དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་ཚུན་དུ་བྱུང་བའི་ཚིགས་བཅད་སྙན་ངག་གི་སྐོར་མདོ་ཙམ་གླེང་བ།

སྤེལ་དུས 2020-12-18 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བཙུན་པོ་དོན་འགྲུབ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་ཚུན་དུ་དར་བའི་བོད་ཀྱི་ཚིགས་བཅད་སྙན་ངག་གི་ཁྱད་ཆོས་ཕྱོགས་བཞི་ནས་བསྟན་ཡོད་དེ། རྟོགས་བརྗོད་སྙན་ངག་དང་བསྟོད་རྩོམ་སྙན་ངག་གི་རིགས་འདི་གཉིས་དར་ཚུལ་དང་དེར་སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས་གསལ་བ་དང་གཅིག རྩོམ་པ་པོ་དག་གིས་མགུར་གླུ་གཙོའི་ངག་རྩོམ་ལས་རྒྱུ་ཆ་བླངས་པས་ཚིགས་བཅད་སྙན་ངག་ལ་ངག་རྩོམ་གྱི་ཁྱད་ཆོས་མཆིས་པ་དང་གཉིས། ཚིགས་བཅད་སྙན་ངག་ཁག་ཅིག་ཏུ་ཡིད་བརྙན་ལ་དང་དོད་ཆེ་བ་དང་། ཁག་ཅིག་ཏུ་དཔེ་སྦྱོར་ལུགས་ཐུན་མོང་མ་ཡིན་པས་རྒྱུས་མེད་ཅན་གྱི་སྙན་ངག་གི་སྐད་ཆ་གྲུབ་སྟེ་མཛེས་སྣང་གསར་པ་མངོན་པ་དང་གསུམ། བསླབ་བྱ་དང་རྗེས་དྲན་སྙན་ངག་ལ་དུས་སྐབས་ཀྱི་ཁྱད་ཆོས་གསལ་བ་དང་བཞི་བཅས་སོ། །
[བརྡ་ཆད་གཙོ་བོ།] དེང་རབས་རྩོམ་རིག བོད་ཀྱི་སྙན་ངག ཚིགས་བཅད་རྩོམ་ལུས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.9
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2020-01-0165-12
        《སྙན་ངག་མེ་ལོང་》དུ། “ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། །དེ་ཡང་ཚིགས་བཅད་ལྷུག་པ་དང་། །སྤེལ་མ་རྣམ་གསུམ་ཉིད་དུ་གནས། །” ①ཞེས་པ་བཞིན་ཚིགས་བཅད་ནི་སྙན་ངག་གི་བརྩམས་ཆོས་གང་ཡང་རུང་བའི་ལུས་ཀྱི་རྣམ་པ་ཞིག་ཏུ་འདོད་ཅིང་། སྐབས་འདིར་བརྗོད་པའི་སྙན་ངག་ནི་དེང་གི་བརྡ་རུ་རྩོམ་རིག་ཅེས་པ་དང་ཐག་ཉེ་བས་འདི་ནི་རྩོམ་རིག་སྤྱིའི་ལུས་རྣམ་པ་གསུམ་དུ་ཕྱེ་བ་ཞིག་ཏུ་གོ་ཆོག