་གངས་རིའི་འཕྲེང་བ་ཅན། བྱང་དུ་རྨ་ཆུར་གྲགས་པའི་ཆུ་ཀླུང་ཆེན་པོ་དལ་གྱིས་དབབ་པ་དང་བཅས་དགེ་མཚན་དུ་མས་བསྐོར་བའི་ལྗོངས།  མཐོ་རིས་ཀྱི་དགའ་ཚལ་ས་ལ་འཕོས་པ་ལྟ་བུའི་ཡང་བཟང་ཞེས་བྱ་བའི་ས་ཆར།   རབ་འབྱམས་དཀྱིལ་འཁོར་སྤྲོ་ཞིང་བསྡུ་བའི་བྱེད་པ་པོ་མཉམ་མེད་ཐུབ་པ་རིན་པོ་ཆེའི་རྒྱལ་ཚབ།  རྣམ་པར་དག་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བ།  དོན་གྱི་སླད་དུ་མཚན་ནས་སྨོས་ན་བདག་གི་མཁན་རིན་པོ་ཆེ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཚན་ཡོངས་སུ་གྲགས་པ་ཆ་གན་ནོ་མོན་ཧན་ཞེས་གྲགས་པ་དེ་ཉིད་ལ་མཆེད་གཉིས་བྱུང་བའི་གཅེན་ཨུའི་ཆིན་ཐའི་ཇི་ཞེས་བྱ་བ་དང་། ཀླུ་མོ་སྐྱིད་ཞེས་བྱ་བའི་ཡབ་ཡུམ་གཉིས་ཀྱི་སྲས་སུ་ས་མོ་སྦྲུལ་ལོའི་ཧོར་གྱི་ཟླ་བ་དང་པོའི་ཡར་ཚེས་བཞིའི་དུས་ཆེན་དགེ་བའི་ཉིན། མཁན་ཆེན་རྗེ་བཙུན་བླ་མ་དེ་ཉིད་སྐུ་བལྟམས་པའི་གུར་གྱི་ནང་དེ་ཁར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་དང་ལྡན་པར་འཁྲུངས།  ཞེས་གསལ་བར་བསྟན་པའི་ཡང་བཟང་ཞེས་བྱ་བའི་གནས་དེ་ནི། ཁྲི་ཀའི་ཡུལ་གྱི་གཞི་བདག་ཆེན་པོ།  སྲིན་པོ་རིའམ་ཨ་མྱེས་སྲིན་པོར་འབོད་པའི་སྲིབ་ཕྱོགས་ཀྱི་ཤར་ལྷོའི་ལྷ་ཞོལ་དུ་སྔར་འབྲོག་སྡེ་མིང་ལ་ཆོས་ཚ་ཞེས་འབོད་པའི་ཡུལ་ཁོངས་སུ།  ད་ལྟ་ཡང་ཡང་བཟང་མར་ཁུ་ཐང་ཞེས་སྔོན་མིང་མ་འགྱུར་བར་ངོ་མཚར་བའི་ངག་རྒྱུན་མང་པོ་དང་བཅས་ཏེ་ཡོད་དོ།།   མདོ་སྨད་ཆོས་འབྱུང་སོགས་ལོ་རྒྱུས་བསྟན་བཅོས་སུ། སྲིན་པོ་རིའི་སྲིབ་ཕྱོགས་སུ་ཆགས་པའི་དུད་སྡེ་ལ་ཁྲི་ཀ་བསྟོད་ཅེས་དང་།   