བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

འདོགས་ཅན་ལྦ་ཡིག་དང་འབྲེལ་བའི་གནད་དོན་འགའ་ཞིག་གི་དཔྱད་གླེང་།

སྤེལ་དུས 2020-01-14 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། བསོད་ཆོས།
[ནང་དོན་གནད་བསྡུས།]རྩོམ་ཡིག་འདིར་ལྦ་ཡིག་འདོགས་ཅན་གྱི་ཡི་གེ་ཡིན་མིན་དང་། དེའི་གྲངས་ངེས། ལྦ་ཟུར་རྒྱག་པའི་དགོས་པ་རྒྱུ་མཚན། ལྦ་བཏགས་ཅན་གྱི་ཡི་གེའི་ཀློག་ཚུལ། ལྦ་བཏགས་ཅན་གྱི་ཡི་གེ་ལ་དབྱངས་ཡིག་དང་མགོ་འདོགས་ཀྱི་ཡི་གེ་འཇུག་མིན་སོགས་ཀྱི་སྐོར་དང་འབྲེལ་བའི་གནད་དོན་ལ་བོད་ཀྱི་བརྡ་སྤྲོད་རིག་པ་སྨྲ་བའི་མཁས་པའི་གསུང་རྒྱུན་གྱི་བཞེད་པ་འགའ་ཞིག་ལ་དོགས་སློང་ཚུལ་གྱིས་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།]འདོགས་ཅན་ལྦ་ཡིག གྲངས་ངེས། ལྦ་བཏགས་ཅན། ཡི་གེའི་ཀློག་ཚུལ། ལྦ་ཟུར་རྒྱག་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]H214 [ཡིག་ཚང་མཚོན་བྱང་།]A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-946X(2018)02-037 -11  
        སྔོན་འགྲོའི་གཏམ།   
        ད་ལྟ་རང་རེས་སྤྱོད་བཞིན་པའི་བོད་ཀྱི་ཡི་གེ་འདི་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་བོད་ཡིག་ཏུ་ཐོག་མར་སྒྱུར་མཁན་གྱི་བོད་ཀྱི་ལོ་ཙཱ་བ་ཐོག་མ་ཐོན་མི་སམ་བྷོ་ཊས་གསར་གཏོད་གནང་བ་ཞིག་ཡིན་ཞིང་། མ་གཞི་ཐོན་མིའི་གོང་རོལ་ནས་ཐ་གུའི་ཡི་གེ་དང་། འདྲ་གཟུགས་ཀྱི་ཡི་གེ  ཞང་ཞུང་གི་ཡི་གེ་བཅས་བྱུང་ཡོད་ཀྱང་། ཡིག་སྲོལ་དེ་དག་ཚད་ལྡན་ངེས་སྲོལ་ཅན་དང་ཡོངས་ཁྱབ་ཏུ་སྤྱོད་པའི་སྣང་ཚུལ་མ་བྱུང་ཁར། ཞང་ཞུང་གི་ཡི་གེ་དེ་ནི་ཞང་ཞུང་རང་གི་ཡུལ་སྐད་གཞིར་བཞག་གི་ཐོག་ནས་གསར་གཏོད་མཛད་པའི་ཡིག་སྲོལ་ཞིག་ཡིན་པས། རྒྱ་ཆེ་ལ་གཏིང་ཟབ་པའི་ཞང་བོད་གཅིག་གྱུར་གྱི་སྐད་བརྡ་གསར་པ་མཐའ་དག་ཇི་བཞིན་མཚོན་མི་ནུས་ཕྱིར། ཡུལ་གྲུ་གཞན་གྱི་སྐད་ཡིག་ལ་རག་མ་ལུས་པའི་བོད་རང་གི་སྔོན་ཐོན་གྱི་སྒྲ་སྦྱོར་ཡི་གེ་འདི་བཞིན་དཀའ་བ་དུ་མ་ཁྱད་དུ་བསད་ནས་གསར་དུ་བཏོད་པ་ཞིག་ལགས།   
        སློབ་དཔོན་ཐོན་མིས་མཛད་པའི་བོད་གངས་ཅན་ཡུལ་གྱི་བརྡ་སྤྲོད་རིག་པའི་གཞུང་བརྒྱད་ལས། སུམ་རྟགས་གཉིས་ཕུད་གཞུང་གཞན་དྲུག་ནུབ་ཅིང་། ད་ལྟ་མཇལ་དུ་ཡོད་པའི་སུམ་རྟགས་ཀྱི་རྩ་གཞུང་ནང་དུ་ཡང་འཇུག་དང་མགོ་ཅན་གྱི་ཡི་གེ འདོགས་ཅན་གྱི་ཐ་སྙད་དང་གྲངས་ངེས། དེ་དག་གི་སྒྲ་དྲག་ཞན་ལ་སོགས་པའི་སྒྲ་དོན་གྱི་རྣམ་གཞག་དངོས་སུ་བསྟན་མེད་པ་དང་། བརྡ་སྤྲོད་རིག་པའི་གཞུང་ཕྱི་མ་བདུན་གྱི་ཕྱི་མོར་གྱུར་པ་སུམ་ཅུ་པའི་ནང་དུའང་འདོགས་ཅན་གྱི་ཡི་གེའི་ཐ་སྙད་ཙམ་ཡང་མ་གསུངས་པའི་དབང་གིས། དེ་དག་དང་འབྲེལ་བའི་བརྡ་སྤྲོད་རིག་པའི་ཆོས་ཉིད་རྣམས་བལ་པ་ཛ་བཞིན་རྣམ་པར་འཛིང་ནས་རྣམ་གསལ་གྱི་དབྱེ་བ་གསལ་ཁ་དོད་ཅིང་། ཕུ་ཐག་ཆོད་པ་ཞིག་མ་བྱུང་བའི་རྐྱེན་གྱིས་དཔྱད་པར་བྱ་བའི་གཞི་མང་དུ་མཆིས། དེ་འདྲ་ཡིན་པའི་སྟབས་ཀྱིས་འདོགས་ཅན་ལྦ་ཡིག་འདི་བཞིན་བསྟན་པ་ཕྱི་དར་གྱི་དུས་སུ་དག་ཡིག་མཛད་མཁན་ལོ་པཎ་རྣམས་ཀྱིས་ཡ་ར་ལ་ལྦའི་འདོགས་ཅན་ཞེས་ཞལ་གསལ་བར་གསུངས་པའི་བབས་ལ་གཞིགས་ཏེ། དུས་ཕྱིས་ཀྱི་མཁས་པས་བོད་ཡིག་ལ་ལེགས་བཅོས་མཛད་སྐབས་གསར་གཏོད་དང་ཁ་སྐོང་གནང་བ་ཞིག་མིན་ནམ་སྙམ་པའི་དོགས་འཆར་ཅི་ཡང་ཡོང་གིན་ཡོད་དེ།《དག་ཡིག་ཟ་མ་ཏོག་》ལས། “དེ་ལས་རྗེས་སུ་འཇུག་པ་བཅུ། །དེ་ལས་ཀྱང་ནི་སྔོན་འཇུག་ལྔ། །ར་ལ་ས་ཡི་མགོ་ཅན་གསུམ། །ཡ་ར་ལ་ཡི་སྨད་འདོགས་གསུམ། །ད་དང་ས་ཡི་ཡང་འཇུག་སོགས།  ། སྟོན་པའི་བསྟན་བཅོས་རྣམས་ཀྱང་མཛད། །”①ཅེས་འདོགས་ཅན་ལྦ་ཡིག་དངོས་སུ་མ་གསུངས་པར་སྨད་འདོགས་ཀྱི་ཡི་གེར་གྲངས་གསུམ་དུ་ངེས་པར་མཛད་པ་དང་། མཁས་མཆོག་ཤར་ཆེན་ངག་དབང་བཀྲ་ཤིས་ཀྱིས། “ལྦའི་འདོགས་བཤད་པ་འདི་ཡང་འདོགས་ཀྱི་མིང་བཏགས་པ་ཙམ་ཞིག་སྟེ། རྩ་བའི་དངོས་ཤུགས་ཀྱིས་མ་ཟིན་”②ཞེས་པ་སོགས། ལྦ་ཟུར་འདི་ཉིད་འདོགས་ཅན་གྱི་ཡི་གེའི་རྣམ་གྲངས་སུ་མི་བརྩི་བའི་ལུགས་ཤིག་ཀྱང་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག་རྣམས་ལ་སྣང་ངོ་། གཞན་ཡང་། ས་སྐྱ་བ་བསོད་ནམས་རྩེ་མོས་མཛད་པའི་《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་》ཞེས་བྱ་བ་ལས། “དེས་ན་ལྦ་ནི་ཡན་ལག་ཡིན། །བོད་ལ་ལྦ་ནི་འར་བསྡུས་པས། །དེས་ན་མ་ནིང་བརྗོད་ཀྱང་རུང་། །”③ཞེས་ལྦ་ཟུར་འདི་ཉིད་ཡན་ལག་གི་ཡི་གེ་ཡིན་པ་དང་། ལྦ་ནི་འར་བསྡུ་རུང་བས་འགྱུར་བའི་རང་བཞིན་གྱི་ཆ་ནས་མ་ནིང་དུ་འདོད་པ་སོགས། བཞེད་ལུགས་འདྲ་མིན་སྣང་བ་ལས་གཅིག་མཐུན་གྱི་བཞེད་དགོངས་ཤིག་མ་མཆིས། དེས་ན་འདོགས་ཅན་ལྦ་ཡིག་གི་སྐོར་ལ་རང་གི་འདོད་ཚུལ་འགའ་ཞིག་བོད་རིག་པའི་ཞིབ་འཇུག་པ་རྣམས་ལ་བགྲོ་གླེང་གི་ཚུལ་དུ་ཞུས་ཏེ། རྟ་ངན་པ་རྒྱུག་པ་བཟང་པོ་འདྲེན་པའི་ལས་སུ་འགྱུར་ངེས་སྙམ་ནས་དཔྱད་པའི་ལས་ལ་ཞུགས་སོ།  
        དང་པོ། ལྦ་ཡིག་འདོགས་ཅན་གྱི་ཡི་གེ་ཡིན་མིན་སྐོར།   
