དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་ཀྱི་དམངས་སྒྲུང་ལས་སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་རིགས་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2020-03-26 ཡོང་ཁུངས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། རྩོམ་པ་པོ། མིག་དམར།
གནད་བསྡུས། དཔྱད་རྩོམ་འདིའི་ནང་རང་ཅག་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་དམངས་སྒྲུང་ཁག་ལས་སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་གི་སྒྲིག་གཞིའི་ཆོས་ཉིད་དང་། སྒྲུང་རིམ་དང་བརྗོད་གཞིའི་ཁྱད་ཆོས། ལྷག་པར་སྒྲུང་རིགས་དེའི་དམིགས་བསལ་གྱི་བསམ་བློའི་ཁྱད་ཡོན་ཇི་འདྲ་ཡིན་མིན་ཐད་འགྱུར་ཆོག་པའི་ཆ་དང་འགྱུར་མི་ཆོག་པའི་ཆ་ཞེས་པའི་རིགས་ལམ་གསར་པར་བརྟེན་ནས་དཔྱད་པ་བྱས་འདུག
གནད་ཚིག སྲོག་ཆགས། དྲིན་ལན་འཇལ་བ། ཆོས་ཉིད།།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]1207.7[ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག།]1005-5746(2019)03-082-10 
        སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་ནི་འཛམ་གླིང་མི་རིགས་མང་ཆེ་བའི་དམངས་ཁྲོད་དུ་ཁྱབ་ཆེ་བའི་སྒྲུང་སྣ་ཞིག་ཡིན་ཞིང་། དེ་ལ་ཡིད་དབང་འཕྲོག་པའི་སྒྲུང་རིམ་དང་། འཆར་སྒོས་ཕྱུག་པའི་གཟུགས་བརྙན། དྲིན་དྲན་དང་དྲིན་གཟོའི་ཀུན་སྤྱོད་བསླབ་བྱའི་བསམ་བློའི་སྙིང་དོན་མངོན་པར་གསལ་བས་དེ་སྔ་འཇིག་རྟེན་རྒན་པོ་རྣམས་ཀྱིས་བུ་ཚའི་མི་ཚེ་བསྐྱེད་བསྲིང་གི་བརྒྱུད་རིམ་ནང་ལན་བརྒྱར་འཆད་པར་བྱེད། ཕྱི་ནང་གི་རྒྱུ་རྐྱེན་དེ་འདྲར་བརྟེན་པས་ཀུན་སྤྱོད་གཙིགས་སུ་འཛིན་པའི་བོད་མི་རིགས་ལ་སྒྲུང་སྣ་འདི་གཞན་ལས་ལྷག་པའི་ཚད་དུ་བྱུང་ཡོད།    
        རྒྱུན་པར་ང་ཚོས་སྒྲུང་དེའི་རིགས་ཐོས་ཚེ་སྒྲུང་མིང་མི་གཅིག་པ་དང་། སྒྲུང་ནང་གི་འགལ་འབྲེལ་གྲུབ་སའི་གཞི་མི་གཅིག་པ། འགལ་འབྲེལ་གྲུབ་པའི་རྐྱེན་མི་གཅིག་པ། ཚིག་གི་སྦྱོར་བ་དང་སྐད་ཆའི་ཉམས་འགྱུར་མི་གཅིག་པ་གང་འདྲ་ཡིན་ནའང་རྩ་བའི་གྲུབ་ཆ་འགའ་སྟེ། སྒྲུང་རིམ་ལ་བསྟུན་པའི་སྒྲིག་གཞི་དང་། བརྗོད་གཞིའི་ཁྱབ་ཁོངས། བསམ་བློའི་སྙིང་དོན་བཅས་ཧ་ལམ་གཅིག་མཚུངས་ཡིན་པའི་སྣང་བ་ཞིག་ངམ་ངམ་ཤུགས་ཀྱིས་འཆར་གྱི་ཡོད། དེ་འདྲ་ཡོང་དོན་ནི་མདོར་ན་སྒྲུང་རིགས་གཅིག་ཡིན་ན་དེ་ལ་འགྱུར་ཆོག་པའི་ཆ་དང་འགྱུར་མི་ཆོག་པའི་ཆ་ཞིག་ཡོད་པས་ཡིན་སྟབས་དཔྱད་རྩོམ་འདིར་རིགས་ལམ་གསར་པ་འདི་ལ་བརྟེན་ནས་བོད་རིགས་ཀྱི་སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་རིགས་འདིའི་སྒྲིག་གཞིའི་ཆོས་ཉིད་དང་། བརྗོད་གཞིའི་ཁྱབ་ཁོངས། བསམ་བློའི་སྙིང་དོན་བཅས་གང་དང་གང་ཡིན་རགས་ཙམ་དཔྱད་པར་འདོད་དོ །        
        དང་པོ།  སྒྲིག་གཞི་བརྟག་པ།    