སྲིན་པོ་རིའི་ཉིན་ཕྱོགས་ཀྱི་དུད་སྡེ་རྣམས་ལ་ཁྲི་ཀ་སྨད་དུ་བོས་འདུག་པ་ལྟར། གནས་དེ་ནི་ཁྲི་ཀ་བསྟོད་ཀྱི་སའི་ཆ་ལ་ལར་ནས་གཏོགས་ཤིང་། ཁྲི་ཀའི་ཨ་མྱེས་ཡུལ་ལྷ་བཞུགས་པའི་ཕོ་བྲང་ཡང་ཁྲི་ཀ་བསྟོད་ཀྱི་ས་ཐོག་རྨ་ཆུའི་འགྲམ་རྒྱུད་དུ་བཏབ་ཡོད་པའི་རྒྱུ་མཚན་གྱི་དབང་གིས། རྗེ་གསེར་ཁྲི་བས་ཁྲི་ཀའི་ཡུལ་ལྷ་ལ་རྣམ་འབྱོར་སྐྱེས་ལྷ་ཞེས་བོས་ནས་བཀུར་བ་ཡང་། གང་ཤར་དུ་བྲིས་པ་ཞིག་མ་ཡིན་པར་ཡུལ་ཁོངས་ཀྱི་ཆ་ནས་ལྷ་དེ་ཁོ་རང་གི་སྐྱེས་ལྷར་སོང་ཡོད་པ་རྩོད་མེད་དུ་མཐོང་ཐུབ། 
བཞི་བ། གསེར་ཁྲིས་བརྩམས་པའི་ཁྲི་ཀའི་ཡུལ་ལྷའི་བསང་ཡིག  
          ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ལ་བན་བོན་སྔགས་གསུམ་གྱི་མཁས་པས་བརྩམས་པ་དང་འཇིག་རྟེན་རྒན་པོ་རྣམས་ཀྱིས་ངག་ཐོག་ནས་བརྒྱུད་པའི་བསང་མཆོད་དང་བསང་ཡིག་སྣ་ཚོགས་ཤིག་མཆིས་ཀྱང་། ད་སྔ་རྙེད་པའི་ཤིང་པར་དུ་བཞུགས་པའི་ཡུལ་ལྷའི་བསང་མཆོད་ཆེས་སྔ་བ་དེ་ནི། གསེར་ཁྲི་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་སྐུ་དངོས་ཀྱིས་བརྩམས་པའི་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བསང་ཡིག་སྟེ།  ཡུལ་ལྷའི་བསང་མཆོད་འདོད་དོན་ལྷུན་གྲུབ་མ་ཞེས་བྱ་བ་དེ་རེད།  བསང་ཡིག་དེ་ནི་ཁོང་གིས་པེ་ཅིན་དུ་གོང་མའི་དབུ་བླ་གནང་སྐབས་དེ་གར་ཕྱག་བྲིས་སུ་མཛད་པ་གསལ་ཞིང་། ད་ལྟ་ཁོང་གི་གསུང་འབུམ་ལ་པོད་གསུམ་ཙམ་ལྷག་ལུས་བྱུང་ཡོད་པའི་པོད་བར་མའི་ནང་བཞུགས། སྤྱིར་བཏང་གི་འདོན་ཆོག་ཁྲོད་འདི་ལ་ཁྲི་ཀའི་ཡུལ་ལྷའི་བསང་མཆོད་བཀྲ་ཤིས་གཡང་ཆགས་མ་ཞེས་འབོད་སྲོལ་དར་ཆེ།  
          གསེར་ཁྲི་སྐུ་ཕྲེང་གཉིས་པ་ནི་སྤྱི་ལོ་1689ལོ་ནས་1762ལོའི་བར་དུ་འཚོ་བཞུགས་གནངས་བའི་མདོ་སྨད་ཀྱི་མཁས་ཆེན་ཞིག་ལགས་ཤིང་།  བསང་མཆོད་འདི་ཁོང་གི་སྐུ་ཚེ་སྨད་ཙམ་ལ་བརྩམས་པའི་དབང་དུ་བྱས་ཀྱང་།  