དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་ཀྱི་ཚེ་ཐར་སྲོག་བླུའི་གོམས་སྲོལ་སྐོར་ཅུང་ཙམ་གླེང་བ།

སྤེལ་དུས 2020-05-07 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། གཅན་ཉི་གཞོན།
         བོད་ཀྱི་ཚེ་ཐར་སྲོག་བླུའི་རིག་གནས་འདི་ནི་གོམས་སྲོལ་གྱི་ཆ་ནས་བཤད་ན། གནའ་བོའི་རྒྱ་གར་དང་རང་རེ་བོད་མི་རིགས་གཉིས་གཙོ་ཆེ་ལ།  ནང་དོན་གྱི་ཐད་ནས་གཙོ་བོ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དགོངས་དོན་ཧྲིལ་གྱིས་ཐོན་ཞིང་།   གཡུང་དྲུང་བོན་ལུགས་ལ་སོགས་པའི་ཆོས་ལུགས་གྲུབ་མཐའ་གཞན་གྱི་དགོངས་དོན་ཡང་རེ་གཉིས་འདྲེས་མེད་པ་མི་སྲིད།  སྤྱི་ཚོགས་རིག་པའི་ཆ་ནས་བཤད་ན།  ཆོས་ཉིད་ལ་ངོས་འཛིན་གྱིས་སེམས་ཅན་གཞན་ལ་གནོད་ཅིང་འཚེ་བ་མེད་པར་ཞི་བདེ་དང་ཆ་མཐུན་སྤྱི་ཚོགས་ཞེས་བཤད་པ་དང་གཞི་གཅིག་ཏུ་འདྲེས་འདུག  རྒྱུ་མཚན་དེ་འདྲ་ལ་བསམ་སྟེ།  བོད་དུ་དར་སྔ་ཞིང་གོམས་སྲོལ་དུ་གྲུབ་ནས་ཡོད་པའི་ཚེ་ཐར་སྲོག་བླུའི་ཆོ་ག་དང་དགོངས་པ་ཟབ་མོས།    གནའ་ནས་བོད་མི་རིགས་ཀྱི་སེམས་ཁམས་དང་ཀུན་སྤྱོད་ལྷད་བཅོས།  མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་ནུས་ཆེན་པོ་ཐོན་ཟིན་པས། ད་ལྟའང་ངོ་སྤྲོད་ཙམ་བྱས་ན་བཟང་སྙམ་སྟེ་རྩོམ་ཐུང་འདི་བྲིས་པ་ལགས།
དང་པོ། ཚེ་ཐར་སྲོག་བླུའི་བྱུང་བ།
         གོམས་སྲོལ་འདི་ངོ་སྤྲོད་པ་ལ་ང་ཚོས་ཐོག་མར་ཤེས་རྟོགས་བྱེད་དགོས་པའི་གནད་དམ་པ་ཞིག་ནི།   འཇིག་རྟེན་གྱི་སྐྱེ་དགུ་རྣམས་ཀྱི་ལེགས་ཉེས་བདེ་སྡུག་ཐམས་ཅད་ནི་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཞིག་མ་ཡིན་ལ། བྱེད་པ་པོ་ཞིག་གིས་སྐད་ཅིག་ལ་བཅོས་སྒྱུར་བྱེད་ཐུབ་པ་ཞིག་ཀྱང་མ་ཡིན་པར་རྣམ་པ་ཀུན་ཏུ་ལས་ཀྱི་དབང་འབའ་ཞིག་ལས་བྱུང་བ་ཡིན་པས།  ལས་ཀྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་དུ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལྟར་ན། གླིང་བཞི་ལས་ང་ཚོ་གནས་སའི་ལྷོ་འཛམ་བུ་གླིང་ནི་ལས་ཀྱི་ས་ཡིན་པས།    དགེ་སྡིག་གང་བྱས་ཀྱང་གླིང་གཞན་གྱིས་ལས་ཕལ་བ་དང་མི་འདྲ་བར་ཤིན་ཏུ་སྟོབས་ཆེ་བའི་ལས་འབྲས་ཀྱི་ཚུལ་ལ་ཡང་ཡང་དུ་སེམས་པའང་འདིར་ངེས་དགོས་པའི་དོན་ཞིག་རེད།
         རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང་རྒྱུ་སྡིག་པ་ལས་འབྲས་བུ་སྡུག་བསྔལ་བྱུང་བའི་རྒྱུ་འབྲས་བསླུ་མེད་ཀྱི་གནས་ལུགས་སྨྲ་བ་ནི།    ནང་པ་སངས་རྒྱས་པའི་རང་ལུགས་ཐུན་མོང་མ་ཡིན་པའི་ཆོས་ཀྱི་སྡོམ་གལ་ཆེན་པོ་ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་རིམ་གྱིས་ཆགས་ཤིང་གྲུབ་པའི་མི་ཚེ་ཡི་རིན་ཐང་ལྟ་ཚུལ་ཡང་རེད།  ཡིན་ནའང་།   ནང་ཆོས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་དང་། དེ་ལས་འཕྲོས་པའི་ཆོ་ག་ཕྱག་ལེན་སོགས་ནི་ཆ་ཐམས་ཅད་ནས་སྐྱོན་ཀུན་ཟད་དང་།  ཡོན་ཏན་ཀུན་ལྡན་ཞིག་རེད་ཅེས་མཐའ་སོ་སོ་ནས་ཁ་ཚོན་བཅད་ནས་བརྗོད་པའི་གདེང་ཚོད་དེ་ཕྲན་ལྟ་བུར་མེད་ཀྱང་།  བྱེ་བྲག་སྤྱི་དང་སྣ་ཚོགས་གཅིག་བསྡུས་ཀྱིས་བཤད་ན།   རང་རེའི་བོད་མི་རིགས་འདིས་དུས་དང་རྣམ་པ་ཀུན་ཏུ་ངག་ནས་བཤད་རྒྱུ་དང་སེམས་ལ་གཟུང་རྒྱུ་ནི་“བྱམས་དང་སྙིང་རྗེ་”དང་“བདག་པས་གཞན་གཅེས་”ཀྱི་ནང་ཆོས་ཟབ་མོའི་དགོངས་དོན་རྨ་མེད་པ་གང་ལགས་པས། དོན་ཐོག་ཏུ་འཁྱོལ་མིན་ཅི་རིགས་སུ་མཆིས་ཀྱང་མི་རིགས་གཞན་དང་མི་མཚུངས་པ་རེད