        དམངས་རྩོམ་དང་སྒེར་རྩོམ་གང་ཞིག་ཡིན་རུང་སྒྲིག་གཞི་ཞིག་ལ་བརྟེན་དགོས་ཤིང་། བརྫོད་བྱའི་དོན་དང་འཚམ་པའི་སྒྲིག་གཞི་ཞིག་མ་བྱུང་ན་བརྫོད་བྱའི་སྙིང་པོ་ཇི་ལྟར་ཟབ་ཀྱང་བལ་པ་ཛ་བཞིན་ཐམས་ཅད་དུ་འཛིངས་པར་འགྱུར་བས་རྩོམ་པའི་དམིགས་པ་སྟོར་བར་བྱེད་དོ། །དེས་ན་དམངས་ཁྲོད་ཀྱི་སྒྲུང་གང་ཞིག་ཡིན་རུང་ཐུན་མོང་ངམ་ཐུན་མོང་མ་ཡིན་པའི་སྒྲིག་གཞི་གང་རུང་ལ་མ་བརྟེན་པ་མི་སྲིད་ལ། སྒྲུང་གི་སྒྲིག་གཞི་ཞེས་པའང་སྒྲུང་གང་རུང་དེའི་ནང་སྒྲུང་རིམ་སྔ་ཕྱི་ཇི་ལྟར་བཀོད་སྒྲིག་བྱེད་པ་དེ་ཡིན། དེ་ལ་འགྱུར་ཆོག་པའི་ཆ་ཞིག་དང་འགྱུར་མི་ཆོག་པའི་ཆ་ཞིག་ཡོད་པས་འགྱུར་མི་ཆོག་པའི་ཆ་དེ་ཐུན་མོང་དུ་སོང་སྟབས་དེས་དམངས་སྒྲུང་རིགས་དེའི་སྒྲིག་གཞིའི་ཆོས་ཉིད་གཏན་འཁེལ་ཐུབ་པ་ཡིན།   
        སྒྲུང་རིམ་ཕུན་སུམ་ཚོགས་ལ་གྱ་གྱུ་ཆེ་བ། འགལ་འབྲེལ་གྱི་གྲུབ་གཞི་ཡ་མཚན་ལ་གྲུབ་རྐྱེན་འོས་དང་མཐུན་པ། ཉན་ན་སྙན་ལ་བསམ་ན་དོན་ཆེ་བའི་བོད་ཀྱི་སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་སྣ་དེའི་སྒྲུང་འགའ་ལ་དབྱེ་ཞིབ་ཀྱིས་དེའི་སྒྲིག་གཞིའི་ཆོས་ཉིད་གང་འདྲ་ཡིན་པ་བརྟག་པ་ལ།    
        གཅིག སྒྲུང་འགའ་བསྡུས་བཀོད།   
        1.《ཙི་ཙའི་དམག་འཕྲུག》    
        དེ་སྔ་རྒྱལ་པོ་ཞིག་ཡོད་པ་དེར་གཡོག་པོ་ཞིག་ཡོད། རྗེས་སུ་གཡོག་པོ་གསར་པ་ཞིག་བཙལ་ནས་གཡོག་པོ་རྙིང་པ་དེ་ཕྱིར་དོན་བྱེད་པར་བཏང་། གཡོག་པོ་དེ་སོང་སོང་བས་གང་མཚམས་ནས་ཙི་ཙི་ཞིག་ཐུག་པ་དེས་ཁྱོད་རང་རྒྱལ་པོའི་གཡོག་པོ་རྙིང་པ་དེ་ཡིན་པས་ཟེར་བ་ལ་ཡིན་བྱས་པས། འོ་ན་སྐུ་མཁྱེན་ཉིན་ཞིག་ང་རྒྱལ་པོའི་སར་བཅར་གྱི་ཡིན་པས་ཁྱེད་རང་གིས་སྙན་སེང་ཞུ་རོགས་ཟེར་བས་ཁོས་ཡོང་ཟེར་ཁས་བླངས་སོ། །
        ཉིན་ཞིག་སྒོའི་ཕྱི་ནས་ཨུ་ལའོ། ཨུ་ལའོ་ཟེར་སྐད་བཏང་བྱུང་བར་གཡོག་པོ་གསར་པ་དེས་ལྟ་བར་སོང་བས་སྒོ་འགྲམ་ན་ཙི་ཙི་ཞིག་ལས་གང་ཡང་མེད། ཡར་སོང་ནས་སྒོ་འགྲམ་ན་ཙི་ཙི་ཞིག་ལས་གཞན་གང་ཡང་མི་འདུག་ཞུས་པས་གཡོག་པོ་རྙིང་པ་དེའི་སེམས་ལ་སྔར་གྱི་ཙི་ཙི་དེ་ལྷང་ངེར་དྲན་ཏེ་ཁ་སྔོན་ང་དོན་སྒྲུབ་པར་འགྲོ་སྐབས་ཙི་ཙི་ཞིག་གིས་དོན་ཞིག་མངགས་བྱུང་བས་ཁོ་ཡར་ཁྲིད་ཤོག་ལབ། ཙི་ཙི་རྒྱལ་པོའི་འཁྲིས་སུ་ཡོང་ནས་རྒྱལ་པོ་རིན་པོ་ཆེ། ཐུགས་རྗེས་གཟིགས། ལ་ཕ་གིའི་རྒྱབ་ན་ང་ཚོ་ཙི་ཙི་སྟོང་ཕྲག་གཅིག་ཡོད་པ་ལ་མུ་གེ་བྱུང་ནས་ལྟོགས་ཤི་ཐེབས་གྲབས་འདུག་པས་རྒྱལ་པོའི་བང་མཛོད་ནས་འབྲུ་ཁལ་སྟོང་ཕྲག་གཅིག་གཡར་པོ་གནང་རོགས། དུས་སང་སྐྱིན་ཚབ་འབུལ་ཆོག་པ་མཁྱེན་ཟེར་བས་རྒྱལ་པོས་གཡར།    
        ཕྱི་ལོ་ཙི་ཙིར་གྲོ་མའི་ལོ་ལེགས་བྱུང་ནས་གྲོ་མ་སྤུ་མེད་པ་ཡུ་བ་མེད་པ་མང་པོ་བསགས་རྗེས་ཉིན་ཞིག་ཙི་ཙི་དེས་གཡོག་པོ་གཉིས་འཁྲིད་དེ་རྒྱལ་པོ་རིན་པོ་ཆེ། ན་ནིང་ང་ཚོར་བུ་ལོན་བཏང་བ་དེས་ང་ཚོ་ཙི་ཙིའི་མུ་གེ་གསོས་སོང་བས་དོ་དགོང་སྐྱིན་པ་འབུལ་བར་བཅར་གྱི་ཡིན་ཞུས། སང་ཞོགས་རྒྱལ་པོའི་འབྲུ་ཁང་གྲོ་མས་ཁེངས་ནས་འདུག ཡུལ་དེའི་ཆུ་ཕ་ཁ་ན་རྫོང་སྟོབས་ཆེན་ཞིག་ཡོད་པ་དེས་རྒྱལ་པོ་དེ་ལ་ཙི་ཙིས་གྲོ་མ་མང་པོ་བསྐྱལ་ཡོད་པ་དེ་དག་དམག་གིས་འཕྲོག་དགོས་ཟེར་ནས་རྟ་དམག  རྐང་དམག  གྲི་མདུང་སྒྱོགས་ཀྱི་མཚོན་ཆ་རྣམས་གྲབས་བྱས། ཙི་ཙིའི་སྦྱིན་བདག་དེ་ལ་ནི་མི་སེར་ལྔ་བཅུ་ཙམ་ལས་མེད་པས་འུ་ཐུག་སྟེ་གཡོག་པོ་རྙིང་པ་དེ་ཁྲིད་ནས་ཙི་ཙིའི་ལུང་པར་སོང་ངོ་། །ཙི་ཙིའི་རྒྱལ་པོ་དེས་རྒྱལ་པོ་ཁྱེད་ལ་སྡུག་པ་ག་རེ་བྱུང་ང་ཚོར་གསུངས་དང་། ང་ཚོས་ཕྱག་རོགས་ཞུས་ཆོག་ཟེར་བར་རྒྱལ་པོས་གནས་ཚུལ་རྣམས་བཤད། ཙི་ཙིས་དེ་འདྲ་ཡིན་ན་རྒྱལ་པོ་རང་ཕར་ཕེབས་ལ་མི་སེར་རྣམས་སྐུལ་ཏེ་བོང་བུའི་ཨོག་རིལ་རྨ་མེད་པ་སྟོང་ཕྲག་གཅིག་གཙང་པོའི་ཁར་སྤུངས་བཞག་རོགས་ཞེས་བཤད། ནུབ་མོ་དེར་ཙི་ཙིས་ཨོག་རིལ་རེ་གཙང་པོའི་ནང་གཡུག