མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་དུ་རྩོམ་རིག་གཞུང་ལུགས་འབྱུང་དགོས་པའི་དགོངས་དོན་དང་དཔྱད་གླེང་།

སྤེལ་དུས 2020-01-20 ཡོང་ཁུངས། བོད་ལྗོངས་སློབ་གྲྭ་ཆེན་མོ། རྩོམ་པ་པོ། རིན་ཆེན་བཀྲ་ཤིས།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་བོད་དུ་རང་མཚན་པའི་རྩོམ་རིག་གཞུང་ལུགས་ཤིག་འབྱུང་དགོས་པའི་དགོངས་དོན་གཞིར་བྱས། བོད་རང་གི་རྩོམ་རིག་གཞུང་ལུགས་ཤིག་ད་སྔའི་བར་བྱུང་མ་ཐུབ་པར་ལུས་པའི་བར་ཐག་དང་རྒྱུ་རྐྱེན་ལ་གཞིགས་ནས། གཞུང་ལུགས་ཀྱི་རྣམ་གཞག་ཇི་ལྟར་འཛུགས་དགོས་པ་དང་། ད་ལྟའི་རྩོམ་རིག་གི་དུས་དང་གནས་བབ་ལ་བརྟག་ནས། བོད་ཀྱི་རྩོམ་རིག་འཕེལ་རྒྱས་སུ་འགྲོ་དགོས་ན་གཞུང་ལུགས་ཀྱི་ཕྱི་མོ་གསར་དུ་འབྱུང་དགོས་པའི་སྐོར་ལ་དཔྱད་ཞིབ་བགྱིས་ཡོད།
[བརྡ་ཆད་གཙོ་བོ།] རྩོམ་རིག་གཞུང་ལུགས། དགོངས་དོན། དཔྱད་གླེང་།
        འཛམ་གླིང་གི་ཡུལ་གྲུ་གང་ལ་མཚོན་ན་ཡང་འཛམ་གླིང་འགྲོས་མཉམ་ཅན་གྱི་རྣམ་པའི་རྩོམ་རིག་སྒྱུ་རྩལ་གྱི་རིགས་པ་འདི་དར་ནས་ལོ་ངོ་གང་འཚམས་ཤིག་འགྱངས་སོང་། ཡིན་ནའང་། བོད་གངས་ཅན་ཡུལ་དུ་རྩོམ་རིག་གསར་བའི་སྐྱ་རེངས་བཀྱགས་པ་ཙམ་ལས། དུས་རབས་ཀྱི་དགོས་མཁོར་གྱུར་བའི་རྩོམ་རིག་གཞུང་ལུགས་ཤིག་བྱུང་མེད་པར་དཔྱད་པ་གཏོང་དགོས་ཏེ། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པར་རྩོམ་རིག་གསར་པའི་ཅོང་བརྡ་བརྒྱབ་པ་ནི། སྔ་ན་མེད་པའི་བོད་ཀྱི་ལོ་རྒྱུས་སྟེང་གི་རིག་གནས་ལ་འཕོ་འགྱུར་ཆེན་པོ་བྱུང་སྟེ།འདོད་ཡོན་རིག་གནས་དར་བ་དང་། རྩོམ་རིག་དང་ཉེ་བར་བཅར་ཏེ་མིའི་སྒྱུ་རྩལ་གྱི་རིག་པ་ངོ་མ་ཞིག་དར་བའི་དབུ་ཚུགས་པ་རེད། མིའི་རིགས་ལ་རྩོམ་རིག་མེད་དུ་མི་རུང་བ་བཞིན་ལོ་རབས་བརྒྱད་ཅུ་པའི་ནང་བོད་དུ་རྩོམ་རིག་གསར་པ་དར་བ་ནི། སྔ་ན་མེད་ཅིང་སྐོམ་པ་ཆུ་འདོད་ལྟར་གསོས་སུ་སྨིན་པའི་དགོས་མཁོར་གྱུར་ཡོད། རྩོམ་རིག་གིས་མྱ་ངམ་ཐང་དུ་འགྱུར་བའི་མི་ཞིག་གི་སེམས་ཁམས་སྐྱོབ་ཐུབ་གཤིས། རྩོམ་རིག་ནི་མིའི་བསམ་པའི་སྙིང་སྟོབས་ཤིག་གམ། མིའི་དགོས་མཁོ་བསྐང་ཐུབ་པའི་སྒྱུ་རྩལ་གྱི་རིག་པ་ཞིག་ཡིན་པར་ལགས་ན། ལོ་རབས་བརྒྱད་ཅུ་པའི་ནང་རྩོམ་པ་པོ་དོན་གྲུབ་རྒྱལ་ནི་རྩོམ་རིག་གསར་པའི་ཤིང་རྟ་རུ་གྱུར་ཡོད་ཅིང་། ཕྱི་རྐྱེན་དང་ནང་རྐྱེན་མང་པོ་ཞིག་གི་ཁྲོད་ནས་རྩོམ་རིག་གསར་པའི་མྱུ་གུ་རིམ་བཞིན་འབུས། སྔ་ཕྱིར་དུས་དེབ《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》སོགས་བྱུང་བ་ནི་མཐུན་རྐྱེན་དུ་གྲུབ་ཅིང་། བོད་ཀྱི་རྩོམ་རིག་གསར་པ་དེ་ཡང་དར་བའི་ནང་གི་རྩེ་མོར་གྱུར། 