དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

རྒྱལ་རོང་བོད་མིའི་སྐད་ཀྱི་སྐོར་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2020-03-30 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བཙན་ལྷ་ངག་དབང་ཚུལ་ཁྲིམས།
          སྔར་དབུས་ལྷ་ས་ནས་ཤར་ཕྱོགས་སུ་ཉིན་ལམ་བཅུ་ཕྲག་དགུ་ལྷག་ཙམ་གྱིས་ཆོད་པའི་ས་ཆ།  དབུས་འགྱུར་ལྷ་ས་ནས་རི་བོ་ཆེ་ཆུང་བརྒྱད་ཅུ་གྱ་གསུམ་དང་།   ཆུ་བོ་ཆེ་ཆུང་བདུན་ཅུ་དོན་གཉིས་ཙམ་གྱིས་ཆོད་པའི་ཡུལ་གྲུ་ཤར་རྒྱལ་མོ་ཚབ་རོང་སྟེ།   བསྡུས་མིང་ལ་རྒྱལ་མོ་རོང་ངམ་རྒྱལ་རོང་ཞེས་འབོད་པའི་ཡུལ་ཕྱོགས་དེ་ནི་གངས་ཅན་བོད་ཀྱི་ཤར་སྣེ་སྟེ།  བོད་རྒྱ་ས་མཚམས་ཀྱི་རང་རྒྱལ་སི་ཁྲོན་ཞིང་ཆེན་གྱི་རྔ་པ་དང་དཀར་མཛེས་རང་སྐྱོང་ཁུལ་གཉིས་དང་།   གཡག་རྔ་(雅 安)ཀྲོན་ཆུས་བཅས་ཀྱི་ཁོངས་སུ་གཏོགས་ཤིང་།  ཡུལ་དེར་ཤར་རྒྱལ་མོ་ཚ་བ་རོང་ཞེས་ཐོགས་དོན་ནི།  བོད་ཀྱི་ཤར་ཕྱོགས་ཡིན་པས་ཤར།  ལྷ་ཆེན་རྒྱལ་མོ་དམུ་རྡོའི་རི་རྒྱུད་དུ་ཡོད་པས་རྒྱལ་མོ།  བོད་ཁུལ་གྱི་ཚ་བ་ཅུང་ཆེ་བའི་ས་ཆ་ཡིན་པས་ཚ་བ། གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་སྣ་ཚོགས་ཐོན་པའི་རོང་ཁུལ་ཡིན་པས་རོང་ཞེས་གྲགས་པ་ཡིན་ཏེ། འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་ཀུན་གསལ་མེ་ལོང་ཞེས་བྱ་བ་ལས།  མགར་ཐར་སོགས་དེ་དག་གི་ཤར་དུ་རྒྱལ་མོ་རོང་ཡོད་པ་དེ་ལ་ནང་གསེས་ཀྱིས་དབྱེ་ན།   ལྕག་ལ།   ཝ་སི།   ཁྲོ་སྐྱབས།   སོ་མང་།  རྫོང་འགག  ལྕོག་རྩེ  དམ་པ།  འོག་གཞི།  མདོ་ལི(གླིང་)  པྲ་སྟི།  པ་ཝམ།  དགེ་ཤིས་ཙ།  ཧྭ་ཧྭ།  ལེན་ཙ།  རབ་བརྟན།  བཙན་ལྷ  རྒྱལ་ཁ།  མགྲོན་དུ་བཅས་རྒྱལ་ཁག་བཅོ་བརྒྱད་(༡)ཡོད་ཅིང་།  ཡུལ་དེ་དག་གི་མི་རྣམས་དཔའ་ཞིང་གཏུམ་རྩལ་ཆེ་བ་ཡིན་ཞིང་།  མི་ཉག་རྒྱལ་རོང་མུ་ལི་སོགས་བོད་ཡིན།  དེར་རྒྱལ་མོ་དམུ་རྡོ་ཟེར་བའི་རི་གཉན་པོ་དང་།  ལོ་ཆེན་བེེ་རོ་ཙ་ནའི་(༢)སྒྲུབ་ཕུག་དང་ཕྱག་ཞབས་སོགས་ཀྱི་རྗེས་སོགས་གནས་ཡ་མཚན་ཅན་མང་པོ་ཡོད།  (༣)ཅེས་དང་།  དམུ་རྡོའི་མཆོད་བསྟོད་ལས།  ཁྱད་པར་ངོ་མཚར་རྨད་བྱུང་བའི།།  ཡུལ་ནི་རྒྱལ་མོ་རོང་གི་དབུས།།  དམུ་རྡོ་རི་བོ་མཆོག་རབ་ལ།།  རི་བོ་དྲུག་བཅུ་རྩ་གཉིས་བསྐོར།།  ཆུ་བཞི་འདུས་པའི་དབུས་སུ་འགྱིངས།། སྒྲུབ་གནས་ བརྒྱ་དང་རྩ་བརྒྱད་ཡོད།། (༤)ཅེས་དང་།  མཆོད་བསྟོད་དེའི་ཟུར་མཆན་ལས།  རྒྱལ་མོ་རོང་ཞེས་པའི་མིང་གི་འབྱུང་ཁུངས་ནི།  ཡུལ་དེར་ལྷ་མོ་གྲུབ་པའི་རྒྱལ་མོའི་གནས་རི་སྟེ་གཞི་བདག་དམུ་རྡོ་ཞེས་པའི་གནས་ཡུལ་རི་བོ་ཆེ་ལ་མཐོ་བ་ཞིག་ཡོད་པ་དེར་སྔར་དེའི་ཉེ་འཁོར་ན་ཡོད་པའི་མི་མང་པོ་གནས་རི་དེར་སྐོར་བ་རྒྱག་པའི་སྲོལ་རྒྱུན་ཡོད། དེ་ཡང་ཕྱི་སྐོར་ནི།  ཆུ་ཆེན་དང་། བྲག་སྟེང་། པ་ཝམ། རོང་མི་བྲག་མགོ སྤྲོ་སྣང་།  སེང་གེ་རྫོང་།  བཙན་ལྷ  འབར་ཁམས།  ཁྲོ་སྐྱབས།  བསྟན་པ་བཅས་ཀྱི་ས་ཁུལ་བརྒྱུད་ནས་ཕྱིན་ན་རྒྱལ་མོ་དམུ་རྡོ་གཡུང་དྲུང་སྤུངས་རྩེའི་གནས་རི་དྲུག་ཅུ་རྩ་གཉིས་བསྐོར་བ་གྲུབ་ཅེས་བརྗོད། ས་ཕྱོགས་འདིའི་ཉིན་སྲིབ་ཀྱི་ཆུ་རྣམས་ཆུ་ཆེན་དུ་འདྲེས་ནས་ལྕགས་ཟམ་ཁར་འགྲོ། ཆུ་དེའི་མིང་ལ་རྒྱལ་མོ་རྔུལ་ཆུ་ཟེར་ཞེས་སོགས་བྱུང་བ་ལྟར་རོ།།  རྒྱལ་མོ་རོང་གི་བོད་མི་དག་གི་རུས་རྒྱུད་གཙོ་བོ་སྦྲ་དང་ཁྱུང་ཅན་མང་སྟེ།   མདོ་སྨད་ཆོས་འབྱུང་ལས།   རྔ་ཆུ་དང་ཚ་ཆུ་འདྲེས་པ་བྲག་བར་བརྒྱུད་རྫིང་འགག་ནས་ཚ་ཆུ་དང་འདྲེས་ཏེ་རྒྱལ་རོང་ཆུ་ཆེན་དུ་འབབ་བོ།  ཚ་ཆུའི་རྒྱུད་དུ་བསྟན་པའི་ལྕགས་རི་ཚ་བ་ཁག་གསུམ་(༥)དུ་བསྔགས་པའི་རྒྱལ་ས་ཡོད།  རྒྱལ་རོང་རྒྱལ་ཁག་ཐམས་ཅད་ཀྱི་རུས་སྦྲ་ཡིན་པར་བཤད།  རིགས་དེར་ཚ་ཁོ་རང་སྐད་ལ་ངཤྩི་(༦)ཟེར།   དེ་ཡང་བོད་ཀྱི་རིགས་ལ་བསེ་རྨུ་ལྡོང་སྟོང་བཞི།  རིགས་བཟང་རྣམས་ལ་སྔར་ཞང་བོ་ཕྱིས་ལྷ་རིགས་སྒོ་ཟེར། བསེ་རིགས་བཟང་རྣམས་ལ་བསེ་ཁྱུང་སྦྲ།།   འགག་དོག་མོ་གསུམ་དེ་སྦྲ་ལ་ཐོབ།།  སྦྲ་དཔའ་རྩལ་ཆེ་བ་དེ་ཡི་དོན།།  ཞེས་པ་ལྟར།  མདོ་ཁམས་རོང་ཆེན་བཞིའི་ནང་ཚན་རྒྱལ་རོང་འགག་དོག་ས་གསུམ་སྦྲས་ཐོབ།  ཡུལ་དེར་སྔོན་རྒྱལ་པོ་མདོ་བཞེར་ནག་པོ་བྱུང་དུས་བེེ་རོ་ཙ་ན་ཕེབས།   དེའི་སློབ་མ་གཡུ་སྒྲ་སྙིང་པོ་(༧)ཡང་ཚ་ཁོ།  ཚིག་བསྡུས་པའི་དབང་གིས་མདོ་བཞེར་ནག་པོའི་རིགས་ལ་རྒྱལ་ནག་གདུང་རྒྱུད་དང་།  ཞང་ཞུང་སྦྲ་རྒྱལ་ལ་ཞང་རྒྱལ་གདུང་རྒྱུད་དང་།  ཚ་རོང་རྒྱལ་པོ་ཁོ་ཕན་དུ་གྲགས་པ་བྱུང་བས་དེ་ལ་ཚ་ཁོ་ཟེར་བ་བྱུང་། (༨)ཞེས་དང་།  བོད་མི་བུ་གདུང་དྲུག་གི་རུས་མཛོད་ལས།  ཤར་རྒྱལ་མོ་ཚ་བ་རོང་གི་རྒྱལ་པོ་སྔོན་མ་མདོ་བཞེར་ནག་པོ་ཞེས་པ་དེ་སྦྲ་ནག་པོའི་རིགས་ཡིན་ལ།  བསྟན་པ་སྔ་དར་གྱི་དུས་སུ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་ལོ་ཙཱ་བ་ཆེན་པོ་པ་གོར་བེེ་རོ་ཙ་ན་ཡུལ་རྒྱལ་མོ་རོང་དེར་བྱོན་དུས་ཀྱི་རྒྱལ་པོ་དེ་ཡིན།  ཡུལ་དེའི་རྒྱལ་རིགས་སུ་འཁྲུངས་པ་གཡུ་སྒྲ་སྙིང་པོ་ཞེས་པ་དང་།  ལོ་ཙཱ་བ་ཆེན་པོ་དེའི་སློབ་མར་གྱུར་པ་རྒྱལ་མོ་གཡུ་སྒྲར་གྲགས་པ་སོགས་བྱུང་ཞིང་།  ཡུལ་དེར་བསྟན་པ་སྔ་འགྱུར་གྱི་དམ་པའི་ཆོས་ཡང་དེ་ནས་བཟུང་སྟེ་དར་བར་བཤད་དོ།།   དེ་ནས་བཟུང་རྒྱལ་པོ་མདོ་བཞེར་ནག་པོའི་གདུང་རིགས་དེར་ཚིག་བསྡུས་པའི་རྒྱལ་ནག་གདུང་རིགས་ཟེར་བ་བྱུང་བར་གྲགས་ལ།  སྤྱིར་རྒྱལ་མོ་རོང་གི་རྒྱལ་ཁག་ཐམས་ཅད་ནི་སྦྲ་ཁོ་ན་ཡིན་པར་བཞེད་ལ།  སྐུ་རིགས་དེ་ལ་རྒྱལ་རོང་ཁ་སྐད་ཀྱིས་ནི་ང་ཤིས་ཙ་ཡང་ཟེར་རོ།། (༩)ཞེས་གསུངས་པ་ལྟར་དང་། ཡང་རྒྱལ་མོ་རོང་དུ་ཁྱུང་རུས་ཅན་ཡང་མང་བ་ནི་གནའ་དུས་སུ་ཞང་ཞུང་ལྷ་རྩེ་གུང་ནས་ཁྱུང་འཕགས་ཕྲ་མོ་ཞེས་པ་ཞིག་མདོ་སྨད་རྒྱལ་མོ་རོང་དུ་བྱོན།  དེའི་རྒྱུད་དུ་གཡུང་དྲུང་བུ་བཞི་གྲོལ་ནས་བོན་སྲིད་དང་རྒྱལ་སྲིད་ཀུན་འཕེལ་བ་ཡིན་པར་གྲགས་ཏེ།  ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས།  ཐ་སྟག་ཁྱུང་འཕགས་ཕྲ་མོ་དེ་གཡུ་འབྲུག་སྔོན་མོ་ཆིབས་སུ་ཞོན་ཏེ་མདོ་སྨད་རྒྱལ་མོ་རོང་དུ་བྱོན་ནས་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས།  དེ་ལས་བུ་འབོར་གཡུང་དྲུང་བུ་བཞི་སོགས་གྲོལ་ཏེ་བོན་སྲིད་དང་རྒྱལ་སྲིད་ཀུན་འཕེལ་ནས་བསྟན་པ་རྒྱས་སོ།། (༡༠) ཞེས་དང་།  བོན་གྱི་བསྟན་འབྱུང་།  ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས།  ཐ་སྟག་ཁྱུང་འཕགས་ཕྲ་མོ་ཚེའི་རིག་འཛིན།། ཞང་བོད་རྒྱལ་རིམ་བླ་བོན་མཛད་པའི་མཐར།།  གཡུ་འབྲུག་ཆིབས་ནས་མདོ་སྨད་རྒྱལ་རོང་ཕྱོགས།།  བྱོན་ཏེ་ལྷ་མོ་མདངས་ལྡན་ཁབ་བཞེས་པས།།  བུ་འབོར་གཡུང་དྲུང་བུ་བཞི་སོགས་གྲོལ་ཏེ།།  རྒྱལ་རོང་མི་ཉག་རེབ་གོང་ཉག་རོང་སོགས།། མདོ་ཁམས་ཁྱུང་པོའི་གདུང་རིགས་དུ་མར་གྲོལ།།  ཞེས་གསུངས་སོ།། གཞན་ཡང་ཡུལ་འདིར་རུས་རིགས་རྒ་དང་།  དབྲ་དང་། ལྡོང་སོགས་ཀྱི་རུས་ཅན་མང་སྟེ།  རུས་ཆེན་རྒ་ལས་འཁྲུངས་པའི་རོང་སྟོན་སྨྲ་བའི་སེང་གེ་དང་།   རུས་དབྲ་ལས་འཁྲུངས་བའི་བོན་སྟོན་མཉམ་མེད་ཤེས་རབ་རྒྱལ་མཚན་དང་།  ཡབ་རུས་ལྡོང་དང་མ་རུས་སྒོ་ལས་འཁྲུངས་པའི་སྒོ་ལྡོང་མཐུ་ཆེན་ཞེས་པ་སོགས་བགྲང་གྱིས་ག་ལ་ལངས།  དེ་ལྟར་བོད་གངས་ཅན་པ་རྣམས་ལ་མཚོན་ན་གནའ་སྔ་མོ་ནས་བཟུང་རྒྱལ་མོ་རོང་པ་ནི་གནའ་བོའི་བོད་ཀྱི་རིགས་རྒྱུད་ལས་ཆད་པའི་བོད་མིར་ངོས་བཟུང་བ་ཡོངས་གྲགས་ཡིན་པས་དེ་སྐོར་དམིགས་སུ་རྩོད་གཞིའི་གནད་དོན་བྱུང་བའི་འོས་མ་མཆིས།  འོན་ཀྱང་དེང་སྐབས་ལ་ལས་རྒྱལ་རོང་གི་མི་དང་དེའི་སྐད་ནི་མི་རིགས་ཀྱི་རྣམ་དབྱེ་དང་སྐད་རིགས་ཀྱི་དབྱེ་བ་ད་དུང་དབྱེ་རྒྱུར་བསྡད་པ་ཞིག་ལ་ངོས་འཛིན་པའམ།  ཐ་ན་ཚིག་ཐག་བཅད་དེ་བོད་རིགས་དང་བོད་སྐད་ལས་ཐ་དད་པའི་མི་རིགས་ཤིག་དང་སྐད་རིགས་ཤིག་ཡིན་པར་སྨྲ་བ་སོགས་ཀྱི་བཤད་ཡམ་དུ་མ་སྣང་བའི་རྐྱེན་གྱིས་རྒྱལ་མོ་རོང་གི་བཙན་ལྷར་སྐྱེས་པའི་ཐ་ཤལ་བ་བདག་གིས་ཀྱང་རྒྱལ་རོང་ཞེས་པའི་དོན་སྤྱི་དེར་བསམ་གཞིགས་མི་བྱེད་ཀ་མེད་རེད།
          དེའི་ཕྱིར་ཁོ་བོས་ད་ལྟ་དམིགས་བཀར་གྱིས་ཤར་རྒྱལ་མོ་རོང་པའི་སྐད་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་ཅུང་ཙམ་བྱས་པ་ལས་ཐོབ་པའི་འབྲས་བུ་ཁག་གཅིག་སྒྲ་རིགས་སྨྲ་བ་དང་སྐད་ཡིག་དཔྱད་ཐབས་ལས་རིགས་ཀྱི་མཁྱེན་སྤྱན་ཡངས་པ་རྣམས་ཀྱི་སྤྱན་ལམ་དུ་བཤམས་ནས།  ཐུན་མོང་དུ་བརྟག་དཔྱད་ཞིབ་འཇུག་གི་ཕན་འབྲས་གཡུར་དུ་ཟ་བ་ཐོབ་པའི་རེ་བ་ཞུའོ།།
          སྤྱིར་སྐད་ཆ་ནི་སྤྱི་ཚོགས་རིམ་གྱིས་གྲུབ་ནས་ཆགས་པ་དང་ཆབས་ཅིག་རིམ་གྱིས་བྱུང་བ་ཞིག་རེད་ལ།  སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ་དང་ཆབས་ཅིག་རིམ་གྱིས་དར་རྒྱས་སུ་འགྲོ་བ་ཞིག་ཀྱང་རེད།  སྐད་ཆའི་བྱེད་ལས་ནི་མི་རྣམས་ཀྱི་བསམ་པའི་འཆར་སྒོ་དེ་རིགས་གོ་རིམ་མ་འཆོལ་བར་དོན་གྱི་ངོ་བོ་སྟོན་པའི་ཚིག་དང་དེའི་ཁྱད་པར་བརྗོད་པའི་ཚིག་གི་ཕྲེང་བར་བརྒྱུས་ཏེ་ངག་གི་ལམ་ནས་ཐོས་འཛིན་རྣ་བའི་སྤྱོད་ཡུལ་གྱི་བཟུང་བྱར་བཀོད་དེ།  བསམ་བྱའི་ཡུལ་དེ་དག་རྟོགས་ཐུབ་པ་ཞིག་བྱེད་པའི་ནུས་པ་ཐོན་པ་དེ་རེད།  དེར་བརྟེན།  སྐད་ཆ་ནི་མི་རྣམས་ཕན་ཚུན་འབྲེལ་འདྲིས་བྱེད་སྤྱད་ཀྱི་ཡོ་བྱད་ཅིག་ཡིན་པར་མ་ཟད།  འཇིག་རྟེན་རྟོགས་པར་བྱེད་པའི་ཡོ་བྱད་དང་སྤྱི་ཚོགས་འཕོལ་རྒྱས་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་རེད་ཅེས་བཤད་ཆོག་སྟེ།   འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལོ་རེ་དང་ཟླ་རེ་བཞིན་འཕེལ་རྒྱས་འགྲོ་བ་ནི།   མིའི་རིགས་ཀྱིས་སོ་སོའི་སྐད་ཡིག་སྤྱད་ནས་མི་རབས་ནས་མི་རབས་བར་བརྒྱུད་པའི་ཉམས་མྱོང་དང་ཤེས་རིག་རྣམས་རྒྱུན་འཛིན་རྒྱུད་བསྒྲགས་བྱས་ཏེ།   མི་རབས་སྔོན་མའི་ཉམས་མྱོང་བསླབ་བྱ་རྣམས་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་མུ་མཐུད་དེ་འཕེལ་རྒྱས་སུ་བཏང་ཐུབ་པའི་རྐྱེན་གྱི་ཡིན་པས་སོ།།    བྱེ་བྲག་ཏུ་རང་རེ་བོད་གངས་ཅན་པའི་སྐད་ལ་ནི།  ཐུན་མོང་གི་ཡིག་སྐད་དང་།  ཡུལ་ཕྱོགས་སོ་སོའི་སྐད་དང་ལུང་སྐད་བཅས་ཡོད་ཅིང་།   བོད་ཀྱི་ཡིག་སྐད་ནི་ཡུལ་ཕྱོགས་སོ་སོའི་ཕལ་སྐད་ཀྱི་རྨང་གཞིའི་ཐོག་ཆགས་ནས་གྲུབ་ཅིང་སྤྱི་ཚོགས་འཕེལ་འགྱུར་བྱུང་བ་དང་ཆབས་ཅིག་འཕེལ་རྒྱས་སུ་འགྲོ་པའི་བོད་མི་རིགས་ཐུན་མོང་གི་བརྡ་སྤྲོད་ཡོ་བྱད་ཅིག་རེད།  དེས་བོད་མི་རིགས་ཀྱི་བཅུ་ཕྲག་རིག་པའི་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་བར་ནུས་པ་ཆེན་པོ་ཐོན་པར་མ་ཟད།  མུ་མཐུད་ནས་དེང་རབས་ཀྱི་ཚན་རིག་ལག་རྩལ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་གི་ལེགས་ཆ་བསྡུ་ལེན་བྱས་ནས་རང་ཉིད་ཀྱི་ཁྱད་ཆོས་ལྟར་དར་རྒྱས་ཕུན་སུམ་ཚོགས་པར་གཏོང་བའི་ཐད་ནུས་པ་སྔར་བཞིན་ཐོན་ཐུབ་པས་ན་ཐུན་མོང་གི་ཡིག་སྐད་དེ་ནི་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པའི་གནས་ཤིག་ལགས།  ཡུལ་སྐད་ལ་ནི་དབྱེ་བ་གཉིས་སམ་གསུམ་མམ་ལྔ་སོགས་འདོད་ཚུལ་སྣང་མོད།  དེང་སང་དགོས་གལ་ཆེ་བ་ནི་བོད་ཀྱི་ཡུལ་སྐད་ག་གེ་མོ་ཞིག་གི་རྨང་གཞིའི་ཐོག་ཡུལ་སྐད་གཞན་གྱི་ལེགས་ཆའང་བསྡུ་ལེན་བྱས་ནས་བོད་གངས་ཅན་པའི་ཐུན་མོང་གི་སྤྱི་སྐད་ཅིག་གྲུབ་པར་བྱས་ནས་དེ་ཡོངས་ཁྱབ་ཏུ་དར་རྒྱས་གོང་འཕེལ་གཏོང་དགོས་པ་དེ་རེད། བོད་ཀྱི་ལུང་སྐད་ལ་ནི།  གནའ་མི་བོད་ཀྱི་གཏམ་དཔེར།  ས་ཆ་རེ་ལ་ཆ་རེ་ཡོད།།  ལུང་པ་རེ་ལ་སྐད་རེ་ཡོད།།  ཅེས་པ་ལྟར་བགྲང་གིས་ག་ལ་ལངས།  འོན་ཀྱང་དེ་དག་ནི་གཙོ་བོ་བརྡ་ཐ་སྙད་ཀྱི་སྒྲ་གདངས་དང་ཚིག་གྲོགས་སྦྱོར་ཚུལ་ཐད་ཀྱི་ཁྱད་པར་ཙམ་མ་གཏོགས་སྐད་རིགས་མ་ལག་གི་ཁྱད་པར་ནི་ཡེ་ནས་མེད་དོ།།།