དེའི་སྟེང་ཙི་ཙི་རེ་མཆོངས་ཏེ་ཆུ་ཕ་རོལ་དུ་ཕྱིན་ནས་རྒྱལ་པོ་ངན་པའི་དམག་གི་རྟའི་ཡོབ་ཐག་དེ་ཚོ་ཟས། རྟ་དང་མིའི་རྣ་ཅོག་བཀོག མེ་སྒྱོགས་ཀྱི་རྫས་རྣམས་ལ་བྱེ་མ་བླུགས་པ་སོགས་དམག་ལ་གྲ་སྒྲིག་བྱས་པ་རྣམས་མེད་པ་བཟོས་པས་དྲིན་ཆེ་བའི་རྒྱལ་པོ་དེ་དམག་གི་ཉེན་ཁ་ལས་ཐར་རོ། །    
        2.《དྲིན་ལན་འཇལ་བ》   
        དང་པོ་ཙ་ན། ཡུལ་ཞིག་ན་ཁྲལ་པ་ཞིག་ཡོད། ཁྲལ་པ་ལ་ཁྲལ་ལྕི་མོ་བབས་པས་ཡུལ་གཞན་ལ་འཁྱམས་པ་ལས་བྱ་ཐབས་གང་ཡང་མ་བྱུང་། ཁོས་དངོས་རྫས་ཡོད་ཚད་སླ་ཚོང་སྟེ་བོང་བུ་གཅིག་དང་སྣམ་བུ་དུམ་བུ་གཉིས་ལ་བརྗེས་ནས་ལྟོ་འཚོལ་བར་སོང་། ཉིན་ཞིག་ལམ་ཁར་བྱིས་པ་མང་པོས་བྱི་བ་ཞིག་བཟུང་ནས་པགས་པ་གསོན་བཤུ་རྒྱག་རྒྱུ་ཡིན་ཟེར་བ་ཐོས། ཁོ་སྙིང་རྗེ་ཚད་མེད་སྐྱེས་ཏེ་བྱི་བ་དེ་སྣམ་བུ་དུམ་བུ་གཅིག་ལ་བརྗེས་ནས་བཏང་ངོ་། །ཡང་ཕྱིན་པས་ལམ་མདོ་ཞིག་ན་བྱིས་པ་མང་པོ་ཞིག་གིས་སྤྲེའུ་ཕྲུག་གཅིག་བཟུང་ནས་ཀོ་ལྕག་གཞུས་ནས་རྩེད་མོ་བྱེད་དུ་བཅུག་པ་མཐོང་། དེ་ལ་ཁོ་སྙིང་རྗེ་ནས་ཡང་སྣམ་བུ་དུམ་བུ་གཅིག་བྱིན་ནས་སྤྲེལ་ཕྲུག་དེ་ནགས་གསེབ་ལ་བཏང་།    
        ཡང་ཕྱིན་པ་དང་གྲོང་གི་བཞི་མདོ་ཞིག་ན་རྔོན་པ་མང་པོས་དོམ་ཕྲུག་གཅིག་བཟུང་ནས་དབྱུག་པས་རྡེག་ཅིང་རྩེད་མོ་སློབ་པ་མཐོང་། ཁོས་བོང་བུ་དེ་རྔོན་པ་རྣམས་ལ་སྤྲད་དེ་དོམ་ཕྲུག་དེ་ཁྲིད་དེ་ནགས་གསེབ་ཅིག་ལ་བཏང་། དེའི་དགོང་མོ་ལྟོ་ཞིག་སློང་སྙམ་ནས་དཔོན་ཚང་ཞིག་གི་སྒོ་ཁར་སླེབས་པ་དང་། དཔོན་པོའི་ཕྱག་མཛོད་ཀྱིས་དར་ཟབ་ཀྱི་ཁྲེས་པོ་གཅིག་བརྐུས་ནས་བྲོས་འོང་བ་སྒོ་དྲུང་དུ་བདག་མོ་དང་འཕྲད་པས་ཁྲེས་པོ་དེ་ཁྲལ་པའི་གམ་ལ་གཡུགས་ནས་མི་འདིས་ཕོ་བྲང་ནས་བརྐུས་སོ་ཞེས་སྐད་བརྒྱབ་པས་མི་རྣམས་ཀྱིས་ཁོ་བཟུང་ནས་དཔོན་པོ་ལ་ཞུས་པས། ཀོ་ཐུམ་བརྒྱབ་ནས་ཆུར་བོར་ཅིག་ཅེས་བཀའ་ཕབ་པ་ལྟར་ཆུར་བོར། ཆུའི་མཐའ་ན་ཤིང་སྡོང་ཞིག་ཡོད་པ་ལ་ཀོ་ཐུམ་ཐོགས་ནས་བཀག་སྐབས་དེར་བྱི་བ་ཞིག་ཆུ་ཁར་གཟན་འཚོལ་དུ་འོངས་པས་ཀོ་ཐུམ་ལ་རྨུག་ནས་བུ་ག་བརྟོལ་བ་སྟབས་ལེགས་ཀྱིས་ཁོའི་མིག་གི་ཐད་ཀར་འདུག་པས་བྱི་བས་ཁོ་ངོ་ཤེས་ཏེ་ཆུ་འགྲམ་ལ་སོང་ནས་སྔར་གྱི་སྤྲེའུ་དང་དོམ་གཉིས་བཙལ་ནས་འོང་། མི་དྲིན་ཅན་དེའི་སྲོག་བསྐྱབས། མཚན་མོར་དོམ་དེས་ཕ་རིའི་ཐང་དཀྱིལ་ན་འོད་ཆེ་བ་ཞིག་མཐོང་བས་སྤྲེའུས་སོང་ནས་ཡིད་བཞིན་ནོར་བུ་བྱ་མོའི་སྒོ་ང་ཙམ་ཞིག་རྙེད་པ་དེ་ཁོ་ལ་བྱིན་པས་ཁོས་ནོར་བུར་གསོལ་བ་བཏབ་པས་ཐང་དེར་ལོངས་སྤྱོད་ཀྱིས་ཁེངས་པའི་མཁར་ཞིག་བྱུང་བས་ཁོ་བདེ་ཞིང་སྐྱིད་པ་བྱུང་།    
        ཉིན་ཞིག་ཁོའི་ཁྱིམ་དུ་ངོ་ཤེས་ཚོང་པ་ཞིག་ཡོང་ནས་ལོངས་སྤྱོད་རྣམས་མཐོང་བས་ཡིད་བཞིན་གྱི་ནོར་བུ་དེ་གཡར་རོགས་ཞུས་པས་ངོ་ལྡོག་མ་ཐུབ་པར་ཚོང་པ་དེར་གཡར་བས་ཡིད་བཞིན་ནོར་བུས་སྔར་སར་ཡོད་པའི་ལོངས་སྤྱོད་རྣམས་བསྡུས་ནས་ཚོང་པ་ཡོད་སར་འོངས་བས་ཁོ་སྔར་ལྟར་སྤྲང་པོར་གྱུར།    