         འོ་ན། ཆོས་ཀྱི་སྙིང་པོ་ལས་གྲུབ་པའི་ཚེ་ཐར་སྲོག་བླུ་ཡི་རིག་གནས་དེའི་ཐོག་མའི་བྱུང་བ་སོགས་ཅི་ལྟ་བུ་ཞིག་རེད་ཅེ་ན། སྤྱི་ལོ་སྔོན་གྱི་དུས་རབས་བདུན་པའི་ཡས་མས་སུ་རྒྱ་གར་རྡོ་རྗེ་གདན་གྱིས་གཙོས་ཡུལ་གྲུ་མང་པོ་ཞིག་ལ་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པ་དར་ཞིང་རྒྱས།   དེ་དང་མཚུངས་སུ་སྤྱི་ཚོགས་ཆ་མཐུན་དང་། རྒྱུ་འབྲས་བསླུ་མེད། འཚེ་སྤོང་དགེ་སྒྲུབ་ཀྱི་ཚེ་ཐར་སྲོག་བླུའི་རིག་གནས་སོགས་ནང་ཆོས་ཀྱི་དགེ་ཐོན་པའི་ཆོས་ལུགས་ཀྱི་བྱ་བྱེད་དམ་གོམས་སྲོལ་མང་པོ་ཞིག་རིམ་གྱིས་བྱུང་བ་རེད། དེའི་དགེ་ཕན་ནི་སངས་རྒྱས་ཀྱི་མདོ་དང་སྐྱེས་རབས་སོགས་སུ་མང་དུ་བཀོད་ཡོད་ཀྱང་འདིར་དཔེ་རེ་གཉིས་ཀྱིས་གསལ་བཤད་ཙམ་བྱས་ན།  “སྔོན་རྒྱ་གར་གྱི་ཡུལ་དུ་མུ་སྟེགས་རྒྱལ་པོ་འཕྲི་ཅན་བྱ་བ་ཟས་སུ་ཤ་ཁྲག་དྲོན་མོ་ལ་དགའ་ཞིང་སེམས་ཅན་ཁྲི་ཕྲག་མང་པོའི་སྲོག་གཅོད་མཁན་ཞིག་ཡོད་པ་དམྱལ་བའི་གནས་སུ་སྐྱེས་ཏེ་སྡུག་བསྔལ་ཆེན་པོས་མནར་བ་ན།   བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་གྱི་སྲས་ཀྱི་ཐུ་བོ་ཀུན་དགའ་བོས།    སྟོན་པ་ལ་མུ་སྟེགས་རྒྱལ་པོ་འཕྲི་ཅན་གྱི་སྡུག་བསྔལ་མྱངས་པའི་ཚུལ་དེ་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། མི་དེ་ནི་ཟས་སུ་ཤ་ཁྲག་ལ་དགའ་ཞིང་སེམས་ཅན་མང་པོའི་སྲོག་བཅད་པའི་རྣམ་སྨིན་ཡིན་ཞེས་གསུངས་སོ།། དེ་ནས་ཀུན་དགའ་བོས་མུ་སྟེགས་རྒྱལ་པོ་འཕྲི་ཅན་གྱི་ཆེད་དུ་དམིགས་ནས། སེམས་ཅན་མང་པོ་ཚེ་ཐར་དུ་བཏང་བས་ངན་སོང་གི་སྡུག་བསྔལ་ལས་གྲོལ་བ་”①ལྟ་བུ་དང་།   ཡང་“བདག་ཅག་གི་སྟོན་པ་སྔོན་འདས་པའི་དུས་ཤིག་ན། ཚོང་དཔོན་གྱི་བུ་ཆུ་འབེབས་བྱ་བར་གྱུར་བའི་ཚེ་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་ཉ་ཁྲི་ཕྲག་གཅིག་ཙམ་ཉི་མས་གདུངས་ཏེ། འཆི་ལ་ཉེ་བའི་ཚེ་ན་འཇིགས་པ་དེ་ལས་ཡོངས་སུ་བསྒྲལ་ཏེ་སྲོག་ཐར་བར་བྱས་པའི་ཕན་ཡོན་གྱིས།    རང་དང་སེམས་ཅན་གཞན་གང་ཡིན་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་དང་སྐྱེས་སུ་འཇུག་པར་མངའ་བརྙེས་པ་”②ལྟ་བུའོ།།  ཕྲན་གྱིས་བལྟས་ན་དཔེ་དེ་དང་དེ་ལྟ་བུ་ནི་རྒྱ་གར་ཡུལ་དུ་ཚེ་ཐར་སྲོག་བླུའི་རིག་གནས་དར་བའི་རྨང་གཞི་དང་མགོ་ཁུངས་རེད་ལ། རྒྱུ་འབྲས་བསླུ་མེད་ཀྱི་དན་རྟགས་ཀྱང་རེད།   རང་རེ་བོད་ལ་མཚོན་ནས་བཤད་ན་སྐབས་དེ་དག་ཏུ་ད་དུང་ཡུལ་གྲུ་སོ་སོ་ན་གདོད་མའི་ཆོས་ལུགས་དང་བརྡོལ་བོན་སོགས་དར་ཞིང་དེར་མཆོད་རྒྱུ་ཡོད་ལ།  བདེ་སྡུག་གི་ལས་ཐམས་ཅད་ལྷ་འདྲེ་གང་རུང་གིས་ཁ་ལོ་བསྒྱུར་བའི་བསམ་ཚུལ་བླ་ན་མཐོ་ཞིང་།   དེ་དག་གི་མཆོད་པའི་མཆོག་དང་རྩེ་མོ་ནི་སེམས་ཅན་གཞན་གྱི་ཤ་དང་ཁྲག་ལ་བྱེད་རྒྱུ་ཡོད་པས།  སྤྱི་ཚོགས་ཆ་མཐུན་དང་། ཚེ་སྲོག་འདྲ་མཉམ། ཞི་བདེའི་ཁོར་ཡུག་དང་བར་ཐག་ཧ་ཅང་གི་རིང་བས་རྒྱ་གར་ནང་ཆོས་རིག་གནས་དང་ཁྱད་པར་ཆེ།  ཡིན་ནའང་།  བོད་མི་རིགས་ཀྱིས་མུ་མཐུད་དུ་རང་བྱུང་ཁམས་ལ་འདུལ་སྦྱོང་དང་འབྲེལ་འདྲིས།   གདམ་ག་མང་པོ་བྱས་པ་དང་འཚོ་གཞེས་རིག་གནས་ཀྱི་ཆེད་དུ་མུ་མཚེས་རྒྱལ་ཁབ་དང་མི་རིགས་དག་ལ་འགལ་འབྲེལ་གྱི་སྦྱོར་བ་མང་དུ་བརྩམས་པར་བརྟེན། རང་ཉིད་ཀྱི་སེམས་ཁམས་དང་རང་བྱུང་གནས་བབ་ལྟར་སྔར་ཡོད་ཀྱི་རིག་གནས་དང་འཚོ་བའི་ཐབས་ལམ་སྐོར་ཞིག་ལ་སྙིགས་དོར་བཅུད་ལེན་གྱི་བྱེད་ཐབས་སྤྱད་ཅིང་། དུས་རབས་བདུན་པ་ནས་སྔར་མེད་ཀྱི་ནང་ཆོས་རིག་གནས་ནི་བོད་ཀྱི་ཆོས་ལུགས་སམ་རིག་གནས་གཙོ་བོར་གྱུར་ཏེ།   བོད་ཀྱི་ཡུལ་གྲུ་ཀུན་ཏུ་རིམ་གྱིས་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་ལ།  