        མཁས་མཆོག་ཤར་ཆེན་ངག་དབང་བཀྲ་ཤིས་ཀྱིས་ལྦ་ཟུར་འདི་ཉིད་འདོགས་ཅན་གྱི་ཡི་གེའི་གྲངས་སུ་མི་བརྩི་བའི་རྒྱུ་མཚན་ཐད། “ལྦའི་འདོགས་བཤད་པ་འདི་ཡང་འདོགས་ཀྱི་མིང་བཏགས་པ་ཙམ་ཞིག་སྟེ། རྩ་བའི་དངོས་ཤུགས་ཀྱིས་མ་ཟིན་”④ཞེས་གསུངས་མོད། འདོགས་ཅན་མིན་ན་འདོགས་ཅན་གྱི་མིང་ཐོགས་པའི་དགོས་པ་མེད་ཀྱང་ལྦ་བཏགས་སམ་ལྦ་སྟ། ལྦ་ཟུར་ཞེས་མིང་བཏགས་པ་ཀུན་ལ་གྲགས་ཤིང་གྲུབ་ལ། གཞུང་རྩ་བའི་དངོས་ཤུགས་ཀྱིས་མ་ཟིན་ཞེས་བཤད་དཀའ་སྟེ། སུམ་རྟགས་ཀྱི་རྩ་བའི་ཚིག་ཟིན་ལ་དངོས་སུ་མ་གསུངས་ཀྱང་། ནུབ་ཟིན་པའི་བརྡ་སྤྲོད་པའི་གཞུང་གཞན་དྲུག་ཏུ་དངོས་སུ་གསུངས་ཡོད་མེད་ཚིག་ཐག་གཅོད་དཀའ་བ་དང་། སུམ་རྟགས་ཀྱི་ཤུགས་བསྟན་མིན་ཞེས་དེ་བས་ཀྱང་འཆད་དཀའ་སྟེ། གཞུང་དེ་དག་ཏུ་བོད་ཀྱི་ཡི་གེའི་སྦྱོར་བ་བསྟན་པ་ཡིན་པས། ལྦ་བཏགས་བོད་ཀྱི་ཡི་གེའི་སྦྱོར་བའི་རྣམ་གཞག་ཏུ་མི་གཏོགས་ཞེས་སུ་ཞིག་གིས་སྨྲ་ནུས། ཞིབ་ཏུ་དཔྱད་ན། ལྦ་ཡིག་འདོགས་ཅན་གྱི་ཡི་གེ་ཡིན་པ་ཐོན་མིའི་དགོངས་པ་ཡིན་པར་གྲུབ་སྟེ། བོད་ཡིག་བཀོལ་སྤྱོད་ཀྱི་དོན་དངོས་ཐོག་ནས་ར་སྤྲོད་ཐུབ་པའི་ཕྱིར། གཞན་ཡང་མཁས་མཆོག་ཤར་ཆེན་ངག་དབང་བཀྲ་ཤིས་ཀྱིས། “རྩྭ་ཆུའི་རྩྭ་དང་ལུས་ཀྱི་རྩ་སོགས་མི་ནོར་བའི་མཚན་མ་ཙམ་ལས་ཡི་གེ་དངོས་མིན་ཞེས་མཁས་པའི་གསུང་ལས་ཐོན་པ་ཤིན་ཏུ་མང་”⑤ཞེས་ལྦ་ཟུར་འདོགས་ཅན་གྱི་ཡི་གེ་མིན་པའི་རང་ལུགས་ཀྱི་སྒྲུབ་བྱེད་དངོས་ནི་རང་འདྲའི་ཡི་གེ་གཞན་དང་མི་ནོར་བའི་མཚན་མའམ་རྟགས་ཙམ་ཡིན་པར་གསུངས་མོད། རྟགས་དེ་སྦྱར་བས་ལུས་ཀྱི་རྩ་དང་མི་ནོར་བའི་དོན་གྱི་ཁྱད་པར་འབྱེད་ཐུབ་ཅིང་། དམིགས་བསལ་སྒྲ་ཡི་འགྱུར་བ་གསལ་བར་མི་ཐོན་པའི་གནད་ལ་དགོངས་པ་ཡིན་ན། ལྦ་ཟུར་ཙམ་མ་ཟད་འདོགས་ཅན་ར་ཡིག་ལྡན་པ་ནྲ་ཤྲ་མྲ་གསུམ་ལའང་སྒྲའི་འགྱུར་བ་གསལ་བར་མི་ཐོན་པ་རིགས་འགྲེ་མཛད་རིགས་སོ། འདོགས་ཅན་ར་ཡིག་ལྡན་པ་ནྲ་ཤྲ་མྲ་གསུམ་མ་ཡིན་པའི་ཀྲ་སོགས་ལ་སྒྲའི་འགྱུར་བའམ་ནུས་པ་ཐོན་ནོ་སྙམ་ན། ལྦ་ཟུར་སྦྱར་ཚད་ལ་སྒྲའི་ང་རོ་ཡེ་མི་འཇུག་པ་མ་ཡིན་པ་གཤམ་གྱི་བཤད་པ་ལས་གསལ་པོར་རྟོགས་ཐུབ། འདོགས་ཅན་ལྦ་ཡིག་གི་རྣམ་གཞག་འདི་ཐོན་མི་རང་གིས་གསར་དུ་གཏོད་གནང་བ་ཞིག་ཡིན་ངེས་ཏེ། དུས་ཕྱིས་ཀྱི་མཁས་བླུན་གྱི་སྐྱེ་བོ་སུ་འདྲ་ཞིག་གི་བཅོས་བཟོའི་གཡའ་མ་ཕོག་པའི་ཏུན་ཧོང་གི་ཡིག་རྙིང་དང་རྡོ་རིང་གི་ཡི་གེར་ཡང་ལྦ་བཏགས་ཀྱི་རྣམ་གཞག་མཇལ་རྒྱུ་ཡོད་པ་དེ་དག་གིས་དཔང་རྟགས་ཁུངས་འཕེར་བྱེད་ནུས་ཏེ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བཙུགས་པའི་《ཞོལ་རྡོ་རིང་ཕྱི་མ་》ལས། “རྒྱ་མང་པོ་བདུངས་པས་རྒྱ་རྗེ་ཀྭང་པེང་ལྦང་ཡང་ཀིང་ཤིའི་མཁར་ནས་ཕྱུང་”ཞེས་དང་། “ཀེང་ཤི་ཕབ་སྟེ་རྒྱ་རྗེའི་ནང་བློན་འགྱེའུ་ན་ཀིང་ལས་སྩོགས་ཏེ་དོང་ཀྭན་དང་”⑥ཞེས་དང་། དེ་བཞིན་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས། “སྟག་ལ་རྒྱ་དུར་དུ་རྒྱའི་དམག་དཔོན་འྭང་ཞང་ཤོ་དང་གཡུལ་སྤྲད་དེ་”⑦ཞེས་དང་། “རྒྱའི་མཁར་དར་ཁྭ་ཧན་ཕབ་”ཅེས་དང་། “མྱྭ་ནག་པོ་དང་བྲག་མར་དུ་རྒྱའི་པོ་ཉ་ཀྭག་ཅུང་ལང་པྱག་འཚལ་”⑧ཞེས་པ་སོགས་ཀྱི་ལྦ་ཡིག་འདོགས་ཅན་གྱི་ཡི་གེ་དངོས་ཡིན་པ་མ་ཟད། བོད་ཡིག་བཀོལ་སྤྱོད་ཀྱི་ལག་ལེན་དངོས་ནང་འདོགས་ཅན་གྱི་ཡི་གེ་གཞན་དང་སྒོ་ཀུན་ནས་མཚུངས་པའི་སྒྲ་དོན་གྱི་འཇུག་པ་གསལ་བ་ལ་ནུས་པ་འགངས་ཆེན་ཐོན་ཡོད་པའི་ཕྱིར།  
        སྤྱིར་སུམ་རྟགས་ཀྱི་རྩ་གཞུང་དུ་དངོས་བསྟན་གནང་མེད་ན། བོད་ཡིག་དངོས་མ་ཡིན་པས་ག་ལ་ཁྱབ་སྟེ། ཐོན་མིས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་ཀྱི་ནང་དུ་ཡོད་མེད་ཀྱང་ཇི་བཞིན་མི་ཤེས་ན། མ་མཐོང་བ་ལ་མེད་ཅེས་ཁྱབ་མཐའ་གཅོད་ག་ལ་རིགས། དེ་མིན་སུམ་རྟགས་ཀྱི་རྩ་གཞུང་རང་དུ་མགོ་ཅན་དང་ཡང་འཇུག སྨད་འདོགས་སོགས་ཀྱི་ཡི་གེའི་རྣམ་བཤད་ཀྱང་མ་མཛད་ན། དེ་དག་བོད་ཡིག་གི་ཁོངས་མིན་ཞེས་སུ་ཞིག་གིས་བསྙོན་ནུས། དེས་ན་སྐབས་འདིར་མཁས་དབང་དབངས་ཅན་ངག་དབང་མཆོག་གིས།“རྩྭ་ཆུའི་རྩྭ་དང་ལུས་ཀྱི་རྩ་སོགས་མི་ནོར་བའི་མཚན་མ་ཙམ་ལས་ཡི་གེ་དངོས་མིན་ཞེས་མཁས་པའི་གསུང་ལས་ཐོན་པ་ཤིན་ཏུ་མང་”ཞེས་དང་། “ལྦ་ཡི་འདོགས་དངོས་ཀྱི་ནང་དུ་དོག་འཚང་མེད་པ་ལེགས་”⑨ཞེས་གསུངས་ཀྱང་ཅུང་ཟད་འཐད་དམ་སྙམ་སྟེ། ལྦ་བཏགས་ཀྱིས་བོད་ཡིག་གི་ནང་དུ་འདོགས་ཅན་གཞན་དང་མཚུངས་པའི་སྨད་འདོགས་ཀྱི་ཡི་གེའི་བྱེད་ནུས་དངོས་སུ་ཐོན་དང་འཐོན་བཞིན་པ་འདི་དང་། ཕྱིས་སུ་བྱུང་བའི་བོད་ཡིག་གི་བརྡ་དག་ཡིག་ཆ་ཚད་ལྡན་རྣམས་སུའང་དེ་འབྲེལ་སྒྲ་དོན་གྱི་བཤད་པ་མང་དུ་གནང་ཡོད་པའི་རྒྱུ་མཚན་གྱིས་སོ།   