        ཉིན་ཞིག་སྲོག་ཆགས་གསུམ་གྱིས་དྲིན་ཅན་གྱི་མི་དེ་སླར་སློང་མོ་བྱེད་པ་མཐོང་བས་རྒྱུ་མཚན་དྲིས་པ་ལ་ཚོང་པས་བསླུ་ཚུལ་རྣམས་ཞིབ་པར་བཤད། སྲོག་ཆགས་གསུམ་པོས་ཐབས་བརྒྱ་ཇུས་སྟོང་གིས་ཚོང་པའི་ས་ནས་ནོར་བུ་ཕྱིར་བླངས་ནས་དྲིན་ཅན་གྱི་མི་དེར་སྤྲད། ཁོས་ནོར་བུར་གསོལ་བ་བཏབ་པས་སྔར་ལས་ལྷག་པའི་ལོངས་སྤྱོད་ཀྱིས་ཁོ་བདེ་ཞིང་སྐྱིད་པ་བྱུང་།    
        3.《བྱ་རྒོད་ཀྱིས་དྲིན་ལན་འཇལ་བ》    
        སྔར་ཞིང་པ་ཞིག་ཡོད་པ་དེས་སྔ་དྲོ་ཞིང་ཁའི་ནང་ལས་ཀ་བྱས་རྗེས་ལྕང་སྡོང་འོག་ཏུ་ངལ་གསོ་བར་ཕྱིན། ལྕང་སྡོང་འོག་ཏུ་རྔོན་པས་རྒྱ་རྙི་བཏང་ཡོད་པའི་ནང་མཛེས་སྡུག་ལྡན་པའི་བྱ་རྒོད་ཅིག་འཁོན་ནས་ཤི་གྲབས་ཡོད་པ་རེད། ཞིང་པས་དེ་མཐོང་ནས་རང་དབང་མེད་པར་སྙིང་རྗེ་སྐྱེས་ནས་ཨ་ཙི། སྙིང་རྗེ་ཞེས་བརྗོད་བཞིན་བྱ་རྙི་ལས་བཀྲོལ་དེ་སྐྱབས་པ་རེད།    
        ཕྱི་དྲོ་ལས་ཀ་ཚར་རྗེས་ཁོ་པས་འཇོར་དང་སྦྱགས་མ་འཁྱེར་ནས་ཕྱིར་ལོག ལམ་བར་དུ་གྱང་གོག་ཅིག་ཡོད་པ་མཐོང་བས་ཁོས་གྱང་གོག་གི་རྩིག་པར་སྙེས་ཏེ་ངལ་གསོས་ནས་བསྡད། སྐབས་དེར་གློ་བུར་དུ་མཁའ་དབྱིངས་ནས་བྱ་རྒོད་ཀྱིས་སྐད་སྒྲ་སྒྲོག་ཅིང་མར་ལྡིང་ནས་ཞིང་པའི་ཞྭ་མོ་འཕྲོགས་ཤིང་མདུན་དུ་འཕུར་ནས་སོང་། ཞིང་པ་ཡར་ལངས་ཐོག་བྱ་རྒོད་རྗེས་འདེད་གཏོང་བཞིན་པར། ངའི་ཞྭ་མོ་ཚུར་སྦྲོད་དང་། དྲིན་ལན་ལོག་འཇལ་བྱེད་མཁན་ཁྱོད་ཅེས་བཤད། བྱ་རྒོད་འཕུར་ལྡིང་ཡུད་ཙམ་བྱས་རྗེས་ཞྭ་མོ་དབྱུགས་ནས་བྱུང་། ཞིང་པས་ཞྭ་མོ་ཡར་སྒྲུག་བཞིན་འ་ཙི། ངས་ཁྱོད་ཀྱི་སྲོག་བསྐྱབས་པ་དེ་ནི་ངལ་བ་སྟོང་ཟད་རང་རེད་འདུག་ཤོད་བཞིན་ཁ་ཕྱིར་གཅུས་ནས་གྱང་གོག་ཡོད་སར་མུ་མཐུད་ངལ་གསོ་བར་ཕྱིན། ཁོ་པ་གྱང་གོག་སར་སླེབས་དུས་གྱང་གོག་ཡོངས་རྫོགས་འགྱེལ་ཡོད་པས་བྱ་རྒོད་ཀྱིས་རང་གི་ཞྭ་མོ་འཕྲོག་པ་ནི་རང་གི་སྲོག་སྐྱོབ་ཆེད་དུ་ཡིན་པ་གཞི་ནས་ཤེས་སོ། །
        གཉིས། འགྱུར་ཆོག་པའི་ཆ་དང་འགྱུར་མི་ཆོག་པའི་ཆའི་དབྱེ་ཞིབ།    
        དམངས་ཁྲོད་སྒྲུང་གང་ཞིག་ཡིན་རུང་དེ་ནི་གྲུབ་ཆ་དུ་མའི་བདག་ཉིད་ཅན་ཡིན་ཞིང་། གྲུབ་ཆ་དེ་དག་ལ་བརྟེན་ནས་སྒྲུང་རང་མཚན་པ་རེ་རེ་ནས་གྲུབ་པ་ཡིན། འོན་ཏེ་སྒྲུང་རིགས་ཀྱི་དབང་དུ་བྱས་ན་སྒྲུང་གི་གྲུབ་ཆ་འགའ་ཞིག་སྒྲུང་རིགས་དེའི་སྒྲུང་རང་མཚན་པ་གང་ལའང་ལྡན་དགོས་ལ་གྲུབ་ཆ་འགའ་སྒྲུང་རང་མཚན་པ་ཀ་པར་ལྡན་ནའང་ཁ་པར་ངེས་པར་ལྡན་པའི་ངེས་པ་ཅི་ཡང་མེད། དེ་ལ་སྒྲུང་གི་འགྱུར་ཆོག་པའི་ཆ་དང་འགྱུར་མི་ཆོག་པའི་ཆ་ཞེས་པ་ཡིན་ལ། རིགས་ལམ་འདིས་དམངས་སྒྲུང་གང་གི་སྒྲིག་གཞིའི་ཆོས་ཉིད་འཚོལ་བ་དང་རིགས་ཀྱི་དབྱེ་བ་འབྱེད་པ་ལ་ཕན་པ་རླབས་ཆེན་ཐོན་ཐུབ།    
        གོང་བཀོད་སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་གསུམ་སྒྲུང་རིགས་ཀྱི་ཐད་ནས་གཅིག་ཡིན་མོད། ང་ཚོས་ལེགས་པར་བཀླགས་ན་སྒྲུང་གི་གྲུབ་ཆའི་ཐོག་འགའ་ཞིག་ཐུན་མོང་ཡིན་པ་དང་འགའ་ཞིག་སྒེར་ཆོས་ལྟ་བུ་ཡིན། དེ་ཡང་རེའུ་མིག་ལས་མཚོན་ན་འདི་ལྟར།   
        1.སྒྲུང་གསུམ་གྱི་ཐུན་མོང་ཆ།

        2.སྒྲུང་གསུམ་གྱི་ཐུན་མོང་མ་ཡིན་པའི་ཆ།

        གོང་བཀོད་རེའུ་མིག་ལས་སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་རིགས་དེའི་འགྱུར་ཆོག་པའི་ཆ་དང་། འགྱུར་མི་ཆོག་པའི་ཆ་གང་ཡིན་ཅུང་གསལ་བར་མངོན་ཐུབ་ལ། འགྱུར་མི་ཆོག་པའི་ཆ་དག་སྒྲུང་རིགས་དེའི་སྒྲིག་གཞི་དང་ཐད་ཀའི་འབྲེལ་བ་གྲུབ་སྟངས་དེ་ལས་སྒྲུང་རིགས་འདིའི་སྒྲིག་གཞིའི་ཁྱད་ཆོས་ཀྱང་ཆེ་ལོང་ཙམ་རྟོགས་ནུས།   