ད་ལྟའི་བར་ཉུང་མཐའ་ཡང་ལོ་ངོ་ཉིས་རྒྱ་དང་ལྔ་བཅུ་འགོར་ཡོད་པ་མཐོང་།    བསང་མཆོད་འདིའི་ནང་དུ་གསེར་ཁྲིས་མཆོད་པའི་ལྷ་དེ་ནི་ལྷ་གཞན་ཞིག་མ་ཡིན་པར་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ཞུ་བ་རང་ཡིན་ཚུལ་གསལ་བོར་བསྟན་པ་མ་ཟད། དེའི་བོད་མིང་ལ་དང་ཐོག་ནས་ཁྲི་ཀའི་ཡུལ་ལྷ་ཞེས་འབོད་པ་དང་། ལྷ་དེ་ནི་དེ་དུས་ནས་ཁྲི་ཀའི་ཡུལ་གྱི་རྨ་ཆུའི་སྔོན་མོའི་འགྲམ་དུ་བཞུགས་ཤིང་། དཀར་བསང་དམར་བསང་གཉིས་ཀ་འགྲོ་བ་སོགས་གསལ་བར་བསྟན་ཡོད།   གཞན་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་མཆོད་མཁན་མང་པོ་ཞིག་གིས་ལྷ་འདི་འཇམ་དབྱངས་ནག་པོའི་རྣམ་སྤྲུལ་དུ་ངོས་བཟུང་ནས་བསྟེན་ཡོད་པ་དང་།     ད་དུང་ལྷ་འདིའི་སྐུ་བརྙན་བཞེངས་སྐབས། གཟུངས་གཞུག་ཏུ་སྲོག་ཤིང་དང་སྲོག་འཁོར་འཇོག་པ་དང་།   གང་ཟག་ལ་སྲུང་འཁོར་འདོགས་པའི་ཕྱག་སྲོལ་ཡན་ཆད་བྱུང་ཡོད།  ངག་རྒྱུན་དུ་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་འཇམ་དབྱངས་ནག་པོའི་རྣམ་སྤྲུལ་དུ་ཐོག་མར་གསུངས་མཁན་གྱི་བླ་མ་དེ་ནི་གསེར་ཁྲི་སྐུ་ཕྲེང་གཉིས་པ་ཡིན་པར་བཤད་མོད་ཀྱང་། ཁོང་གི་བསང་ཡིག་ཏུ་ནང་དོན་གལ་བོ་ཆེ་དེ་དངོས་སུ་ཞལ་གྱིས་བཞེས་པའི་ཚིག་གསུངས་ཡོད་པ་མི་མཐོང་།   འོན་ཀྱང་བསང་ཚིག་གི་བརྗོད་འགྲོས་དང་བབས་ལ་ཞིབ་ཏུ་བརྟག་དུས།  གང་ཞིག་རང་རེས་མཐོང་ཐུབ་པ་དེ་ནི། རྗེ་གསེར་ཁྲི་ཚང་གིས་ཨ་མྱེས་ཡུལ་ལྷ་ལ་ལྷ་སྲུང་གཞན་ལྟར་ཚིག་རྩུབ་མོ་དང་དྲག་པོས་བཀའ་བསྒོས་གང་ཡང་བྱས་མེད་པར། ཉེས་ཚོགས་གང་བགྱིས་བུ་ལ་མ་བཞིན་དུ་བཟོད་པ་གནང་དགོས་པ་སོགས་གསུངས་ཚིག་འཇམ་པོ་འབའ་ཞིག་གིས་མཆོད་བཀུར་མཛད་ཡོད་པ་མཐོང་ལ།  