        ཅི་སྟེ་སློབ་དཔོན་ཐོན་མིས་ལྦ་བཏགས་ཀྱི་ཡི་གེའི་འབྲེལ་ཡོད་ཤེས་བར་དཔྱད་གཟིགས་མཛད་མེད་ཅིང་།  གཞུང་ལུགས་ཀྱི་རྣམ་བཤད་མ་གནང་ན་ཡང་། འདི་ཉིད་བོད་ཡིག་གི་གྲས་སུ་མི་འདུ་བའི་སྒྲུབ་བྱེད་དུ་ག་ལ་འགྱུར་ཏེ། ཐོག་མ་ཉིད་ནས་བརྡ་སྤྲོད་རིགས་པའི་གཞུང་ལུགས་འཐུས་སྒོ་ཡོངས་སུ་ཚང་བ་ཞིག་མི་རིགས་སུ་ལ་ཡང་ཡོད་མི་སྲིད་ཅིང་། དེ་ཡང་དུས་ཕྱིས་ཙ་ནས་ཆད་པ་ཁ་གསབ་དང་། ཡོད་པ་རྒྱུན་འཛིན། མེད་པ་གསར་གཏོད་གོང་འཕེལ་གནང་བ་མིའི་རིགས་ཀྱི་བརྡ་སྤྲོད་རིག་པ་གོང་འཕེལ་འགྲོ་བའི་སྤྱི་སྲོལ་ཡིན་པས་སོ། དེ་མིན་ཐོན་མིའི་བརྡ་སྤྲོད་རིགས་པའི་གཞུང་གཞན་དྲུག་ནུབ་པའི་རྐྱེན་གྱིས། བརྒྱ་ལ་དེ་འབྲེལ་གྱི་ཤེས་བྱ་ཡོད་ཐང་ཡང་། དེ་རྣམས་བག་ལ་ཞ་བའི་ཚུལ་གྱིས་དེང་སྐབས་མཇལ་དུ་མེད་པས་གཅིག་གྱུར་གྱི་ལྟ་ཚུལ་ཞིག་བྱུང་མེད་པ་དང་། དེ་དང་འབྲེལ་ཡོད་ཀྱི་གཞལ་བྱ་ཁག་ལ་དཔྱད་ཞིབ་གནང་གལ་ཆེ་བར་བརྟེན་ནས། དཔྱད་དོན་མདོར་བསྡུས་ཤིག་ཞུ་ཁུལ་གྱི་རྩོམ་ཡིག་འབྲི་འདུན་སྐྱེས་ཤིང་། རང་མཉམ་གཞན་ལའང་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་བཟང་པོ་འདི་ཉིད་མི་ཉམས་གོང་དུ་སྤེལ་བ་དང་། ཆད་པ་ཁ་གསབ་ཀྱི་བྱ་བར་འཇུག་རིགས་པའི་སྐུལ་ལྕག་ཞུ་རྒྱུ་ཡིན།   
        གཉིས་པ། ལྦ་བཏགས་ཅན་གྱི་ཡི་གེའི་གྲངས་ངེས་ཀྱི་སྐོར།   
        སྤྱིར་བོད་ཀྱི་བརྡ་སྤྲོད་རིག་པ་སྨྲ་བའི་དྲན་དབང་དམ་པ་རྣམས་ལ་སྐབས་འདིར་བཞེད་ཚུལ་མི་གཅིག་པ་དུ་མ་མཆིས་ཏེ།《བརྡ་སྤྲོད་རྣམ་གཞག་》ལས། “ལྦ་བཏགས་ཅན་ནི་ཀྭ་ཁྭ་གྭ་ཅཱ་ཉྭ་ཏྭ་དྭ་རྩྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་སྭ་ཧྭ་བཅས་བཅུ་དྲུག་པོ་རྣམས་ཡིན་”⑩ཞེས་གསུངས་པ་དང་། 《སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་》ལས། “ལྦ་བཏགས་ཅན་ཀྭ་ཁྭ་གྭ་རྩྭ་ཉྭ་དྭ་ཏྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་སྭ་ཧྭ་བཅས་བཅོ་ལྔ་དང་”⑾ཞེས་གསུངས་པ་སོགས་ཀྱིས་མཚོན། ལྦ་བཏགས་ཅན་གྱི་ཡི་གེའི་གྲངས་ངེས་སྐོར་ལ་རང་ལུགས་འཇོག་གནང་མཛད་ཡོད། དེ་དག་སོ་སོར་ཡུལ་གངས་ཅན་པའི་བརྡ་ལ་འཇུག་པའི་དཔེར་བརྗོད་རེ་འགོད་རྒྱུ་ཡོད་རིགས་ཀྱང་། ཏྭ་ལྟ་བུ་བོད་སྐད་ཀྱི་དོན་ལ་འཇུག་པའི་མཚན་གཞི་ཞིག་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས། ཚན་རྩལ། ལོ་རྒྱུས་སོགས་མདོར་ན་བོད་ཡིག་གི་ཚད་ལྡན་ཡིག་རིགས་གང་ནས་འདྲེན་རྒྱུ་ཡོད། ཡོད་ན་དཔེར་བརྗོད་འཇོག་དགོས་ལ། མེད་ན་དེ་ལ་ལྦ་བཏགས་མི་ཐོབ་པ་རང་ཤུགས་ཀྱིས་ཁས་ལེན་དགོས་སོ། འོ་ན་སྭསྟི་དང་བོ་དྷི་ས་ཏྭ་ལྟ་བུ་ལ་ལྦ་ཟུར་ཡོད་དོ་སྙམ་ན། དེ་འཐད་མིན་ཞིབ་ཏུ་དཔྱོད་དགོས་ཏེ། དེ་ནི་ལེགས་སྦྱར་གྱི་མིང་སྟེ། སྒྲ་དང་གཟུགས། དོན་གསུམ་ག་སོར་བཞག་བས་པའི་ཐ་སྙད་ཅིག་ཡིན་པས་བོད་ཡིག་དང་ཀློག་ཚུལ་མི་འདྲ་ཞིང་། བོད་ཡིག་དང་བོད་སྐད་རྣལ་མའི་ལྦའི་འདོགས་ཅན་རྣམས་ཀྱི་ཀློག་ཚུལ་ནི་མཁས་གྲུབ་ཁྲ་ཚང་བ་བློ་གྲོས་མཆོག་གི་རྡོ་རྗེས། “ལེགས་སྦྱར་མ་གཏོགས་བོད་ཡིག་ལ། །ལྦ་ཡི་འདོགས་ནི་མི་ནོར་བའི། །མཚན་མ་ཙམ་ལས་སྒྲ་མི་འཇུག །”ཅེས་གསུངས་པ་ལྟར་རོ། ཞིབ་ཏུ་དཔྱད་ན། ས་ཡིག་སྔོན་འཇུག་ཅན་ལ་ལྦ་བཏགས་འཇུག་པ་ཉུང་ཤས་ཡོད་དེ། ཀི་ཀི་བསྭོ་བསྭོ་ལྟ་བུ་ནི་བོད་རང་གི་སྐད་གཤིས་ལ་ཡོད་པའི་བརྡ་དང་ཐ་སྙད་ཡིན་མོད། ས་ཡིག་རྐྱང་པ་ལ་ལྦ་བཏགས་འཇུག་པ་རྙེད་དཀའ་ཚོད་དུ་སྣང་བས་མུ་མཐུད་དཔྱད་པར་བྱའོ། གལ་ཏེ་གཉུག་མའི་བོད་སྐད་དང་བོད་ཡིག་གི་ཐ་སྙད་ཡིན་ན། ས་ཡིག་རྐྱང་པ་ལ་ལྦ་བཏགས་ཅན་གྱི་སྭ་ཡིག་འདི་དང་། ཏ་ཡིག་ལ་ལྦ་བཏགས་ཅན་གྱི་ཏྭ་ཡིག་གཉིས་ཀྱི་མིང་གཞིའི་སྒྲ་ལས་འདོན་མི་རིགས་ཀྱང་། སྭསྟི་དང་བོ་དྷི་ས་ཏྭ་གཉིས་ལ་ལྦའི་ང་རོ་དངོས་སུ་འཇུག་པས། ལེགས་སྦྱར་དང་བོད་ཡིག་གཉིས་གཅིག་ལ་གཅིག་འདྲེས་ཀྱིས་གྲངས་འདྲེན་བྱས་ན་ག་ལ་འཐད། འདི་གཉིས་ཡིག་རིགས་མི་འདྲ་བ་གཉིས་ཡིན་པའི་གནད་ཀྱིས་སོ། དེ་བཞིན་ཅ་ཡིག་ལ་ལྦ་ཟུར་གྱི་ཡི་གེ་ཡོད་ན། བོད་ཡིག་གི་གསུང་རབ་སོགས་ནས་དཔེར་བརྗོད་འཇོག་རིགས་ཏེ། བཅཱ་ལྔ་བཅཱ་བརྒྱད་ལྟ་བུའི་འབྲི་ཚུལ་ནི་ཁྱབ་ཆུང་ལ་ཚད་ལྡན་དག་ཡིག་སོགས་བརྡ་དག་གི་གཞུང་ཕལ་མོ་ཆེར་མི་སྣང་ཞིང་། སྔོན་ཆད་བྲིས་པ་ཐོར་བུ་ཡོད་རིགས་རྣམས་སླད་བཅོས་ཏེ་ལྦ་བཏགས་མེད་པར་གཏན་ལ་ཕབ་ཡོད། གལ་ཏེ་ཨུ་ཚུགས་ཀྱིས་ཡོད་པར་འདོད་ཀྱང་ལྦ་བཏགས་འབྲི་བའི་དགོས་པ་ཡེ་མི་འགྲུབ་སྟེ། སྔོན་རྗེས་དང་མིང་གཞི། ཡང་འཇུག་བཅས་ཀྱི་ཡི་གེ་ཕན་ཚུན་མི་ནོར་བའི་ཆེད་དུ་བྲིས་པ་ཡང་མ་ཡིན་ལ། ལྦ་ཟུར་བཏགས་ནས་དེ་མེད་པའི་སྐབས་ལས་དོན་གྱི་ཁྱད་པར་གཞན་གསལ་བར་མི་བྱེད་ཅིང་། ལྦ་ཟུར་ཡོད་ཀྱང་གཉུག་མའི་བོད་སྐད་ལ་བཅོ་ལྔ་དང་བཅོ་བརྒྱད་ལྟ་བུར་སྒྲ་གདངས་ཀྱི་ཁྱད་པར་ལས་གཞན་གསལ་བར་བྱེད་མི་དགོས་པས། བཅོ་ལ་ལྦ་བཏགས་མི་ཐོབ་སྟེ། 《དག་ཡིག་ངག་སྒྲོན་》ལས། “དགུ་བཅུ་བཅོ་ལྔ་བཅོ་བརྒྱད་བཅོས། །བཅོས་བུའི་རས་སོགས་བས་འཕུལ་ཅའོ། །”⑿ཞེས་ཡང་དག་པར་གཏན་ལ་ཕབ་པ་དང་འགལ་ལོ། སྔོན་ཆད་ཀྱི་གཞུང་འགར་བཅཱ་ལྔ་དང་། བཅཱ་བརྒྱད་ཅེས་བྲིས་པ་དག་ལེགས་སྦྱར་སོར་བཞག་གི་སྒྲའི་ང་རོ་འཇུག་ཚུལ་རྒྱས་འགེབས་ཐལ་ཆེ་བས། ཕྱིས་བྱོན་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་བཅོ་ལྔ་བཅོ་བརྒྱད་ཅེས་གཅིག་གྱུར་དུ་གཏན་ལ་འབེབས་དགོས་བྱུང་བ་ཡང་གནད་འདི་ལ་ཐུག་པའོ།   