        གསུམ། སྒྲིག་གཞིའི་ཆོས་ཉིད།    
        དམངས་སྒྲུང་གི་སྒྲིག་གཞི་ལ་ཕྱི་དང་ནང་གི་སྒྲིག་གཞི་དང་། དོན་བརྗོད་ཀྱི་སྒྲིག་གཞི་སོགས་རྣམ་དབྱེ་སྣ་ཚོགས་འབྱེད་རུང་བ་ལྟར་སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་ལའང་སྒྲིག་གཞིའི་ཞིབ་འཇུག་སྒོ་དུ་མ་ནས་བྱེད་ཆོག འདིར་ཕྱི་དང་ནང་གཉིས་ཀྱི་སྒྲིག་གཞི་གཙོ་བོར་བཟུང་ནས་དཔྱད་པ་ལ།   
        ནང་གི་སྒྲིག་གཞི་ནི། སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་ནང་སེམས་བཟང་གི་མི་ཞིག་དང་དྲིན་ཚོར་ཐུབ་མཁན་གྱི་སྲོག་ཆགས་ཤིག་ཡོད་པ། སྲོག་ཆགས་ལ་དཀའ་ཉེན་འཕྲད་པ་དང་མི་ལ་དཀའ་ཉེན་འཕྲད་པའི་གྲུབ་ཆ་ཆེན་པོ་གཉིས་མི་འགྱུར་བར་ཡོད། དཔེར་ན་གོང་བཀོད་སྒྲུང་ཚན་གསུམ་ལས་《ཙི་ཙིའི་དམག་འཁྲུག》ཅེས་པའི་ནང་རྒྱལ་པོ་གང་དེ་སེམས་བཟང་ཞིག་དང་། ཙི་ཙི་ནི་དྲིན་ཚོར་མཁན་ཞིག ཙི་ཙི་ལ་མུ་གེའི་དཀའ་ངལ་དང་། རྒྱལ་པོར་དམག་གི་དཀའ་ཉེན་འཕྲད་པ། 《དྲིན་ལན་འཇལ་བ》ཞེས་པའི་ནང་བུ་དབུལ་པོ་གང་དེ་སེམས་བཟང་ཞིག་དང་། དོམ་ཕྲུག་དང་སྤྲེའུ་ཕྲུག་བྱི་བ་གསུམ་ནི་དྲིན་ཚོར་མཁན་ཞིག  དོམ་ཕྲུག་སྤྲེའུ་ཕྲུག་བྱི་བ་གསུམ་ལ་སྲོག་ལ་འཚེ་བའི་ཉེན་ཁ་དང་། བུ་དབུལ་པོར་སྲོག་དང་ལོངས་སྤྱོད་ཤོར་བའི་ཉེན་ཁ་འཕྲད་པ། 《བྱ་རྒོད་ཀྱིས་དྲིན་ལན་འཇལ་བ》ཞེས་པའི་ནང་ཞིང་པ་གང་དེ་སེམས་བཟང་ཅན་དང་། བྱ་རྒོད་དེ་དྲིན་ཚོར་མཁན་ཞིག བྱ་རྒོད་ལ་སྲོག་གི་ཉེན་དང་ཞིང་པ་ལའང་སྲོག་གི་ཉེན་ཁ་འཕྲད་པ་ཧ་ཅང་གཅིག་མཚུངས་ཡིན་པས་མི་འགྱུར་བའི་ཆ་གཉིས་པོ་དེ་སྒྲུང་ཚན་གསུམ་གྱི་ཐུན་མོང་ཡིན་པ་གང་ཞིག་སྒྲུང་སྣ་དེའི་ཆེས་བརྟན་ཤོས་ཀྱི་གྲུབ་ཆ་ཞིག་ཡིན་པས་སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་ནང་གི་སྒྲིག་གཞིའི་ཆོས་ཉིད་དེ་ལ་ངེས་པ་ཡིན། ནང་གི་སྒྲིག་གཞི་དེའི་ཆ་གང་ལ་འགྱུར་བ་བྱུང་ནའང་སྒྲུང་རིགས་དེའི་ཆོས་ཉིད་དང་འགལ་བ་མ་ཟད། སྒྲུང་རིགས་དེའི་གསར་རྩོམ་དམིགས་ཡུལ་ལམ་སྒྲུང་རིགས་འདིའི་བསམ་བློའི་སྙིང་དོན་སྟོར་བ་ཡིན།    
        ཕྱི་ཡི་སྒྲིག་གཞི་ནི། གོང་བཀོད་སྒྲུང་གསུམ་ལ་ཞིབ་ཏུ་བརྟག་ན་ཙི་ཙིའི་དམག་འཁྲུག་དང་། བྱ་རྒོད་ཀྱིས་དྲིན་ལན་འཇལ་བ་ཞེས་པའི་སྒྲུང་གཉིས་ནང་ཙི་ཙི་དང་བྱ་རྒོད་གཉིས་ལ་དཀའ་ཉེན་རེ་རེ་ལས་འཕྲད་མེད་ལ། རྒྱལ་པོ་དང་ཞིང་པ་གཉིས་ལའང་དཀའ་ཉེན་རེ་རེ་ལས་འཕྲད་མེད། དྲིན་ལན་འཇལ་བ་ཞེས་པའི་སྒྲུང་ནང་དོམ་ལ་སོགས་པའི་སྲོག་ཆགས་ལ་དཀའ་ཉེན་གཉིས་ཙམ་འཕྲད་ཡོད་ལ། དབུལ་པོ་ལའང་དཀའ་ཉེན་གཉིས་འཕྲད་ཡོད། དེ་བཞིན་གང་འཕྲད་པའི་དཀའ་ཉེན་ཡང་མི་འདྲ་བ། དེས་ན་སྒྲུང་རིགས་འདིའི་ནང་དཀའ་ཉེན་གྱི་གྲངས་ཚད་དང་དཀའ་ཉེན་གྱི་རྣམ་པ་དེ་འགྱུར་ཆོག་པའི་ཆ་རུ་སོང་མོད། སྒྲུང་རིམ་ཆེན་པོ་གཉིས་ཏེ། དང་པོ་དཀའ་ཉེན་དང་བཅས་པའི་སྲོག་ཆགས་ལ་མིས་ནུས་པ་ཅི་ཡོད་ཀྱིས་རོགས་རམ་བྱས་པས་སྲོག་ཆགས་སྡུག་བསྔལ་ལས་ཐར་བ་དང་། གཉིས་པ་མི་དེ་ལ་དཀའ་ཉེན་འཕྲད་པ་སྲོག་ཆགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་སེལ་རོགས་བྱས་པས་མི་དེ་བདེ་བར་འཚོ་བ་གཉིས་གཅིག་མཚུངས་ཡིན་པ་གང་ཞིག་སྔོན་ལ་མིས་སྲོག་ཆགས་ལ་རོགས་རམ་དང་རྗེས་སུ་སྲོག་ཆགས་ཀྱིས་མི་ལ་རོགས་རམ་བྱས་པ་རིམ་པ་མི་འགྱུར་བ་ཡིན། གཞན་ཡང་། གནའ་སྔ་མོ་ཞེས་པའམ་དེ་སྔ་ཞེས་པ་ལྟ་བུ་སྒྲུང་འགོ་དུས་ལས་ཚུགས་ཤིང་། ཁོར་ཡུག་གང་རུང་ཞིག་གི་ནང་དུ་མི་དང་སྲོག་ཆགས་གཉིས་དབར་ཐོག་མའི་འགལ་འབྲེལ་གྲུབ་པ་དང་། དེ་ནས་རིམ་བཞིན་དྲིན་བྱས་པ་དང་དྲིན་འཇལ་བའི་སྒྲུང་གི་རིམ་པ་ངེས་པ་བཅས་གཅིག་མཚུངས་ཡིན་པ་ལས་སྒྲུང་རིགས་འདིའི་ཕྱིའི་སྒྲིག་གཞིའི་ཆོས་ཉིད་ནི་རྒྱུ་འབྲས་ཀྱི་རིམ་པ་ལྟར་དང་པོ་མི་དང་སྲོག་ཆགས་དབར་ཐོག་མའི་འགལ་འབྲེལ་གྲུབ་པ། གཉིས་པ་མིས་སྲོག་ཆགས་ལ་རོགས་རམ་བྱས་པ། གསུམ་པ་སྲོག་ཆགས་ཀྱིས་མི་ལ་རོགས་རམ་བྱས་པ་སྟེ་གྲུབ་ཆ་གསུམ་ལྡན་གྱི་སྒྲིག་གཞི་ཞིག་གོ།   
        སྒྲིག་གཞི་དེ་ནི་སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་རིགས་དེའི་བརྗོད་དོན་གྱི་རེ་འདུན་དང་འཚམ་པའམ་བརྗོད་དོན་གྱིས་ཐག་བཅད་པ་ཡིན་པས་སྒྲུང་ནང་འགལ་འབྲེལ་གྲུབ་པའི་རྐྱེན་དང་། དཀའ་ཉེན་གང་ལ་ཐུག་པའི་རྣམ་པ། ཕན་ཚུན་རོགས་རམ་གང་འདྲ་བྱས་པའི་ཚུལ་སོགས་ལ་མི་འདྲ་བ་གང་འདྲ་ཡོད་ནའང་གྲུབ་ཆ་གསུམ་ལྡན་གྱི་སྒྲིག་གཞི་དེ་ལ་འགྱུར་བ་འབྱུང་མི་སྲིད་དེ། དེ་ནི་དེའི་སྒྲིག་གཞིའི་ཆོས་ཉིད་ཡིན་པས་སོ།།     
        གཉིས་པ།  བརྗོད་གཞི་བརྟག་པ།    
        དམངས་ཁྲོད་རྩོམ་རིག་ཁྲོད་དོན་བརྗོད་ལྷུག་རྩོམ་ལ་ལྷ་སྒྲུང་དང་། གཏམ་རྒྱུད། དམངས་སྒྲུང་བཅས་རིགས་གསུམ་ཡོད་ལ། དེ་དག་ལས་བརྫོད་གཞི་སྣ་མང་ཕུན་སུམ་ཚོགས་ཤོས་ནི་དམངས་སྒྲུང་ཡིན་པ་དམངས་ཁྲོད་རྩོམ་རིག་ལ་རྒྱུས་མངལལྡན་པ་ཀུན་གྱིས་མཁྱེན་པས་མང་དུ་སྨྲ་ཅི་ལ་དགོས། འོན་ཏེ་དགོས་དབང་གིས་དམངས་སྒྲུང་གི་བརྗོད་གཞིལིསྐོར་ཕྲན་ཙམ་གླེང་ན། སྤྱིར་དམངས་སྒྲུང་ལ་གྲལ་རིམ་དབར་གྱི་འགལ་རྩོད་མཚོན་པ་དང་། ཕོ་མོ་ཕན་ཚུན་གྱི་བརྩེ་དུང་མཚོན་པ། ཁྱིམ་ཚང་ནང་གི་འགལ་འབྲེལ་མཚོན་པ། རྒན་རྒོན་བཟའ་ཚོའི་སྐྱིད་སྡུག་མཚོན་པ། གཅན་གཟན་རི་དྭགས་ཀྱི་གཤིས་ལུགས་མཚོན་པ། འཚོ་བ་དང་ཐོན་སྐྱེད་ཀྱི་ཉམས་མྱོང་མཚོན་པ། ཀུན་སྤྱོད་དང་མི་གཞིའི་སློབ་གསོ་མཚོན་པ་སོགས་ཆེས་རྒྱ་ཡངས་ལ་སྣ་ཚོགས་པའི་བརྗོད་གཞི་ཞིག་ཡོད་པ་ཡིན། བརྗོད་གཞི་ཕུན་སུམ་ཚོགས་པའི་ཁྱད་ཆོས་དེས་མིའི་རིགས་ཀྱི་སྤྱི་ཚོགས་རྣམ་པ་མི་འདྲ་བ་དང་། འཚོ་བའི་གནས་སྟངས་མི་འདྲ་བ། ལོ་ནའི་ཁྱད་པར་མི་འདྲ་བ་སོགས་གང་ལའང་དམངས་སྒྲུང་གིས་ཕན་ནུས་མི་ཐོན་པ་ཧ་ལམ་མི་སྲིད་པ་མཐོང་ཆོས་ལགས། འོན་ཏེ་སྒྲུང་རིགས་བྱེ་བྲག་སོ་སོའི་དབང་དུ་བྱས་ན་ང་ཚོས་སྒྲུང་རིགས་དེ་དང་དེའི་བརྗོད་གཞིའི་ཁྱབ་ཁོངས་ངེས་ཅན་ཞིག་བརྟག་ཐུབ།    
        གོང་བཀོད་སྒྲུང་གསུམ་སོ་སོ་བ་ཡིན་ནའང་སྒྲུང་རིགས་གཅིག་ཏུ་གཏོགས་སྟབས་དེ་དག་གཞིར་བྱས་ནས་སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་གི་བརྗོད་གཞི་ཇི་འདྲ་ཡིན་དཔྱད་ན། 《ཙི་ཙིའི་དམག་འཁྲུག》ཅེས་པའི་ནང་ཡ་ང་བའི་ཙི་ཙི་ལ་སེམས་བཟང་བའི་མིའི་རྒྱལ་པོས་རོགས་རམ་བྱས་པ་དང་། ཐབས་ཟད་པའི་རྒྱལ་པོར་དཀའ་ངལ་འཕྲད་དུས་ཙི་ཙིས་རོགས་རམ་བྱས་པས་རྒྱལ་པོ་བདེ་བར་འཚོ་ཐུབ་པ། དེ་བཞིན《དྲིན་ལན་འཇལ་བ》ཞེས་པའི་ནང་དོམ་ཕྲུག་དང་སྤྲེའུ་ཕྲུག བྱི་བ་གསུམ་གྱི་དཀའ་ཉིན་དེ་དབུལ་པོས་སེལ་རོགས་བྱས་པ་དང་། དབུལ་པོའི་སྲོག་གི་ཉེན་ཁ་དང་ལོངས་སྤྱོད་ཤོར་བའི་དཀའ་སྡུག་དེ་སྲོག་ཆགས་གསུམ་གྱིས་སེལ་བས་དབུལ་པོའི་བུ་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་རྒྱུ་བྱུང་བ། 《བྱ་རྒོད་ཀྱིས་དྲིན་ལན་འཇལ་བ》ཞེས་པའི་ནང་བྱ་རྒོད་རྙི་ལ་ཚུད་པའི་སྡུག་བསྔལ་དེ་ཞིང་པས་བསྐྱབས་པ་དང་། ཞིང་པའི་སྲོག་གི་ཉེན་ཁ་དེ་བྱ་རྒོད་ཀྱིས་སེལ་བས་ཞིང་པ་སྲོག་ཉེན་ལས་ཐར་བ་བརྗོད་ཡོད།    
        སྒྲུང་གསུམ་པོ་སོ་སོའི་སྐད་ཆའི་ཉམས་འགྱུར་དང་། བྱུང་རིམ་གྱི་གྱ་གྱུ། སྲོག་ཆགས་དང་སྲོག་ཆགས་སོ་སོའི་རང་གཤིས་བཅས་ཕྱི་ཤུན་རེ་རེ་ནས་བཤུས་ཏེ་བརྗོད་གཞིའི་སྟེང་དུ་བབས་ན། སྒྲུང་གསུམ་ཀའི་ནང་གཞན་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་སྐབས་རང་གིས་ནུས་པ་ཡོད་ཚད་ཀྱིས་རོགས་རམ་བྱས་པ་དེས་རང་ལ་དཀའ་ངལ་འཕྲད་སྐབས་གཞན་གྱིས་ལྷག་བསམ་ཟོལ་མེད་ཀྱིས་རོགས་རམ་བྱས་པ་དེ་ཁོ་ནར་གྲུབ་པས་དྲིན་ལ་དྲིན་གཟོ་དང་དྲིན་ལ་དྲིན་འཇལ་བ་ནི་སྒྲུང་རིགས་འདིའི་བརྫོད་གཞི་དམིགས་བསལ་བ་དེ་ཡིན་ནོ།     
        གསུམ་པ།  བསམ་བློའི་དོན་སྙིང་བརྟག་པ།    
        དམངས་ཁྲོད་རྩོམ་རིག་གང་ཞིག་ཡིན་ནའང་མང་ཚོགས་ཀྱི་སྒྱུ་རྩལ་གྱི་དགོས་མཁོ་དང་ཤེས་བྱའི་དགོས་མཁོ། སློབ་གསོའི་དགོས་མཁོ་སོགས་གང་རུང་ལ་བསྟུན་ནས་བྱུང་བ་ཡིན་སྟབས་ཚད་གཞི་ངེས་ཅན་གྱི་ཐོག་ནས་རྩོམ་རིག་དེས་མང་ཚོགས་ཀྱི་དགོས་མཁོ་སྐོང་ངེས། བསམ་བློར་མཛུབ་སྟོན་གྱི་དགོས་མཁོ་ནི་དམངས་རྩོམ་གྱི་ཉིང་དགོས་ཡིན་ཕྱིར་མང་ཚོགས་རྣམས་ལུགས་མཐུན་མ་ཡིན་པའི་སྤྱི་ཚོགས་ལམ་ལུགས་ཀྱིས་གཉའ་གནོན་དང་བཤུ་གཤོག་གིས་མནར་ཚེ་ཁོང་ཚོས་《མར་ཁྲལ་འཇལ་བ》ལྟ་བུའི་སྒྲུང་གསར་རྩོམ་གྱིས་བཤུ་གཤོག་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་མཚོན་ལ། ལྷད་མེད་བརྩེ་དུངས་ལ་འགོག་རྐྱེན་འཕྲད་པའི་སྐབས་《ཇ་དང་ཚྭའི་སྒྲུང》དང་། 《ཁ་མི་གྲགས་པའི་བུ་མོ》ལྟ་བུའི་སྒྲུང་གསར་རྩོམ་གྱིས་རང་དབང་གི་བརྩེ་དུངས་ལ་བསྟོད་གླུ་ལེན་པ། མགོ་སྐོར་དང་གཡོ་སྒྱུས་གཞན་རྒྱུ་དབང་བའི་སྐྱུག་བྲོའི་མི་གཤིས་མཐོང་སྐབས་《མོ་སྟོན་ཕག་མགོ》དང་། 《རྡོའི་སེང་གེས་ཁ་གདངས་པ》ལྟ་བུའི་སྒྲུང་གསར་རྩོམ་གྱིས་མི་གཞི་ཐ་ཆད་ལ་དགག་པ། སྒྱིད་ལུག་གིས་མི་ཚེ་འཁྱོལ་ཐབས་བྱེད་པ་ལ་《གྲོགས་པོ་གསུམ》ལྟ་བུའི་སྒྲུང་གསར་རྩོམ་གྱིས་ངལ་རྩོལ་ལ་བསྟོད་བསྔགས་སོགས་བསམ་བློའི་སྙིང་དོན་ཆེས་ཆེར་ཟབ་པའི་དམངས་སྒྲུང་དག་གིས་ཁོང་ཚོའི་ལས་དབང་འགྱུར་ལྡོག་དང་། ཡང་དག་པའི་མི་ཚེའི་ལྟ་བ་བསྐྱེད་བསྲིང་བྱེད་བཞིན་ཡོད།    
        སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་རིགས་འདིར་ཞིབ་པར་དཔྱད་ན། སྲོག་ཆགས་ལ་འཕྲད་པའི་དཀའ་ཉེན་གང་ཡིན་ནའང་དེའི་རྒྱུ་རྐྱེན་བསྟན་སྐབས་མཐོ་དབང་སྒྱུར་པ་དང་། འབྱོར་ཆེ་ཕྱུག་བདག་ལྟ་བུའི་རིགས་ཀྱི་བྱེད་པ་ལ་གཏུགས་པ་མཐོང་དཀོན་པ་སྟེ། དཔེར་ན། 《ཙི་ཙིའི་དམག་འཁྲུག》ནང་ཙི་ཙི་ལ་དཀའ་ངལ་ཐུག་པ་དེ་རང་བྱུང་གི་གནས་ཚུལ་གྱིས་རྐྱེན་པ་དང་། 《དྲིན་ལན་འཇལ་བ》ཡི་ནང་སྲོག་ཆགས་གསུམ་ལ་དཀའ་ངལ་འཕྲད་པ་དེ་ལོ་ན་མ་སྨིན་པའི་བྱིས་པའི་བྱེད་པ་ལ་ཐུག་པ། 