          སྐབས་འདིར་གླེང་བར་བྱ་བ་ནི་བོད་ཀྱི་ཡུལ་གྲུ་སོ་སོའི་ཡུལ་སྐད་དང་ལུང་སྐད་ཀྱི་ཁྱད་པར་རམ་ཧེ་བག་ཆེ་ཆུང་སྣ་ཚོགས་ཤིག་སྣང་བ་དེ་དག་ཁྲོད་ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་དང་བོད་སྤྱི་འགྲོས་ཀྱི་སྐད་གཉིས་ཚིག་སྦྱོར་གྱི་གྲུབ་སྟངས་དང་།  སྐད་གདངས་ཀྱི་གྲུབ་ཆ།  མིང་བརྡ་ཐ་སྙད།  རྣམ་དབྱེ་ཚིག་ཕྲད།  ཚིག་གི་བརྗོད་པ་བཅས་ཀྱི་ཐད་ཕན་ཚུན་དཔྱད་སྡུར་བྱས་ནས་དབྱེ་ཞིབ་ཅུང་ཙམ་བྱས་ན་འདི་ལྟ་སྟེ།
          དང་པོ། གཞི་རྩའི་ཐ་སྙད་ཀྱི་སྐོར།
          སྤྱིར་མིང་ཞེས་པ་ནི།  ཡི་གེ་དུ་མ་འདུས་པའི་བདག་ཉིད་ཅན་དོན་གྱི་ངོ་བོ་ཙམ་སྟོན་པ་ལ་བྱ་ཞིང་།  དེ་ཡང་དཔང་ལོ་ཙཱ་བས།  ཡི་གེ་གཉིས་སམ་གསུམ་འདུས་པས།།  དོན་གྱི་ངོ་བོ་བརྗོད་བྱེད་པ།། མིང་ཡིན་དོན་ལ་བློ་གཞལ་ཕྱིར། །ཞེས་གསུངས་པ་ལྟར།  ཕ་དང་མ།  ཇ་དང་ཤ་ཞེས་པ་ལྟ་བུའི་ཡི་གེ་རྐྱང་པ་རྣམས་ནི་དོན་དུ་ཕའ། མའ། ཇའ། ཤའ་ཞེས་འ་མཐའ་རང་བཞིན་གྱིས་ཐོབ་ཅིང་། དེ་དག་སྐད་གསར་བཅད་ཀྱི་སྐབས་སུ་ཡིག་ཚོགས་སྐྱུང་བའི་ཕྱིར་རྗེས་འཇུག་དེ་རིགས་བསྡུས་ནས་དངོས་སུ་སྦྱོར་མི་དགོས་པར་བྱས་པ་ཙམ་ཡིན་པས་ན་ཕ་དང་མ་སོགས་ནི་ཡི་གེ་གཉིས་རེ་འདུས་ནས་མིང་དུ་གྲུབ་པ་དང་།  མཐོ་དང་དམའ་ལྟ་བུ་ཡི་གེ་གསུམ་རེ་འདུས་ནས་མིང་དུ་གྲུབ་པ་དང་།  བསྒྲིགས་དང་བསྐྱུགས་ལྟ་བུ་ཡི་གེ་བདུན་རེ་འདུས་ནས་བྱ་ཚིག་ཏུ་གྲུབ་པ་སོགས་སོ།།  དེ་ལའང་ཐོག་མར་འདོད་པ་ཙམ་གྱིས་བརྡ་སྦྱར་བ་དངོས་པོ་དེའི་མིང་དུ་ཆགས་པ་འདོད་པ་ལྟར་རྒྱལ་བར་གྱུར་བས་འདོད་རྒྱལ་གྱི་མིང་དང་རྗེས་སུ་བཏགས་པའི་རྗེས་གྲུབ་ཀྱི་མིང་གཉིས་སུ་དབྱེའོ། ། མིང་བརྡ་ཐ་སྙད་སྐོར་གྱི་དཔེ་མཚོན་གཤམ་གསལ་ལྟར།
          ཕྱི་རོལ་ཡུལ་གྱི་དངོས་རིགས་ཀྱི་མིང་གི་དཔེར་བརྗོད།
          འདིར་འགྱུར་ཡིག་ཅེས་པ་ནི་ལ་ཏིང་ཡི་གེའི་འགྱུར་ཡིག་དང་།  རོང་གདངས་ནི་རྒྱལ་རོང་སྐད་ཀྱི་སྒྲ་གདངས་ཀྱི་བསྡུས་མིང་དང་།  སྤྱི་གདངས་ནི་བོད་སྤྱི་འགྲོས་སྐད་ཀྱི་སྒྲ་གདངས་ཀྱི་བསྡུས་མིང་ངོ་།། མིའི་དབང་པོ་དང་ཡན་ལག་སོགས་ཀྱི་མིང་གི་དཔེར་བརྗོད།
           (རྩོམ་སྒྲིག་པའི་གཏམ།   གཞན་ཡང་སྲོག་ཆགས་དང་གཉེན་ཉེ།   འཚོ་བའི་ཡོ་བྱད།   བྱ་ཚིག  རྒྱན་ཚིག་སོགས་སྐོར་གྱི་རེའུ་མིག་དང་བཅས་པའི་དཔེར་བརྗོད་ནང་ཨཱ་ལ་པོའི་ཡི་གེ་འགའ་དཔེར་མི་བདེ་བས་འདིར་མ་བཀོད།)
          གོང་གསལ་རྒྱལ་རོང་ཡུལ་སྐད་དང་བོད་སྤྱི་འགྲོས་ཀྱི་སྐད་གཉིས་ཡི་གེར་བཀོད་ཚུལ་དང་གོ་དོན་གཅིག་གྱུར་གྱི་ཐ་སྙད་དེ་དག་ནི།  སྐད་རིགས་གཞན་ལས་གཡར་བའི་མིང་སྟེ།  དཔེར་ན།  རྒྱ་སྐད་ལས་གཡར་བའི་ལ་ཕུག་དང་སྒྲོག་ཙེ།   དབྱིན་ཇིའི་སྐད་ལས་གཡར་བའི་མོ་ཊ་དང་སྒེ་ལ་སི།   སོག་སྐད་ལས་གཡར་བའི་ཨ་ཅོར་དང་ཐབ་ཆི་ལ་སོགས་པ་མི་རིགས་གཞན་དང་འབྲེལ་འདྲིས་བྱེད་པའི་གོ་རིམ་ནང་བྱུང་བའི་གཡར་མིང་ལྟ་བུ་གཏན་ནས་མིན་པར།   རྒྱལ་རོང་བོད་མི་རྣམས་ཀྱི་མི་རབས་ནས་མི་རབས་བར་བརྒྱུད་པའི་སྐད་ཀྱི་གཞི་རྩར་གྱུར་པའི་མིང་བརྡ་ཤ་སྟག་རེད།  དེས་ན་ཐ་སྙད་དེ་རིགས་ནི་རང་ཅན་བོད་ཀྱི་མི་དམངས་རྣམས་གནའ་དུས་ནས་ཆབ་སྲིད་དང་རིག་གནས་དཔལ་འབྱོར་བཅས་མཉམ་དུ་གཅིག་མཐུན་ཡིན་པའི་རྩ་བའི་རྨང་གཞིའི་ཐོག་ཆགས་པ་ཞིག་ཡིན་པ་སྨོས་མེད་རེད།
          དོན་དངོས་ཐོག་རྒྱལ་རོང་པའི་སྐད་དང་བོད་སྤྱི་འགྲོས་ཀྱི་སྐད་ཀྱི་མིང་བརྡ་ཐ་སྙད་ཀྱི་ཐད་གཅིག་གྱུར་ཡིན་པ་མ་མཐར་ཡང་བརྒྱ་ཆ་དྲུག་ཅུ་ཡན་ཟིན་ཏེ།  སྐུ་ཞབས་ཅིན་འཕུང་གིས་བརྩམས་པའི་བོད་སྐད་བསྡུས་བརྗོད་(༡༡)ཀྱི་ཟུར་བཀོད་མིང་བརྡའི་རྣམ་གྲངས་ཆིག་སྟོང་མཆིས་པ་དེ་གཞིར་བཟུང་ནས་དཔྱད་སྡུར་བྱས་པས་གཅིག་མཚུངས་ཡིན་པའི་སྤྱིར་བཏང་གི་ཐ་སྙད་༦༡༩དང་།  ཞེ་སའི་ཐ་སྙད་༢༥དང་།  བརྡ་རྙིང་གི་ཐ་སྙད་༧༧བཅས་ཁྱོན་བསྡོམས་༧༢༡འདུག་སྟེ་ཡི་གེ་མང་དོགས་པས་འདིར་འཁོད་མེད།
          དོན་དངོས་འདིའི་ཐོག་ནས་རྒྱལ་རོང་པའི་སྐད་ནི་བོད་གངས་ཅན་པའི་སྐད་ཀྱི་ཁོངས་སུ་གཏོགས་པ་ལས།  བོད་སྐད་ལས་ཐ་དད་པའི་སྐད་རིགས་མིན་པར་གྲུབ།  ཅིའི་ཕྱིར་ཞེ་ན།  ངོ་བོ་ཐ་དད་པའི་སྐད་ཆར་གཅིག་མཐུན་གྱི་ཐ་སྙད་དེ་འདྲ་མང་བ་ཡོད་མི་སྲིད་པའི་ཕྱིར་རོ།།
          གཉིས་པ།  ཞེ་སའི་ཐ་སྙད་ཀྱི་སྐོར།