        དུང་དཀར་བློ་བཟང་འཕྲིན་ལས་དང་དམུ་དགེ་བསམ་གཏན་མཆོག་ཟུང་གིས་《གསེར་ཏོག་སུམ་རྟགས་》ཀྱི་དགོངས་པ་དང་མཐུན་པར་ལྦ་བཏགས་ཅན་བཅུ་གཉིས་ནི་ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་བཅས་ཡིན་པར་གསུངས་ཡོད་ཀྱང་། སྦྲ་གསར་ཚང་གིས་མཛད་པའི་《བརྡ་དག་རིན་ཆེན་གཏེར་ཁྱིམ་》ལས། “་ཛྭ་དམར་ཛ་ལ་རམ་དང་ཛམ་བྷ་ལ། །ཛ་ཏ་ཛྭ་ལ་(ཛ་བ་) ཛ་ཊི་ཛ་མུན་ཊ། །ཛ་སྟི་ཛྭ་ཟོན་ཛ་ཧུ་ཛ་ཛཱ་དང་། །”⒀ཞེས་ཛ་ཡིག་ལྦ་བཏགས་ཅན་གྱི་འཇུག་ཚུལ་གསལ་པོར་གསུངས་འདུག་པས། དེ་ནི་བོན་གྱི་མཁས་པས་མཛད་པའི་གཞུང་ཡིན་ལ། དོར་དུ་མི་རུང་བའི་ཡུལ་གངས་ཅན་པའི་བརྡ་ལགས་ན། ཛ་ཡིག་ལྦ་ཟུར་ཅན་འདི་ཆད་པའི་སྐྱོན་མི་འཇུག་པ་ཅི་ལ་སྲིད། 《གསེར་ཏོག་སུམ་རྟགས་》ལས། སུམ་བརྩེགས་ཅན་བཅུ་ཡི་སྐབས་སུ་རྒྭ་རྩྭ་ཕྱྭ་གྲྭ་བཅས་གསུངས་འདུག་ཀྱང་རྒ་ལ་ལྦ་བཏཊ་ཐོབ་ན། དེ་དོན་དཔེར་བརྗོད་ཅིག་མེད་པ་མི་སྲིད་ཀྱང་། དེ་མེད་པ་ཅི་ལགས་ཞེས་དོགས་པ་ཁོང་སློང་གི་ཚུལ་དུ་ཞུའོ། གཞན་ཡང་། ལྦ་བཏགས་ཅན་གྱི་ཡི་གེ་བཅུ་གཉིས་ཞེས་པ་ཙམ་ལས་ལྦ་བཏགས་ཅན་གྱི་ཡི་གེ་ཞེས་པ་ལྦ་ཟུར་ཡོད་ཚད་ལ་ཟེར་རམ། ཡང་ན་རྐྱང་པའི་ཡི་གེ་ལྦ་བཏགས་ཡོད་རིགས་ཙམ་ལ་ཟེར་བ་གང་ཡིན་ཞིབ་ཕྲའི་གསལ་ཁ་མ་བཏོད་ན། ཕྱྭ་དང་གྲྭ རྩྭ། དྭ། ཀྭང་། ཀི་ཀི་བསྭོ་བསྭོ། ཀྭན་སོགས་ཀྱང་ལྦ་བཏགས་ཅན་གྱི་ཡི་གེར་མི་འདོད་པའི་སྐྱོན་མི་འཇུག་པ་ཅི་ལ་སྲིད།   
        གཞན་ཡང་《རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས་》ཀྱི་《སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་》རུ། “ལྦ་བཏགས་ཅན་ནི་ཀྭ་ཁྭ་གྭ་རྩྭ་ཉྭ་དྭ་ཏྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་སྭ་ཧྭ་བཅས་བཅོ་ལྔ་”⒁ཞེས་སྤྱི་སྡོམ་དུ་དེ་ཙམ་བཞེད་པ་ལས་ཞིབ་ཕྲའི་གསལ་ཁ་ཅི་ཡང་མ་བཏོད་ཅིང་། ཏྭ་ཡིག་གོང་ཞུས་བཞིན་དང་། རྩྭ་ཡིག་ལྦ་བཏགས་ཅན་གྱི་གྲས་སུ་གྲངས་འདྲེན་མཛད་ན། གྲྭ་དང་ཕྱྭ་ཡང་ཅིའི་ཕྱིར་ལྦ་བཏགས་ཀྱི་ཡི་གེའི་གྲས་སུ་གྲངས་འདྲེན་མི་མཛད་དམ། མཛད་ན་ལྦ་བཏགས་ཅན་གྱི་ཡི་གེ་བཅོ་ལྔའི་གྲངས་ལས་འགལ་བ་མངོན་སུམ་མ་ཡིན་ནམ་ཞེས་ཞུའོ།   
        དེས་ན་སྐབས་འདིར་བོད་སྐད་གཉུག་མའི་གཤིས་ཀྱི་བརྡ་དང་ཐ་སྙད་ཀྱི་མིང་གཞི་རྐྱང་པ་ལ་ལྦ་བཏགས་ཐོབ་པ་བཅུ་གསུམ་ཡིན་ཏེ། ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཛ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་བཅས་དང་། དེ་མིན་སྒྲ་དང་དོན་གྱི་ཁྱད་པར་གཞན་དང་གཞན་སྟོན་སླད་དུ་གྲྭ་རྩྭ་ཕྱྭ་བཀྭན་མྱྭ་འྭང་ཀྭག་སོགས་སྐབས་ཐོབ་ཀྱིས་ལྦ་ཟུར་ཅི་རིགས་སྦྱོར་རིགས་ཀྱི། ཚད་འདི་ཙམ་ཁོ་ནའོ་ཞེས་མཐའ་གཅིག་ཏུ་ངེས་བཟུང་དཀའ་སྟེ། བོད་ཀྱི་རིག་གནས་ཀྱང་འཛམ་གླིང་མི་རིགས་གཞན་གྱི་རིག་གནས་དང་སྤེལ་རེས་བྱེད་པའི་དགོས་མཁོའི་དབང་གིས། སྒྲའི་ཁྱད་པར་གཞན་དང་གཞན་ཅི་རིགས་གསལ་བ་ལ་སྐབས་ཐོབ་ཀྱིས་སྦྱོར་ཆོག་པ་ཡིན་པ་དཔེར་ན། 《ཁྲང་ཆིང་མཐུན་འབྲེལ་རྡོ་རིང་》ལས།“རྒྱའི་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ་”⒂ཞེས་བྱུང་བ་ལྟ་བུ་དང་། ཀྲུང་ཧྭ། ཧྭ་ཤང་། ཐུའུ་བཀྭན་སོགས་སྐབས་ཐོབ་ཀྱིས་ཅི་རིགས་པར་སྦྱོར་ཆོག་པ་དངོས་སྤྱོད་ཀྱི་ཡི་གེའི་སྣང་ཚུལ་ལས་རྗེས་སུ་དཔོག་ནུས།  
        གསུམ་པ། ལྦ་བཏགས་ཅན་གྱི་ཡི་གེའི་སྒྲའི་ང་རོ་འཇུག་ཚུལ་དང་ཀློག་སྟངས་ཀྱི་སྐོར།   
        དེ་ཡང་མཁས་གྲུབ་ཁྲ་ཚང་བ་བློ་གྲོས་མཆོག་གི་རྡོ་རྗེས།“ལེགས་སྦྱར་མ་གཏོགས་བོད་ཡིག་ལ། །ལྦ་ཡི་འདོགས་ནི་མི་ནོར་བའི། །མཚན་མ་ཙམ་ལས་སྒྲ་མི་འཇུག །”ཅེས་དང་།རྗེ་བཙུན་ཤར་ཆེན་ངག་དབང་ཚུལ་ཁྲིམས་མཆོག་གིས་ཀྱང་།“དེ་དག་ལ་ང་རོ་དབྱུང་ཚུལ་ཐུན་མོང་མ་ཡིན་པ་མེད་པ་ནི་གྲགས་ཤིང་གྲུབ་པ་ཡིན་”⒃ཞེས་གསུངས་པ་བཞིན། བསྡུས་ཀློག་གི་སྐབས་སུ་གཉུག་མའི་བོད་སྐད་ཀྱི་མིང་གཞི་རྐྱང་པ་ལ་ལྦ་བཏགས་ཐོབ་པ་བཅུ་གསུམ་དང་། དེ་བཞིན་བོད་རང་གི་བརྡ་ལ་རང་ཆས་སུ་ཡོད་པའི་དྭངས་ཕྱྭ་རྩྭ་གྲྭ་སོགས་ནི་འདོགས་ཅན་ཡོད་ཀྱང་རུང་མེད་ཀྱང་ཆོག དོན་གྱི་ཁྱད་པར་དང་སྔོན་རྗེས་མིང་གཞི་ཡང་འཇུག་གི་ཡི་གེ་རྣམས་ཕན་ཚུན་མི་ནོར་བའི་ཆེད་དུ་མཚན་མ་བཏགས་པ་ཙམ་དང་། དོན་གྱི་ཁྱད་པར་གཞན་སྟོན་པའི་སླད་དུ་ལྦ་ཟུར་བཏགས་པ་ཙམ་ཡིན་པས། སྒྲ་གདངས་ལ་འགྱུར་བ་མངོན་གསལ་ཅི་ཡང་མེད། མཁས་དབང་དབྱངས་ཅན་ངག་དབང་མཆོག་གིས་ཀྱང་།  “དེ་བཞིན་དུ་ལྦའི་འདོགས་བཤད་པ་འདི་ཡང་འདོགས་ཀྱི་མིང་བཏགས་པ་ཙམ་ཞིག་སྟེ་རྩ་བའི་དངོས་ཤུགས་ཀྱིས་མ་ཟིན་ཅིང་། འདོགས་དངོས་ཡིན་ན་ཡ་ར་ལ་གསུམ་ལྟ་བུའི་ང་རོ་འདོན་སྟངས་ཤིག་དགོས་རྒྱུར་སྣང་ཡང་ཀྭ་དང་ཀ ཁྭ་དང་ཁ གྭ་དང་ག དྭ་དང་ད། ཚྭ་དང་ཚ། ཞྭ་དང་ཞ། ཟྭ་དང་ཟ་སོགས་དང་། གཞན་ཡང་གྲྭ་དང་གྲ ཕྱྭ་དང་ཕྱ། རྩྭ་དང་རྩ་སོགས་མང་པོ་ཞིག་ལ་འདོགས་ཉིས་བརྩེགས་ཀྱང་མཐོང་མོད། དེ་དག་ལ་ང་རོ་དབྱུང་ཚུལ་ཐུན་མོང་མ་ཡིན་པ་མེད་པ་ནི་གྲགས་ཤིང་གྲུབ་པ་ལྟར་ཡིན་”⒄ཞེས་གསུངས་པ་ལྟར། གོང་གི་ལྦ་བཏགས་ཅན་དེ་རྣམས་བསྡུས་ཀློག་གི་སྐབས་སུ་སྒྲ་ཡི་ང་རོའི་ཁྱད་པར་མི་འཇུག་ཀྱང་། སྦྱོར་ཀློག་གི་ཚེ་ན་ཀྭ་དང་གྭ་ལྟ་བུ་ལ་རིམ་བཞིན་ཀ་ལྦ་ཟུར་ཀྭ་དང་། ག་ལྦ་ཟུར་གྭ་ཞེས་སྒྲ་འདོན་དགོས་པ་གཞན་རྣམས་ཀྱང་མཚུངས་ཤིང་། ཕྱྭ་དང་རྩྭ་ལྟ་བུ་བརྩེགས་འདོགས་ཅན་རྣམས་ཕ་ཡ་བཏགས་ཕྱ་ལྦ་ཟུར་ཕྱྭ་ཞེས་དང་། ར་ཙ་བཏགས་རྩ་ལྦ་ཟུར་རྩྭ་ཞེས་ཀློག་དགོས་པ་ཡིན། དེ་ནི་སྦྱོར་ཀློག་གི་ཚེ་བརྡ་དག་གི་འགྲོ་ལུགས་བློ་ལ་བྱང་ཞིང་། སྦྱོར་ཀློག་བྱེད་པ་དང་ཆབས་ཅིག་དག་ཆ་ཡང་བློ་ངོར་བྱང་ཞིང་མི་ནོར་བའི་དགེ་ཕན་བདོག་པས་ཡིན།   