《ལང་ཚོའི་རྦབ་ཆུའི》རེ་འབོད་དྲག་པོས་སྐྱ་རེངས་ཀྱི་སྒེའུ་ཡོལ་ཞིག་ངང་གིས་ཕྱེས་ཤིང་། ཚ་ཚ་འུར་འུར་གྱི་རྣམ་པས“རྩོམ་རིག་གི་བསམ་པའི་རླབས་རྒྱུན་གསར་པ”ཞིག་ཚུགས་པའི་སྟ་གོན་བྱས་ན་ཡང་། གང་ལ་གང་འཚམ་གྱིས་རྩོམ་པ་པོའི་དཔུང་སྡེ་གཉོམ་པ་དང་། དུས་དེབ་ཉུང་བ་སོགས་ཀྱི་རྐྱེན་བྱས་བསམ་པའི་རླབས་རྒྱུན་གྱི་དབུ་ཚུགས་པ་ཙམ་ལས་རྒྱུན་བསྐྱངས་ནུས་སུ་མེད་པར་གྱུར། 1985ལོར་བོད་ཀྱི་རྩོམ་རིག་གསར་པའི་ཤིང་རྟ་བ་རང་གྲོལ་སྐུ་གཤེགས་པ་སོགས་ཀྱི་སྐྱོ་གར་བསྟུད་མར་བྱུང་བས། བོད་ཀྱི་རྩོམ་རིག་གསར་པར་སྣེ་ཁྲིད་ཐུབ་པའི་རླབས་ཆེན་གྱི་རྩོམ་པ་པོ་བྱོན་མ་ཐུབ་པ་དང་། འཛམ་གླིང་རྩོམ་རིག་གི་ལྗིད་ཚད་ལ་ཤོང་བའི་བརྩམས་ཆོས་འབོར་ཆེན་མ་བྱུང་བར་མ་ཟད། ད་ལྟའི་བར་དུ་ལོ་ངོ་བཞི་བཅུ་འགོར་ཡང་རང་རྐྱ་འཕེར་བའི་རྩོམ་རིག་གཞུང་ལུགས་ཤིག་བྱུང་མ་ཐུབ་པར་ལུས་ཡོད། ཅི་ནས་ཀྱང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་འདི་འཕེལ་རྒྱས་སུ་འགྲོ་དགོས་ན། ངེས་པར་དུས་སྐབས་དང་མཐུན་ཞིང་ངོ་གནོང་མི་དགོས་པའི་སྒྱུ་རྩལ་གྱི་རིག་པ་བྱུང་དགོས་པ་དང་། རྩོམ་རིག་གཞུང་ལུགས་མེད་པ་ནི་བོད་ཀྱི་རྩོམ་རིག་གི་སྟོང་ཆ་ཆེན་པོ་ཞིག་ཏུ་ལགས་ཤིང་། འཛམ་གླིང་འགྲོས་ཉམས་ཅན་གྱི་རྩོམ་རིག་གཞུང་ལུགས་ཤིག་ལ་གང་ལ་གང་འཚམ་གྱིས་ཟུར་ལྟ་བྱེད་ས་ཡོད་ན་ཡང་། བོད་ཀྱི་རྩོམ་རིག་ནི་ཆུ་སྣ་གར་ཁྲིད་ཀྱི་ངང་དུ་ལུས་དགོས་བྱུང་། དེས་ན་བོད་དུ་རང་རྐྱ་འཕེར་བའི་རྩོམ་རིག་གཞུང་ལུགས་ཤིག་དར་མ་ཐུབ་པ་ནི་མིག་སྔར་དཔྱད་པ་གནད་དུ་གཏོང་དགོས་པའི་བྱ་གཞག་གལ་ཆེན་ཞིག་ཏུ་གྱུར་ཡོད་གཤིས།  ད་རེས་ཁོ་བོས་བོད་གངས་ཅན་གྱི་རྩོམ་རིག་གི་གནས་བབ་ལ་ཕྱིར་རྟོག་སྒོས་བོད་དུ་རང་མཚན་པའི་རྩོམ་རིག་གཞུང་ལུགས་ཤིག་འབྱུང་དགོས་པའི་དགོངས་དོན་གླེང་ནས། གཞུང་ལུགས་འབྱུང་བའི་ཉིང་དགོས་ལ་དཔྱད་པ་གནད་དུ་ཐིངས་པར་བྱེད་རྒྱུ་ནི་ཐོག་མའི་འདུན་པའོ།
དང་པོ། གཅིག་གྱུར་མེད་པའི་བརྡ་ཆད།
        ཐོག་མར་གཞུང་ལུགས་གང་ཞིག་འབྱུང་དགོས་ན་བརྡ་ཆད་གཅིག་གྱུར་གྱི་སྔོན་འགྲོ་དགོས་ཤིང་། བརྡ་ཆད་ལ་གཅིག་གྱུར་མེད་ན་ཚུགས་ཐུབ་རང་བཞིན་གྱི་གཞུང་ལུགས་ཤིག་འབྱུང་མི་སྲིད་པ་ཆོས་ཉིད་ཡིན། གཞུང་གི་དུས་དེབ་ཁག་གིས་བཀོད་པའི་རྩོམ་རིག་བརྡ་ཆད་རེ་ཟུང་མཆིས་ཀྱང་། གཞུང་དེབ་སོ་སོས་ཕན་ཚུན་ལ་དོ་སྣང་མ་བྱས་པར་རང་རང་གི་ལྟ་བ་རེ་བྱུང་བས། བརྡ་ཆད་གཅིག་གྱུར་གྱི་ཁ་དབུགས་བརླག་ཅིང