          ཞེ་ས་ཞེས་པ་ནི་གཏམ་བཤད་མཁན་གྱི་མིས་རང་ལས་འཕགས་པའི་མི་དང།  མི་སྣ་དེ་དག་དང་འབྲེལ་ཡོད་ཀྱི་བྱ་སྤྱོད་སོགས་ལ་གུས་ཤིང་བཀུར་བའི་ཚུལ་གྱིས་བརྗོད་པའི་མིང་བརྡ་ལ་བྱ་ཞིང་།  དེ་ནི་བོད་མི་ཆེ་འབྲིང་ཆུང་གསུམ་དང་།  མཐོ་དམའ་འབྲིང་གསུམ་ཀུན་གྱིས་བེད་སྤྱོད་གཏོང་བའི་མིང་བརྡ་ཞིག་ཡིན་ལ།   དེས་བོད་ཀྱི་མིང་མཛོད་ཐ་སྙད་ཀྱི་ཁྲོད་དུ་གྲངས་ཚད་ངེས་ཅན་ཞིག་ཟིན་ཡོད་པ་འདི་ནི་བོད་སྐད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་རེད།  རྒྱལ་རོང་པའི་སྐད་ཀྱང་དེ་དང་འདྲ་བར་ཞེ་ས་མང་།  དེར་མ་ཟད་ཞེ་སའི་ཐ་སྙད་ནི་གཞི་རྩའི་ཐོག་གཅིག་གྱུར་ཡིན།  སྤྱིར་བཏང་གི་ཐ་སྙད་གཅིག་མཐུན་རྣམས་ཞེ་ས་ཡང་གཅིག་མཚུངས་ཡིན་པར་མ་ཟད།  གཅིག་མཚུངས་མིན་པའི་ཐ་སྙད་དག་ཀྱང་ཞེ་སའི་ཐད་གཅིག་གྱུར་རེད།  དཔེར་མཚོན་གཤམ་གསལ་ལྟར།
          ༡ ཐ་སྙད་གཅིག་གྱུར་ཡིན་ལ་ཞེ་ས་ཡང་གཅིག་མཚུངས་ཡིན་པ་ནི།  དཔེར་ན།  མགོ་ལ་དབུ་དང་།  མིག་ལ་སྤྱན།  རྣ་ལ་སྙན།  སོ་ལ་ཚེམས།  བུ་ལ་སྲས།  བཤད་ལ་གསུངས།  སྐྱེས་ལ་འཁྲུངས།  ཤི་བ་ལ་གཤེགས།  ཤེས་ལ་མཁྱེན།  ཟ་བ་ལ་གསོལ་སོགས་མང་ངོ་།།
          ༢ ཕལ་སྐད་གཅིག་མཚུངས་མིན་ལ།  ཞེ་ས་གཅིག་གྱུར་ཡིན་པ་ནི་གཤམ་གསལ་རེའུ་མིག་ལྟར།
          གོང་གསལ་རྒྱལ་རོང་ཡུལ་སྐད་ཀྱི་ཁྲོད་དུ་ཞེ་སའི་ཚིག་གི་སྦྱོར་སྟངས་དང་གྲངས་ཚད་ཀྱི་མང་ཉུང་བེད་སྤྱོད་གཏོང་ཚུལ་སོགས་ཀྱི་ཐད་བོད་སྤྱི་འགྲོས་ཀྱི་སྐད་དང་སྒོ་ཀུན་ནས་མཚུངས། དོན་དངོས་འདིའི་ཐོག་ནས་ཀྱང་འདི་གཉིས་ཀྱི་ཁྱད་པར་ནི་ཕལ་སྐད་དང་ཡུལ་སྐད་ཀྱི་རང་བཞིན་ལྡན་པའི་སྤྱིར་བཏང་གི་ཧེ་བག་ཙམ་ལས་སྐད་རིགས་མ་ལག་གི་ངོ་བོའི་ཁྱད་པར་ནི་ཡེ་ནས་མེད་པ་དངོས་སུ་གྲུབ་བོ།།
          གསུམ་པ།  བོད་ཀྱི་བརྡ་རྙིང་གི་སྐོར།
          རྒྱལ་རོང་པའི་སྐད་ནི་བོད་ཀྱི་ཡུལ་སྐད་གཞན་དང་མི་འདྲ་བར་དེའི་ཁྲོད་དུ་བོད་ཀྱི་བརྡ་རྙིང་པ་མང་ཙམ་མ་ཉམས་པར་གནས་པའི་བོད་སྐད་བྱེ་བྲག་པ་ཞིག་ཡིན་པ་ནི།  མདོ་སྨད་ཆོས་འབྱུང་ལས།  མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་པ་མང་།(༡༢)ཞེས་དང་། སི་ཏུ་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ལས། ཁྱད་པར་དབྱངས་སྦྱར་བའི་ཀློག་ཚུལ་ནི་དག་པ་ཤིན་ཏུ་གཅེས་པར་མཐོང་། སྦྱོར་ཀློག་གི་སྐབས་སུའང་འཕུལ་རྟེན་དང་མགོ་འདོགས་ཀྱི་ཡི་གེ་རྣམས་སོ་སོའི་སྒྲ་ཐོན་དགོས་པ་ནི། སྔོན་འབྲི་ཁུང་དུ་སྐྱོབ་པ་རིན་པོ་ཆེ་བཞུགས་པའི་ཚེ་གནའ་བོའི་དུས་བཞིན་དུ་ཡིག་ཀློག་ཚུན་ཆད་ཀྱང་བརྩེགས་འཕུལ་སོགས་ཀྱི་སྒྲ་ཟུར་ཕྱིན་པར་འདོན་པའི་སྲོལ་བཟང་པོ་བྱུང་བར་གྲགས་པ་དང་།  ཁམས་ཕྱོགས་ཀྱི་མཐའ་ཨ་མདོ་དང་རྒྱལ་མོ་རོང་སོགས་བྱང་ཤར་གྱི་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་བོད་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པ་ཡིན་པར་གྲགས་པའི་ཡི་གེ་ཀློག་ཚུལ་དང་།  དེ་དག་གི་ཡུལ་སྐད་བཅས་ལའང་གྱོང་ཉམས་ཆེ་ཙམ་ལས་འཕུལ་རྟེན་སོགས་ཀྱི་ཟུར་དག་པར་འདོན་པ་འབྱུང་བར་མངོན་སུམ་གྱིས་གྲུབ།(༡༣)ཅེས་དང་།  ཡང་དེ་ཉིད་ལས།  བོད་ཡིག་གི་སྡེབ་ཇི་ལྟར་སྦྱོར་པའི་ཚུལ་ནི་སྔོན་གྱི་བོད་སྐད་དག་པ་ཉིད་ལ་བརྗོད་པའི་སྒྲ་ཇི་ལྟར་བྱུང་བ་དེ་ལྟར་མཁན་པོ་འདིས་སྦྱར་བ་ཡིན་པས།  སྐད་ལ་འཕུལ་རྟེན་སོགས་ཀྱི་ཟུར་གསལ་བ་མེད་ན་ཡི་གེ་ལ་དེ་ལྟར་ཐོབ་པ་རྒྱུ་མཚན་གང་ཞིག་གིས་རྟོགས་པར་ནུས།  དེ་བས་ན་རང་ཉིད་ཀྱིས་སྒྲ་དག་པར་བཀླག་མ་ཤེས་པའམ་མ་ནུས་ནའང་།  ཀློག་ཚུལ་དག་པ་མེད་དོ་ཞེས་བརྗོད་པར་མི་བྱའོ།།  ཞེས་གསུངས་པ་ལྟར་རོ།།
          དེས་ན་རྒྱལ་རོང་པའི་ཡུལ་སྐད་ཀྱི་ནང་དུ་གནའ་དུས་ཀྱི་བོད་ཀྱི་བརྡ་རྙིང་པ་མང་ཙམ་གནས་པ་གོར་མ་ཆག  འདིར་དཔེར་མཚོན་འགའ་ཞིག་བཀོད་ན་གཤམ་གསལ་ལྟར།
          གོང་གསལ་དཔེར་བཀོད་ཀྱི་མིང་བརྡའི་ཐ་སྙད་འདི་དག་བོད་སྤྱི་འགྲོས་ཀྱི་སྐད་ནི།  དེང་རབས་ཀྱི་ཀློག་སྟངས་ལྟར་བཏོན་ན་དེས་འཐུས་ཤིང་།  རྒྱལ་རོང་གི་སྐད་ནི་ངེས་པར་དུ་རྒྱལ་རོང་ས་ཁུལ་གྱི་བོད་ཡིག་ཀློག་སྟངས་ལྟར་ཏེ།  མིང་གཞི་གཙོས་པའི་རྗེས་འཇུག་ཡང་འཕུལ་གསུམ་དང་།  མགོ་འདོགས་བརྩེགས་གསུམ་དབྱངས་དང་བཅས་པའི་སྒྲ་ཟུར་ཐོན་པ་དང་།  ད་དུང་སྐབས་འགར་ག་ཇ་ད་བ་ཛ་སོགས་ཀ་ཅ་ཏ་པ་ཙའི་སྒྲ་དང་།  ཁ་ཆ་ཐ་ཕ་ཚ་སོགས་ཀྱང་ཀ་ཅ་ཏ་པ་ཙ་དང་།  ཟ་དང་ས་ཡང་ཙ་ཞེས་སྒྲ་དྲག་པའི་ཚུལ་གྱིས་འདོན་དགོས་པ་མང་ཞིང་།  དབྱངས་ཡིག་ཞབས་ཀྱུ་ཨུའི་སྒྲ་ཡང་གི་གུ་ཨའི་སྒྲ་དང་ཁྱད་ཆེར་མེད་པར་འདོན་དགོས་པ་སོགས་ཏེ།  དཔེར་ན། འགོ་ཞེས་པ་དེ་ཀློག་དུས་འོ་ཀོ་དང་།  ཇག་པ་ལ་ཅག་པ། དོམ་ལ་ཏོ་འོམ།  བྱ་ལ་པ་ཡ།  བྱི་ལ་པིའི་ཞེས་འདོན་དགོས།  བྱི་ལ་པིའི་ཞེས་འདོན་པ་ནི་གནའ་དུས་ཀྱི་ཀློག་སྟངས་ཏེ།   ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཀྱི་ཤོག་དྲིལ་གྱི་ཞང་ཤུའི་བསྒྱུར་ཡིག་དུམ་བུ་ལས།  ཁུ་བྱི་ཀན་གྱྀ་ཆོས་ལུགས་ལས་འགལ་བ།  འདི་ལྟ་བུ་མཛད་པའི་མི་རིགས་པར་བློན་གསོལ་པ་དང་ (༡༤)ཞེས་པའི་བསྒྱུར་བྱའི་མ་ཡིག་རྒྱ་ཡིག་ལ་时王叔比干日:此举与礼法相违,极不应该! ཞེས་བྱུང་།   ཚིག་འདིས་གནའ་དུས་སུ་དརྗས་གཙང་དུའང་བྱི་ཞེས་པར་པིའི་ཞེས་བཏོན་པའི་བདེན་དཔང་བྱས།  དེང་དུས་སུ་ནི་བྱི་ལ་པིའི་ཞེས་འདོན་མཁན་རྒྱལ་རོང་ཡུལ་སྐད་ལས་གཞན་དབེན།  དེ་བཞིན་དུ་འཛེར་སྟེ་ཟེར་ཞེས་པར་གཙེས་དང་།  ཁབ་ལ་ཀབ།  ཆུ་ལ་ཅུ།  ཐོད་ལ་ཏོད།  ཕག་ལ་པག  འཚེར་བ་ལ་གཙེར།   ཟླ་ལ་ཙ་ལ།   སློག་པ་(ས་ཞིང་སློག་པ་)ལ་སྩོག་ཀློག་པ་སོགས་མང་།   འདིར་ཆུ་ལ་ཅུ་སང་།  ཕག་ལ་པག་ཞེས་པ་སོགས་ནི་ཏུན་ཧོང་ཡིག་རྙིང་ནང་དུའང་མང་།    