སྒོས་སུ་ལྷ་འདི་ལ་རྒྱ་ནག་ཤིང་མ་ཐེན་ཙི་ཞེས་བོས་ཡོད་པའི་ཤིང་མ་ཐེན་ཙིའི་དོན་ལ། ལྷ་འདིའི་གསང་རྣམ་སྟེ་སྤྲུལ་བའི་གླེགས་བམ་ཞེས་བྱ་བའི་རྒྱ་དཔེ་རྙིང་བའི་ནང་།   སྔོན་ལྷ་འདིས་སེམས་ཅན་ལ་ཕན་བཏགས་པའི་ལེགས་བྱས་ལ་དགོངས་ཏེ།  གདོད་མའི་སངས་རྒྱས་ཀྱིས་མཚན་བསྟོད་དེ་སྐད་དུ་བཀའ་བསྩལ་བར་གསུངས་པས། གང་ལྟར་གསེར་ཁྲིའི་བསང་ཡིག་དེ་ནི་རྒྱ་ནག་ཏུ་ལྷ་འདི་སྔ་མོ་ཞིག་ནས།  སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དཀར་ཕྱོགས་ཀྱི་ལྷར་བཅུག་ཡོད་པ་ཤེས་པའི་ལོ་རྒྱུས་སྟེང་གཞི་ནས་བྲིས་པར་སྣང་ངོ་།།   
          བསང་མཆོད་འདི་ཤིན་ཏུ་གྲགས་ཆེ་བས་མདོ་སྨད་ཀྱི་དགོན་པ་དང་ལྷ་ཁང་མང་པོ་ཞིག་གིས་ཁྲི་ཀའི་ཡུལ་ལྷའི་བསྐང་དཔེར་བྱས་ནས་འདོན་པ་དང་།  འདིའི་ནང་དོན་མང་པོ་ཞིག་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་བརྩམས་པའི་ཁྲི་ཀའི་ཡུལ་ལྷའི་བསང་མཆོད་མང་པོ་ཞིག་གི་རྨང་གཞིར་གྱུར་ཡོད་པ་མཐོང་།   བསང་མཆོད་འདིའི་ནང་དོན་སྙིང་བསྡུས་ཏེ།  ཇི་སྐད་དུ།  ཁྲི་ཀའི་ཡུལ་གནས་ལྷ་གཉན་མཐུ་བོ་ཆེ།།   རྒྱ་ནག་ཤིང་མ་ཐེན་ཙི་ཞེས་གྲགས་ཁྱོད།། མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན།། བསང་གསུར་བཞེས་ལ་འདོད་པའི་དོན་ཀུན་སྒྲུབས།། ཞེས་པའི་ཤོ་ལོ་ཀ་འདི།   ཁྲི་ཀའི་ཡུལ་ལྷ་ལ་བསྐང་གསོ་རྒྱས་བསྡུས་གང་རུང་བྱེད་སྐབས།    བཟློས་བརྗོད་ཀྱི་གཟུངས་གཙོ་བོར་བྱས་ཡོད་པ་མ་ཟད།   ཡུལ་ལྷ་མཆོད་མཁན་སེར་སྐྱ་ཕོ་མོ་མང་པོས་དུས་རྒྱུན་དུ་ཁྲི་ཀའི་ཡུལ་ལྷ་ལ་བསང་མཆོད་གཏོང་སྐབས་ཕལ་ཆེར་གྱིས་ཁ་བཏོན་བྱེད་བཞིན་དུ་མཆིས་སོ།།
          ཟུར་བཀོད།  ཡུལ་ལྷའི་བསང་མཆོད་འདོད་དོན་ལྷུན་གྲུབ་མ་བཞུགས་སོ།།   
          རྒྱ་ནག་ཁྲི་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མས་བརྩམས།   