་། རྩོམ་རིག་གཞུང་ལུགས་བྱུང་བར་བར་ཐག་བསྲིངས། ཆགས་བཞག་ན《སྦྲང་ཆར》རྩོམ་སྒྲིག་ཁང་གིས“སྒྲུང་གཏམ”ཞེས་བྲིས་ཡོད་པ་དང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ཚང་གིས“བརྩམས་སྒྲུང”ཞེས་བྲིས་ཡོད་པ་ལྟ་བུ། གཉིས་ཀར་སོ་སོའི་ལྟ་ཚུལ་རེ་ཡོད་སྲིད་ཀྱང་མུ་ནས་རྒྱུན་འབྱམས་སུ་བྲིས་ན། བརྡ་ཆད་གཅིག་གྱུར་དང་ཁ་ཐག་ཇེ་རིང་ཡིན་པར་མ་ཟད། གཞུང་དེབ་ཁ་ཤས་ཀྱིས“ཡིད་བརྙན”དང་། ཁ་ཤས་ཀྱིས“ཡིད་གཟུགས”ཞེས་བྲིས་ཡོད་པ་དང་། ཡང་ཁ་ཤས་ཀྱིས“སྙན་ངག”ལ“སྙན་རྩོམ”དང་། ཡང་ཁ་ཤས་ཀྱིས་བརྩམས་སྒྲུང་ལ“སྒྲུང་རྩོམ”སོགས་བྱུང་ཡོད་པས་མཚོན་ལ། ཨ་ལགས་དོར་ཞི་ལགས་ཀྱིས་སྒྲུང་གསར་ཞེས་འབྱུང་བ་དང་། ཡང་ལ་ཤས་ཀྱིས“ལྷུག་རྩོམ”དང“ལྷུག་མ།”“ཚིག་ལྷུག”ཅེས་བྲིས་ཤིང་། གཞན་ཡང་། “ལྷུག་རྩོམ་སྙན་ངག” “ལྷུག་མའི་སྙན་ངག”སོགས་སྒྱུ་རྩལ་རྩོམ་རིག་གི་རྩོམ་ལུས་སོ་སོའི་མིང་གདགས་སྲོལ་མི་གཅིག་ཅིང་།  ལྷག་པར་དུ་འཛམ་གླིང་འགྲོས་མཐུན་ཅན་གྱི་རྩོམ་རིག་གི་བརྡ་ཆད་དག་ཀྱང་རང་རང་སོ་སོ་ནས་གང་འདོད་ཀྱིས་བསྒྱུར་བས་དམིགས་མེད་ལུང་སྟོང་དང་མུན་ནག་མདའ་འཕེན་གྱི་དཔེར་གྱུར་ཅིང་། གཅིག་གྱུར་མེད་པའི་བརྡ་ཆད་ཀྱིས་རྩོམ་རིག་གཞུང་ལུགས་འབྱུང་བར་གེགས་ཆེན་པོ་བྱས་ཡོད། རྩོམ་རིག་གི་བརྡ་ཆད་དེ་དག་གཅིག་གྱུར་མིན་པའི་དབང་གིས་སྐད་ཡིག་གཞན་གྱི་འགྲེལ་བཤད་ལ་བརྟེན་པའམ། མཆན་བུ་མང་པོས་གསལ་བཤད་ཀྱིས་འགྲེལ་ཐབས་བྱེད་དགོས་པས། གཞན་བརྟེན་ལ་གོམས་པའི་རིགས་པ་དག་བསྐྱུར་ནས། རང་གི་གཞུང་ལུགས་ཀྱི་ལམ་བུ་འཚོལ་དགོས་པ་ནི་གནད་ཀྱི་དོན་པོ་རེད། བརྡ་ཆད་གཅིག་གྱུར་བྱེད་པ་ནི་ང་ཚོས་གདོང་གཏད་སའི་དཀའ་ཁག་ཉག་གཅིག་ཡིན་ནའང་། སྔོན་བྱོན་མཁས་པ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དང་ཨ་ལགས་ཤ་ངག་དབང་བསྟན་དར། དེང་སྐབས་ཀྱི་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་སོགས་ཀྱི་མཁས་པའི་བསྟན་བཅོས་ཞིབ་ཏུ་བཀླགས་ནས་ལེགས་ཆ་ལེན་པ་དང་། དེང་རབས་ཀྱི་རྩོམ་གྱི་རིགས་པའི་གཞུང་མང་བོར་ཐོས་བསམ་བྱས་ནས། རྩོམ་རིག་གི་བརྡ་ཆད་རྙིང་བའི་ངོས་ནས་ནང་དོན་གསར་པ་བསྐྱེད་པར་བྱས་ན་ལེགས་ཤིང་། ས་པཎ་གྱི《མཁས་མཇུག》ནང་དུ་བྱུང་བའི“ཟུར་མིག”དང་།“ནང་གི་སྒེག་པ”“ཕྱིའི་སྒེག་པ།” “སྐྱོན་ཡོན་བརྗོད་པ”སོགས་ལྟ་བུའི་བརྡ་ཆད་རྙིང་བའི་སྟེང་ནས་གོ་བ་གསར་པ་བསྐྱེད་པའམ། དེང་རབས་གཞུང་ལུགས་དང་བསྟུན་ནས་སྔོག་འདོན་བྱས་ན། ནམ་ཞིག་གི་ཚེ་རྩོམ་རིག་བརྡ་ཆད་ཇི་ལྟར་གཅིག་གྱུར་བྱེད་པའི་ཐད་ངེས་ཤེས་འདྲོངས་ཤིང་། དཀའ་ཁག་དེ་དག་ལ་གདོང་གཏོད་པའི་ལྡེ་མིག་རེ་རྙེད་ངེས་པས། བརྡ་ཆད་གཅིག་གྱུར་བྱེད་པའི་སྔོན་འགྲོའི་རྣམ་གཞག་དག་གལ་ཆེན་དུ་བཟུང་ནས། ཐུན་མོང་མ་ཡིན་པའི་གཞུང་ལུགས་ཤིག་གྲུབ་པའི་མཐུན་རྐྱེན་ཚང་དགོས་ན། རྩོམ་རིག་གི་བརྡ་ཆད་དག་གཅིག་གྱུར་བྱེད་དགོས་སོ། །