བཀའ་དྲིན་མཚུངས་མེད་ཀྱི་ལོ་པཎ་མང་པོ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱུང་བར་མ་ཟད།  གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་རྗེས་འཇུག་པའང་ཆར་ཤུལ་གྱི་ཤ་མོ་བརྔོལ་བ་བཞིན་ཇེ་མང་ནས་ཇེ་མང་དུ་སོང་། དེ་འདྲའི་དམངས་ཡོངས་རང་བཞིན་གྱིས་དང་ལེན་དང་ཁྱབ་སྤེལ་ཆེན་པོའི་ལག་ལེན་དངོས་ཀྱི་ཁྲོད་ནས་ད་གཟོད་བོད་ཀྱི་སྔར་ཡོད་ཀྱི་ཆོས་ལུགས་ཆོ་ག་ལ་ཁ་སྣོན་དང་ལྷད་བཅོས་ཀྱི་ཚུལ་དུ་འཇིག་རྟེན་གྱི་མི་ཆོས་དང་འཚམ་ཞིང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་དང་མི་འགལ་བའི་རྟེན་གསུམ་ལ་ཁྲུས་གསོལ་དང་།  རབ་གནས་བྱ་ཚུལ།  རི་ཁྲུས་ཀླུང་ཁྲུས་བྱ་ཚུལ།  ནད་པ་ཉམ་ཐག་ལ་ཚེ་འགུགས་དང་།  གྲིབ་སེལ།  བབས་ཁྲུས། དུག་དབྱུང་། དེ་མིན། གཡང་འགུགས་དང་རླུང་རྟ་བསྐྱེད་ཆོག་སོགས་བན་དང་བན་བོན་མཉམ་བསྲེས་ཀྱི་ཆོ་ག་སྣ་ཚོགས་བྱུང་ཞིང་། འདིར་ཆེད་བརྗོད་ཀྱི་འཚེ་སྤོང་དགེ་སྒྲུབ་ཀྱི་ཚེ་ཐར་སྲོག་བླུའི་རིག་གནས་ཀྱི་ཆོ་ག་ཕྱག་ལེན་སྣ་ཚོགས་ཀྱང་སྐབས་དེ་དག་ནས་རིམ་གྱིས་བོད་ལ་དར་ཞིང་ཁྱབ་པར་གྱུར་བ་ཞིག་ལོས་ཡིན་སྙམ་མོ།།
གཉིས་པ། སྲོག་གཅོད་ཀྱི་ཉེས་དམིགས།
         དམ་པའི་ཆོས་ཀྱི་དགོངས་པ་ཉམས་སུ་ལེན་པ་ལ་སྒྱིད་མི་ལུག་པའི་ཕྱིར་འཆི་བ་མི་རྟག་པ་སྒོམ་པ་ཇི་བཞིན་དུ། སྲོག་མི་གཅོད་པའི་ཕྱིར་ཐོག་མར་སྲོག་གཅོད་ཀྱི་ཉེས་དམིགས་བགྲང་སྟེ།  ཚེ་ཐར་སྲོག་བླུའི་རིག་གནས་ཀྱི་དགེ་ཕན་ཅུང་ཙམ་གླེང་འདོད།
         དེ་ཡང་སེམས་ཅན་ཆེ་ཆུང་གང་ཞིག་ཡིན་རུང་རང་གི་སྲོག་ལས་གཅེས་པ་ཞིག་མེད་ལ།  འཆི་བ་ལ་མི་སྐྲག་པ་ཞིག་ཀྱང་ཡོད་མི་སྲིད་ན་སྲོག་གཅོད་ཀྱི་ཉེས་དམིགས་ལྕི་ལ་སྲོག་ཐར་གྱི་དགེ་བའི་ཕན་ཡོན་མཐའ་ཡས་པ་ནི་གཞི་ནས་རྟོགས་ཐུབ།
         འགྲོ་བ་སེམས་ཅན་ཐམས་ཅད་སྲོག་དང་བཅས་པ་དང་བདེ་སྡུག་གི་ཚོར་བ་ཡོད་པ་གཅིག་ལ་གཅིག་མཚུངས་ཡིན་ཕྱིར།  རང་ཇི་འདྲ་བ་གཞན་ཀུན་ཀྱང་དེ་ལྟར་ཡིན་པའི་ཚུལ་ལ་བསམ་གཞིགས་ཡང་ཡང་བྱས་ཏེ།   ཚོམས་ལས། “ཐམས་ཅད་ལ་ཡང་སྲོག་ནི་སྡུག ཐམས་ཅད་ཆད་པས་འཇིགས་པས་ན།།  རང་གི་ཉམས་ལ་དཔག་གྱིས་ཏེ།། བརྡེག་པར་མི་བྱ་གསད་མི་བྱ།།”③ཞེས་གསུངས་པ་ལྟར། མི་ཞེས་ཚུར་མི་གཅོད་ལ་དུད་འགྲོ་ཞེས་ཕར་མི་གཅོད་པར་རྟག་ཏུ་སྙོམས་པར་གནས་དགོས་ཚུལ་གྱི་བློ་སྔོན་དུ་བཏང་ནས་སྲོག་ཆགས་ཕྲ་མོ་གྲོག་སྤུར་ཚུན་ཆད་ཀྱི་ལུས་ཅན་མཐའ་དག་ལ་གནོད་པ་བྱེད་མི་རུང་།
         གནས་ལུགས་ལྟར་ན། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་གྲུབ་པའི་འཛམ་གླིང་འདི་ནི་མིའི་རིགས་ཀྱི་ཡིན་ལ་སྲོག་ཆགས་ཚོའི་ཡང་ཡིན།  དེའི་ཕྱིར།  ཁྱིམ་ཚང་གཅིག་གི་ནང་ལྷན་དུ་འཚོ་བའི་མི་དང་མི་མ་ཡིན་པའི་འགྲོ་བ་དག་ཐབས་བརྒྱ་ཇུས་སྟོང་གིས་མཉམ་དུ་འཚོ་གནས་ཡོང་ཐབས་ལ་འབད་དགོས་ཀྱི།  གཅིག་གིས་གཅིག་ལ་གནོད་པ་བཏང་ན་ནི། རང་བྱུང་གིས་གདམ་ག་ཐོབ་པའི་འཇིག་རྟེན་གྱི་བདག་པོ་ཞིག་མེད་པར་བཏང་བ་དང་།  ཡང་ན་རང་བྱུང་ཁམས་ཀྱི་ལུས་གཟུགས་གསོ་བའི་སྨན་བཟང་པོ་ཞིག་གམ་ལྷ་རྗེ་ལེགས་པོ་ཞིག་མེད་པར་བཏང་བ་དང་འདྲ་བས།  མིའི་རིགས་ལའང་ཕུགས་ཀྱི་བདེ་སྐྱིད་བརྟན་པོ་ཞིག་དང་ཞི་བདེ། ཆ་མཐུན་གྱི་སྤྱི་ཚོགས་གསར་པ་ཞིག་གི་གོ་སྐབས་ཧ་ཅང་ཕྲ་བའོ།།