          ཀྱཻ་བཀྲ་ཤིས་གཡང་ཆགས་རྨ་ཆབ་ཆེན་པོའི་འགྲམ།། རྒྱ་བོད་ས་འཚམས་རྣལ་འབྱོར་སྐྱེས་ཡུལ་དུ།།  གནས་པའི་ཡུལ་ལྷ་གཉན་པོ་སྤྱན་འདྲེན་ན།།  མ་ཐོགས་ད་ལྟ་གནས་འདིར་གཤེགས་སུ་གསོལ།། བསམ་པ་ཙམ་གྱིས་འདོད་དོན་ཀུན་སྩོལ་ཞིང་།། ཡིད་ལྟར་མགྱོགས་ཤིང་མཐུ་སྟོབས་ཆེར་ལྡན་པ།།  རྒྱ་ནག་ཤིང་མ་ཐེན་ཙི་ཞེས་གྲགས་ཁྱོད།། རྣལ་འབྱོར་འདོད་དོན་བསྒྲུབ་ཕྱིར་གཤེགས་སུ་གསོལ།།   རྣལ་འབྱོར་མཆོད་པའི་གནས་འདིར་གཤེགས་ནས་ཀྱང་།།  ཉེས་ཚོགས་གང་བགྱིས་བུ་ལ་མ་བཞིན་དུ།།  བཟོད་པ་གནང་ནས་རྣལ་འབྱོར་འདོད་དོན་ཀུན།།  དགྱེས་པའི་ཚུལ་གྱིས་བསྒྲུབ་ཕྱིར་བཞུགས་སུ་གསོལ།།   ཀྱཻ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་དང་ནི།།   ཆོས་དབྱིངས་བདེན་པའི་མཐུ་ལས་བྱུང་བ་ཡི།། ཁྱོད་ཉིད་དགྱེས་པའི་ཕྱི་ནང་རྟེན་རྫས་འདི།།   འབུལ་ལོ་བཞེས་ནས་འདོད་དོན་ལྷུན་འགྲུབ་སྩོལ།། ཤ་ཁྲག་སྲོག་དབུགས་དོན་སྙིང་ནང་ཁྲོལ་སོགས།། བསྲེག་བཙོས་གསུར་དང་བརྗེན་པའི་རིགས་སྣ་ཚོགས།། རི་ལྟར་སྤུངས་ཤིང་མཚོ་ལྟར་འཁྱིལ་བ་འདི།། འབུལ་ལོ་བཞེས་ནས་འདོད་དོན་ལྷུན་འགྲུབ་སྩོལ།། རྟ་དྲེལ་གཡག་ལུག་ཁྱིམ་བྱ་ལ་སོགས་དང་།། ཁྲབ་རྨོག་རལ་གྲི་མདའ་མདུང་གོ་ཆའི་རིགས།། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས།།   འབུལ་ལོ་བཞེས་ནས་འདོད་དོན་ལྷུན་འགྲུབ་སྩོལ།།   མདོར་ན་ཁང་བཟང་དམག་མི་མངགས་གཞུག་དང་།།  མཉེས་པའི་མཁོ་དགུའི་རྣམ་པ་གང་ཡོད་པ།  དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་བ་འདི།།  སྔར་བཅོལ་ལེགས་པའི་གཏང་རག་ཆེད་དུ་འབུལ།།   ད་ཆ་སྲུང་སྐྱོབ་མཛད་པའི་བསྐུལ་མར་འབུལ།།  སླད་ནས་འཕྲིན་ལས་སྒྲུབ་པའི་རྟེན་དུ་འབུལ།།  