གཉིས་པ། རྩོམ་རིག་བརྩམས་ཆོས་དང་གཞུང་ལུགས་ཀྱི་བར་ཐག
        སྒྱུ་རྩལ་གྱི་རིག་པ་ཆེན་པོ་གང་ཉིད་ཀྱི་ཀློང་བརྡོལ་བར་རྩོམ་རིག་གཞུང་ལུགས་གྲུབ་དགོས་ཤིང་། རྩོམ་རིག་གཞུང་ལུགས་གྲུབ་པའི་གནད་གཙོ་བོ་ཡང་དུས་རབས་དང་མཐུན་ཞིང་ངོ་གནོང་མི་དགོས་པའི་རྩོམ་རིག་བརྩམས་ཆོས་འབྱུང་ཐུབ་མིན་ལ་རག་ལས་ཡོད་དེ། “བོད་རྩོམ་གྱི་གསར་རྩོམ་ཕྱོགས་ལ་བལྟས་ནའང་། ཡིད་ཚིམ་པོ་འབྱུང་དཀའ། ཐོག་མར་རྩོམ་རིག་གི་བསམ་བློའི་ནང་དོན་ཕྱོགས་ནས་དངོས་ཡོད་སྤྱི་ཚོགས་དང་ཉེ་བར་བཏུད་དེ་ཡོད་ཀྱང་། སྤྱི་ཚོགས་ཀྱི་སྣང་ཚུལ་རིགས་རྩོམ་དུ་དྲངས་པ་ལས་བསམ་བློ་གཏིང་ཟབ་པ་རྒྱ་ཆེ་བ་ཅན་ཉུང་ལ། ལྷག་པར་རང་གི་ཐུན་མིན་མྱོང་རྟོག་གིས་ཕྱུག་པ་ཉུང”①བས། ཇི་སྲིད་དུ“གཞུང་ལུགས་འཆིང་ཞགས་མ་ཡིན་སྒྲོན་མེ་ཡིན”②པ་ལྟར། གཞུང་ལུགས་ཀྱི་ཕྱི་མོ་འབྱུང་རྒྱུ་ནི་གནད་དམ་པའོ། །རྩོམ་རིག་གཞུང་ལུགས་ནི་བརྩམས་ཆོས་ལ་དབྱེ་ཞིབ་དང་སྤྱི་བསྡོམས་མཛད་པ་ལས་དབྱེ་ཞིང་མཆེད་པ་ལྟར། ཐོག་མར་བརྩམས་ཆོས་བྱུང་ཞིང་། རྗེས་སུ་གཞུང་ལུགས་བྱུང་བའི་དགོངས་དོན་ལ་གཞིགས་ན། བོད་པ་རང་ཉིད་ཀྱི་རྩོམ་རིག་གཞུང་ལུགས་བྱུང་བར་ཕུལ་དུ་བྱུང་བའི་བརྩམས་ཆོས་བྱུང་མ་ཐུབ་པ་དང་། བརྩམས་ཆོས་ལེགས་གྲས་རེ་ཤས་འབྱུང་ཡང་རྩོམ་རིག་དཔྱད་བརྗོད་ཀྱིས་མ་འཁྱོངས་པས་བར་ཐག་བསྲིངས་པ། རྩོམ་རིག་དཔྱད་བརྗོད་ཀྱང་གཞན་གྱི་གཞུང་ལུགས་དང་བརྡ་ཆད་ལ་ཁེན་དྲག་པ། སྔ་མའི་བསྟན་བཅོས་དང་དེང་གི་རིག་ཚན་གསར་པའི་རྣམ་གཞག་ལ་ཞིབ་བསྡུར་གྱིས་འཇུག་པའི་བློ་སྤོབས་དང་མིག་རྒྱང་ཡལ་བར་དོར་བ་ལས་བྱུང་བ་སྟེ། བརྩམས་ཆོས་དང་གཞུང་ལུགས་གཉིས་ལ་བར་ཐག་ངེས་ཅན་ཞིག་གིས་ཆོད་ཡོད། སྤྱིར་བརྩམས་ཆོས་ནི་རྩོམ་རིག་གཞུང་ལུགས་འབྱུང་བའི་ཤིང་རྟ་བ་དང་རུ་འདྲེན་པར་ལགས་མོད་ཀྱི། ང་ཚོས་བརྩམས་ཆོས་ཀྱིས་གཞན་གྱི་གཞུང་ལུགས་གཅིག་པར་སྐྱབས་བཅོལ་བས། རང་ངོས་ནས་གསར་རྩོམ་ནི་གསར་གཏོད་ཀྱི་བགོ་སྐལ་དུ་མ་གྱུར་བར།