         འོན་ཀྱང་།  བློ་ཕམ་པ་ཞིག་ལ་ད་ལྟ་སྡིག་སྤྱོད་བྱེད་པའི་ལས་སྒོ་ཆེ་ནས་ཆེ་རུ་སོང་སྟེ།   སྲོག་ཆགས་ཆེ་ཆུང་མང་པོ་བསད་ནས་ཤ་ཁྲག་བཟའ་བཏུང་བྱེད་པའི་སྲོལ་ངན་དེ་ནགས་ལ་མེ་མཆེད་པ་བཞིན་ཡུལ་གྲུ་ཀུན་ཏུ་དར་ཏེ།  གནམ་ལ་འཕུར་བ་དང་།  ས་ལ་རྒྱུ་བ།  ཆུ་ལ་འཕྱོ་བའི་རིགས་སོགས་མདོར་ན་སྔོན་ཆད་ཟ་སྲོལ་མེད་པའི་སྡོམ་སྡིག་སྦལ་སྦྲུལ་ལ་སོགས་པའི་ཤ་ཡང་ཁ་ཟས་བཟང་པོར་བརྩིས་ཏེ་ཅི་དགར་ལོངས་སུ་སྤྱོད་ཀྱིན་ཡོད།  དེ་མ་ཟད། གོ་ཚོད་དུ་སྤྲེའུ་གསོན་པོའི་ཀླད་ཀོར་གྱི་ཁ་བཀོག་སྟེ་ཀླད་ཞོ་ཟ་བ་དང་། སྦྲུལ་གསོན་པོའི་མཇུག་མ་ནས་བཅད་གཏུབ་ཀྱིས་ཟ་བའང་ཡོད་སྐད་ལ།  དེ་མིན་ད་དུང་སྲོག་ཆགས་འགྲེམ་སྟོན་བྱེད་རྒྱུ་ཟེར་ནས་ལྟད་མོ་བ་རྣམས་ཀྱི་མདུན་སར།   གཅན་གཟན་གཏུམ་པོ་སྟག་དང་སེང་གེ་སོགས་ལ་ར་མ་གསོན་པོ་འབའ་ཤར་རྒྱག་བཞིན་པ་ཟར་འཇུག་པ་དང་།   རོལ་རྩེད་དང་རྒྱལ་སྐུགས་སུ་ཁྱིམ་བ་བཏོག་རེས་བྱེད་དུ་བཅུག་ནས་ལུས་དམར་ཧྲེང་དུ་བཏང་སྟེ།    ཕན་ཚུན་གསོད་དུ་འཇུག་པ་སོགས་བཟོད་པར་དཀའ་བའི་མནར་གཅོད་ཚད་མེད་གཏོང་བའང་མཐོང་ཆོས་མངོན་གསལ་རེད།  གལ་ཏེ་འགྲོ་བ་མི་ཞིག་དེ་ལྟར་སྡུག་ལས་སྣ་དགུ་བཏང་ནས་བསད་པ་ཡིན་ན་ཐམས་ཅད་ཧ་ལས་པར་བྱེད་ངེས་ཏེ།  འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་མི་གསོན་པོའི་ལུས་ལ་གསོ་རིག་ཚོད་ལྟ་དངོས་སུ་བྱས་པའི་ལོ་རྒྱུས་ཡོད་པ་ལ།   དེང་སང་མི་རྣམས་ཀྱི་གླེང་ཕྱོགས་ཅི་འདྲ་འདུག     རྩོམ་ཐུང་འདི་འབྲི་བའི་དམིགས་ཡུལ་ཡང་ད་ནས་བཟུང་མིའི་རིགས་ཀྱིས་ཡ་ང་བའི་བྱ་སྤྱོད་དེ་དག་ཅུང་ཙམ་ཡིན་ཡང་སྐྱུངས་ཐུབ་ན་སྙམ་སྟེ།  སྤྱོད་པ་དེ་དག་སྐྱུངས་པ་ལ་བོད་མི་རིགས་ཀྱི་སྤྱི་ཚོགས་སུ་གནའ་ནས་གོམས་སྲོལ་དུ་ཆགས་ཡོད་པའི་སྲོག་བཅད་ཉེས་དམིགས་དང་། སྲོག་ཐར་ཕན་ཡོན་སྐོར་གྱི་ཁ་བརྡ་ཞིག་བཤད་འདོད།   ཡིན་ནའང་རང་ཉིད་མཐོ་ས་ཞིག་ཏུ་འགྲེངས་ནས་བཤད་པ་མིན་པར།  རང་ཡང་འདུ་བའི་འཇིག་རྟེན་གྱི་ལས་འབྲས་ལ་རྨོངས་པའི་བློ་དམན་དག་གིས་སྡིག་གཅོད་དང་ཤ་ཁྲག་ལ་རོལ་བར་འཛེམ་ཏོག་ཙམ་བྱས་ཀྱང་མཆོག་ཏུ་འདོད་པ་རང་ལགས་སོ།།
         དེ་བཞིན་སྟོན་པའི་《དགེ་བ་བཅུའི་མདོ་》ལས་“སྲོག་གཅོད་གོང་ན་སྡིག་པ་གཞན་ནི་མེད་”ཅེས་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་“སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ་”ཞེས་གསུངས་པ་ལྟར། སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ལྟར་ན།  སྐམ་དང་གཤེར་ལ་གནས་པའི་སྲོག་ཆགས་ཆེ་ཆུང་གང་ཞིག་ཡིན་རུང་དེ་དག་སྙིང་རྗེའི་ཡུལ་དུ་གྱུར་ཡོད་པས་གསོད་མི་རིགས་པར་མ་ཟད། སྙིང་ནས་རྒྱུ་འབྲས་ལ་ཡིད་ཆེས་བྱས་ཏེ་རང་ཉིད་ལ་ཚེ་འདི་དང་།  ཕྱི་མར་རྣམ་སྨིན་ཡིད་དུ་མི་འོང་བ་འབྱུང་བར་བློ་སྔོན་དུ་སོང་སྟེ་གསོད་མི་རིགས་ལ། སྲོག་བཅད་པའི་ལས་ཀྱི་འབྲས་བུ་ནི།   གལ་ཏེ་ད་ལྟའི་ཚེ་འདིར་སྨིན་པ་ན་ཚེ་ཉིད་ཤིན་ཏུ་ཐུང་བར་འགྱུར་ཞིང་།   ཡང་ན་ཚེ་འདིར་ཚོགས་ཤིང་དུས་ལ་མ་བབ་ཀྱང་རྙིང་ནས་ཞིག་རལ་དང་འགོར་ནས་བོར་བརླགས་སུ་འགྲོ་བའི་དཔེ་མི་སྲིད་དེ། དཔེར་ན། བྱ་ནམ་མཁར་འཕུར་ནས་ནམ་མཁའི་དབྱིངས་སུ་མཐོན་པོར་ཕྱིན་པའི་ཚེ།  བྱ་དེའི་གྲིབ་མ་མི་མངོན་པ་ལྟར་སྣང་ཡང་།   གྲིབ་མ་མེད་པ་མིན་ཏེ་མཐར་གང་དུ་བབས་ཀྱང་གྲིབ་མ་དེ།   བྱ་འབབ་སའི་གནས་དེར་ནག་ཧྲིལ་གྱིས་འོང་བ་ལྟར་དགེ་སྡིག་གི་ལས་བྱས་པ་འཕྲལ་ལ་མི་མངོན་ཡང་།  མཐར་ཅིས་ཀྱང་རང་གི་སྟེང་དུ་མི་འོང་པའི་ཐབས་མེད་པ་ལྟ་བུ་རེད། དེ་བས། འཕྲལ་ལ་འབྲས་བུ་མངོན་དུ་མ་གྱུར་ནའང་སྐྱེ་བ་ཕྱི་མའམ་ཕྱི་མའི་ཕྱི་མ་རྣམས་སུ་ལས་དེའི་འབྲས་བུ་གདོན་མི་ཟ་བར་མྱོང་དགོས་པ་སྟེ།  རྣམ་སྨིན་གྱི་འབྲས་བུས་དམྱལ་བ་ལ་སོགས་ངན་སོང་གི་གནས་རྣམས་སུ་སྐྱེ་ཞིང་།  སྐྱེ་པ་ནས་སྡུག་བསྔལ་གྱི་རྒྱུན་ཤིན་ཏུ་རིང་པོར་མྱོང་བར་འགྱུར་ལ། བརྒྱ་ལམ་དེ་ལས་ཐར་ཏེ་མཐོ་རིས་ཀྱི་ལུས་རྟེན་ཐོབ་པར་གྱུར་ཀྱང་བདག་འབྲས་ཡུལ་ལ་སྨིན་པས།   