        དེ་མིན་བོད་རང་གི་བརྡ་ལ་གནའ་ནས་རང་ཆས་སུ་མེད་པར་མི་རིགས་གཞན་གྱི་ཆེད་སྤྱོད་བརྡ་ཆད་ཁག་ལོ་ཙཱ་བྱེད་ཚེ་མིང་ཚིག་གི་བསྟན་དོན་བསྒྱུར་ན་ཡིད་གོལ་ཞིང་། ཚིག་མི་བདེ་བ་དང་། ཚིག་དོན་འོལ་སྤྱི་ཙམ་བསྒྱུར་ཐུབ་ཀྱང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་ངེས་པ་ལྷག་པར་འདྲེན་མི་ནུས་པའི་རིགས་རྣམས་སྒྲ་སོར་བཞག་གིས་བསྒྱུར་བ་ལ་ལྦ་བཏགས་ཡོད་ཕྱིན། ཀློག་པའི་ཚེན་མ་ཡིག་གི་ཡི་གེའི་སྒྲ་ཟུར་ཕྱིན་པར་ཐོན་པའི་དགོས་པ་ཁྱད་པར་ཅན་མཆིས་ཏེ། དཔེར་ན་རྒྱ་རྗེ་ཧྭང་ཏེ་皇帝ལྟ་བུ་ལ་ཧང་ཏེ་ཞེས་བྲིས་ན། མ་ཡིག་གི་སྒྲ་ཟུར་ཆག་ནས་སྒྲའི་གདངས་ཇི་མ་ཇི་བཞིན་ཐོན་མི་ཐུབ་པའམ་མ་ཡིག་གི་སྒྲ་དང་ཐག་མི་ཉེ་བས། རྒྱ་སྐད་ཀྱི་皇 ཞེས་པའི་སྒྲའི་ཟུར་དཔྱིས་ཕྱིན་པར་ཐོན་ཞིང་། མ་ཡིག་གི་སྒྲའི་གྲ་མི་ཆག་ལ་གྲུ་མི་ཉམས་པའི་སླད་དུ་ལྦ་བཏགས་བྲིས་པ་ཡིན་པས། སྐབས་འདིར་ཀློག་ཚུལ་གྱི་སྒྲ་ལ་འདོགས་ཅན་ལྦའི་ང་རོ་བལྟོས་བཅས་མངོན་གསལ་གྱིས་འཇུག་དགོས་པ་ཤེས་གལ་ཆེའོ། དེས་ན་ལྦ་བཏགས་ཅན་དེ་དག་ལ་“ང་རོ་དབྱུང་ཚུལ་ཐུན་མོང་མ་ཡིན་པ་མེད་པ་ནི་གྲགས་ཤིང་གྲུབ་པ་ཡིན་”ཞེས་པའང་ལྦ་ཟུར་ཡོད་ཚད་ལ་ཁྱབ་མཉམ་དུ་གོ་བ་བླངས་ན། བོད་ཡིག་གི་ལག་ལེན་དངོས་དང་འགལ་བའི་ཆ་ཞིག་མཆིས་པས། དེ་ནི་བོད་རང་གི་སྐད་གཤིས་ལ་རང་ཆས་སུ་མངའ་བའི་གཉུག་མའི་བརྡ་དང་ཐ་སྙད་ལ་ལྦ་བཏགས་ཡོད་པའི་རིགས་ལ་དགོངས་པས། རྣམ་དབྱེ་ལེགས་པར་ཕྱེ་སྟེ་གོ་བ་ལེན་དགོས་པ་མ་ཟད། དཔྱོད་ལྡན་དག་གིས་བློ་གཟུ་བོར་གནས་པ་དང་ཞིབ་ཆ་མཛད་དེ་དཔྱོད་དགོས་སོ།   
        བཞི་པ། ལྦ་ཟུར་རྒྱག་པའི་དགོས་པ་དང་རྒྱུ་མཚན་གྱི་སྐོར།   
        གཅིག སྔོན་རྗེས་མིང་གཞི་ཡང་འཇུག་བཅས་ཀྱི་ཡི་གེ་རྣམས་ཕན་ཚུན་མི་ནོར་བའི་ཆེད་དུ་ཡིན་པ། རང་རེའི་བོད་ཡིག་གི་ནང་དུ་དྭངས་དང་དྭགས་ལྟ་བུར་ལྦ་བཏགས་ཡོད་པ་ནི་ད་ཡིག་མིང་གཞི་ཡིན་པ་ངོས་འཛིན་བདེ་ཞིང་། སྔོན་རྗེས་མིང་གཞིའི་ཡི་གེ་ཕན་ཚུན་འཁྲུལ་བ་སྤོང་བའི་ཆེད་དུ་ཡིན། ཅི་སྟེ་དངས་དང་དགས་ཞེས་བྲིས་ན་ད་ཡིག་སྔོན་འཇུག་དང་། ང་དང་ག་གཉིས་མིང་གཞིར་ངོས་བཟུང་སྟེ། ཀློག་པའི་ཚེ་ནོར་ཉེན་ཡོད་པ་དེ་སྤོང་བའི་ཆེད་དུ་ལགས་སོ། དོན་འདི་ལ་དགོངས་ནས་མཁས་གྲུབ་ཁྲ་ཚང་བ་བློ་གྲོས་མཆོག་གི་རྡོ་རྗེས།“ལེགས་སྦྱར་མ་གཏོགས་བོད་ཡིག་ལ།། ལྦ་ཡི་འདོགས་ནི་མི་ནོར་བའི། །མཚན་མ་ཙམ་ལས་སྒྲ་མི་འཇུག །”ཅེས་གསུངས་ཤིང་། སྒྲའི་འགྱུར་བ་གང་ཡང་མེད་པ་ཡང་གནད་འདི་ལ་ཡང་དག་པར་འབྱོར་བས། འདི་ཙམ་དུ་ཚད་འཛིན་འོས་ཀྱི། ལྦ་བཏགས་ཡོད་དོ་ཅོག་ལ་སྤྱི་འབམས་སུ་རིགས་འགྲེ་ཐལ་ཆེ་མི་རུང་ངོ་། འོ་ན་བབས་ལྟ་བུའི་མིང་གཞིར་སྔོན་རྗེས་མིང་གཞིའི་ཡི་གེ་ཕན་ཚུན་འཁྲུལ་བ་སྤོང་བའི་སླད་དུ་ལྦ་བཏགས་མི་ཐོབ་པ་ཅི་ཡིན་ཞེ་ན། དེ་ལ་གོང་གི་དྭངས་ལྟ་བུའི་འཁྲུལ་ཉེན་མེད་དེ། བབས་ལྟ་བུར་བ་སྔ་ཕྱི་གཉིས་ལས་སྔ་མ་མིང་གཞི་དང་། ཕྱི་མ་རྗེས་འཇུག་ཡིན་པ་ཤེས་སླ་སྟེ། 《རྟགས་ཀྱི་འཇུག་པ་》ཡི་རྩ་བར། “རང་གི་སྡེ་དང་འཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུམ །མ་ནིང་མོ་ཡང་དེ་བཞིན་ནོ། །”ཞེས་སྡེ་པ་གཅིག་པའི་མིང་གཞིའི་ཡི་གེའི་སྔོན་དུ་རང་སྡེ་གཅིག་པའི་སྔོན་འཇུག་གི་ཡི་གེ་མི་ཐོབ་པར་གསུངས་པའི་ཕྱིར། གཞན་ཡང་། སངས་དང་ལགས་སོགས་ཀྱི་མིང་གཞིར་ལྦ་བཏགས་མེད་པ་ཡང་སྔ་མ་སྔོན་འཇུག་མ་ཡིན་པས།  འཁྲུལ་བའི་གནད་མེད་པ་ལ་དགོངས་སོ།   
        གཉིས། དོན་གྱི་ཁྱད་པར་གཞན་གསལ་བར་བྱེད་ཆེད་དུ་ཡིན་པ། དེ་ཡང་ཀྭ་ལ་ལྦ་བཏགས་ཡོད་པ་ནི་ཀ་བའི་ཀ་དང་དོན་གྱི་ཁྱད་པར་འབྱེད་སླད་དུ་ཡིན་པ་དང་།  ཁྭ་ལ་ལྦ་བཏགས་ཡོད་པ་ནི་སྨྲ་བའི་ཁ་དང་ཁྭ་ཏའི་ཁྭ་ཡི་ཁྱད་པར་འབྱེད་ཆེད་དུ་ཡིན་པ། གྭ་ལ་ལྦ་བཏགས་ཡོད་པ་ནི་ཕྱུགས་གྭ་པའི་གྭ་དང་དགོད་པའི་ག་ཞ་སོགས་དང་ཁྱད་པར་འབྱེད་ཆེད་དུ་ཡིན་པ། དྭ་ལ་ལྦ་བཏགས་ཡོད་པ་ནི་དྭ་ཕྲུག་གི་དྭ་དང་དུས་ཀྱི་ད་ཡི་ཁྱད་པར་འབྱེད་སླད་དུ་ཡིན་པ། ཚྭལ་ལྦ་བཏགས་ཡོད་པ་ནི་ཚ་གྲང་གི་ཚ་དང་ཟ་རྒྱུའི་ཚྭ་ཡི་ཁྱད་པར་འབྱེད་ཆེད་དུ་ཡིན་པ། ཞྭ་ལ་ལྦ་ཟུར་ཡོད་པ་ནི་ཞ་ལོང་གི་ཞ་དང་ཞྭ་མོའི་ཞྭ་ཡི་ཁྱད་པར་འབྱེད་སླད་དུ་ཡིན་པ། ཟྭ་ལ་ལྦ་བཏགས་ཡོད་པ་ནི་བཟའ་བཏུང་གི་ཟ་དང་སྔོའི་ཟྭའམ་ཟྭ་ཚོད་ཀྱི་ཟྭ་ཡི་ཁྱད་པར་འབྱེད་ཆེད་དུ་ཡིན་པ། གཞན་ཡང་གྲྭ་ལ་ལྦ་ཟུར་ཡོད་པ་ནི་སྤུའི་གྲ་ལས་དོན་གྱི་ཁྱད་པར་གཞན་སྟོན་ཆེད་དུ་ཡིན་པ། ལུས་ཀྱི་རྩ་ལས་ཁྱད་པར་འབྱེད་ཕྱིར་རྩྭ་ཆུའི་རྩྭ་ལ་ལྦ་བཏགས་ཡོད་པ། དེ་བཞིན་ཕྱྭ་གཡང་གི་དོན་གསལ་བར་སྟོན་སླད་ཕྱ་ལ་ལྦ་བཏགས་འཇུག་པ་སོགས། དེ་རྣམས་ནི་རང་འདྲའི་ཡི་གེ་གཞན་དང་མི་ནོར་བའི་ཆེད་དམ་དོན་གྱི་ཁྱད་པར་གཞན་གསལ་ཕྱིར་ལྦ་བཏགས་ཐོབ་པ་ཡིན་ཞིང་། འདོགས་ཅན་གྱི་བྱེད་ནུས་ལས་དོན་གྱི་ཁྱད་པར་གཞན་ཞིག་གསལ་བར་བྱེད་པའི་སླད་དུ་འཇུག་པ་ཡིན། འོ་ན་སུམ་ཅུ་པའི་རྩ་བར། “རྗེས་འཇུག་བཅུ་པོ་མ་བཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །”ཅེས་མ་གསུངས་སམ། འདིར་ལྦ་བཏགས་བཞུགས་པས་དོན་གྱི་ཁྱད་པར་སྟོན་པ་ཅི་ཞེ་ན། དོན་གྱི་ངོ་བོ་དང་ཁྱད་པར་སོགས་སྟོན་པ་ལ་རྗེས་འཇུག་གིས་ནུས་པ་ཁྱད་པར་ཅན་འདོན་ཡང་། དེ་ནི་རྗེས་འཇུག་ཁོ་ནའི་ནུས་པས་མ་ཡིན་ཏེ། དོན་སྟོན་ཚད་རྗེས་འཇུག་འབའ་ཞིག་གི་ནུས་པས་ཡིན་ན། སྔོན་འཇུག་མིང་གཞི་མགོ་འདོགས་ཡང་འཇུག་དབྱངས་དང་བཅས་པའི་ཡི་གེའི་སྦྱོར་བ་གཞན་རྣམས་མི་མཁོ་བའི་སྐྱོན་རང་ཐོག་ཏུ་འབབ་བོ།   
        གསུམ། སྒྲ་སྒྱུར་གྱི་སྐབས་སུ་མ་ཡིག་གི་སྒྲ་གདངས་ཇི་བཞིན་མཚོན་སླད་དུ་ཡིན་པ། ཐུའུ་བཀྭན་ལྟ་བུ་ལ་ཐུའུ་བཀན་ཞེས་བྲིས་ན། རྒྱ་ཡིག་གི་土官 ཞེས་པའི་官 ཡི་སྒྲའི་ཟུར་ཉམས་ཤིང་ཆག་ནས་སྒྲ་གདངས་ཇི་བཞིན་མི་ཐོན་པས། མ་ཡིག་གི་སྒྲ་ཟུར་ཕྱིན་པར་ཐོན་པའི་སླད་དུ་ལྦ་བཏགས་བྲིས་པ་ཡིན་ཞིང་། 中华ལ་ཀྲུང་ཧ་ཞེས་ཐད་ཀར་བྲིས་ན། 华དང་ཧ་ཡི་སྒྲ་གཉིས་ལ་ཁྱད་པར་ཆེ་བས། མ་ཡིག་གི་སྒྲ་ཟུར་ཕྱིན་ལ་མ་ཉམས་པར་ལེགས་པར་ཐོན་སླད་ཧ་ལ་ལྦ་ཟུར་ཆེད་དུ་བྲིས་པ་ལགས། དེས་ན་ལྦ་བཏགས་ཅན་གྱི་ཡི་གེ་ཐམས་ཅད་རང་འདྲའི་ཡི་གེ་གཞན་དང་མི་ནོར་བའི་མཚན་མ་ཙམ་ལས་སྒྲ་ཡི་ང་རོ་ཡེ་མི་འཇུག་ཅེས་གསུངས་ན། དེ་ནི་མངོན་སུམ་ལ་བསྙོན་འདིང་བ་ཞིག་ཡིན་ཏེ། བོད་ཡིག་ནང་མཐོང་ཆོས་སུ་གྱུར་བའི་ཧྭང་ཏེ་(皇帝)དང་། མྱྭ་ཀགས་ལ་བོང་། རྒྱའི་ཕོ་ཉ་ཀྭག་ཅུང་ལང་། རྒྱའི་མཁར་དར་ཁྭ་ཧན། མྱྭ་ནག་པོ། དོང་ཀྭན།(潼关) ཧྭ་ཤང་།(和尚) ཧུང་ཧྭ་ཀོང་ཇོ་(弘化公主)སོགས་སྒྲ་སྒྱུར་གྱི་སྐབས་མ་ཡིག་གི་སྒྲ་སོར་བཞག་བས་པའང་མ་ཡིག་གི་སྒྲ་གདངས་ཀྱི་ཟུར་མི་ཉམས་པར་སྒྲ་དག་ཅིང་གསལ་ལ་ཟུར་ཕྱིན་པའི་སྒོ་ནས་ཇི་མ་ཇི་བཞིན་ཐོན་སླད་ཡིན་པས། སྔར་གྱི་སྐྱེས་མཆོག་ལོ་པཎ་ཚོ་དང་ཡིག་འབྲི་མཁན་པོ་དག་གིས་མ་ཡིག་ཁུངས་བཙན་པར་འཛིན་པའི་ཚུལ་ནི་འདི་ལྟ་བུ་ལགས་ན། དུས་ཚོད་ཡུན་རིང་འདས་ནས་བུ་ཡིག་ཀློག་པའི་ཚེ། དེ་ལྟ་བུ་ལ་མ་ཡིག་གི་ས་མིང་མི་མིང་རྣམས་མི་འཁྲུལ་བར་ཇི་ལྟ་བ་བཞིན་དུ་ངོ་འཕྲོད་པའི་དགེ་མཚན་བླ་ན་འཕགས་པ་མངའ་འོ། དེ་ཡང་ལོ་ཙཱའི་སྐབས་སྒྲ་ཟུར་ཆག་པའི་སྒོ་ནས་སྒྱུར་ཚུལ་ཡོད་མོད། དེ་ནི་བུ་ཡིག་གི་སྐད་བརྡས་ཡེ་མ་འདང་བའི་འུ་ཐུག་གི་བྱ་ཐབས་ཤིག་ཡིན་གྱི། ངག་ཏུ་བརྗོད་བདེ་ལ་སྒྲ་ཟུར་ཕྱིན་པར་ཐོན་ཕྱིན་དེ་བཞིན་བསྒྱུར་རིགས་ཏེ། ཆོས་རྗེ་ས་པཎ་གྱིས་སྒྲ་གཟུགས་དོན་གསུམ་གྱི་འགྱུར་སྐྱོན་གསུངས་ཤིང་། ལོ་ཙཱ་བ་ནི་ནེ་ཙོ་ལྟ་བུ་ཞེས་དཔེ་ཡི་སྒོ་ནས་བསྟན་གནང་བ་ལས་ལེགས་པར་དཔོག་ནུས་ལ། 《སྒྲ་སྦྱོར་བམ་པོ་གཉིས་པ་》 ལས་ཀྱང་།“གོ་ཏ་མ་ལྟ་བུའི་གོའི་སྒྲ་ལས་ཚིག་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། བ་ལང་དང་། མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང་། ཀོ་ཤི་ཀ་ལྟ་བུ་རྩྭ་ཀུ་ཤ་ཐོགས་པ་དང་། མཁས་པ་དང་། པད་མ་ལ་དགའ་བ་དང་། འུག་པ་དང་། མཛོད་ལྡན་ལ་སོགས་པ་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན། སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ་བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་དེ་ཀུན་འདུར་མི་གཏུབ་སྟེ། གཅིག་ཏུ་ཆད་པར་བར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག་”⒅ཅེས་དང་།“ཡུལ་དང་། སེམས་ཅན་དང་། མེ་ཏོག་དང་། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་བ་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག་”⒆ཅེས་སོ་ན་སྟེ། རང་སོར་འཇོག་དགོས་པར་གསུངས་པ་སོགས། སྒྲ་ཟུར་ཕྱིན་པར་ཐོན་ཕྱིན་ཆེད་དུ་ཟུར་ཆག་གི་སྒོ་ནས་སོར་བཞག་བྱེད་མི་དགོས་པས་སོ།   
        ལྔ་པ། ལྦ་བཏགས་ཅན་གྱི་ཡི་གེར་དབྱངས་ཀྱི་ཡན་ལག་བཞི་ལས་གང་རུང་ཐོབ་མིན་གྱི་སྐོར།   
        བོད་ཡིག་གི་འབྲི་རྒྱུན་འགའ་ཞིག་ནང་དོགས་པ་དང་དོགས་གཅོད། བཅྭོ་ལྔ། བཅྭོ་བརྒྱད་ཅེས་སམ། ཡང་ན་བཅཱ་ལྔ་བཅཱ་བརྒྱད་ཅེས་ལྦ་བཏགས་ཅན་གྱི་ཡི་གེར་དབྱངས་ཡིག་འཇུག་པའི་འབྲི་སྲོལ་ཞིག་མཆིས་ཀྱང་། སྔོན་དང་ད་ལྟའི་དག་ཡིག་ཚད་ལྡན་རྣམས་སུ་འབྲི་སྲོལ་དེ་འདྲ་མེད་པར་གཅིག་གྱུར་གྱིས་དོགས་པ་དང་དོགས་གཅོད། བཅོ་ལྔ། བཅོ་བརྒྱད་ཅེས་གཏན་ལ་ཕབ་པ་ནི་ལེགས་བཤད་དུ་སྣང་སྟེ། དེ་དག་ལ་ལྦ་ཟུར་རྒྱག་པའི་དགོས་པ་མི་འགྲུབ་སྟེ། དོགས་ལྟ་བུར་དབྱངས་ཡིག་ན་རོ་ཡོད་པས། སྔོན་རྗེས་མིང་གཞི་ཕན་ཚུན་མི་ནོར་ལ། རང་འདྲའི་ཡི་གེ་གཞན་དང་ཡང་མི་ནོར་བའི་ཕྱིར། སྐབས་འདིར་བོད་ཀྱི་ཁ་སྐད་ལ་བརྟག་ཀྱང་ལྦ་ཟུར་གྱི་སྒྲའི་ང་རོ་འཇུག་པའི་ཚུལ་ནི་དེ་བས་ཀྱང་མི་སྲིད་པས། གོང་གི་ཡི་གེ་དེ་དག་ལ་ལྦ་བཏགས་མ་བྲིས་ན་ལེགས་སོ།   