        གཞན་གྱི་གཞུང་ལུགས་ཀྱི་སྒྲོག་ཏུ་ཚུད་པ་དང་། གཞན་གྱི་གཞུང་ལུགས་ལ་བརྟེན་ནས་བརྗོད་དགོས་པ་འབའ་ཞིག་ཏུ་ཆགས་སོང་ལ།“རྩོམ་རིག་གཞུང་ལུགས་ཀྱིས་ང་ཚོར་རྩོམ་ཆོས་ཀྱི་རྒྱུན་ཤེས་རང་བཞིན་གྱི་འགྲེལ་བཤད་ལ་དོགས་སློང་བྱེད་པར་སྐུལ་བ་དང་། ང་ཚོར་ཐོག་མའི་འདུ་སྣང་གི་རྒྱབ་ཏུ་བསྐུངས་བའི་དེ་ཉིད་ལ་རྟོག་ཞིབ་བྱེད་པར་རེ་བ་འདོན་པ་ཡིན།”③ དེ་ལྟ་ལགས་ན་རྩོམ་རིག་བརྩམས་ཆོས་ལེགས་གྲས་ཤིག་འབྱུང་རྒྱུ་ནི་དུས་ཐོག་ཆར་བ་དང་། དགོས་འདོད་ཀུན་འབྱུང་ཡིན་པར་ལགས་ཤིང་། མི་རིགས་རང་གི་བླ་དང་སྲོག་ཏུ་གྱུར་བའི་འཚོ་བའི་འདུ་ཤེས་ལ་མྱོང་རྟོག་ཟབ་མོ་ཡོད་པ་དང་། སྐད་དང་ཡི་གེའི་བརྡ་སྤྲོད་ལ་རང་དབང་གི་ཁ་ལོ་བསྒྱུར་ཐུབ་པ། རིག་གནས་ཀུན་ལ་བག་ཆགས་དང་ཐོས་བསམ་ཡོད་པ་གཞིར་བྱས། འཛམ་གླིང་གི་རིག་ཚན་གསར་པ་དག་གི་ཡུར་ཆུ་སྐོམ་པའི་གདུང་བ་སེལ་སླད་སྤང་བླང་སྒོས་ནང་དུ་འདྲེན་པ་དང་། མིའི་ནང་སེམས་ཀྱི་རྣམ་ཤེས་སྒྲིག་འཛུགས་ལ་སྙེག་པའམ། འཚོ་བ་དངོས་ལ་གདོང་གཏད་ནས་ངོ་གནོང་མི་དགོས་པའི་བརྩམས་ཆོས་གསར་རྩོམ་ལ་བསྙེག་དགོས། ཉམས་རྟོག་འདི་འདྲའི་མཐུན་རྐྱེན་ཚང་བའི་སྒོ་ནས་དགེ་སྡིག་གིས་ཁྱབ་པའི་སྒྱུ་རྩལ་ལ་འཇུག་པ་ཡིན་ན་ནི། ང་ཚོ་རང་ཉིད་ཀྱི་གྲིབ་མ་འགོས་པའི་བརྩམས་ཆོས་ཤིག་ཅིས་ཀྱང་འབྱུང་སྲིད་ཅིང་། བརྩམས་ཆོས་འདི་འདྲ་བྱུང་བའི་ཚེ་བོད་རང་གི་རྩོམ་རིག་གཞུང་ལུགས་འབྱུང་བ་ལ་བར་ཐག་ངེས་ཅན་བསྟུངས་པ་ཡིན་གཤིས། “གཞུང་གི་སྤྱིའི་དོན་ནམ་ཡན་ལག་གི་དོན་གང་ཡིན་ཡང་རུང་སྟེ། བརྗོད་བྱའི་དོན་མ་ལུས་པ་ཕྱོགས་གཅིག་ཏུ་འདུས་པ། ནང་གསེས་ཀྱི་དབྱེ་བ་སྤྱི་དོན་གྱི་ཁོངས་སུ་མ་ཤོར་བ། སྤྱི་དོན་གྱི་མིང་ནང་གསེས་ཀྱི་དབྱེ་བར་མ་ཤོར་བ། བརྗོད་བྱ་ཐ་དད་ཀྱི་ས་མཚམས་མ་འཆུགས་པ། དོན་གྱི་བརྗོད་བྱ་ཕྱོགས་ཕྱོགས་སུ་མ་འདྲེས་ཤིང་དྲིལ་བས་ཕན་ཚུན་ཆོད་ཆེ་བ”④ཞིག་འབྱུང་རྒྱུ་ནི་གནད་དམ་པའམ། དུས་རབས་དང་མཐུན་པའི་བརྩམས་ཆོས་འབྱུང་རྒྱུ་ནི་གདམ་ག་མ་ནོར་བའི་ལམ་བུ་གལ་ཆེན་ཞིག་ཏུ་མཐོང་གཤིས། བོད་ཀྱི་རྩོམ་རིག་འཕེལ་རྒྱས་འབྱུང་བའི་རྒྱུ་དང་འབྲས་བུ་ནི་རང་རྐྱ་འཕེར་བའི་བརྩམས་ཆོས་ལེགས་པོ་ཞིག་འཁྱོངས་པ་དང་། སྒྱུ་རྩལ་ལ་ངོ་མི་གནོང་ཞིང་། དུས་རབས་ལ་ངོ་མི་གནོང་བ། འཚོ་བ་ལ་ངོ་མི་གནོང་བ། རང་སེམས་ལ་ངོ་མི་གནོང་བའི་བརྩམས་ཆོས་གཟེངས་སུ་ཐོན་པ་ཞིག་འབྱུང་རྒྱུ་དེ་ཡིན་ནོ།
        གསུམ། རྩོམ་རིག་བརྩམས་ཆོས་དང་ཀློག་པ་པོ།