གཞན་ཡང་བོད་ཀྱི་བརྡ་རྙིང་པ་ད་ལྟོ་རྙེད་དཀའ་བ་དུ་མ་རྒྱལ་མོ་རོང་གི་ཡུལ་སྐད་ཀྱི་ནང་དུ་ཁ་སྐད་ཀྱི་ཚུལ་དུ་མ་ཉམས་པར་གནས་པ་ནི་དཔེར་ན།   དཀར་པོ་ལ་པྲོམ་ཞེས་པ་ལྟ་བུ།   པྲོམ་ནི་ཁ་དོག་དཀར་བའི་བརྡ་རྙིང་སྟེ།  ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས།  རྩང་བྲང་ནི་ཡ་སྟོད་ཀྱི།།  ཐང་པྲོམ་ནི་རྒོད་ལྡིང་བའ།(༡༥)   ཞེས་པ་འདི་དེང་རབས་ཀྱི་ཡིག་ཐོག་ཏུ་ཕབ་ན་འདི་ལྟ་སྟེ།  ཡུལ་གཙང་གི་ཕོ་བྲང་ཡར་སྟོད་ན།།  རྒོད་ཐང་དཀར་ནམ་མཁར་ལྡིང་སྐོར་བརྒྱབ།  ཞེས་པའོ།།  ཡང་རྒྱལ་རོང་ཡུལ་སྐད་དུ།  སྟག་ལ་གུང་དང་།  ལྤགས་པ་ལ་སྤྲིའམ་བཀྲོས།  གློ་དང་རྒྱུ་མ་ལ་སླ་ལྭོ་ཞེས་བརྗོད།  འདི་དག་ཀྱང་རྒྱལ་རོང་པའི་ཁ་སྐད་ཀྱི་ནང་དུ་ད་ལྟའི་བར་མ་ཉམས་པར་གནས་པའི་བོད་ཀྱི་བརྡ་རྙིང་པ་སྟེ་གོང་གསལ་གྱི་ཏུན་ཧོང་ཡིག་ཆ་དེ་ཉིད་ལས།  གུང་བཀྲོས་ནི་པྱག་ཏུ་པུལ།།  སླ་ལྭོ་ནི་ལྷོ་རྔེགས་སྩལད།།(༡༦) ཞེས་བྱུང་།  འདི་གོ་བདེར་བརྗོད་ན་འདི་ལྟ་སྟེ།  སྟག་ལྤགས་པ་བཙན་པོའི་ཕྱག་ཏུ་ཕུལ།།  གློ་རྒྱུ་མ་ལྷོ་རྔེགས་དཔའ་བོར་རྩལ།།  ཞེས་པའོ།།  ལ་ལས་གུང་བཀྲོས་ཞེས་པ་སྟག་གི་ཤ་དང་སླ་ལྭོ་ཞེས་པ་སྟག་ལྤགས་ལ་གོ་བ་བླངས་ནས་རྒྱ་ཡིག་གི་བསྒྱུར་ཡིག་ཏུ把整只老虎献与上方,一绺虎皮转赐给我。ཞེས་བསྒྱུར་འདུག  དེ་ལྟར་ན།  སྟག་ཤ་བཙན་པོ་ལ་ཕུལ་ནས་སྟག་ལྤགས་ལྷོ་རྔེགས་ལ་བསྩལ་ཟེར་དགོས་པར་འདུག་པས་གང་འགབ་རྟོག་དཔྱོད་མཛད་དགོས་པ་སྣང་།   ཡང་དཔེར་ན།   སྲོག་ཆགས་སྲེ་མོང་ལ་རྒྱལ་རོང་སྐད་དུ་གྱུར་ཟེར། གྱུར་ནི་སྲེ་མོང་གི་བརྡ་རྙིང་སྟེ་བོན་ཆོས་དྲན་པ་བཀའ་ཐང་ལས།  སྤུ་རུ་ཅན་ལ་གཡི་གསའ་འཕར་སྤྱང་བཞི།།  རྔ་མ་ཅན་ལ་ལྭ་སྦྲེ་གྱུར་སྲམ་བཞི།།  ཞེས་བྱུང་།  ལ་ལས་ཏུན་ཧོང་ཡིག་རྙིང་གི་ཚིག་སྡུར་བ་ནྀ་ཆབ་དང་ཉེ།།  གྱུར་སྲམ་ནྀ་པྱོ་ལ་ལའ།།(༡༧)ཞེས་པ་སྟེ།  གོ་བདེར་ཕབ་ན།  ཡུལ་སྡུར་བ་ཆུ་བོའི་འགྲམ་དང་ཉེ།།  གྱུར་སྲམ་སོགས་ནམ་མཁར་འཕྱོ་ལ་ལ།།  ཞེས་པ་འདི་རྒྱ་ཡིག་གི་བསྒྱུར་ཡིག་ཏུ་布瓦靠近大河,水獭一个一个在跳跃ཞེས་པསྒྱུར་འདུག  འདིར་བུ་ཝ་ཞེས་པ་ཅི་ཡིན་མི་གོ    གྱུར་ནི་རྔ་མ་ཅན་གྱི་སྲོག་ཆགས་ཤིག་ཡིན་པ་མ་ཤེས་པ་གསལ།  གཞན་ཡང་ཁྲག་ལ་ཤེ་དང་།  རྡོ་ལ་ཇུ་སླིག  སྤུ་ལ་སུ།  སྐྱེས་པའི་འབྲས་བུ་ལ་མཆིག  སྐྱག་པ་ལ་ཕྱི།  ཐུབ་པ་ལ་ཁྱེ  རྡུང་བ་ལ་གཏོབ།  སྐྲག་པ་ལ་སྡར།  མཛེས་པ་ལ་འཕྱོར།  གཅིག་ལ་ཏིག  བདུན་ལ་སྣེས།  ཚང་མ་ལ་གོ་ཅེ་ཟེར་བ་སོགས་ཧ་ཅང་མང་།  ཤེའམ་ཤེ་ཚུ་ཞེས་པ་ཁྲག་གི་བརྡ་རྙིང་ཡིན་པ་ནི།  བོན་ཆོས་སྲིད་པ་སྤྱི་མདོ་ཞེས་བྱ་བ་ལས།  གདོན་བོན་གྱི་ཤེ་ཚུའི་སྐྱེམས།།  གཤེན་རབ་ནི་ཅི་དགྱེས་ཏེ།།  ཞེས་བྱུང་།  གཅིག་ལ་ཏིག་དང་བཞི་ལ་བི་ལིའམ་བི་དང་།  བདུན་ལ་སྙེས་ཞེས་སོགས་བརྗོད་པ་ནི་ཞང་ཞུང་སྒྲ་བསྒྱུར་ཆེན་མོ་ལས།  ཟླ་རི་ཅུ་ནི་ལ་ལོད་ཏིག་(༡༨)ཅེས་སོགས་བྱུང་ཞིང་འདིར་ཐམས་ཅད་བརྗོད་ཀྱིས་ག་ལ་ལངས།  གོང་སྨོས་འདི་དག་ནི་བོད་རང་གི་གནའ་རབས་ཀྱི་མིང་གི་འབོད་ཚུལ་དག་ད་ལྟའི་བར་དུ་མུ་མཐུད་ནས་མ་ཉམས་པར་སོ་ན་གནས་པའི་སྙན་བརྒྱུད་ཅིག་ཡིན་པར་མངོན།  དེས་ན་རྒྱལ་རོང་པའི་ཡུལ་སྐད་ནི་བོད་ཀྱི་སྐད་དང་ལྷག་པར་དུ་བོད་ཀྱི་བརྡ་རྙིང་ལ་ཞིབ་འཇུག་བྱེད་པའི་ཐད་ཀྱི་རྙེད་དཀའ་བ་དང་རིན་ཐང་བྲལ་བའི་དཔྱད་གཞི་གལ་ཆེན་ཞིག་ཡིན་ངེས་པས་ན་ང་ཚོས་མཐོང་ཆེན་དང་བཀོལ་སྤྱོད་ལེགས་པོ་བྱ་དགོས་པ་སྨོས་ཅི་དགོས།
          བཞི་པ།  ཚིག་སྦྱོར་བརྡ་སྤྲོད་ཀྱི་སྐོར།
          རྒྱལ་རོང་པའི་སྐད་ལ་མཚོན་ན་རྗོད་ཚིག་གི་གོ་རིམ་དང་རྣམ་དབྱེ་ཚིག་ཕྲད་བཅས་ཀྱི་སྐོར་ལ་བོད་སྤྱི་འགྲོས་ཀྱི་སྐད་དང་སྒོ་ཀུན་ནས་མཚུངས་ཏེ།   ཐོག་མར་བྱེད་པ་པོའམ་བྱེད་པ།   དེ་ནས་བྱ་བའི་ཡུལ་ལམ་ལས།  དེ་རྗེས་བྱ་ཚིག་འཇོག་པའི་གོ་རིམ་དང་།  རྣམ་དབྱེ་བརྒྱད་དང་ཚིག་ཕྲད་དག་ཀྱང་ཕལ་ཆེར་གཅིག་མཚུངས་སུ་གནས་ཏེ།  དཔེར་བརྗོད་འགའ་བྲིས་ན་འདི་ལྟ་སྟེ།
          རྣམ་དབྱེ་དང་པོ་ངོ་བོ་ཙམ་བརྗོད་པ་ནི།   མིང་བརྡའི་ཐ་སྙད་མང་ཆེ་བ་གཅིག་མཚུངས་ཡིན་པ་གོང་དུ་བཤད་ཟིན།
          གཉིས་པ་ལས་སུ་བྱ་བ་ནི་དཔེར་ན།  ཚེ་རིང་གིས་བཀྲ་ཤིས་ལ་ཡི་གེ་བསྐུར་ཞེས་པར།  རྒྱལ་རོང་སྐད་ལ།  ཚེ་རིང་གིས་བཀྲ་ཤིས་འི་ཡི་གེ་ག་བསྐུར་ཞེས་དང་།
          གསུམ་པ་བྱེད་སྒྲ་ནི་དཔེར་ན།  ཚེ་རིང་གིས་ཤ་ཟ་ཞེས་པར།  ཚེ་རིང་གིས་ཤ་ག་ཟ་ཟེར།  ཚེ་རིང་པེ་ཅིང་ལ་འགྲོ་ཞེས་པར་ཚེ་རིང་པེ་ཅིང་སུ་གི་ཆས་ཟེར།
          བཞི་པ་དགོས་ཆེད་ནི།  ཟས་ཀྱི་ཆེད་དུ་ཆུ་འཐག་བྱས་ཞེས་པ་ལ་དེ་ཟ་འོ་ཆེད་གིས་ཆུ་འཐག་ག་བྱ།
          ལྔ་པ་འབྱུང་ཁུངས་ནི།  ནམ་མཁའ་ནས་ཆར་པ་འབབ།  ས་གཞི་ནས་ལོ་ཏོག་སྐྱེས་ཞེས་པར་ནམ་མཁའ་སུ་ཆར་པ་གི་འབབ།  ས་གཞི་སུ་ལོ་ཏོག་གི་སྐྱེས་ཟེར།
          དྲུག་པ་འབྲེལ་སྒྲ་ནི།  ངའི་བུ།  ཁྱེད་ཀྱི་རྒྱུ་ནོར།  ཁོ་རང་གི་སྨྱུ་གུ་ཞེས་པར།  ངའི་ང་བུ། ཉོའི་ཉེ་རྒྱུ།  འོ་ཡོ་གི་འོ་སྨྱུ་གུ་ཟེར།
          བདུན་པ་གནས་གཞི་ནི།  ནམ་མཁའ་ལ་ཉི་མ་གསལ་བ།  ས་གཞི་ལ་བདེ་སྐྱིད་འཛོམས་པ་ཞེས་པར།  ནམ་མཁའི་གི་ཉི་གི་གསལ།ས་གཞིའི་བདེ་སྐྱིད་གི་འཛོམས་ཟེར།
          གཉིས་པའི་ཁོངས་གཏོགས་དེ་ཉིད་ནི།  དེ་ཀ་རང་ན་འདུག  སོ་ན་གནས་ཞེས་པར།  འོ་དེ་རང་འི་འདི་འདོ།  འོ་སྟའི་གི་གནས་ཟེར།
          བདུན་པའི་ཁོངས་གཏོགས་ཚེསྐབས་ནི།  དུས་ཚོད་དང་པོ་ལ།   དེ་དུས་སུ་ཞེས་པ་ལ།  དུས་ཚོད་དང་པོའི།  འོ་དེ་འོ་དུས་འི་ཞེས་ཟེར།