ཡུལ་ངམ་གྲོག་དང་ས་ཕྱོགས་ཉམས་མི་དགའ་ཞིང་འཇིགས་སུ་རུང་བའི་གནས་བཅས་སུ་སྐྱེ་བ་མ་ཟད།  ད་དུང་རང་ཉིད་ཀྱི་རྒྱུ་མཐུན་གྱི་འབྲས་བུ་བྱང་མེད་པས། མྱོང་བ་རྒྱུ་མཐུན་གྱི་འབྲས་བུས་རྟེན་དེར་ཡང་ནད་མང་ཞིང་ཚེ་ཤིན་ཏུ་ཐུང་བར་འགྱུར། དེ་མིན་ཡུད་ཙམ་གསོན་པོའི་རིང་ལའང་སྔར་མེད་ཀྱི་བྱེད་པ་རྒྱུ་མཐུན་གྱིས་བསྐྱེད་པའི་འབྲས་བུའི་ཤུགས་ཀྱིས་སྲོག་གཅོད་པ་ལ་དགའ་བས་འཇུག་ཅིང་། གང་བྱས་པའི་ལས་ངན་དེ་དག་ཀྱང་མང་པོར་འཕེལ་ནས་སྐྱེས་བུའི་བྱེད་འབྲས་ཀྱི་དབང་གིས་སླར་ཡང་མི་དགེ་བའི་ལས་ལ་འཇུག་པའི་ས་བོན་ངན་པ་རྒྱུན་ཆགས་སུ་བསགས་ནས་སྐྱེ་བ་ཚེ་རབས་ཀུན་ཏུ་མི་དགེ་བའི་གཞི་བྱེད་དོ།།
         བྱེ་བྲག་ཏུ་སྲོག་ཆགས་དུད་འགྲོ་བསད་པའི་རྣམ་སྨིན་གྱིས་ངན་སོང་དུ་སྡུག་བསྔལ་མྱོང་བའི་ཚུལ་ལ་“སྔོན་མོའུ་འགལ་གྱི་བུ་དམྱལ་བར་བྱོན་པ་ན་མི་ནག་པོ་སོལ་བའི་སྡོང་བོ་ལྟ་བུ་ཞིག་ལ་མགོ་བརྙན་མང་པོས། མཚོན་ཆ་སྣ་ཚོགས་ཀྱིས་བརྒྱབ་སྟེ་དུམ་བུར་གཏུབ་པ་དང་། ཁྱི་ཆེན་པོ་འཇིགས་སུ་རུང་བ་དག་གིས་ཟ་བ་སོགས་གཟིགས་པ་སྔོན་རི་དྭགས་མང་པོ་བསད་པའི་རྣམ་སྨིན་ཡིན་གསུངས་པ་”④དང་།  “སྔོན་རྒྱ་གར་གྱི་རྒྱལ་པོ་བདེ་སྤྱོད་ཀྱི་བུས་རྩྭ་ཀུ་ཤས་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་བཅད་པའི་”ལོ་རྒྱུས་འདི་དང་འདི་ལྟ་བུ་ནི་ཆོས་ལུགས་ཀྱི་དགོངས་དོན་ལ་སྦྱར་ནས་གཞན་སྲོག་བཅད་པའི་རྣམ་སྨིན་དང་ཉེས་དམིགས་ལ་བྱང་དགོས་རྒྱུའི་ཚུལ་བསྟན་པ་ཡིན།
         དེ་མིན་ད་ལྟའི་སྤྱི་ཚོགས་དང་། རང་བྱུང་ཁོར་ཡུག  མི་ཚེ་བདེ་སྐྱིད་སོགས་ཀྱི་ཐད་ནས་བཤད་ནའང་། བྱུང་ཁམས་འདིར་གནས་ཤིང་འཚོ་བའི་སྐྱེ་དངོས་སྲོག་ཆགས་ཐམས་ཅད་ནི་རང་བྱུང་ཁམས་ལ་མཁོ་ཞིང་རང་བྱུང་ཁམས་ཀྱིས་གདམ་ག་རེད་ལ། དེ་དག་གི་སྟེང་དུ་རང་བྱུང་ཁམས་དང་དེར་གྲུབ་པའི་སྐྱེ་དགུ་ཡོངས་ཕན་ཚུན་ལ་ཕན་པའི་ནུས་པ་འདྲ་མིན་སྣ་ཚོགས་ཤིག་ཡོད་སྲིད་པས། སྔོན་ཆད་ཀྱི་འཇིག་རྟེན་ནི་དེ་འདྲའི་སྔོ་ལྗང་དང་། དྭངས་གཙང་ཆ་མཐུན་དུ་གྲུབ་ལ།   ད་ལྟའི་གནས་བབ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད།  དེ་བས།  ད་ལྟ་འཛམ་གླིང་ཧྲིལ་པོ་ནའང་གཞི་དེར་རྟེན་བཅས་ཏེ་སྲུང་སྐྱོབ་དང་གནོད་འགོག་ལ་ཤུགས་ཆེན་པོ་རྒྱག་གི་ཡོད།  དོན་དངོས་སུ་དེ་ནི་མིའི་རིགས་ཀྱིས་རང་ཉིད་ཀྱི་བར་ཆད་སེལ་བ་སྟེ། སྐེ་ན་བསྒགས་བཞིན་པའི་ལྕེབས་ཐག་བཀྲོལ་བ་དང་གཉིས་སུ་མེད་པས།  ང་ཚོས་བོད་པ་རྣམས་ཀྱིས་ཀྱང་མི་ཤེས་པ་དང་མ་གོ་བའི་ཚུལ་གྱི་སྤྱོད་ངན་དོར་ཏེ། རང་ཉིད་ལ་སྔ་མོ་ནས་ཡོད་པའི་ཆོས་ལུགས་ཀྱི་བྱེད་སྒོ་གང་འཚམ་དང་།   སྲུང་སྐྱོབ་ཀྱི་ལག་ལེན་གཉིས་ཟུང་འབྲེལ་སྒོས་རང་གི་འཚོ་བའི་ཁོར་ཡུག་དང་ཚེ་སྲོག་རྒྱུན་བསྲིངས་ལ་ཁ་ཡ་ཅིས་མི་བྱེད།  མདོར་ན།  སྲོག་གཅོད་ཀྱི་ལས་ལ་ཞུགས་ན་བདེ་འགྲོ་དང་བདེ་སྐྱིད་ཟེར་བ་ནི་ནམ་མཁའི་མཐའ་ལྟར་རིང་ལ།   སྲོག་གཅོད་སྤངས་ན་བདེ་བ་དང་དགའ་བ་ནི་རང་གི་གམ་ན་ཡོད་པས་ཀུན་གྱི་བློ་གཟུ་བོས་བསམ་གཞིགས་རེ་གཏོང་རན་དུ་མཆིས་སོ།།
         གསུམ། ཚེ་ཐར་སྲོག་བླུའི་ཆོ་ག
         ཚིག་དོན་ལྟར་ན།   ཚེ་ཐར་ཞེས་པ་ནི་ཚེ་བགེགས་ལས་ཐར་བར་བྱེད་པའི་དཀར་ཕྱོགས་ཀྱི་ལས་ཞིག་དང་། ཚེ་རིང་དུ་བསྲིངས་པར་སྐུལ་སྨོན་ཅན་གྱི་ཆོ་ག་ཞིག་རེད། བོད་མི་རིགས་ཀྱིས་ཚེ་ཐར་དུ་གཏོང་བྱ་གཙོ་བོ་ནི་རྟ་གཡག་དང་ར་ལུག་སོགས་ཡིན་པར་མ་ཟད།   གཞན་ད་དུང་རི་ཆུ་ནགས་གསུམ་དང་།  བྱ་བྱེའུ་འབའ་འབུ།  རྩི་ཤིང་མེ་ཏོག་སོགས་ལ་གནོད་མ་བསྐྱལ་བར་ཚེ་ཐར་དུ་གཏོང་བའང་ཡོད།   དམིགས་བྱ་ནི་ཚེ་ཐར་སྲོག་བླུ་བྱེད་མཁན་རང་ཉིད་ཀྱི་བར་ཆད་བཟློག་ཅིང་བདེ་བ་འདོད་པ་དང་།    འཕྲིན་ལས་རྒྱས་ཤིང་བསམ་དོན་འགྲུབ་ཆེད་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ལྟར་སྲོག་ཆགས་གཞན་གྱི་སྲོག་བླུས་ཏེ་ཚེ་སྲུང་བ་དང་བསྲིངས་པར་བྱེད་པའོ།།
         དེ་ཡང་། ཆོ་ག་དེ་སྒྲུབ་པར་བྱེད་པའི་དུས་ནི་སངས་རྒྱས་ཆོས་ལུགས་ཀྱི་དུས་ཆེན་དང་བསྟུན་ཏེ་རབ་ཡིན་ན་སངས་རྒྱས་ཀྱིས་ཆོ་འཕྲུལ་བསྟན་པའི་དུས་ཏེ།  ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དང་།     སྐུ་འཁྲུངས་པའི་དུས་ཏེ།    ཧོར་ཟླ་བཞི་པའི་ཚེས་བདུན། བྱང་ཆུབ་པ་དང་མྱ་ངན་ལས་འདས་པའི་དུས་ཏེ། ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ། ཆོས་འཁོར་བསྐོར་བ་དང་། ལྷུམས་སུ་ཞུགས་པའི་དུས་ཏེ་ཧོར་ཟླ་དྲུག་པའི་ཚེས་བཞི། ལྷ་ལས་བབས་པའི་དུས་ཏེ་ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་བཅས་ལ་བཟང་ཞིང་། རྒྱུན་དུ་ཟླ་བ་འབྱུང་ངོ་ཅོག་གི་ཉ་སྟོང་། ཚེས་བརྒྱད། གསུམ་སོགས་ནི་སྣང་པ་མཐའ་ཡས་དང་།  ཤཱཀྱ་ཐུབ་པ།  སྨན་བླ་རྣམས་ཀྱི་དུས་ཡིན་ལ། ཧོར་ཟླ་དྲུག་པའི་ཚེས་བཅུ་ནི་ཨོ་རྒྱན་པདྨ་འབྱུང་གནས་རྫུ་སྐྱེས་ཀྱི་དུས་ཆེན་ཡིན་པས་ཤིན་ཏུ་བཟང་བར་བརྩི། མདོར་ན།  དམིགས་བསལ་གྱི་དུས་བཟང་རྣམས་སུ་དགེ་བའི་བྱ་བ་གང་བྱས་ཀྱང་ཕན་ཡོན་ལྷག་པར་ཆེ་བར་གསུངས་པས་གྲུབ་ན་དེ་ལྟར་བྱ་ཞིང་། གལ་ཏེ། ལས་ཀའི་བྲེལ་བ་སོགས་རྐྱེན་དབང་གིས་དེ་ལྟར་མ་བྱུང་ན་སྟབས་ནམ་བདེའི་དུས་སུ་བྱས་ཀྱང་མི་རུང་བ་མེད་དོ།།  དུས་དེ་དག་ལ་རྟ་ལུག་སོགས་ཚེ་ཐར་དུ་གཏོང་ན། ཐོག་མར་ཆེད་དུ་སྒྲུབ་ནས་ཡོད་པའི་བུམ་ཆུའམ།  ཡང་ན་ཆུ་གཙང་ལ་གཟུངས་སྔགས་བྱིན་ཅན་སྤྱན་རས་གཟིགས་ཀྱི་གཟུངས་རིང་དང་། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལྟ་བུ་གང་མང་བཟླས་ཏེ་སྔགས་ཡོད་པའི་གཟུངས་ཆུས་ཁྲུས་ལེགས་པར་བྱེད་ལ།  ད་ལྟ་དམངས་ཁྲོད་དུ“ཆུ་གཙང་གིས་ཁྲུས་ཤིང་ཆུ་ཀར་གྱིས་བཤལ་བ་”ཞེས་ཆུ་གཙང་མས་ཁྲུས་ལེགས་པར་བྱས་རྗེས་འོ་མས་བཤལ་ཏེ་འཐུས་པའང་ཡོད།   དེ་ནས“དར་ཚོན་སྣ་ལྔ་རྣམ་ཤེས་གླུད་”ཅེས་པ་ལྟར།  རྣ་ཆ་དང་དཔུང་དར་སྣ་ཚོགས་ཀྱིས་རྒྱན་འདོགས་ལ་དམངས་ཁྲོད་དུ་“ཚེ་སྐུད་འདོགས་པ་”ཞེས་རྣ་རྩེ་དང་སོག་པར་བལ་སྐུད་དང་བལ་སྲུང་འདོགས་པར་བྱེད་པ་དང་།  ད་དུང་རྟ་ལུག་སོགས་ཀྱི་རྨིག་པར་མར་གྱིས་བྱུགས་ཅིང་ཡང་ན་ཐོད་དམ་གདོང་ལ་མར་རྒྱན་བྱུགས་པར་མ་ཟད། བསང་གི་དུད་པས་ལུས་ཀྱི་གྲིབ་དང་ནད་སོགས་སེལ་བར་འདུག་ལ།   སྣ་ཐག་དང་སྐེ་ལོང་།   ཐུར་མདའ་སོགས་དཀར་པོ་བཏགས་རྗེས་ཚེ་ཐར་གཏོང་བའི་སྒོ་ཕྱུགས་ཀྱི་རྣ་བར་“བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།། སེམས་ཅན་འདིའི་དུས་མ་ཡིན་པའི་འཆི་བ་འཇོམས་པར་མཛད་དུ་གསོལ།   ཚེ་ཡི་རྣམ་པར་འཕེལ་བར་མཛད་དུ་གསོལ།  ལས་ཀྱི་སྒྲིབ་པའི་རྒྱུན་རྣམ་པར་བཅད་དུ་གསོལ།   ཐར་བའི་ལམ་ལ་ཡང་དག་པར་བཞག་ཏུ་གསོལ”⑤ཞེས་བརྗོད་པར་བྱེད་ལ།    ད་ལྟ་དམངས་ཁྲོད་དུ་ཆེད་དུ་ཆོས་ལུགས་མི་སྣ་གདན་འདྲེན་ཞུ་མ་ཐུབ་པའམ་གློ་བུར་བའི་དབང་གིས་རང་ཉིད་ཀྱི་ཆོ་ག་དེ་སྤེལ་དགོས་ན།  ཚེ་ཐར་དུ་གཏོང་བའི་སྒོ་ཕྱུགས་ཀྱི་རྣ་བར་“དེ་རིང་ནས་བཟུང་ཁྱེད་རང་ཚེ་ཐར་དུ་བཏང་བ་ཡིན་པས་བཤས་ནས་ཤ་མི་བཟའ།  བཙོངས་ནས་རིན་མི་ལེན།  བཀོལ་ནས་ཁལ་མི་འགེལ།   རྒྱབ་ལ་རྐང་པ་མི་འཇོག བལ་དང་རྩིད་མི་འབྲེག བཀྲ་ཤིས་པར་ཤོག