        རྩོམ་སྒྲིག་པ་བཅས་ཀྱི་བར་ཐགབོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་ལ་བརྟགས་ཚེ་ཤེས་ཡོན་པའི་དཔུང་ཁག་ཤིན་ཏུ་གཉོམ་པ་དང་། དེའི་ནང་ནས་ཀྱང་རྩོམ་པ་པོའི་དཔུང་ཁག་ལྷག་ཏུ་གཉོམ། ལོ་རབས་བརྒྱད་ཅུ་པ་ནས་བོད་ཀྱི་རྩོམ་རིག་གིས་ཀྱང་བདག་ཉིད་འཚོལ་བའི་ལམ་དུ་ཞུགས་ཤིང་། མིའི་རྣམ་ཤེས་ལ་བསྙབས་པའི་དཔུང་འཇུག་མཐའ་གཅིག་ཏུ་བྱས་ནའང་། བོད་བྱིངས་ཀྱི་རྩོམ་རིག་གི་གོ་རྟོགས་དང་ཆུ་ཚུད་དམའ་ཞིང་། ད་དུང་ཡང་སོམ་ཉིའི་ངང་དུ་ལུས་ཡོད། རྩོམ་རིག་ནི་མིའི་རྣམ་ཤེས་ཀྱི་བཟོ་སྐྲུན་པ་ཡིན་གཤིས། རྩོམ་རིག་གི་ཉེན་ཚབས་འབྱུང་བཞིན་ཡོད་པ་ནི། མིའི་ནང་སེམས་ཀྱི་བླ་སྲོག་རྒུད་པའི་ཕྱོགས་ལ་གོམ་པ་སྤོས་པ་ཁོ་ན་ཉིད། མདོར་ན་རྩོམ་རིག་གི་ཉེན་ཚབས་ནི་སྐད་ཡིག་གི་ཉེན་ཚབས་རིགས་ཤིག་དང་། སྐད་ཡིག་གི་ཉེན་ཚབས་ནི་ཀློག་པ་པོའི་ཉེན་ཚབས་ཡིན་པར་མ་ཟད། ལར་འཚོ་གནས་ཀྱི་ཉེན་ཚབས་ནི་བརྩམས་ཆོས་ཀྱི་ཉེན་ཚབས་ཡིན་ཞིང་། དེ་ནི་རྩོམ་པ་པོའི་ཉེན་ཚབས་སོ། ། འདི་ལྟར་གླེང་ཡོང་དུས་མཐར་ཀློག་པ་པོའི་ཉེན་ཚབས་དང་། རྩོམ་པ་པོའི་ཉེན་ཚབས་གང་ཉིད་ལ་ཐུག་ཡོད་ཅིང་། དེ་གཉིས་ནི་མདོར་དེད་ན་རྩོམ་རིག་གཞུང་ལུགས་ཀྱི་ཉེན་ཚབས་རེད།
        ཉེན་ཚབས་རིགས་འདི་དག་དང་བསྡོངས་ནས་རྩོམ་རིག་བརྩམས་ཆོས་དང་ཀློག་པ་པོ་ལ་བར་ཐག་བྱུང་ཞིང་། རྩོམ་རིག་བརྩམས་ཆོས་ལ་ཁྲོམ་ར་མེད་པར་གྱུར་བ་དང་། ཀློག་པ་པོར་བརྩམས་ཆོས་གཞལ་བའི་ཚུ་ཚད་མི་མངའ་བ་དང་། རྩོམ་སྒྲིག་པར་བསམ་བློའི་མིག་རྒྱང་མེད་པར་གྱུར་བས། ལེགས་ཉེས་ཀྱི་དབྱེ་བ་ལྡོག་ནས་གཟེངས་སུ་ཐོན་པའི་རྩོམ་རིག་བརྩམས་ཆོས་ཤིག་འབྱུང་ཐུབ་གིན་མེད་ཅིང་། རྩོམ་རིག་བརྩམས་ཆོས་ལེགས་གྲས་རེ་བྱུང་བའི་དབང་དུ་བཏང་ཡང་། ཀློག་པ་པོའི་རྩོམ་རིག་གི་ཆུ་ཚད་དམའ་ཞིང་། སྒྱུ་རྩལ་གྱི་རིག་པ་དག་ལ་མགོ་རྨོངས་པས། རྩོམ་རིག་དང་འཚོ་བའི་དྭངས་གཙང་རང་བཞིན་བོར་ཞིང་། མཐར་སྐད་ཡིག་གི་ཉེན་ཚབས་བྱུང་བར་ཐག་ཇེ་ཉེར་བཏང་། དེས་ན་བོད་རང་གི་རྩོམ་རིག་གཞུང་ལུགས་འཛུགས་པར་ཀློག་པ་པོ་དགོས་པ་དང་། གཟེངས་སུ་ཐོན་པའི་རྩོམ་སྒྲིག་པ་དགོས། གཟེངས་སུ་ཐོན་པའི་རྩོམ་སྒྲིག་པ་གཅིག་གི་སྣེ་ཁྲིད་ཀྱིས་རྩོམ་པ་པོ་དང་། ཀློག་པ་པོ་ཁྲི་སྟོང་གསོ་སྐྱོང་བྱེད་ཐུབ་ཅིང་། རྩོམ་པ་པོ་དང་ཀློག་པ་པོ་ཡོད་པར་གྱུར་བ་ནི་རྩོམ་རིག་གཞུང་ལུགས་འཛུགས་པའི་རྒྱུ་དང་འབྲས་བུ་ཡིན་ནའང་། མིའི་ཚེ་སྲོག་དང་འབྲེལ་བའི་རྩོམ་རིག་ཉིད་བློས་མ་དཔོག་ཅིང་བློ་མ་དཀར་བས། མི་གཞིའི་ཉེན་ཚབས་བྱུང་ཞིང་།  