          བརྒྱད་པ་འབོད་སྒྲ་ནི།  རྒྱལ་པོ་ཀྱེ་དང་།  རྒྱལ་ཡུམ་ཀྱེ་ཞེས་པར།  རྒྱལ་པོ་ཉེ།  རྒྱལ་མོ་ཉེ།
          ནི་སྒྲ་ནི།  དང་པོ་ནི།  སྟོབས་ནི་ཆེ།  རྟ་མཆོག་ནི་མང་ཞེས་པར་རིམ་བཞིན་དུ་དང་པོ་རེ། སྟོབས་རེ་གི་གཏེ།  རྟ་མཆོག་རེ་གི་མྱའ་ཞེས་བརྗོད།
          དྲང་སྒྲ་ནི་དཔེར་ན།  ཚྭ་དང་ཤ  རྣ་བ་དང་ལྟོ་བ་ཞེས་པ་རིམ་བཞིན།  ཚྭ་འདེ་ཤ   དེ་རྣ་འདེ་དེ་ལྟོ་ཞེས་ཟེར།
          སྤྱི་སྒྲ་ནི་དཔེར་ན།  ཅི་ངེས།   ཅི་ཡོད་ཅེས་པར།  ཐེ་ངོས།   ཐེ་བདོག་ཞེས་དང་།  སུ་ལེན།  སུ་ཡོད་ཅེས་པར།  སུ་ངོས། སུ་འདོ་ཟེར།
          བདག་སྒྲ་ནི་དཔེར་ན།  ལྷ་ས་བ།  འབར་ཁམས་པ་ཞེས་པར།  ལྷ་ས་བ།  འབར་ཁམས་པོ།
          དགག་སྒྲ་ནི་དཔེར་ན།  མ་སྐྱེས།  མ་འགག་ཅེས་པར་མ་གི་སྐྱེས།  མ་ག་འགག་ཟེར།  མི་འཁྲུངས།  མི་འབྱོན་ཞེས་པར།  མི་གི་འཁྲུངས།  མི་གི་འབྱོན་ཞེས་དང་།  སྐྱོན་མེད།  བར་ཆད་མེད་ཞེས་པར།  སྐྱོན་མེདའི།  བར་ཆད་མེདའི།  ཞེས་དང་།  སྐྱིད་པོ་མིན།  སྡུག་པོ་མིན་ཞེས་པར། སྐྱིད་པོ་མག  སྡུག་པོ་མག་ཅེས་བརྗོད།
          དེ་སྒྲ་དང་འདི་སྒྲ་ནི་དཔེར་ན།     དེ་དང་དེ་ནི།  འདི་དང་འདི་ནི་ཞེས་པར།  འོ་དེ་འདེ་འོ་དེ་རེ།  ཅི་དེ་འདེ་ཅི་དེ་རེ།  ཞེས་བརྗོད་པ་སོགས་ཀུན་ལ་རིགས་འགྲེ།
          གཞན་ཡང་རྒྱལ་རོང་བོད་མི་རྣམས་ཀྱི་དངོས་པོའི་འཚོ་བ།   རིག་གནས་སྤྱིས་མཚོན་པའི་ཡུལ་གོམས་གཤིས་ལུགས།  ཆོས་དད།  མི་རིགས་ཀྱི་ཉམས་འགྱུར་སྣ་ཚོགས་བཅས་ནི་བོད་མི་སྤྱི་དང་ཐུན་མོང་དུ་གནས་ཤིང་།  ཡུལ་དེར་གནའ་སྔ་མོ་ནས་བོད་རང་ཉིད་ཀྱི་ཆོས་ལུགས་བོན་པོའི་ཆོས་ལུགས་དར་བར་བོན་གྱི་ལོ་རྒྱུས་རྣམས་སུ་གསལ་ཞིང་།   རྒྱལ་རོང་ཡུལ་གྱི་ལྟེ་བ་ཆུ་ཆེན་གྱི་གཡུང་དྲུང་ལྷ་སྡིང་དགོན་ནི་བོན་པོའི་དགོན་པ་གཙོ་བོའི་གྲས་ཤིག་སྟེ།   གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས།   བོན་གྱི་དགོན་སྡེ་ནི་བོད་ན་གཤེན་དར་སྡིང་དང་།   རྒྱལ་མོ་རོང་དུ་གཡུང་དྲུང་ལྷ་སྡིང་སོགས་ཡོད་པ་དུས་ཕྱིས་རྒྱ་ནག་གོང་མའི་དམག་གིས་བཤིགས་ནས་ལྷ་སྡིང་དུ་དགའ་ལྡན་བྱ་བའི་དགེ་ལུགས་པའི་དགོན་གསར་འཛུགས་པ་མཛད།   བོན་ལུགས་མི་ཆོག་པའི་བཀའ་ཡམ་ཙམ་ཞིག་བསྒྲགས་ནའང་།  ད་དུང་རྒྱལ་རོང་ཚ་ཁོ་སོགས་ན་བོན་སྡེ་མང་ཙམ་ཡོད་པར་སྣང་ངོ་(༡༩)ཞེས་གསུངས་པ་ད་ལྟའང་དེ་བཞིན་དུ་གནས།  སྔར་ཆུ་ཆེན་ལྷ་སྡིང་དང་ཁྲོ་སྐྱབས་ས་ཆར་བོན་ཆོས་བཀའ་འགྱུར་དང་བསྟན་འགྱུར་སོགས་བོན་གཞུང་མང་པོའི་ཟངས་དཔར་དང་ཤིང་དཔར་བཞུགས་ཤིང་།  དེའི་དུས་སུ་དཔར་བའི་བོན་གྱི་བཀའ་བསྟན་མང་པོ་ད་ལྟ་མཇལ་རྒྱུ་ཡོད་པ་འདི་བཞིན་ལགས།
          རྒྱལ་རོང་ས་ཆར་སྔ་དུས་ནས་བོད་ཀྱི་སྤྱི་སྐད་མཚོན་པའི་བོད་ཡིག་འདི་ཉིད་ཆོས་སྲིད་གང་ཐད་ནས་བེད་སྤྱོད་བྱས་ཏེ་དར་ཁྱབ་ཆེན་པོ་བྱུང་བ་དང་། སངས་རྒྱས་ཀྱི་ཆོས་ཀྱང་བསྟན་པ་སྔ་དར་གྱི་དུས་ནས་དར་འགོ་ཚུགས་པ་ནི་ལོ་སྟོང་དང་གཉིས་བརྒྱ་ཙམ་གྱི་སྔོན་གྱི་རྒྱལ་རོང་གི་རྒྱལ་པོ་མདོ་བཞེར་ནག་པོའི་དུས་སུ། བེེ་རོ་ཙཱ་ན་ཡུལ་དེར་བྱོན་ཞིང་།  དེ་ནས་བཟུང་སྟེ་སྔ་འགྱུར་གྱི་དམ་པའི་ཆོས་དར་བ་སོགས་བོད་མི་བུ་གདུང་དྲུག་གི་རུས་མཛོད་ལས་གསུངས་པ་གོང་དུ་དྲངས་པ་ལྟར་དང།  ཡང་བེེ་རོའི་འདྲ་འབག་ཆེན་མོ་ལས། བེེ་རོ་བོད་དུ་ཡར་བྱོན་སྐབས་དེར་རྗེ་བེེ་རོ་ཙཱ་ནས་རྒྱལ་མོ་ཚ་བ་རོང་གི་རྒྱལ་བློན་རྣམས་དང་།  ཆོས་ཀྱི་འབངས་སུ་གཏོགས་པ་རྣམས་བསགས་ནས།  ང་བོད་དུ་འགྲོ་བས་ཁྱེད་རྣམས་རང་རང་ལ་ཆོས་གང་དགོས་པ་དང་།  ཐེ་ཚོམ་མ་ཆོད་པ་རྣམས་སྤྱད་པར་བྱའོ།།  དྲིས་ཤིག་ཅེས་དང་།  ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་ཆོས་འབྱུང་ལས་དེ་ནས་བེེ་རོ་ཙཱ་ན་རྒྱལ་མོ་ཚ་བ་རོང་དུ་ལན་གཅིག་གཤེགས་དེ།  ཚ་བའི་རོང་གི་རྒྱལ་བློན་དང་མཇལ་ནས་ཆོས་ཀྱི་འགྲོ་བ་མཛད།  སྣོད་དང་ལྡན་པ་རྣམས་ལ། མན་ངག་གསུངས་ནས་བཞུགས་ཞེས་གསུངས་པ་དག་ལ་བལྟས་ན་ཧ་ཅང་གསལ་ལོ།།  དེར་མ་ཟད་ལོ་རྒྱུས་ཐོག་རྒྱལ་རོང་ས་ཆར་མཁས་གྲུབ་མང་པོ་བྱུང་མྱོང་བ་ནི།  མདོ་སྨད་ཆོས་འབྱུང་ལས་རྒྱལ་རོང་ཕྱོགས་འདི་རྒྱ་ཆེ་ཞིང་མི་རྣམས་བློ་རྣོ་བས་དགེ་བཤེས་ཐོན་པ་མང་།  རྒྱལ་རོང་སྤྲོ་སྣང་བ་བློ་བཟང་སྨོན་ལམ།  བློ་བཟང་མཁྱེན་རབ་དཔལ་བཟང་རྣམས་ཀྱིས་དགའ་ལྡན་ཁྲི་མཛད།  (ཞེས་པ་ནས་མཁས་ཆེན་ཉི་ཤུ་རྩ་བདུན་གྱི་མཚན་བཀོད་མཐར) གཞན་ཡང་སྔོན་གྱི་མཁས་པ་ཆེན་པོ་རོང་སྟོན་བློ་བཟང་གྲགས་པ། འཕན་ཡུལ་ནལེནྡྲ་འདེབས་མཁན་རོང་སྟོན་ཤྰཀྱ་རྒྱལ་མཚན།  མི་ཉག་ལྷ་འབྲི་སྟོན་པ་ཤེས་རབ་རྡོ་རྗེའི་སློབ་མ་རོང་སྟོན་བློ་གྲོས་མཚུངས་མེད།  གཤེགས་ཁར་མཁའ་སྤྱོད་གྲུབ་པ་ཚ་རོང་བ་བསོད་ནམས་བཟང་པོ་སོགས་ཀྱང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པ་གང་རིགས་ཀྱི་མངའ་ཞབས་སུ་གཏོགས་(༢༠) ཞེས་གསུངས་སོ།།   གཞན་ཡང་རྗེ་འབངས་ཉེར་ལྔའི་ཡ་གྱལ་གཡུ་སྒྲ་སྙིང་པོ་དང་།  བོན་གྱི་སྟོན་པ་མཉམ་མེད་ཤེས་རབ་རྒྱལ་མཚན།  རྗེ་བདག་ཉིད་ཆེན་པོའི་སློབ་མ་སྲས་སྔ་ཚར་བཞིའི་ཡ་གྱལ། ཚ་ཁོ་དབོན་པོ་ངག་དབང་གྲགས་པ། མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ་རོང་པོ་ལྕེ་ནག་པ་ཆེན་པོ་སོགས་བགྲང་གིས་མི་ལངས་ཤིང་།  དུས་ཕྱིས་དབུས་ཀྱི་དགའ་ལྡན་ཁྲི་ཆེན་ཡང་བདུན་བྱོན་མྱོང་བ་ནི་ཁྲི་རབས་༦༢པ་རྒྱལ་རོང་སྤྲོ་སྣང་བ་བློ་བཟང་སྨོན་ལམ་དང་།  ཁྲི་རབས་༧༤་རྒྱལ་རོང་ཚ་ཁོ་མཆོག་རྩེ་བ་བློ་བཟང་ལྷུན་གྲུབ།  ཁྲི་རབས་༧༦པ་རྒྱལ་རོང་སྤྲོ་སྣང་བ་བློ་བཟང་མཁྱེན་རབ་དབང་ཕྱུག  ཁྲི་རབས་༧༨པ་རྒྱལ་རོང་བ་འཇམ་དབྱངས་དམ་ཆོས།  ཁྲི་རབས་༨༢པ་རྒྱལ་རོང་དར་མདོ་བ་ཡེ་ཤེས་ཆོས་འཕེལ།   ཁྲི་རབས་༨༣པ་རྒྱལ་རོང་བ་བྱང་ཆུབ་ནམ་མཁའ།  ཁྲི་རབས་༨༤པ་རྒྱལ་རོང་བ་བློ་བཟང་ཚུལ་ཁྲིམས་བཅས་སོ།།
          གོང་གསལ་དེ་དག་གིས་ཤར་རྒྱལ་མོ་རོང་པའི་བོད་མི་རྣམས་ཀྱི་རིགས་རུས་དང་སྐད་ཡིག་སོགས་ཀྱི་ལོ་རྒྱུས་ནི་མདོ་ཁམས་ཀྱི་ས་ཆ་གཞན་པ་དག་ལས་ཤིན་ཏུ་རིང་བ་མཚོན་ཐུབ་ཅིང་།  མ་གཞི་རྒྱལ་མོ་རོང་གི་མི་ནི་བོད་མི་ཡིན་པ་དང་དེའི་སྐད་ཀྱང་བོད་མིས་བཤད་པའི་བོད་སྐད་རང་ཡིན་པ་ངེད་ཅག་བོད་རང་མཚན་པ་དང་།  བོད་ཡིག་དང་བོད་ཀྱི་ལོ་རྒྱུས་ཤེས་པ་དག་གིས་བལྟས་ན་ཤིན་ཏུ་གསལ། འོན་ཀྱང་རྒྱལ་རོང་པའི་སྐད་ནི་ཆེས་གནའ་དུས་ཀྱི་བོད་སྐད་ཅིག་ཡིན་པས་མདོ་དབུས་ཁམས་གསུམ་སོགས་གང་གིས་ཀྱང་གོ་དཀའ་བ་ཡིན།   དབུས་འགྱུར་སའི་ཡུལ་ལྗོངས་ལྷ་ས་ནི་གནའ་ནས་བཟུང་བོད་ཀྱི་ཆབ་སྲིད་དང་།  དཔལ་འབྱོར།  རིག་གནས་བཅས་ཀྱི་ལྟེ་བ་ཡིན་པས།  དབུས་སྐད་ནི་འཕེལ་བ་དང་འགྱུར་བ་ཤུགས་ཆེ་ལ།  བོད་ཀྱི་ཡུལ་གྲུ་གཞན་དག་གི་ཡུལ་སྐད་དག་ནི་རང་རང་ཡུལ་གྲུའི་གནའ་སྐད་དང་གནའ་སྲོལ་བཞིན་གནས་པའམ་འཕེལ་འགྱུར་ཆུང་བས་དེའི་རྗེས་མ་ཟིན་པ་ཡིན་སྙམ།  དེ་དག་གི་ནང་ནས་ཀྱང་རྒྱལ་རོང་པའི་ཡུལ་སྐད་ནི་བོད་ཀྱི་ས་ཁུལ་གང་ལས་ཀྱང་འཕེལ་འགྱུར་ཆུང་བར་སྣང་།   དེའི་རྒྱུ་མཚན་མང་མོད།  གཙོ་བོ་ནི་རྒྱལ་རོང་གི་ས་ཆ་འདི་བོད་ཀྱི་ས་སྣེ་ཡིན་པས་དབུས་གཙང་དང་བར་ཐག་རིང་བའི་ཐོག་ཡུལ་གྲུ་དེ་ནི་རི་མཐོ་ལ་བྲག་གཟར་བ།  ལུང་གཞུང་ཆེ་ལ་འགྲུལ་བཞུད་དཀའ་བ་སོགས་ཡུལ་དུས་ཀྱི་དབང་གིས་དང་ཐོག་གཅིག་གྱུར་གྱི་སྐད་ཆ་དེའང་རིམ་བཞིན་ཁྱད་པར་ཤོར་བ་ཞིག་ཡིན་པར་མངོན།
         རྒྱལ་མོ་རོང་གི་ཆགས་དབྱིབས་ནི་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་རྒྱལ་མོ་རོང་གི་འབྲས་རྫོང་ལས།  བོད་རོང་ཆེན་བཞིའི་ཡ་གྱལ་སྟེ།  །ཤར་རྒྱལ་མོ་རོང་ཞེས་འབོད་པའི་ཡུལ།  །རོང་ལུང་ཆེན་གསེར་གཞོང་ཡངས་པ་ལ།  །རྒྱལ་མོ་ཡི་རྔུལ་ཆུ་སྔོན་མོ་བབས།  །མ་སྲིད་པ་རྒྱ་མོའི་རྔུལ་ཆུ་རེད།  །རྟ་འདོ་བས་རབས་སོ་གཅོད་ལམ་མེད།  །མཐོ་བྲག་རི་གཟར་ལ་རྫ་འགག་དོག  ། འགག་དོག་གསུམ་མིད་པའི་འཕྲང་དང་འདྲ། ། རི་རི་རྩེ་བྲག་རྩེ་ཐུག་འདྲ་རེད།  ། རི་རི་སྐེད་བྲག་སྐེད་མདུད་པ་འདྲ།  ། ཉིན་ཉིན་རྡོ་སྲིབས་ལ་འགྲིལ་ནི་ཡིན།  །སྲིབས་སྲིབས་རྡོ་ཉིན་ལ་འགྲིལ་ནི་ཡིན།  །ས་ལུང་ཆེན་གཟར་མོའི་སྐྱ་བར་ན།  །རྡོ་ཨ་དཀར་རྩེད་མོ་རྩེད་རྩེད་རེད།   །དབུས་དམུ་རྡོ་རི་བོ་མཆོག་རབ་ལ།   །མཐུ་ཆེ་བ་སྐུ་བླ་རྣམ་གསུམ་དང་།  །བཀའ་གཉན་པོ་གཉན་ཆེན་སྡེ་བཞི་སོགས། །འཁོར་རི་བོ་དྲུག་ཅུ་རྩ་གཉིས་བསྐོར། །ཕྱི་དཀྱིལ་འཁོར་རེའུ་མིག་བཀྲམས་པའི་དབུས།  །ཤེལ་བུམ་པ་གདན་ལ་བཀོད་པ་འདྲ།  །ནང་རིན་ཆེན་དབང་གི་རྒྱལ་པོས་གང་།  །དར་ན་བཟའི་ནང་དུ་དྲིལ་བ་འདྲ།  །རྩེ་གནས་ཆེན་བཞི་ལ་ལས་བཞིའི་དབྱིབས། །སྒྲུབ་གནས་ཕྲན་བརྒྱ་དང་གནས་ལག་བཅུ།  །སྐེད་བྲག་དང་ནགས་རི་སྦྲག་མ་ན།  །མཆོག་གནས་ཆེན་བཞིའི་ཕོ་བྲང་ཆགས།  །ཤོད་ལུང་ཆེན་ལྕགས་སྒྲོག་དཔྱངས་འདྲ་ལ།  །ཤར་རྒྱལ་རོང་ཤོད་ཆེན་བཅོ་བརྒྱད་ཆགས།  །ཞེས་བྱུང་བ་ལྟར་རྒྱལ་རོང་གི་ས་ཆ་ནི་ས་རྒྱམ་ཆུང་རུང་ཁང་བརྩེགས་མོད་ས།  རི་རྩེ་ཁ་བས་གཡོགས་རུང་རི་རྟིང་དྲོད་ཀྱིས་འཛིན་ས།རོང་ཆེན་ཟབ་ཅིང་འབབ་ཆུ་རྒོད་རུང་ནེའུ་གསིང་རྒྱས་ཤིང་འབྲུ་སྣ་སྨིན་པའི་ཡུལ་ཞིག་ཡིན་སྟབས།  ལོ་རྒྱུས་ཐོག་གོང་མ་ལྷ་སྐྱོང་རྒྱལ་པོས་ལོ་བཅུ་གཉིས་རིང་ལ་དམག་ཆེན་ཕུད་ནས་འདུལ་དགོས་བྱུང་བ་ནི།   མདོ་སྨད་ཆོས་འབྱུང་ལས་ཆུ་ཆེན་ཉིན་ངོས་སུ་བསྟན་པ།   རབ་བརྟན།  བཙན་ལྷ་རྣམས་ཀྱི་རྒྱལ་ས་ཡོད་ལ་ཕྱི་མ་འདི་གཉིས་སྟོབས་དང་དཔའ་རྩལ་ཆེ་བས་ཧོར་རྒྱལ་པོའི་དུས་ནས་མངའ་ཞབས་སུ་མ་ཆུག་པར་གྲགས།   གོང་མ་ཆེན་ལུང(༢༡)གི་དུས་དམག་དཔོན་ཨཱ་ཅང་ཇུན་དམག་དང་བཅས་པས་ལོ་བཅུ་གཉིས་ཀྱི་རིང་འཐབ་ནས་མངའ་འོག་ཏུ་བཅུག་ཅེས་བྱུང་།  འདིའི་ཐད་འཇམ་དབྱངས་གྲགས་འཛིན་གྱིས་བྲིས་པའི་དཔའ་རྩལ་སྟོབས་ལྡན་ལརྐོའི་གྲོང་ཞེས་པའི་རྩོམ་ཡིག་གི་ནང་དུ།  ཆུ་ཆེན་བཙན་ལྷའི་འཁྲུགས་པ་འདིའི་ཆེད་དུ་ཇུར་ཆེན་དར་ཞིང་རྒྱས་པའི་དུས་ཀྱི་གོང་མ་ལྷ་སྐྱོང་ཡང་ལོ་མང་པོའི་རིང་དུ་སྙིང་རླུང་སྟོད་དུ་འཚང་སྟེ།  ཆུ་ཆེན་བཙན་ལྷ་ཞེས་པའི་ཡུལ་གྲུ་ལག་མཐིལ་འདྲ་བ་ཞིག་འདུལ་ཆེད་རྒྱལ་ཡོངས་ཀྱི་དམག་གི་ཕྱེད་ཙམ་མངགས།   དེའི་འུ་ལག་གཅིག་པོར་མི་ཆིག་འབུམ་ལྷག་ཡོད་ཅིང་།  འགྲོ་སོང་ལ་དངུལ་སྲང་བྱེ་བ་བདུན་བཏང་།  དམག་མི་དྲུག་ཁྲི་ཙམ་ཤིས་རྨས་སུ་སོང་།  ཤེས་ལྡན་གཉིས་ཙུང་ཏི་གཅིག  དྲག་དཔོན་སུམ་ཅུ་ལྷག་ཅིག་ཤི་བར་བརྟེན།  གོང་མས་བདག་གི་རྒྱལ་སྲིད་ཀྱི་དམའ་ལས་སུ།  འདི་འདྲའི་ཆག་ཉེས་ཤིག་བྱུང་མ་མྱོང་ཞེས་ཆུ་ཆེན་བཙན་ལྷ་ཕབ་པའི་རྡོ་རིང་དུ་བཀོད་པའོ།།  དེ་ནི་ངོ་མ།  གཡོ་མེད་སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས།  །ཡུད་ཙམ་ཁྲོས་པའི་སྤྱན་ཀྱི་སྡང་མིག་གིས།  །གསེར་འབྲུག་སྡེར་ལྔའི་ཁྲི་ལ་འགྱིངས་པ་ཡི།  །མཐུ་ལྡན་གནམ་གྱི་བུ་ཡང་འདར་བར་བྱས།  །ཞེས་པའི་དཔེ་དང་མཚུངས་ས་མང་ཕྱིར།  