ཚེ་རིང་བར་སྨོན་ཞེས་པ་ལྟ་བུའི་རང་ཉིད་ཀྱི་དམ་བཅའ་བ་དང་བཀྲ་ཤིས་སྨོན་ཚིག་བརྗོད་བཞིན་ཚེ་ཐར་ལ་གཏོང་སྲོལ་དེས་ཀྱང་ཚེ་ཐར་བཏང་རྗེས་ཀྱི་བསྲུང་བྱ་མང་པོ་ཞིག་གསལ་བཤད་བྱས་འདུག  དེ་ཡང་ཚེ་ཐར་དུ་གཏང་བྱ་རྟ་མཆོག་དང་འབྲི་གཡག་ར་ལུག་སོགས་རེ་རེའི་ཐོག་མའི་ཆོ་གའི་རིམ་པ་དག་གོང་དུ་བཤད་ཟིན་ལྟར་ལ། འདོན་པའི་ཚིག་དོན་དང་མཇུག་མཐའི་ཆོ་གའི་རིམ་པ་ཅུང་མི་གཅིག་པའི་ཆ་ནི་གཤམ་གསལ་ལྟར་ཏེ། རྟ་མཆོག་ཅིག་ཚེ་ཐར་དུ་གཏོང་བ་ལ། ཚེ་གཟུངས་མང་དུ་བཟླས་ཏེ་མེ་ཏོག་དང་འབྲུ་རིགས་གང་རུང་གཏོར་བཞིན་“སྐྱེ་མཆེད་ཡུལ་དབང་རབ་ཚང་ཞིང་།། རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་འདི།། བླ་མ་ཡི་དམ་ཚེ་ལྷ་དང་།། ཁྱད་པར་མྱུར་མཛད་མགོན་པོ་དང་།།    ཆོས་སྐྱོང་ནོར་ལྷ་ཡུལ་ལྷའི་ཚོགས།། སྐྱེས་ལྷ་ཞང་ལྷ་འགོ་བའི་ལྷ།། དགྲ་ལྷ་ཆེན་པོའི་ཚོགས་རྣམས་ལ།།   འབུལ་ལོ་བསྔོའོ་དགྱེས་པར་མཛོད།། ཕྱྭ་དང་གཡང་གི་རྟེན་དུ་མཛོད།། མགོན་སྐྱབས་དཔུང་གཉེན་རྟེན་དུ་མཛོད།། དགྲ་ལས་རྒྱལ་བའི་རྟེན་དུ་མཛོད།། ཐར་རོ་ཐར་རོ་རྟེན་འདི་དག  ། དུས་མིན་འཆི་བའི་ནད་ལས་ཐར།། ལས་ངན་སྡུག་པའི་འཕྲང་ལས་ཐར།།  མི་ཁོམ་སྐྱོན་གྱི་གནས་ལས་ཐར།།  རྒྱལ་ལོ་དཀར་པོ་ལྷ་རྒྱལ་ལོ།།”⑥ཞེས་དབང་པོ་དང་ནུས་ཤུགས་སོགས་སྲོག་ཆགས་གཞན་ལས་ཁྱད་དུ་འཕགས་པ་ཚུར་བཀར་ཅིང་ངོས་བཟུང་སྟེ།  གུར་གྱི་མགོན་པོ་དང་།  ཞལ་བཞི་མགོན་པོ། དམ་ཅན་ཆོས་རྒྱལ།  རྒྱལ་ཆེན་རྣམ་སྲས།  དམག་ཟོར་རྒྱལ་མོ། བེག་ཙེ་ལྕམ་སྲིང་། རྒྱལ་པོ་སྐུ་ལྔ། རྡོ་རྗེ་ལེགས་པ། ཙིའུ་དམར་པོ་སོགས་རང་རང་གི་སྲུང་མ་དང་། ཡུལ་ལྷ་གཞི་བདག་སོགས་ཀྱི་མཚན་ནས་འབོད་ཅིང་འབུལ་བར་མ་ཟད། རྟེན་འདི་ལ་བརྟེན་ནས་རང་གི་མཆོད་པའི་ལྷ་རྣམས་ཀྱིས་བདག་གི་མགོན་སྐྱབས་དཔུང་གཉེན་དང་བདག་བཅས་རྟ་མཆོག་དེ་དུས་མིན་འཆི་བའི་ནད་སོགས་ལས་ཐར་བར་དགོས་ཚུལ་གྱི་འཕྲིན་ལས་ཅི་ཡོད་བཅོལ་བར་བྱེད་དོ།།  དེ་ནས་ཚེ་ཐར་ལ་མིང་བྱང་འདོགས་པའི་ཆོ་ག་བསྒྲུབ་པ་སྟེ། ཤིང་བྱང་ཆུང་ངུ་ཞིག་གི་སྟེང་དུ“དགྲ་འདུལ་རླུང་ཤུགས་”ཞེས་བརྐོས་ཏེ་རྟའི་སྐེ་རུ་ལེགས་པར་འདོགས་ལ།  མཇུག་ཏུ་དེ་ལྟར་བགྱིས་པའི་དགེ་བ་མཐའ་དག་མར་གྱུར་འགྲོ་བ་ཀུན་གྱི་དོན་དུ་བསྔོ་ཞིང་།   ཁྱད་པར་དུ་རང་རང་གི་རྩ་བའི་བླ་མ་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཅིང་མཛད་འཕྲིན་རྒྱ་ཆེན་པོ་འཕེལ་བའི་ཆེད་དུ་བསྔོ་བར་བྱའོ།།   ཞེས་ཚེ་ཐར་རྟ་མཆོག་དེ་ཕྱོགས་གར་འགྲོ་ལ་གཏོང་བར་བྱས་པ་ན་རྟ་མཆོག་ཚེ་ཐར་གཏོང་བའི་ཆོ་གའི་རིམ་པ་ཡོངས་སུ་མཇུག་རྫོགས་པ་རེད།
         དེ་བཞིན་གཡག་ལ་“བརྗིད་པའི་རྭ་ལྡན་རྔ་ཞོལ་ཅན།། ཤུགས་འཆང་ངར་སྒྲ་འབྱིན་པ་འདི།།”⑦ཞེས་དང་། འབྲི་མོ་ལ་“མཛེས་པའི་རྭ་ལྡན་རྔ་ཞོལ་ཅན།། བདུད་རྩིའི་རྒྱུན་འཛིན་ཞོལ་མོ་འདི་”⑧ཞེས་དང་།  ལུག་ལ་“འཇམ་པའི་སྤུ་ཡི་གོས་གྱོན་ཞིང་།།  ལྷང་འཚེར་དལ་བུས་རྒྱུ་བའི་ལུག།”⑨ཅེས་དང་།    ར་ལ་“མཛེས་པའི་སྤུ་ཡིས་རབ་བརྗིད་ཅིང་།།  དར་གྱི་རྒྱན་ལྡན་ཅང་ཤེས་རབ།།”⑩ཅེས་སོགས་ཀྱིས་གང་ཚེ་ཐར་དུ་གཏང་བར་བྱ་བའི་སྲོག་ཆགས་དག་གི་མཛེས་པའི་ཆ་དང་། ནུས་པའམ་ཡོན་ཏན་བརྗོད་པའི་ཐོག་མའི་ཚིག་རྐང་གཉིས་མ་གཏོགས་གཞན་ཆོས་སྐྱོང་སྲུང་མ་དང་།   ཡུལ་ལྷ་གཞི་བདག་ལ་འབུལ་ཞིང་འཕྲིན་ལས་གཏོད་ཚུལ་གྱི་མཇུག་གི་ཚིག་རྐང་བཅུ་བཞི་ནི་རྟ་མཆོག་གི་ཆོ་གའི་རིམ་པའི་སྐབས་དང་གཅིག་མཚུངས་སུ་ཡོད་པས།  དེར་རིགས་བསྒྲེ་བྱས་ན་གསལ་པོར་རྟོགས་ཐུབ།