རིམ་བཞིན་འཚོ་གནས་ཉེན་ཚབས་ཀྱིས་མིའི་བླ་སྲོག་སྒྲིག་འཛུགས་བྱེད་པར་ཉེན་ཁ་བྱུང་བ་ནི། སྤྱི་ཚོགས་ཀྱིས་བསྐྱེད་པའི་རྩོམ་རིག་གི་ཉེན་ཚབས་དང་ད་ལྟའི་བར་རྩོམ་རིག་གཞུང་ལུགས་བྱུང་མ་ཐུབ་པའི་རྒྱུ་རྐྱེན་ཡང་ངོ་། །འཛམ་གླིང་འགྲོས་མཉམ་ཅན་དང་ཆ་འཕྲིན་དུས་རབས་ཀྱིས་མིའི་འཚོ་གནས་ཀྱི་འདུ་ཤེས་ལ་ལྷད་ཞུགས་པར་བྱས་ནས། རྩོམ་རིག་གི་ཉེན་ཚབས་ནི་ངང་གིས་བྱུང་བས། དེས་ན་རྩོམ་རིག་བརྩམས་ཆོས་དང་ཀློག་པ་པོ། རྩོམ་སྒྲིག་པ་བཅས་ཀྱི་བར་ཐག་བསྟུངས་དགོས་ན། ཆེས་ཐབས་ལེགས་ཤོས་ནི་འཚོ་གནས་ལ་ཕྱིར་རྟོག་དང་། ལོ་རྒྱུས་ལ་ཕྱིར་རྟོག་བྱས་ནས་འཚོ་བ་དང་ཉེ་བར་བཅར་བ་ཡིན་ལ། དེ་ནི་མིའི་ནང་སེམས་ཀྱི་བླ་སྲོག་འཚོལ་བར་ཁ་ཐག་ཇེ་ཉེར་གཏོང་བ་དང་། རྩོམ་རིག་བརྩམས་ཆོས་ལེགས་པོ་ཞིག་བྱུང་བའི་བར་ཐག་ཉེ་བར་བསྟུངས་ཐབས་ཤིག་ཀྱང་ངོ་། །མདོར་ན། རྩོམ་སྒྲིག་པ་དང་རྩོམ་པ་པོ། ཀློག་པ་པོ་བཅས་འཚོ་བ་དངོས་ནང་ཟབ་ཞུགས་དང་སྒྱུ་རྩལ་གྱི་རིག་པར་སེམས་ཀྱིས་འཇུག་པ་ནི་བར་ཐག་ཉེ་བར་བསྟུངས་པའི་ཐབས་རྨད་དུ་བྱུང་བའོ། །ཐོག་མར་ཀློག་པ་པོ་མ་བྱུང་ཚེ་རྩོམ་པ་པོ་གང་ཉིད་འབྱུང་མི་སྲིད་ཅིང་། རྩོམ་སྒྲིག་པ་དང་རྩོམ་པ་པོ། རྩོམ་རིག་བརྩམས་ཆོས་ནི་དེ་བས་ཀྱང་ངོ་། །དཔེར་ན་ང་ཚོས《སྙན་ངག་མེ་ལོང་མ》ཁོ་ནའི་སྙན་གཞུང་ལ་བརྟེན་ནས་ཨུ་ཚུགས་བྱེད་པ་ལས། རྒྱ་གར་རང་གི་སྤྱི་ཚོགས་དང་རྩོམ་རིག་ལོ་རྒྱུས་ལ་ཕྱིར་མིག་འཕངས་ན་དཀྱེལ་ཡངས་ཀྱི་ལམ་བུ་ཞིག་རྙེད་ཐུབ་སྟེ། རྒྱ་གར་རྩོམ་རིག་གི་འཕེལ་རྒྱས་ལ་ངེས་ཤེས་འདྲོངས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དཔེར་ན་ང་ཚོ་དང་ཐག་ཉེ་བའི་ཉི་དབང་མགོན་པོའམ་ཐེ་གོར་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པར་བརྟགས་ན། རྒྱ་གར་གྱི་རྩོམ་རིག་རང་ཡང《སྙན་ངག་མེ་ལོང་མའི》དུས་རབས་ནས་བསྐྱོད་ཚར་ཞིང་། དེང་རབས་རྩོམ་རིག་གི་ས་མཚམས་ནས་ཀྱང་འབྲས་བུ་མི་དམན་པ་བླངས་ཡོད་གཤིས། རྒྱ་གར་གྱི་རྩོམ་རིག་ཇི་ལྟར་འཕེལ་རྒྱས་བྱུང་བར་བསམ་བློ་གཏོང་དགོས། མདོར་ན་རྒྱ་གར་རང་གི་རྩོམ་རིག་ལོ་རྒྱུས་ཀྱི་གནས་བབ་ལ་བརྟག་ནས། ང་ཚོས་རང་གི་རྩོམ་རིག་ལོ་རྒྱུས་ཀྱི་གནས་བབ་ལ་ཕྱིར་རྟོག་བྱེད་དགོས་ཤིང་། དེ་དང་འབྲེལ་སྔ་རབས་བསྟན་བཅོས་ཀུན་ལ་ཐོས་བསམ་དང་། འཛམ་གླིང་གི་རིག་ཚན་གསར་པ་དག་ལ་ཡང་བླང་དོར་གྱིས་འཇུག་ཚེ། “ཐུན་མོང་མ་ཡིན་པའི་སྙན་ངག་རིག་པའི་སྲོལ་རྒྱུན་གྱིས་ཐུན་མོང་མ་ཡིན་པའི་གཞུང་ལུགས་རང་བཞིན་གསར་གཏོད་བྱེད་ཐུབ”⑤པ་ལྟར། ང་ཚོས་བོད་རང་ཉིད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་གདམ་ག་མ་ནོར་བའི་ལམ་བུ་གལ་ཆེན་ཞིག་རྟོགས་སྲིད་ཅིང་། འདི་དག་ཡོད་ཚད་ཀྱང་རྩོམ་པ་པོ་དང་། རྩོམ་སྒྲིག་པ། ཀློག་པ་པོ་བཅས་ལ་རག་ལས་ཤིང་། མདོར་དེད་ན་མིག་རྒྱང་དང་བསམ་བློ། ལྟ་བ་ཞིག་ལ་རག་ལས། འདི་དག་ཡོད་ཚད་མིའི་བླ་སྲོག་འཛུགས་སྐྲུན་ལ་རག་ལས་པར་མ་ཟད། བོད་ཀྱི་རྩོམ་རིག་ཉིད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པའི་གདམ་ག་དང་། རྩོམ་རིག་བརྩམས་ཆོས་དང་ཀློག་པ་པོ། རྩོམ་སྒྲིག་པ་བཅས་ཀྱི་བར་ཐག་ཉེ་བར་བསྟུངས་ཐབས་ཤིག་ཡིན་གཤིས། ཆ་འཕྲིན་ཅན་དང་འཛམ་གླིང་འགྲོས་མཐུན་ཅན་གྱིས་འཚོ་གནས་ཉེན་ཚབས་ལ་བསྐྱེད་པའི་གནས་བབ་ཚོར་བར་བྱས་ནས། བདག་ཉིད་ལ་དོ་ཁུར་བྱེད་པའི་སྒོ་ནས་སྒྱུ་རྩལ་གྱི་རིག་པའི་ཀློང་ཡངས་པོར་འཇུག་པ་དང་། བོད་མི་བྱིངས་ཀྱི་རྩོམ་རིག་གི་འདུ་ཤེས་དང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ནི་ངེས་དོན་གྱི་རྩོམ་རིག་གཞུང་ལུགས་འཛུགས་པའི་ཕྱོགས་ལ་སྙེག་པའོ། །
        དེས་ན་བོད་དུ་རང་མཚན་པའི་རྩོམ་རིག་གཞུང་ལུགས་ཤིག་བྱུང་བར་གཅིག་གྱུར་མེད་པའི་བརྡ་ཆད་དང་། བརྩམས་ཆོས་དང་གཞུང་ལུགས་ཀྱི་བར་ཐག བརྩམས་ཆོས་དང་ཀློག་པ་པོ། རྩོམ་སྒྲིག་པ་བཅས་ཀྱི་བར་ཐག་གིས་བསྐྱེད་པའི་སྟོང་ཆས་ལྷག་གཤིས། སྟོང་ཆ་འདི་དག་བསྐངས་པ་ནི་བོད་རང་གི་རྩོམ་རིག་གཞུང་ལུགས་འཛུགས་པའི་རྩ་བའི་རྩ་བ་དང་། མཆོད་པར་བྱ་བ་དང་། སྐྱབས་འགྲོའི་སེམས་བསྐྱེད་ཡིན་ནོ། ། རྩོམ་རིག་གཞུང་ལུགས་གང་ཉིད་འཛུགས་པའི་རྒྱུ་ཡང་བོད་ཀྱི་རྩོམ་རིག་འདི་ཉིད་འཕེལ་རྒྱས་འབྱུང་དགོས་པར་གཞིགས་པར་ལགས་ན། རྩོམ་པའི་རྣམ་གཞག་གི་ཆོས་ཉིད་དག་ལ་ངང་གིས་འཇུག་ཚེ། ང་ཚོར་རང་གི་གཞུང་ལུགས་འབྱུང་བ་ལ་བར་ཐག་མང་པོ་ཞིག་གིས་ཆོད་འདུག་པ་དང་། ད་སྔའི་བར་བོད་དུ་རྩོམ་རིག་གཞུང་ལུགས་འབྱུང་མ་ཐུབ་པར་དཔྱད་པ་བཏང་ནས། བོད་དུ་དུས་རབས་དང་མཐུན་པའི་རྩོམ་རིག་གཞུང་ལུགས་ཤིག་མཁོ་བའི་དགོངས་དོན་གང་ཞིག་གླེང་སློང་བ་ཡིན་ན་ནི། ཁོ་བོས་མ་རྟོག་པ་དང་མ་ཤོད་པ། ནོར་བའི་རྒྱུ་གང་རུང་མཆིས་སྲིད་པས། བློ་དང་ལྡན་པ་དག་གིས་ཡང་ནས་ཡང་དུ་དཔྱད་པར་འཚལ་ལོ། །
        དཔྱད་གཞིའི་ཡིག་ཆ།
①བདུད་ལྷ་རྒྱལ། 《འཚོལ་རྟོག་སྙིང་སྟོབས》 [M] ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ4བར་པར་གཞི་དང་པོ་བསྒྲིགས། ཤ206
②དོར་ཞི་གདོང་དྲུག་སྙེམས་བློ《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ9བར་པར་གཞི་དང་པོ་བསྒྲིགས། ཤ 11
③[美] 查尔斯・E・布莱斯勒/著  赵勇 李莎 常培杰 等/译《文学批评》 [M] 中国人民大学出版社 2015年1月第1版 p11
④ས་པཎ། 《མཁས་པ་རྣམས་ལ་འཇུག་པའི་སྒོ》[M] མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ8པར་པར་གཞི་དང་པོ་བསྒྲིགས། ཤ 79
⑤[美]乔纳森・卡勒/著 李平/译《文学理论入门》 [M]译林出版社 2013年1月第1版 p84