《བྱ་རྒོད་ཀྱིས་དྲིན་ལན་འཇལ་བ》ཡི་ནང་བྱ་རྒོད་ལ་དཀའ་ངལ་བྱུང་བ་དེ་རྔོན་པའི་རྙི་ལ་ཐུག་པ་སྟེ་དཀའ་ངལ་འབྱུང་རྐྱེན་ཐད་སྒྲུང་གསུམ་ནང་འཁོན་འཛིན་སྐྱེས་འོས་གང་ཡང་བཀོད་མེད་ལ། མི་ལ་དཀའ་ཉེན་འཕྲད་པའི་རྒྱུ་རྐྱེན་ཐད་ལའང་རྒྱལ་པོ་བར་གྱི་ཕྲག་དོག་དང་གྲོགས་པོ་བར་གྱི་ཕྲག་དོག སེམས་མེད་དངོས་པོའི་འཇིགས་པ་ཙམ་ཡིན་ལ། 《ཙི་ཙིའི་དམག་འཁྲུག》ནང་རྒྱལ་པོ་ངན་པའི་བྱེད་པར་བསྟན་ནའང་སྒྲུང་ཧྲིལ་པོའི་ནང་རྒྱལ་པོ་ངན་པ་དེ་ནི་སྒྲུང་རིམ་གྱི་གནས་སྐབས་དགོས་མཁོ་ཙམ་དུ་ཟད་ཡོད། དེས་ན་མི་དང་སྲོག་ཆགས་གཉིས་ལ་འཕྲད་པའི་དཀའ་ངལ་དེ་དག་སྤྱི་ཚོགས་སམ་ལམ་ལུགས་སོ་གས་ལས་བྱུང་བ་མིན་ཕྱིར་སྒྲུང་རིགས་འདིར་སྤྱི་ཚོགས་ཀྱི་ལུགས་ངན་སྲོལ་ངན་ལ་རྒོལ་བ་སོགས་ཀྱི་བསམ་བློའི་དོན་སྙིང་ཅི་ཡང་ལྡན་མེད་པ་ཅུང་གསལ་བར་རྟོགས་ནུས།   
        དེ་ལས་གཞན་སྒྲུང་གསུམ་པོའི་མི་དང་སྲོག་ཆགས་སོ་སོའི་གནས་བབས། རོགས་རམ་བྱེད་པའི་དམིགས་ཡུལ། ལས་དབང་ངམ་མཐའ་མཇུག་གི་འབྲས་བུ་བཅས་ལ་དབྱེ་ཞིབ་བྱས་ན། 《ཙི་ཙིའི་དམག་འཁྲུག》ནང་ཙི་ཙི་ནི་མུ་གེས་མནར་བས་རོགས་རམ་དགོས་པའི་གནས་སུ་གྱུར་བ་དང་། ཙི་ཙིར་རོགས་རམ་བྱེད་མཁན་རྒྱལ་པོ་དེ་ལོངས་སྤྱོད་མངའ་ཐང་ཆེན་པོ་ཡོད་པ་ཞིག་མིན་པ། 《དྲིན་ལན་འཇལ་བ》ཞེས་པའི་ནང་སྲོག་ཆགས་གསུམ་གནོད་འཚེའི་འོག་ཏུ་གནས་ཤིང་། བུ་དབུལ་པོ་དེ་ནི་སོ་སོ་རང་གི་ཟས་གོས་ལའང་ཕོངས་པ་ཞིག་ཡིན་ཚུལ་བསྟན་པ། 《བྱ་རྒོད་ཀྱིས་དྲིན་ལན་འཇལ་བ》ཞེས་པའི་ནང་བྱ་རྒོད་ནི་རྙིར་ཚུད་པས་སྲོག་ལ་ཉེན་དང་བཅས་པ་དང་། བྱ་རྒོད་ལ་རོགས་རམ་བྱེད་མཁན་དེ་ཞིང་པ་ཕལ་པ་ཞིག་ཡིན། འོན་ཏེ་སེམས་བཟང་བའི་རྒྱུ་དམིགས་བསལ་དེ་ཁོང་ཚོ་གསུམ་ལ་ཐུན་མོང་དུ་ལྡན་པ་དེས་གཞན་ཕན་གྱི་བྱ་བར་འཇུག་ཡོད་ཅིང་། དེས་སྒྲུང་ཧྲིལ་པོའི་སྒྲུང་རིམ་དང་པོའི་བསམ་བློའི་དོན་སྙིང་གཏན་ལ་འབེབས་པ་དང་།ཙི་ཙིས་རྒྱལ་པོ་བཟང་པོ་དམག་གི་ཉེན་ཁ་ལས་བསྐྱབས་པ་དང་། དོམ་ཕྲུག་སོགས་སྲོག་ཆགས་གསུམ་གྱིས་བུ་དབུལ་པོའི་སྲོག་ཉེན་སེལ་ཞིང་ལོངས་སྤྱོད་ལྡན་པར་གྱུར་བ། བྱ་རྒོད་ཀྱིས་ཞིང་པའི་སྲོག་སྐྱོབ་པ་བཅས་ལས་དྲིན་འཇལ་བའི་དོན་ལས་བརྒལ་ཏེ་སྒྲུང་རིམ་གཉིས་པའི་བཟང་ལ་བཟང་ལན་བྱུང་བའི་བསམ་བློའི་དོན་སྙིང་མཚོན་པར་བྱས་ཡོད།    
        གོང་གི་སྒྲུང་གསུམ་ལ་དབྱེ་ཞིབ་བྱས་པ་བརྒྱུད་སྲོག་ཆགས་ཀྱིས་དྲིན་ལན་འཇལ་བའི་སྒྲུང་རིགས་འདིའི་བསམ་བློའི་དོན་སྙིང་གཙོ་བོ་ནི། ནམ་ཡང་དཀའ་ངལ་དང་བཅས་པའི་མི་ལ་རང་ནུས་ཅི་ཡོད་ཀྱིས་རོགས་རམ་བྱེད་དགོས་ལ། གཞན་ལ་རོགས་རམ་བྱེད་པ་ནི་ཆེས་དགེ་བའི་མི་སྤྱོད་དང་འབྲས་བཟང་ཐོབ་པའི་བྱ་བཟང་། གཞན་ལ་ཕན་པ་བྱས་པ་ནི་དོན་དུ་རང་ལ་ཕན་པ་བྱས་པའང་ཡིན་པའི་མི་ཆོས་སློབ་གསོའི་དོན་སྙིང་ཆེས་ཁྱད་དུ་འཕགས་པ་དེའོ།
        དཔྱད་གཞིའི་ཡིག་རིགས།
[1]རོ་སྒྲུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།[G]2006ལོའི་པར་གཞི་གསུམ་པ།
[2]མི་རོ་རྩེ་སྒྲུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།[G]2014ལོའོ་པར་གཞི་དང་པོ།
[3]མིག་དམར། དམངས་རྩོམ་རྣམ་བཤད།[M] མི་རིགས་དཔེ་སྐྲུན་ཁང་། 2015ལོའི་པར་གཞི་བདུན་པ།
[4]李杨.民间故事形态研究[M]. 中国社会科学出版社,2015.
[5]刘守花. 中国民间故事结构形态论析[J].广西民族学院(哲学社会科学版),2002.9
[6]   丁乃通. 中国民间故事类型索引[M]. 中国民间文艺出版社, 1986.