        《གསེར་ཏོག་སུམ་རྟགས་》ལས། “ལྦ་བཏགས་ཅན་ལ་དབྱངས་ཀྱི་ཡན་ལག་བཞི་འཇུག་པ་མི་སྲིད་དོ་”⒇ཞེས་དང་། མཁས་དབང་ཨ་ལ་ཤ་ངག་དབང་བསྟན་དར་གྱིས།“ལྦ་བཏགས་ཅན་བཅུ་གཉིས་ཏེ་ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་ལྟ་བུའོ། །དེ་ཡང་གུག་སྐྱེད་ཅན་ལ་གདགས་སུ་མི་རུང་ངོ་”(21)ཞེས་དང་། 《བྱིས་པ་བདེ་འཇུག་》ལས། “ལྦ་བཏགས་གུག་སྐྱེད་མི་འཇུག་པས་” (22)ཞེས་སོགས་གསུངས་པ་རྣམས་ཐུགས་མད་དམ་སྙམ་སྟེ། 《རྡོ་རིང་པཎྜི་ཏའི་རྣམ་ཐར་》ལས།“ཀི་བསྭོའི་སྒྲ་སྒྲོག་གོར་དཔུང་བོད་ཡུལ་ནས། །ཁུ་བྱུག་མོན་ནས་ཇི་བཞིན་ཚུར་འཁོར་དུས། །གེ་སར་ལྟ་བུའི་དཔའ་ཉམས་སྟོན་བཞིན་དུ། །ངོ་མཚར་ནོར་སྐལ་ཞྭ་དམར་བླ་མར་བྱིན། །”ཞེས་པ་ལྟ་བུ་དང་། ལྷ་གསོལ་གྱི་སྐབས་དགྲ་ལྷའི་དབུ་འཕང་བསྟོད་བྱེད་དུ་སྒྲོག་པའི་སྒྲ་ཀི་ཀི་བསྲོ་བསྲོ་ལྟ་བུའི་ཡི་གེ་འབྲི་སྲོལ་ཡོད་པའི་ཕྱིར། དེ་མིན་《ཁྲང་ཆིང་མཐུན་འབྲེལ་རྡོ་རིང་》ལས། “ཅཱང་དའེ་པཱ་ཞའུ་ཞང་ཤུ་ཧོ་བཱ་ཞི་ལང་གི་ཐབས་ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་དྭ་འགྭན་་་་་་་ཡེང་” (23)ཞེས་དང་། “འགན་ཚེང་ཀྭང་ལོག་་་་་་དའེ་པཱ་ཀེམ་ཀོང་བོ་ཞང་ཤུ་ཀྱམ་ཙ་ཀམ་འོག་འེའ་དའ་ཙང་ཀུན་གྱི་ཐབས་ཡོད་པ་ཀྭག་ཚུང་། ཇེའུ་ཅེང་དའེ་པཱ་ཞའུ་དའ་ལི་ཀིང་ཀྱམ་འུག་ཤི་དའི་པཱ་ཐབས་ཡོད་པ་ལིའུ་བགྭན་ཏེང་” (24)ཞེས་སོགས་དངོས་སུ་མཇལ་རྒྱུ་ཡོད་པ་དེ་དག་ལ་གཞིགས་ན། ལོ་ཙཱའི་བྱ་གཞག་ནང་མ་ཡིག་གི་སྒྲ་སོར་བཞག་གི་སྐབས་སུ་ལྦ་བཏགས་སྦྱོར་རིགས་པ་བསྙོན་དུ་མེད་ཅིང་། ཁྱད་པར་འཛམ་གླིང་ཧྲིལ་པོའི་མི་རིགས་ཁག་གི་རིག་གནས་སྤེལ་རེས་ཀྱི་བགྱི་སྒོ་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་སྦྲགས། སྒྲ་སྒྱུར་གྱི་བ་གཞག་ཀྱང་ཉིན་རེ་བཞིན་གོང་འཕེལ་འགྲོ་བའི་དུས་འདིར། ཐ་སྙད་གསར་པ་མང་དག་ཅིག་དོན་སྒྱུར་བྱེད་མི་ཐུབ་པའམ་འོལ་སྤྱིར་ཐུབ་ཀྱང་ཚིག་མི་བདེ་ལ་དོན་ལ་འཁྲུལ་གཞི་ཡོད་རིགས་རྣམས་སྒྲ་སོར་བཞག་གིས་བསྒྱུར་བའི་ཚེ། མ་ཡིག་གི་སྒྲ་ཟུར་ཕྱིན་པར་ཐོན་རྒྱུ་གལ་ཆེ་བས། དགོས་པ་འདི་ལ་གཞིགས་ན། ལྦ་བཏགས་ཅན་ལ་དབྱངས་ཀྱི་ཡན་ལག་བཞི་ལས་སྐབས་བབ་ཀྱི་སྒྲ་དོན་ལ་དམིགས་ཏེ་གང་རུང་འཇུག་སྲིད་པས། མཐའ་གཅིག་ཏུ་གུ་དོག་གི་སྣང་བས་ལྦ་བཏགས་ཅན་གྱི་ཡི་གེ་ལ་དབྱངས་ཀྱི་ཡན་ལག་བཞི་ནམ་ཡང་མི་འཇུག་པར་ཐག་བཅད་ན་མི་ལེགས་ཏེ། བོད་ཀྱི་ཡི་གེའི་བཀོལ་སྤྱོད་འདིས་ཕྱིས་འབྱུང་མི་རིགས་གཞན་གྱི་ས་མིང་མི་མིང་སོགས་འབྲི་བ་དང་། ཚན་རྩལ་གྱི་བརྡ་ཆད་གསར་པ་ལོ་ཙཱ་བྱེད་པའི་དགོས་འདུན་གང་ལེགས་སྐོང་དགོས་པས་སོ།   
        དྲུག་པ། ལྦ་བཏགས་ཅན་གྱི་ཡི་གེར་སྔོན་རྗེས་ཡང་གསུམ་དང་མགོ་འདོགས་ཀྱི་ཡི་གེ་འཇུག་མིན་གྱི་སྐོར།   《གསེར་ཏོག་སུམ་རྟགས་》 ལས།  “དྭ་ཡིག་མ་གཏོགས་པའི་ལྦ་བཏགས་ཅན་རྣམས་ཡི་གེ་རེ་རེ་བར་ཟད་ཅེས་གྲགས་ཆེའོ་” (25)ཞེས་གསུངས་ཀྱང་། ཁོང་རང་གིས་མཛད་པའི་《གསེར་ཏོག་སུམ་རྟགས་》ཀྱི་ཤོག་ངོས་ཉེར་དགུར་སུམ་བརྩེགས་ཅན་གྱི་ཡི་གེ་བཅུའི་དཔེར་བརྗོད་འཇོག་སྐབས། རྒྭ་རྩྭ་ཕྱྭ་གྲྭ་ཞེས་བཀོད་པ་འདི་རང་གིས་ཁེགས་པར་འགྱུར་ཞིང་། དོན་ལ་དཔྱད་ཀྱང་ག་ལ་འཐད། གྲགས་ཆེ་ཞེས་པའི་ཤུགས་ལས་སྐབས་འགར་འཇུག་སྲིད་པའམ་འཇུག་པ་ཤས་ཆུང་བའི་ཆ་བསྟན་པའམ། ཡང་ན་དེ་ཉིད་ནེམ་ནུར་གྱི་ཚིག་གང་ལགས་ཀྱང་། དོན་ལ་ལྦ་བཏགས་ཅན་གྱི་ཡི་གེར་སྔོན་རྗེས་མགོ་འདོགས་ཀྱི་ཡི་གེ་འཇུག་གམ་ཞེ་ན། མགོ་འདོགས་ཀྱི་ཡི་གེ་འཇུག་པ་ནི་གྲྭ་དང་རྩྭ་ལྟ་བུས་ཉེ་བར་མཚོན་ནུས་ཤིང་། རྗེས་འཇུག་དང་ཡང་འཇུག་གི་ཡི་གེ་འཇུག་པ་ནི་བླ་དྭགས། དྭངས་གཙང་ལྟ་བུའི་ཡི་གེའི་འབྲི་སྲོལ་ལས་ཤེས་པར་འགྱུར་རོ། སྔོན་འཇུག་འཇུག་མིན་ནི་དཔྱད་པར་བྱ་བའི་གཞི་ཡིན་ཞིང་། སྐད་གསར་བཅད་ཐེངས་གསུམ་པའི་ལུགས་ཀྱི་གཉུག་མའི་བོད་ཡིག་གི་བརྡ་དང་ཐ་སྙད་ཀྱི་འབྲི་རྒྱུན་དུ་མང་པོ་མ་བྱུང་བ་བདེན་ཡང་། དེའི་ཡར་སྔོན་དུ་མེད་པ་མ་ཡིན་ཏེ། 《ཁྲང་ཆིང་མཐུན་འབྲེལ་རྡོ་རིང་》ནང་། “ཇེའུ་ཅེང་དའེ་པཱ་ཞའུ་དའ་ལི་ཀེང་ཀྱམ་འུག་ཤི་དའི་པཱ་ཐབས་ཡོད་པ་ལིའུ་བགྭན་ཏེང་” (26)ཞེས་བྱུང་བ་ལྟ་བུ་དང་། སྐད་གསར་བཅད་རྗེས་ཀྱི་ཀི་ཀི་བསྭོ་བསྭོ་ལྟ་བུའི་འབྲི་རྒྱུན་ཉུང་ཤས་མཆིས་ལ། ཕྱིན་ཆད་ཀྱང་མི་འབྱུང་བའི་ངེས་པ་ཡེ་ནས་མེད་པར་བརྟེན། བོད་སྐད་ཀྱི་འཕེལ་རྒྱས་དང་ལོ་ཙཱའི་དགོས་དབང་ལ་གཞིགས་ནས་འོས་མཐུན་གྱིས་སྤྱོད་རིགས་ཀྱི། མཐའ་གཅིག་ཏུ་མི་འཇུག་ཅེས་ཚིག་ཐག་བཅད་དེ་འཆད་ག་ལ་རིགས། སློབ་དཔོན་ཐོན་མིས་སྔོན་ཐོན་གྱི་སྒྲ་སྦྱོར་ཡི་གེ་འདི་འདྲ་ཞིག་གསར་དུ་གཏོད་གནང་རྗེས། བོད་སྐད་ཡིག་ལ་ཆོས་སྲིད་གང་གི་དོན་སྟོན་པ་ལ་ཐོགས་པ་གཏན་ནས་མི་མངའ་ཞིང་། སྒྲ་དོན་གྱི་འཇུག་པ་རྒྱ་ཆེར་མངའ་བའི་དགེ་མཚན་མཆིས་པས། གུ་དོག་གི་བསམ་པ་ཁོ་ནས་བོད་ཡིག་གི་འཕེལ་རྒྱས་དང་བཀོལ་སྤྱོད་ཀྱི་ཐད་ལ་ཚད་བཀག་བཟོ་མི་རིགས་ཏེ། འོལ་སྤྱི་ཙམ་དུ་སྒྲ་འདྲ་བའི་ཡི་གེ་ཕན་ཚུན་ལའང་སྒྲའི་དྲག་ཞན་དང་ལྕི་ཡང་། བྱེད་རྩོལ་ཤུགས་ཆེ་ཆུང་གི་ཁྱད་པར་ཕྲ་ཞིང་ཕྲ་བའི་རྣམ་དབྱེ་ཐམས་ཅད་སྐད་ཡིག་གོང་འཕེལ་འགྲོ་བའི་དགོས་དབང་གིས་ཟུར་ཕྱིན་ལ་ཁ་གསལ་བར་འབྲི་རིགས་པས་སོ།   