བསྟེན་ནོ་ཡུལ་ལྷ་གཉན་པོས་ཉེར་དགོངས་ལ།།  རྣལ་འབྱོར་ཡིད་ལ་བསམ་ཞིང་གདུང་བའི་དོན།།   ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར།།   དྲན་པ་ཙམ་གྱིས་འབད་མེད་ལྷུན་འགྲུབ་མཛོད།།   ཀྱེ་བསྟེན་ཅིང་མཆོད་ན་དྲན་པའི་མོད་ཉིད་ལ།། གཞི་ལམ་བྱེས་གསུམ་གང་དུ་འདུག་ཀྱང་རུང་།།  འདོད་དོན་ཀུན་སྩོལ་ཐོགས་མེད་མཐུ་ལྡན་པའི།།  ཡུལ་ལྷ་མཉན་པོ་ཁྱོད་ལ་བདག་བསྟོད་དོ།།  རྦད་ཅིང་བསྐུལ་ན་གནོད་བྱེད་དགྲ་བགེགས་སོགས།། ཞི་ཞིང་གདོན་བགེགས་མ་ལུས་ཚར་གཅོད་པའི།། བཀའ་བློན་ཡུམ་འཁོར་ནང་མི་བཅས་པ་ལ།།  བསྟོད་དོ་རྐྱེན་ངན་བར་ཆད་ཐམས་ཅད་ཟློག།  མདོར་ན་པདྨའི་གཉེན་དང་པད་ཚལ་བཞིན།།  དྲན་ཅིང་རེག་པའི་མོད་ལ་འདོད་བྱའི་དོན།།  ཕུན་ཚོགས་འདབ་བརྒྱ་མ་ལུས་ལེགས་བཞད་པའི།།   བཀྲ་ཤིས་ཆར་གྱིས་རེ་བ་ཀུན་སྐོང་མཛོད།།   ཅེས་པ་འདི་ནི་ཡུལ་ལྷ་གཉན་པོ་ཉེ་བར་འཁོར་བའི་རྟགས་མཚན་ཕྲན་བུ་རང་ལ་བྱུང་བ་དང་།  སྒོམ་པ་ཆོས་རབ་ཀྱིས་ཀྱང་བསྐུལ་བ་ལྟར།   འཇམ་དབྱངས་གོང་མ་ཆེན་པོའི་བཞུགས་གནས་མེ་ཏོག་སྐྱེད་ཚལ་ལྷའི་ཕོ་བྲང་གཉིས་པར། བློ་བཟང་བསྟན་པའི་ཉི་མས་སྦྱར་བའི་ཡི་གེ་པ་ནི་རབ་འབྱམས་པ་འཇམ་དབྱངས་ཕུན་ཚོགས་སོ།།
          དཔྱད་གཞིའི་ཡིག་ཆ།   
          ①གཏམ་རྒྱུད་འདིའི་གོང་འོག་གི་རིམ་པའི་བཤད་ཚུལ་རྣམས་ངག་རྒྱུན་མང་པོ་ན་བཤད་པ་དང་ཕན་ཚུན་ཐོ་ཐུག་ཀྱང་། མཚམས་འདིར་ཐོན་པའི་གནས་ཚུལ་བརྗོད་སྐབས་ངག་རྒྱུན་ལ་ལར་བརྗོད་སྟངས་ཅུང་ཟད་མི་འདྲ་བ་བྱུང་ཡོད།  ཨ་ལགས་ཤར་གདོང་སོགས་བླ་མ་གཞན་དག་ལ་སྙན་དུ་བརྒྱུད་པའི་ལྷ་འདིའི་མངོན་རྟོགས་སུ།   མཚམས་འདིར་ཐོན་པའི་གནས་ཚུལ་ནི་འདི་ལྟར་བརྗོད་འདུག་སྟེ།    བླ་མ་གསེར་ཁྲི་ཚང་རྒྱ་ཡུལ་དུ་ཕེབས་སྐབས།  