         གཞན་ཚེ་ཐར་མིང་བྱང་འདོགས་པའི་མཇུག་གི་ཆོ་གའི་རིམ་པ་དེ་ཡང་།   གཡག་ལ་“སྟོབས་འཕྲོག་བརྗིད་ཞོལ་”ཞེས་དང་། འབྲི་མོ་ལ་“བདུད་རྩི་ཁུར་ལྡན་”ཞེས་པ། ལུག་ལ་“གཡང་མོ་འཁྱིལ་”ཞེས་པ།  ར་ལ་“ཚེ་ཚེ་འཕེལ་”ཞེས་སྲོག་ཆགས་གང་དེའི་ཡོན་ཏན་དང་ཁྱད་ཆོས་ལྟར་མིང་གིས་སྙད་ཚུལ་མི་འདྲ་བ་མ་གཏོགས་ཆོ་གའི་རིམ་པ་གོང་དུ་བཤད་པའི་རྟ་མཆོག་གི་སྐབས་དང་གཅིག་མཚུངས་སུ་སྣང་བས་འདིར་བསྐྱར་བཤད་མ་བྱས་སོ།།
         མཇུག་ཏུ་བསམ་ཚུལ་འགའ་བརྗོད་ན།
         1.གོམས་སྲོལ་འདི་ནི་བོད་ཀྱི་སྤྱི་ཚོགས་སུ་དར་སྔ་བས།  རྒྱུས་ལོན་གྱི་གཏིང་ཟབ་ཚད་གཅིག་མཚུངས་ཡིན་པའི་ངེས་པ་མེད་ཀྱང་།  ད་ལྟ་བོད་ཁམས་ཧྲིལ་པོ་ན་རིག་གནས་དེ་འདྲ་ཞིག་ཡོད་པ་གོ་མ་མྱོང་མཁན་དང་།  དོན་གྱི་སྙིང་པོ་ཅུང་ཙམ་མི་རྟོགས་མཁན་ཧ་ཅང་གི་ཉུང་ཉུང་ཡིན། དེར་ཕལ་ཆེར་ལོ་ངོ་སྟོང་ཕྲག་གི་དུས་ཡུན་ཡོད་ཀྱང་ད་ལྟ་བོད་ཁམས་ཧྲིལ་པོ་ན་རང་རང་གིས་རྒྱ་ཆེ་ཆུང་གང་རུང་གི་སྒོ་ནས་ཆོ་ག་འདི་སྤེལ་བའི་སྣང་ཚུལ་ཡང་མང་དུ་ཡོད་པ་མ་ཟད།  ཆོ་གའི་རིམ་པ་དང་།  འདོན་པའི་ཚིག་དོན།    རྫས་དངོས་སྒྲུབ་ལུགས་ཀྱི་ཐད་ནས་བརྟག་ན་བཤད་མཁན་གྱིས་གང་འདོད་འདོད་དང་།  སྒྲུབ་མཁན་གྱི་གཡར་ཁྲལ་འཇལ་བ་ཙམ་ཞིག་མིན་ལ། མིའི་རིགས་ལ་གནོད་འཚེ་དང་མགོ་སྐོར་གཏོང་བ་ཞིག་ཀྱང་གཏན་ནས་མིན་པར་གཞུང་ལུགས་ཆ་ཚང་ཞིག་ཏུ་གྲུབ་ཡོད།
         འོན་ཀྱང་དེའི་ཆོ་གའི་རིམ་པ་རེ་རེའི་དགོངས་དོན་དང་མཚོན་དོན་སོགས་བརྗོད་དཀའ་ཡང་དམན་པར་མི་མཐོང་སྟེ།   དེའི་མཐར་ཐུག་གི་དགོངས་དོན་ནི་ངེས་པ་དོན་གྱི་ཞི་བདེ་དང་ཆ་མཐུན་གྱི་ལམ་བུ་ཉག་གཅིག་ཡིན་པས་སོ།།
         2. འཇིག་རྟེན་ན་གཞན་ལ་ཕན་འདོགས་པའི་བྱ་བ་མང་ཡང་།  ཚེ་སྲོག་མེད་ན་ཕན་གདགས་སའི་གཞི་མེད་པས།  འཇིག་རྟེན་གྱི་བརྩེ་བ་མཐར་ཐུག་གཞན་སྲོག་སྲུང་ཞིང་ཚེ་བསྲིངས་པར་བྱེད་པའི་ལས་དེ་ནི།  ཕན་འདོགས་པའི་བྱ་བ་ཐམས་ཅད་ཀྱི་ནང་གི་རབ་དང་མཆོག་ཡིན། དེའི་ཕྱིར་ཚེ་ཐར་སྲོག་བླུ་ཡི་གོམས་སྲོལ་འདིའི་མཐར་ཐུག་གི་དགོངས་གཞིའང་ཚེ་སྲོག་ལ་ཕན་གདགས་པར་བྱ་རྒྱུ་དེ་ཡིན།  མི་རིགས་ཤིག་གི་ཀྱག་ཀྱོག་གི་ལོ་རྒྱུས་དང་འཕེལ་འགྲིབ་ཀྱི་བརྒྱུད་རིམ་ཁྲོད་གཞན་དང་ཐུན་མོང་མ་ཡིན་པའི་རིག་གནས་དེ་ལ་གོད་ཆག་དང་། གནོད་འཚེ། བར་ཆད་བཅས་བྱུང་མྱོང་ཡང་།  བསམ་གཞིགས་ཅིག་བྱས་ཚེ།གོ མས་སྲོལ་དེས་ད་བར་དུ་སྲོག་ཆགས་ཅི་འདྲ་མང་པོ་ཞིག་གི་ཚེ་སྲོག་སྐྱོབ་ཡོད་ལ། རི་ཆུ་ཅི་འདྲ་མང་པོ་ཞིག་གི་བཅུད་སྲུང་ཡོད།   ཁྱད་པར་དུ།   གོམས་སྲོལ་དེ་མིའི་རིགས་ལ་སྲོག་འཛིན་གྱི་སྨན་མཆོག་ཅི་འདྲ་མང་པོ་ཞིག་སྦྱིན་ཡོད་པ་ཤེས་སྲིད་དོ།།
         3. སངས་རྒྱས་བཅོམ་ལྡན་འདས་ཀྱིས།   དགེ་སློང་དག་གམ་མཁས་རྣམས་ཀྱིས།།   སྲེག་བཅད་བརྡར་བའི་གསེར་བཞིན་དུ།།   ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།།  ཞེས་བཏོན་པའི་ལྟ་བ་དེ་ལྟ་བུས།  ལྷག་ཏུ་གངས་ཉི་མ་ཤར་བ་ལྟར་རང་གཅིག་པུ་སྟོན་པ་བླ་མེད་དང་རང་གཅིག་པུའི་གསུང་ལ་མངོན་པར་བསྟོད་མི་དགོས་པའི་དོན་བསྟན་པ་དེ་ནི་དེང་གི་ཚན་རིག་ཞིབ་འཇུག་གི་ལྟ་བ་དང་ཡང་ཅུང་མཐུན་པོ་ཡོད། དེ་བས་འདི་ནས་མཇུག་མཐར་བརྗོད་འདོད་པ་ནི།  ཚེ་ཐར་སྲོག་བླུའི་གོམས་སྲོལ་འདིར་ཆོ་གའི་རིམ་པ་ཆ་ཚང་ཞིག་ཡོད་པར་མ་ཟད། ཁུངས་ཀྱང་བཙུན་པ་ཞིག་ཡོད་ཅེས་པ་དེའོ།།
         མཆན།
         ①②③④《ཚེ་ཐར་སྲོག་བླུའི་ཕན་ཡོན་སྲོག་ཆགས་དགའ་བའི་ཚལ་》ཞེས་པའི་ p .27  p.33   p.10  p.21ལས་དྲངས།
         ⑤⑥⑦⑧⑨⑩《རྒྱུན་མཁོའི་ཆོ་ག་ཕྱག་ལེན་སྣ་ཚོགས་བཞུགས་སོ་》ཞེས་པའི་p.115  p.116  p.116  p.117  p.117ལས་དྲངས།