རྒྱལ་མོ་ཚ་བ་རོང་ལ་དཔའ་རྩལ་སྟོབས་ཀྱི་ལརྐོའི་གྲོང་ཞེས་བོད་མིས་བརྗོད་པ་ནི་ཆེ་སྟོད་མིན་པར་འདྲ་ཐེངས་རེད་སྙམ་པའོ་ཞེས་བརྗོད་པ་ནི་དོན་ལ་གནས་པར་སེམས་སོ།།  དེ་ལྟར་རྒྱལ་མོ་རོང་གི་ས་ཆ་ནི་རི་བཙན་ས།  འཕྲང་དོག་ས།  ལྷག་པར་དུ་སྔ་རབས་སུ་འགྲུལ་ལམ་ཆེར་མི་བདེ་བས་བོད་ཁུལ་གཞན་དག་དང་འབྲེལ་འདྲིས་ཤིན་ཏུ་ཉུང་སྟབས་ས་ཆ་དེའི་སྐད་ཀྱང་འཕེལ་འགྱུར་དལ་བའམ་འཕེལ་འགྱུར་གྱི་ཁ་ཕྱོགས་ཐ་དད་པར་དུས་ཡུན་རིང་པོར་སོང་རྗེས།  གཙོ་བོ་སྒྲ་གདངས་དང་མིང་བརྡ་ཐ་སྙད་ཁག་ཅིག་དང་ཚིག་གྲོགས་སྦྱོར་སྟངས་སོགས་ཀྱི་ཐད་བོད་སྤྱི་འགྲོས་ཀྱི་སྐད་དང་ཁྱད་པར་ཆེ་ཙམ་བྱུང་མོད།  འོན་ཀྱང་ས་ཆ་དེའི་ཆབ་སྲིད་དང་།  དཔལ་འབྱོར།  རིག་གནས་བཅས་གང་ས་ཅི་ཐད་ནས་གཅིག་མཐུན་ཡིན་པའི་རྩ་བའི་རྨང་གཞིའི་ཐོག་ཏུ་གནས་པ་ཞིག་ཡིན་པས།  བོད་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ཐུན་མོང་བ་ནི་གཙོ་བོར་གྱུར་ཅིང་སྔར་ཇི་ལྟ་བ་བཞིན་དུ་ཐེར་ཟུག་ཏུ་གནས་སོ།།
         མཆན་འགྲེལ།
(༡)རྒྱལ་ཁག་བཅོ་བརྒྱད་བགྲང་ཚུལ་ཅུང་མི་འདྲ་བ་སྣང་མོད། ཡོངས་གྲགས་ལྟར་ན། ལྕག་ལ་ནི་ལྕགས་ལ་དང་། ཝ་སི་ནི་རྒྱ་ཡིག་瓦寿་ཡི་སྒྲ་བསྒྱུར་ཏེ་མདོ་ལིའམ་མདོ་གླིང་ཟེར། རྫོང་འགག་ལ་རྫི་འགག་བྲིས་པ་མང་། ལྕོག་རྩེ་ལ་མཆོག་རྩེ་དང་ཅོག་ཙེ་སོགས་བྲིས་པ་ཡོད།  དམ་པ་ལ་བསྟན་པ་དང་དམ་བྷ་ཞེས་བྲིས་པ་ཡོད།  འོག་གཞི་ལ་དབང་ཞིང་བྲིས་པའང་ཡོད།  མདོ་ལི་ནི་གོང་དུ་བཤད་པ་ལྟར་མདོ་གླིང་སྟེ་ཝ་སི་དང་གཅིག་རེད། དེས་ན་འདིར་མདའ་མདོ་ཞེས་པ་དེ་བསྣན་དགོས་པར་སྣང་། པྲ་སྟི་ལ་པྲག་སྟེང་དང་ཏི་བྲིས་པ་ཡོད།  ཧྭ་ཧྭ་ནི་མགོ་སྨད་དམ་ཀ་ལ་དང་།  ལེན་ཙ་ནི་མགོ་སྟོད་ཡིན་འདྲ་སྙམ་སྟེ་བརྟག  རབ་བརྟན་ནི་ཆུ་ཆེན་ཏེ།  སྔར་ཆུ་ཆེན་རབ་བརྟན་རྒྱལ་པོ་ཞེས་རྒྱལ་ཁག་བཅོ་བརྒྱད་ཀྱི་གཙོ་བོ་ཡིན།  མགྲོན་དུ་ནི་མུ་ཕྱི་རྒྱལ་པོ་ཞེས་པ་དེ་ཡིན་འདྲ་སྙམ་སྟེ་བརྟག  གོང་གསལ་རྒྱལ་རོང་ས་ཁུལ་གྱི་མི་མིང་དང་ས་མིང་དང་།  རི་མིང་དང་ཆུ་མིང་སོགས་བོད་སྐད་ཁོ་ན་ལས་མ་འདས་པས།  འདི་ཙམ་གྱིས་ཀྱང་རྒྱལ་རོང་མི་ནི་བོད་མི་ཡིན་པ་དང་།  དེའི་སྐད་ཀྱང་བོད་སྐད་ཡིན་པར་གྲུབ།
(༢)བེེ་རོ་ཙ་ན་ནི་དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཀྱི་རྗེ་འབངས་གྲོགས་གསུམ་གྱི་ཡ་གྱལ་དང་།  རྗེ་འབངས་ཉེར་ལྔའི་ཡ་གྱལ་ཡིན་ཞིང་།  ལོ་ཆེན་བློ་ལྡན་ཤེས་རབ་ཀྱིས།  བེེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ།།  སྐ་ཅོག་ཞང་གསུམ་ཉིན་ཟླ་ཟུང་འབྲེལ་ཏེ།།  རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་བཞིན།།  ཁོ་བོ་དེ་དྲུང་སྲིན་འབུ་མེ་ཁྱེར་ཙམ།།  ཞེས་བསྔགས་པར་མཛད།
(༣)འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་ཀུན་གསལ་མེ་ལོང་ཞེས་བྱ་བ་དཔེ་རིང་ཅན་བྲིས་མའི་ཤོག་གྲངས་༧༡      
(༤)རྨ་ལྷོ་ཐོག་པའི་གཏེར་མར་གྲགས་པའི་གཞི་བདག་དམུ་རྡོའི་མཆོད་བསྟོད་བྲིས་མའི་ཤོག་གྲངས་༢      
(༥)རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དམ་ཤོད་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་སོ་མང་དང་།  མཆོག་རྩེ་དང་།  རྫི་འགག་གསུམ་ལ་ཚ་བ་ཁག་གསུམ་དང་།  དམ་པའམ་བསྟན་པ་བསྣན་པས་ཚ་བ་ཁག་བཞི་འང་ཟེར།    
(༦)ངཤྩིའམ་ཤིས་ཙ་ནི་སྦྲ་ཞེས་པའི་ཡི་གེ་དྲག་པའི་ཚུལགྱིས་བཀླགས་པའི་སྒྲའོ།།     
(༧)བོད་རྗེ་ཁྲི་སྲོང་ལྡེ་བཙན་དུས་ཀྱི་རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག      
(༨)བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་མདོ་སྨད་ཆོས་འབྱུང་ངམ་དེབ་ཐེར་རྒྱ་མཚོ་ཡི་ཤོག་གྲངས་(ཀན་སུའུ་དཔར་མ༧༧༡)      
(༩)བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་ཟུང་གིས་བསྒྲིགས་པའི་བོད་མི་བུ་གདུང་དྲུག་གི་རུས་མཛོད་མེ་ཏོག་པད་མ་དཀར་པོའི་སྐྱེད་ཚལ་རྔ་པ་ལྕགས་པར་མའི་ཤོག་གྲངས༦༤      
(༡༠)ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་པེ་ཅིང་དཔར་མའི་ཤོག་གྲངས་༡༤༨
(༡༡)ཅིན་འཕུང་གིས་རྩོམ་སྒྲིག་བྱས་པའི་བོད་སྐད་བསྡུས་བརྗོད་པེ་ཅིང་དཔར་མ་རྒྱ་ཡིག་ཅིག      
(༡༢)མདོ་སྨད་ཆོས་འབྱུང་ཀན་སུའུ་དཔར་མའི་ཤོག་གྲངས་༡༦     
(༡༣)སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་མཛད་པའི་ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཀྱི་བྱེ་བྲག་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་པར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་ཤོག་གྲངས་༡༡༠
(༡༤)ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་པེ་ཅིང་དཔར་མའི་ཤོག་གྲངས་༡༡༧     
(༡༥)(༡༦)ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོརྒྱུས་ཡིག་ཆ་པེ་ཅིང་དཔར་མའི་ཤོག་གྲངས་༥༧     
(༡༧)གོང་བཞིན་གྱི་ཏུན་ཧོང་ཡིག་ཆའི་ཤོག་གྲངས་༧༧      
(༡༨)ཞང་ཞུང་སྒྲ་བསྒྱུར་ཆེན་མོ་བྲིས་མའི་ཤོག་གྲངས་༩པར་གསལ།  བོད་སྐད་དུ།  ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཅེས་པའོ།      
(༡༩)ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བརྩམས་པའི་ཐུའུ་བཀྭན་གྲུབ་མཐའ་ཀན་སུའུ་དཔར་མའི་ཤོག་གྲངས་༣༨༩      
(༢༠)མདོ་སྨད་ཆོས་འབྱུང་གི་ཤོག་གྲངས་༧༧༨-༧༧༩
(༢༡)བོད་སྐད་དུ་གོང་མ་ལྷ་སྐྱོང་རྒྱལ་པོ་ཟེར།