ལཱ་མོ་བདེ་ཆེན་དགོན་ནས་ཁྲི་ཀ་བརྒྱུད་དེ་འགྲོ་དགོས་པ་ཡིན་ཞིང་།   ད་ལྟའི་ཁྲི་ཀའི་ཡུལ་ལྷའི་ཕོ་བྲང་ཆགས་པའི་མདུན་ཕྱོགས་ཀྱི་རྨ་ཆུའི་ཁ་ནི། དུས་སྐབས་དེར་རྒྱ་ནག་ཏུ་འགྲོ་བའི་བླ་མ་རྣམས་རྨ་ཆུར་བརྒལ་བའི་རབ་ཁ་ཡིན།   ཁྲི་སྐྲ་ནག་པ་ཚང་གིས་ཡུལ་ལྷ་རྒྱ་ནང་ནས་རང་གི་ཕྱག་རྗེས་སུ་འབྲང་བ་ཁྲིད་དེ་ཁྲི་ཀར་འབྱོར་རྗེས།    ཡུལ་ལྷ་ལ་ཁྲི་སྡེ་ཞིག་གིས་མཆོད་བཀུར་བྱེད་དུ་འཇུག་རྒྱུའི་སྔོན་གྱི་ཞལ་བཞེས་དེ་གཏིང་བརྗིད་དུ་སོང་སྟེ།  ལ་མོ་བདེ་ཆེན་དགོན་དུ་ཐད་ཀར་གཤེགས་པ་ཡིན་སྐད།   ཕྱིས་བླ་མ་ཁོང་ཕྱིར་རྒྱ་ནག་ཏུ་ཕེབས་དགོས་བྱུང་བས།  ཡང་བསྐྱར་རྨ་ཆུའི་རབ་ཁ་དེ་ནས་གྲུར་བཞུགས་ཏེ་ཕར་བརྒལ་ནས་འགྲོ་བཞིན་ཡོད་པ་ལ། རྨ་ཆུའི་གཞུང་ལ་སླེབས་པའི་མཚམས་ཙམ་ནས། གྲུ་མདུན་དུ་མི་བསྐྱོད་པར་གནས་གཅིག་ཏུ་ཡང་ཡང་འཁོར་ནས་བསྡད་བྱུང་བར།   ཁོང་གིས་འདི་སུ་ཞིག་གིས་བདག་ལ་དགྲ་བྱེད་པ་ལ་ཨང་ཞེས་བསམ་པ་དང་། གློ་བུར་དུ་དེ་ནི་ཡུལ་ལྷའི་འཁུ་ལྡོག་ཡིན་པ་ཐུགས་ཀྱིས་མཁྱེན་ནས།  སྔོན་གྱི་ཞལ་བཞེས་ལྟར་རྨ་ཆུའི་ཉེ་ས་དེ་དག་ནས་ཕོ་བྲང་ཞིག་བཞེངས་བའི་གནས་བཙལ་བར། ས་དཔྱད་སོགས་གང་ཕྱོགས་ནས་ད་ལྟའི་ཤན་འབེན་སྣ་ཁ་འབོད་པ་དེ་བཀྲ་ཤིས་པར་ཡོད་པ་མཁྱེན་ནས།   ཡུལ་ལྷ་གནས་དེར་ཡོད་པའི་རྡོ་ཕ་བོང་དཀར་པོ་ཞིག་གི་སྟེང་དུ་ཡང་དག་བསྟིམས་ཤིང་། རྟེན་མཁར་གྱི་ལྷ་ཁང་ཞིག་ཀྱང་བཞེངས་ཏེ་ས་ཕྱོགས་འདིའི་ཡུལ་ལྷར་བཀའ་བསྒོས་དམ་བཞག་བྱས་སོ་ཞེས་གྲགས།  འདི་ཁོ་བོས་བཅར་འདྲིའི་སྐབས་ཇི་ལྟར་ཐོས་པ་བྲིས་ནས་བསྣན།   
          ②འདིར་བརྗོད་བསྟན་འཛིན་ཡབ་སྲས་ཞེས་པ་རྒན་ཁྱ་ཙེ་དབུས་དགོན་པའི་སྟོང་ཉིད་བྱ་འཕུར་ཚང་ལ་གོ་དགོས་ཤིང་། རྩེ་ཞིག་དགོན་པས་ཁྲི་ཀའི་སྟོང་ཆེ་ཁྱུང་མོ་དགོན་ལ་བདག་བྱས་པའི་ལོ་རྒྱུས་ཀྱང་ཡོད།    