ཡིན་ཡང་དེང་རབས་རྩོམ་གཞུང་དུ་རྩོམ་རིག་ལ་ལུས་སམ་རིགས་དགར་དུས་སྙན་ངག་ནི་བརྩམས་སྒྲུང་དང་། ལྷུག་རྩོམ། ཟློས་གར་བཅས་དང་མི་མཚུངས་པའི་རྩོམ་རིག་གི་ལུས་སམ་རིགས་བྱེ་བྲག་པ་ཞིག་ཏུ་ལྟ་བས། སྐབས་བབ་གླེང་བྱའི་སྙན་ངག་ཅེས་པའང་རྩོམ་ལུས་བྱེ་བྲག་པ་དེ་གཞིར་བགྱིས་ཐོག་ཕྱིའི་རྣམ་པ་ཚིགས་བཅད་ཡིན་པའི་སྙན་ངག་ལ་བྱས་པ་ཞིག་ཡིན། དེ་བསྟུན་གྱིས་འདིར་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་ཚུན་གྱི་ཚིགས་བཅད་སྙན་ངག་གི་ཁྱད་ཆོས་ཅུང་ཙམ་གླེང་བ་ལ་དོན་ཚན་བཞི་སྟེ། དུས་སྐབས་འདིའི་རྟོགས་བརྗོད་སྙན་ངག་དང་བསྟོད་རྩོམ་སྙན་ངག་གི་གནས་ཚུལ་དང་། ཚིགས་བཅད་སྙན་ངག་ལ་ངག་རྩོམ་གྱི་ཤུགས་རྐྱེན་ཐེབས་ཚུལ།ཚིགས་བཅད་སྙན་ངག་གི་མཛེས་སྣང་གསར་པ། ཞར་བྱུང་བཅས་བཞི་རུ་འགོད་པ་ལ།
དང་པོ། རྟོགས་བརྗོད་སྙན་ངག་དང་བསྟོད་རྩོམ་སྙན་ངག་གི་གནས་ཚུལ། 
        དེ་ཡང་རྟོགས་བརྗོད་སྙན་ངག་ཅེས་པ་ནི་མི་ཚེའི་བྱུང་བ་སྤྱིའམ་མཛད་པ་བྱེ་བྲག་པ་གང་ཞིག་སྙན་ངག་གི་ལམ་ནས་བརྗོད་པ་ཞིག་ཡིན་ལ། དེའི་ནང་དུ་བསྟོད་པ་དང་། རྗེས་དྲན། གསོལ་འདེབས་ལ་སོགས་པའི་རིགས་དུ་མ་མཆིས། རང་རེར་བླ་མ་དང་མཁས་པ་དག་གི་མཛད་རྗེས་འཁོད་པའི་རྟོགས་བརྗོད་སྙན་ངག་གི་རྩོམ་སྲོལ་དར་ཆེ་བས་དེ་ལུགས་ཀྱི་བརྩམས་ཆོས་ཤིན་ཏུ་མང་། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་ཚུན་དུའང་རྟོགས་བརྗོད་སྙན་ངག་ཁག་ཅིག་བྱུང་ཡོད་དེ། དེ་དག་ཏུ་མཁས་པ་དང་བླ་ཆེན་གང་རུང་ཞིག་གི་མི་ཚེའི་བྱུང་བ་དང་མཛད་འཕྲིན་སྤེལ་ཞིང་། སྒོས་སུ་ཁོང་ཅག་གི་ཐོས་བསམ་སྒོམ་གསུམ་དང་། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་བཅས་ལ་བསྟོད་བསྔགས་ཆེས་ཆེར་ཕུལ་འདུག 
        དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་ཚུན་དུ་བྱུང་བའི་རྟོགས་བརྗོད་སྙན་ངག་ལས་ཚེ་ཏན་ཞབས་དྲུང་གི་《རྟོགས་བརྗོད་དངུལ་གྱི་མེ་ཏོག་》ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་འཁྲུངས་གཞིས་སུ་ཕེབས་པའི་སྐོར་བྲིས་པ་ཞིག་ཡིན་ཏེ། སྙན་ངག་འདི་ནི་སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི《རྟོགས་བརྗོད་གསེར་གྱི་མེ་ཏོག་》ལ་དཔེ་ལྟ་གནང་འདུག་པ་རྩོམ་གྱི་སྦྱར་བྱང་དུ་གསལ་བས། སྔ་མའི་ཁྱད་ཆོས་རྒྱུན་འཛིན་གནང་ཡོད་པ་སྨོས་མེད་ཡིན། རྟོགས་བརྗོད་སྙན་ངག་འདིར་མཆོད་བརྗོད་ནས་དབུ་བརྩམས་ཏེ་ཡུལ་གྲུའི་ལེ་ལག་དང་བཅས་པའི་རི་བོ་དང་ནགས་ཚལ་གྱི་ཁྱད་པར་ཐོག་མར་བརྗོད་ཅིང་། སྔོན་བྱོན་བསྟན་འཛིན་གྱི་སྐྱེས་བུ་དག་གི་ཕྱག་རྗེས་སྨྲས་པ་དང་། དེ་ནས་ལྷོ་རྒྱུད་འཛིན་མའི་ཡུལ་གྲུའི་སྣོད་བཅུད་ལ་བསྔགས་པ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བིས་མདོ་དཔལ་གྱི་དགོན་ཆེན་དུ་ཞབས་ཟུང་བཀོད་པ། ཀ་རིང་ལུང་གཡོན་རི་ཁྲོད་ཨེ་ཝཾ་དགའ་ཚལ་དུ་ཕེབས་པ། རྒྱ་ཞུར་དུ་ཆིབས་བསྐྱོད་གནང་བ་བཅས་རིམ་པར་འཁོད་ལ།མཐར་པཎ་ཆེན་མཆོག་ཚེ་ཏན་ཞབས་དྲུང་ཁོང་གི་གཞིས་ཁྱིམ་དུ་སྤྱན་དྲངས་པ་བཅས་དོན་དག་གི་སྔ་ཕྱིའི་གོ་རིམ་བཞིན་ཚན་པ་བསྒྲིགས་ཤིང་། དེ་དག་ཀྱང་ཕྱི་ནས་ནང་དང་། གནའ་ནས་དེང་། ཆེ་བ་ནས་ཆུང་ངུ་བཅས་གོ་རིམ་ལྡན་པའི་སྒོ་ནས་མཚོན་འདུག ལྷག་པར་དུ་གནས་ཡུལ་གྱི་བཀོད་འབྲི་དང་སྤྱོད་པའི་བཀོད་འབྲི་སོགས་ལ་ཞིབ་འབྲི་ཆེ་བར་མ་ཟད། “དོན་དང་ཚིག་གཉིས་ཆེས་ཆེར་བསྡུས་” ②ཤིང་འཁྱོག་བརྗོད་དང་འུད་བརྗོད་ཀྱི་ཉམས་ཆེས་ཆེར་ལྡན་པས། དེས་ནི་བློ་ལ་ཁྱད་འཕགས་ཀྱི་ངེས་པ་བསྐྱེད་ཐུབ། སྐད་ཆའི་ཕྱི་རིམ་གྱི་སྟེང་ནས་སྨྲས་ཚེ། སྙན་ངག་འདིར་《སྙན་ངག་མེ་ལོང་》དུ་བསྟན་པའི་ཚིག་རྒྱན་གྱིས་ལེགས་པར་སྤྲས་ཤིང་མངོན་བརྗོད་ཀྱིས་རྣམ་པར་བཅིངས་ལ། མི་སྣའི་མཚན་དང་ཡུལ་གྱི་མིང་ནི་སྒྲ་རྒྱན་གྱི་ཚུལ་དུ་བར་ལ་བཅུག་ཡོད་པ་དང་། བསྔོ་སྨོན་དང་བཅས་དོན་ཚན་དགུ་ཡོད་པ་དག་ཚེག་བར་དགུ་མ་ཅན་གཙོར་གནང་སྟེ། ཚེག་བར་བཅུ་གཅིག་ཅན་དང་ཚེག་བར་བཅོ་ལྔ་ཅན་བསྲེས་ཏེ་སྤེལ་ཡོད་སྟབས་དབྱངས་འགྲོས་ཀྱི་ཁྱད་ཆོས་འབུར་དུ་མངོན་འདུག
        དེ་བཞིན་རེབ་གོང་རྡོ་རྗེ་མཁར་གྱི་《རྟོགས་བརྗོད་ཟངས་ཀྱི་མེ་ཏོག་》ནི་《རྟོགས་བརྗོད་དངུལ་གྱི་མེ་ཏོག་》དང་འབྲེལ་བ་དམ་ཟབ་མཆིས་པའི་སྙན་ངག་བརྩམས་ཆོས་ཤིག་ཡིན་ཏེ། སྙན་ངག་འདིར་མཆོད་བརྗོད་དང་སྔོན་འགྲོའི་གཏམ་གྱི་གླེང་སློང་བ་ནས་དབུ་ཚུགས་ཏེ། རྗེ་ཚེ་ཏན་ཞབས་དྲུང་མཆོག་གི་འཁྲུངས་ཡུལ་གྱི་ཁོར་ཡུག་ལེ་ལག་དང་བཅས་པའི་ཁྱད་པར་དང་། རྗེ་ཁོང་ཉིད་ངོ་མཚར་གྱི་ལྟས་དང་བཅས་ཏེ་སྐུ་བལྟམས་ཚུལ། སྐྱེས་ཆེན་དམ་པའི་རང་གཤིས་ལྷན་སྐྱེས་སུ་གྲུབ་ཚུལ། རིག་པའི་གནས་ཀུན་ཐུགས་སུ་ཆུད་དེ་དྲན་དབང་འབུམ་སྡེའི་གཙུག་ནོར་དུ་གྱུར་ཚུལ། བཙོན་དུ་བཞུགས་ཀྱང་འཇིགས་པ་དང་བག་ཚ་མེད་པའི་རྣམ་ཐར་མཛད་ཚུལ། མདོ་སྨད་ཀྱི་དགོན་སྡེ་སྤྱི་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་སུ་ཕེབས་ཏེ་འཕྲིན་ལས་སྤེལ་ཚུལ། སྒོས་སུ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕེབས་ཏེ་བུ་སློབ་བསྐྱངས་ཚུལ། མཐར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བཅས་རབ་བྱེད་དགུ་ཡི་སྒོ་ནས་རྗེ་ཚེ་ཏན་ཞབས་དྲུང་མཆོག་གི་མི་ཚེའི་མཛད་པ་བྲིས་ཏེ་བསྟོད་པ་ཕུལ་འདུག
        གཞན་ཡང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་《རྟོགས་བརྗོད་གསེར་གྱི་གར་བུ་》དང་། 《རྟོགས་བརྗོད་གསེར་གྱི་མེ་ཏོག》 《རྟོགས་བརྗོད་རིན་ཆེན་ཕྲེང་བ》 བསེ་ཚང་བློ་བཟང་དཔལ་ལྡན་གྱི་《རྟོགས་བརྗོད་བཀྲ་ཤིས་བུམ་གཟུགས་》དང་། 《རྟོགས་བརྗོད་པད་དཀར་ཕྲེང་མཛེས》 རྩེ་གཞུང་ལྷ་མོ་སྐྱབས་ཀྱི་《རྟོགས་པ་བརྗོད་པ་གདུང་སེལ་བདུད་རྩི་གངས་ཤམ》 བཤད་སྒྲུབ་ཀྱི་《རྟོགས་བརྗོད་རྒྱུད་མངས་སྒྲ་དབྱངས》 བློ་བཟང་དམ་ཆོས་ཀྱི་《པཎ་ཆེན་རིན་པོ་ཆེ་མཚོ་ལྷོར་ཕེབས་པའི་ལེགས་མཛད་ངོ་མཚར་རྟོགས་བརྗོད་རིན་ཆེན་གསུམ་པའི་མེ་ཏོག》 རོང་བོ་བློ་བཟང་ཆོས་གྲགས་ཀྱི་《རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུན་རྐང་དཔའ་བོའི་རང་སྒྲ》 ལྡོང་ཆུ་ཤེལ་གྱི་《རྟོགས་བརྗོད་དབྱངས་ཅན་དགྱེས་པའི་རོལ་མོ》 བླ་ནག་པ་ཡེ་ཤེས་བཟང་པོའི་《སློབ་དཔོན་ཐོན་མིའི་རྟོགས་པ་ཉུང་ངུར་བརྗོད་པའི་གཏམ་》བཅས་ཀྱི་ནང་དུའང་བླ་མ་དང་མཁས་པ་དག་གི་མཛད་རྗེས་དག་ཐོས་བསམ་སྒོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་སྦྱར་ཏེ་བསྟོད་ཅིང་། རྗོད་བྱེད་ལ་ཚིག་རྒྱན་དང་མངོན་བརྗོད་ཀྱིས་སྤུད་དེ་མཛེས་ཉམས་དོད་འདུག དེར་མ་ཟད་བཤད་སྒྲུབ་ཀྱི་《ཆོས་ཀྱི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་ལེགས་མཛད་ཅུང་ཟད་གླེང་བ་ངོ་མཚར་གཏམ་གྱི་རོལ་མོ་》དང་། ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱི་《དོན་གྲུབ་རྒྱལ་ལ་ཕུལ་བའི་གཏམ་མེ་ཏོག་གངས་ལྷའི་རང་མདངས་》ལྟ་བུ་ཡང་ཚིག་རྒྱན་སྙན་ངག་གི་ལམ་ནས་བརྩམས་པའི་མི་ཚེའི་བྱུང་བ་བརྗོད་པའི་སྙན་ངག་གི་རིགས་སུ་གཏོགས་ཤིང་། ཚིག་རྒྱན་ལ་དང་དོད་ཆེ་ཞིང་དེས་སྙན་ངག་གི་མཛེས་ཉམས་སྐྲུན་པར་བྱེད་པའི་ཁྱད་ཆོས་ཤིན་ཏུ་གསལ། དེ་ལྟར་རྟོགས་བརྗོད་སྙན་ངག་གམ་མི་ཚེའི་བྱུང་བ་བརྗོད་པའི་སྙན་ངག་འདི་དག་ནི་བོད་ཀྱི་རྩོམ་པའི་རྣམ་གཞག་དང་རྩོམ་རིག་ལོ་རྒྱུས་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་ཏེ། རྩོམ་གྱི་ལུས་དང་། ཚིག་གི་འགྲོས། བརྡ་སྤྲོད་ལུགས། དོན་གྱི་གནད་སོགས་ཆ་གང་ཐད་ནས་གནའ་རབས་སྙན་ངག་དང་བར་ཁྱད་ཆེན་པོ་མ་མཆིས། དཔེར་ན། 《རྟོགས་བརྗོད་པད་མ་དཀར་པོའི་ཕྲེང་མཛེས་》ལས། “སྤྲུལ་པའི་བྱང་ཆུབ་ལྗོན་པའི་ཡལ་འདབ་ལ། །མཚར་སྡུག་རྒྱལ་བའི་སྐུ་རིས་འབུམ་འཕོས་པའི། །གངས་ཅན་ན་ལེནྡ་ཡི་གདན་ས་ཆེར། །ཞབས་སེན་འོད་རིས་སྟོང་གི་མཛེས་སྡུག་ངོམ། །” ③ཞེས་གཟུགས་རྒྱན་གྱིས་སྤྲས་ནས་ཤོ་ལོ་ཀ་གཅིག་གིས་དོན་གཅིག་སྟོན་པ་སྟེ། 《སྙན་ངག་མེ་ལོང་》གི་ཚིགས་བཅད་ཀྱི་ལུས་ལས་གྲོལ་བའི་རིགས་ཀྱི་འབྲི་ལུགས་འདི་བོད་ཀྱི་ཚིགས་བཅད་སྙན་ངག་ཁྲོད་དར་ཆེ་བ་དང་། དེར་མ་ཟད་གོང་འཁོད་སྙན་ངག་འདི་དག་གི་ནང་དུ་འཇིག་རྟེན་ན་གྲགས་པའི་གནས་ཚུལ་གྱི་མཚམས་ལས་བརྒལ་བར་གྱུར་པའི་འུད་ཆེན་པོའི་ཉམས་སྟོན་པའི་ཕུལ་བྱུང་གི་རྒྱན་དང་། བརྗོད་འདོད་དངོས་སུ་མི་སྟོན་པར་དངོས་པོ་གཞན་ཞིག་ལ་ཁ་གཡར་ཏེ་སྟོན་པའི་བསྡུས་བརྗོད་ཀྱི་རྒྱན། དངོས་སུ་ཡོད་པའི་ཆོས་དེའི་ཁྱད་ཆོས་སོགས་དངོས་མིན་དུ་བརྗོད་དེ་དོན་སྟོན་པའི་བསྙོན་དོར་གྱི་རྒྱན། རྣམ་འགྱུར་དང་བརྡ་སོགས་ཀྱི་སྒོ་ནས་ཟུར་གྱིས་དོན་སྟོན་པར་བྱེད་པའི་ཕྲ་མོའི་རྒྱན། དགའ་བ་ཁྱད་པར་ཅན་སྐྱེས་པ་ལས་དོན་སྟོན་པའི་དགའ་བའི་རྒྱན། སྨད་པ་ལྟར་བྱས་ཏེ་བསྟོད་པར་བྱེད་པའི་ཟོལ་བསྟོད་ཀྱི་རྒྱན་སོགས་བསྟོད་རྩོམ་གྱི་སྐབས་སུ་སྤྱོད་ཆེ་བའི་ཚིག་རྒྱན་སྣ་ཚོགས་ཀྱིས་སྤུད་ཅིང་། མངོན་བརྗོད་དང་། ནང་རིག་པའི་བརྡ་ཆད། ལེགས་སྦྱར་གྱི་ཐ་སྙད་བཅས་ཀྱང་བསམ་བློའི་འཛིན་སྟངས་དང་ཐུན་མོང་གི་མཛེས་རྟོག་སེམས་ཁམས་སུ་གྲུབ་ཡོད་པའི་བག་ཆགས་ཀྱི་དབང་གིས་གང་འཚམ་བཀོལ་ནས་མཛེས་ཉམས་མངོན་པར་བྱས་འདུག