        མཇུག་བསྡུ་བའི་གཏམ།   
        མདོར་ན། ལྦ་བཏགས་ཅན་གྱི་ཡི་གེ་ནི་བོད་བཙན་པོའི་དུས་ནས་བོད་ཡིག་གི་འབྲི་རྒྱུན་དུ་རྒྱུན་འབྱམས་སུ་ཡོད་པ་ཞིག་ཡིན་ཞིང་། ད་བར་བོད་སྐད་ཀྱི་འཇུག་པ་གསལ་བ་ལ་གལ་ཆེའི་ནུས་པ་ཐོན་དང་འཐོན་བཞིན་ཡོད། ལྦ་ཟུར་འབྲི་བ་ལ་སྔོན་རྗེས་སོགས་ཡི་གེ་ཕན་ཚུན་མི་ནོར་བའི་བྱེད་ལས་མཆིས་ཀྱང་། དེའི་ནུས་པ་ཐམས་ཅད་དེ་ཙམ་དུ་ངོས་འཛིན་ན་མི་འགྲིག་སྟེ། དོན་གྱི་ཁྱད་པར་གཞན་གསལ་བ་ལ་སྨན་པ་ཙམ་མ་ཟད། ད་དུང་ཡི་གེ་གཞན་དང་སྦྱར་ནས་ཀློག་པའི་ཚེ་སྒྲའི་ང་རོ་འདོན་ཚུལ་དང་། སྒྲའི་ལྕི་ཡང་། སྒྲ་དྲག་ཞན་སོགས་ཁྱད་པར་གཞན་གྱི་འཇུག་ཚུལ་ལ་དཔྱད་པར་བྱ་བའི་གཞི་མང་ལ། སྒྲ་དྲག་ཞན་གྱི་དབྱེ་བ་སོགས་ཀྱང་ཞིབ་ཅིང་ཕྲ་བས། འདིར་མཛངས་པའི་རྣམ་དཔྱོད་ཀྱིས་བརྟགས་ནས་ནུབ་ཟིན་པའི་ཐོན་མིའི་སྒྲ་རིག་པའི་བསྟན་བཅོས་གཞན་དྲུག་གི་གཞུང་དོན་རྣམས་ཁ་གསབ་ཅི་ཐུབ་ཀྱིས་འཐུས་སྒོ་ཡོངས་སུ་ཚང་བའི་བོད་ཀྱི་སྒྲ་རིག་པའི་གཞུང་ལུགས་ཤིག་ཆགས་པར་རིག་པ་སྨྲ་བའི་བོད་རིགས་ཤེས་ལྡན་ཀུན་གྱིས་ཞེ་ཐག་པ་ནས་འབད་རིགས་སོ་ཞེས་ལྕག་འདེབས་ཀྱི་ཚུལ་དུ་ཞུའོ། །
        མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①《དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ་》 སྤྱི་ལོ་༡༩༩༨ལོའི་ཟླ་བ་༨པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་གནང་བའི་ཤོག་གྲངས་༨༩ན་གསལ།
②⑤⑨⒃⒄《སུམ་རྟགས་ཀྱི་བཤད་སྦྱར་ལེགས་བཤད་གཅེས་བསྡུས་》ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༩ལོའི་ཟླ་༥པར་དཔེ་སྐྲུན་གནང་བའི་ཤོག་གྲངས་༢༨ ༢༩ ༢༩ ༢༨ ༢༩བཅས་སུ་གསལ།
③(22)《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བ་བཞུགས་སོ་》 ས་སྐྱ་བ་བསོད་ནམས་རྩེ་མོས་མཛད། སྤྱི་ལོ་༢༠༠༤ལོའི་ཟླ་བ་དང་པོར་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་གནང་བའི་ཤོག་གྲངས་༡༥༤ ༡༥༤བཅས་སུ་གསལ།
④《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ་》པོད་དགུ་པ། དབྱངས་ཅན་ངག་གི་དབང་ཕྱུག་སོགས་ཀྱིས་བརྩམས། སི་ཁྲོན་དུས་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༡༤ལོའི་ཟླ་༡༢པར་དཔེ་སྐྲུན་གནང་བའི་ཤོག་ངོས་༣༤༡ན་གསལ།
⑥⒂《བོད་བཙན་པའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ་》 གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༠༡་ལོའི་ཟླ་༦པར་དཔེ་སྐྲུན་གནང་བའི་ཤོག་ངོས་༢༠ ༡བཅས་སུ་གསལ།
⑦⑧《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༢ལོའི་ཟླ་༢པར་དཔེ་སྐྲུན་གནང་བའི་ཤོག་གྲངས་༡༨ནས་༢༨བར་དུ་གསལ།
⑩《བརྡ་སྤྲོད་རྣམ་གཞག་》 ཚེ་རྡོར་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༠༥ལོའི་ཟླ་༡༠པར་དཔེ་སྐྲུན་གནང་བའི་ཤོག་གྲངས་༤༠ནས་༤༡བར་ན་གསལ།
⑾⒁《རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༢ལོའི་ཟླ་བ་༦པར་དཔེ་སྐྲུན་གནང་བའི་ཤོག་གྲངས་༤རུ་གསལ།
⑿《དག་ཡིག་ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ་》 དཔལ་ཁང་ལོ་ཙཱ་བ་དང་ཀུན་རྣམ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༨༩ལོའི་ཟླ་༡༠པར་དཔེ་སྐྲུན་གནང་བའི་ཤོག་གྲངས་༡༡ན་གསལ།
⒀《བརྡ་སྤྲོད་ཉེར་བདུན་རྩ་འགྲེལ་དང་བརྡ་དག་བློ་གསལ་འཇུག་ངོགས་》 གཤེན་མཁས་གྲུབ་དང་སྦྲ་གསར་ཚང་གིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༨༩ལོའི་ཟླ་༡༠པར་དཔེ་སྐྲུན་གནང་བའི་ཤོག་གྲངས་༤༡༩ན་གསལ།
⒅⒆《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ་》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༠༣ལོའི་ཟླ་༡༢ལ་དཔེ་སྐྲུན་གནང་བའི་ཤོག་གྲངས་༧༡ནས་༧༢བར་དུ་གསལ།
⒇(25)《གསེར་ཏོག་སུམ་རྟགས་》 གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༥ལོའི་ཟླ་༡༠པར་དཔེ་སྐྲུན་གནང་བའི་ཤོག་གྲངས་༢༨༩ ༢༩ལ་གསལ།
(21)《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་》 ཨ་ལ་ཤ་ངག་དབང་བསྟན་དར་ལྷ་རམས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༠༥ལོའི་ཟླ་༦པར་དཔེ་སྐྲུན་གནང་བའི་ཤོག་གྲངས་༢༨༩ན་གསལ།
(23)(24)(26)《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས་》 དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༥ལོའི་ཟླ་༨པར་དཔེ་སྐྲུན་གནང་བའི་ཤོག་གྲངས་༢༣༡ ༢༣༣ ༢༣༣བཅས་སུ་གསལ།