          ③年治海、 白更登主编: 《青海藏传佛教寺院明鉴》 ,甘肃人民出版社,  1993年9月第 1版。   
          ④ཁྲི་ཀའི་ཡུལ་ལྷའི་བསང་དཔེར་མཐོང་བའི་ཙེག་ཐུང་ངམ་ཙི་ཐུང་ལ་གོ་དོན་གཉིས་ཡོད་དེ།  གཅིག་ནི་ཡུལ་ལྷའི་གནའ་བོའི་རྒྱ་མིང་ལ་ཙི་ཐུང་ལྷ་ཞེས་བྱ་ཞིང་།   ཅིག་ཤོས་ནི་ཡུལ་ལྷ་ལ་འཁོར་གཙོ་བོ་གཉིས་ཡོད་པའི་གཅིག་གི་མིང་ལ་ཤན་པ་ཙི་ཐུང་ཟེར་བའོ།། འདིར་སྔ་མའི་དོན་ཏེ། མདོ་སྨད་ཀྱི་ས་ཆ་རེ་འགའ་ན་ཁྲི་ཀའི་ཡུལ་ལྷའི་མིང་རྙིང་དེ་སོ་བར་བཞག་ནས་འབོད་པའི་གནས་ཚུལ་མང་སྟེ།   གཅན་ཚ་སྐྱ་རྒྱ་དོ་རྒྱའི་རྒན་པོ་རྣམས་ཀྱིས་བསང་མཆོད་སྐབས།    ཁྲི་ཀའི་ཡུལ་ལྷ་ལ་ཨ་མྱེས་ཙི་ཐུང་ཞེས་འབོད་པ་དང་།   དེ་བཞིན་སུམ་པ་མཁན་པོའི་འཁྲུངས་ཡུལ་ནི། ཁྲི་ཀའི་ཡུལ་ལྷའི་ཕོ་བྲང་དང་ཐག་མི་རིང་བའི་ཡུལ་གྲུ་མང་འབའ་བྱ་གསུམ་གྱི་ཡུལ་ཁོངས་སུ་ཡུལ་མིང་ཐོ་ལེ་ཀོར་ཞེས་བྱ་བར་འབོད་པ་དེ་ཡིན་ཞིང་།  འདིར་ཁོང་གིས་ཁྲི་ཀའི་ཡུལ་ལྷ་ལ་ཤན་པ་ཙེག་ཐུང་ཞེས་བོས་སྣང་བས། བསྟན་བཅོས་ཆེན་མོ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལྗགས་རྩོམ་གནང་བའི་དུས་དེ་ཚེ་ན།  ཡུལ་དེ་དག་ཏུ་ད་དུང་མིང་དེ་ལྟར་འབོད་སྲོལ་ཡོད་པའི་ཚུལ་དེ་མཐོང་ཐུབ།   
          ⑤ 《西宁府新志(清) 》 上, 青海人民出版社,1988年6月第1版,第383页。  
          ⑥ཨ་ཀྱཱ་སྐུ་ཕྲེང་གསུམ་པ་བློ་བཟང་འཇམ་དབྱངས་རྒྱ་མཚོས་བརྩམས་པའི་《རྣལ་འབྱོར་སྐྱེས་ལྷ་གཉན་པོ་ཁྲི་ཀའི་ཡུལ་ལྷ་གསེར་ཞལ་ཅན་ལ་མཆོད་གཏོར་ཚོགས་མཆོད་འབུལ་ཚུལ་རྫོགས་ལྡན་ཆུ་འཛིན་》 ཞེས་བྱ་བར་གསལ།    ཨ་ཀྱཱ་བློ་བཟང་འཇམ་དབྱངས་རྒྱ་མཚོའི་གསུང་འབུམ།   སྐུ་འབུམ་ཤིང་དཔར་ལས་བཏུས།   
          ⑦《རྒྱལ་བ་སྐལ་བཟང་རྒྱ་མཚོའི་གསུང་འབུམ་》 ཅ་པོད། ལྷ་སའི་ཞོལ་དཔར་ཤིང་།