        བསྟོད་རྩོམ་ནི་ཚིགས་བཅད་སྙན་ངག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གོ་བབ་ངེས་ཅན་བཟུང་ཡོད་པའི་རྩོམ་ལུས་ཤིག་ཀྱང་ཡིན། དེ་ཡང་བསྟོད་རྩོམ་ཕལ་མོ་ཆེ་ནི་བླ་མའི་ཡོན་ཏན་དང་། མི་སྣའི་མཛད་རྗེས། དུས་སྐབས་འགངས་ཆེན། ཡུལ་གྱི་མཛེས་ལྗོངས་སོགས་ལ་ཚིག་སྦྱོར་ཕུན་སུམ་ཚོགས་པའི་ལམ་ནས་བསྔགས་པ་ཞིག་ཡིན་ལ། སྙན་ངག་པའི་དད་གུས་སྤྲོ་གསུམ་གྱི་ཡིད་ཀྱི་འགྱུར་བ་བདེ་ཚིག་གི་མཛེས་པ་དང་སྦྱར་ནས་སྟོན་པར་བྱེད་དེ། བླ་མའི་ཡོན་ཏན་སོགས་ལ་བསྔགས་པའི་སྐོར་ནི་རྟོགས་བརྗོད་བརྩམས་ཆོས་ལས་ཀྱང་མཐོང་ཐུབ་བོ། །ཡུལ་ཁྱད་པར་ཅན་དང་གནས་འགངས་ཆེན་གང་རུང་གི་ལོ་རྒྱུས་དང་མཛེས་པ་ལ་བསྟོད་པའི་སྙན་ངག་དག་ཏུ་ཡུལ་གྱི་རྣམ་པ་དང་དེར་གནས་སེམས་ཅན་སོགས་བྲིས་ཏེ་ཡུལ་གང་དེའི་ཁྱད་འཕགས་རང་བཞིན་སྟོན་ཅིང་དེར་བཅངས་པའི་བརྩེ་དུང་མངོན་པར་བྱེད། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་ཚུན་གྱི་ཚིགས་བཅད་སྙན་ངག་ལས་བསྟོད་རྩོམ་མང་དག་ཅིག་ནི་གནས་བསྟོད་སྙན་ངག་གི་བརྩམས་ཆོས་སུ་ངེས་ཏེ། ཚེ་ཏན་ཞབས་དྲུང་གི་《གནས་བསྟོད་དབྱངས་ཅན་སྒེག་མོའི་གླུ་དབྱངས་》དང་། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་《དཔལ་ལྡན་བྱ་ཁྱུང་ལ་བསྔགས་པའི་རབ་ཏུ་བྱེད་པ་ལི་ཤིའི་མེ་ཏོག》 བསེ་ཚང་བློ་བཟང་དཔལ་ལྡན་གྱི་《མཚོ་སྔོན་འབྲོག་ཐང་ལ་བསྟོད་པ་རྒྱུད་མངས་སྟོང་གི་དབྱངས་སྙན་》དང་། 《བསྔགས་བརྗོད་མེ་ཏོག་ཕྲེང་མཛེས》 《ཁྲི་ཤོར་རྒྱལ་མོར་བསྔགས་པ》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་《ལྷ་ས་སྐྱིད་གླུ་》དང་།《བསིལ་དུས་ཀྱི་བོད་ལྗོངས》 དོར་ཞི་གདོང་དྲུག་སྙེམས་བློའི་《དཔའ་རིས་དཀར་པོའི་སྣོད་བཅུད་ཀྱི་བཀོད་པ་དཔེ་རྒྱན་གྱི་ལམ་ནས་བརྗོད་པ་ཚངས་སྲས་དགྱེས་པའི་རོལ་མོ་》དང་། 《མཚོ་སྔོན་པོའི་གནས་བསྟོད་དྲི་ཟའི་གླུ་དབྱངས》ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་《གྲོང་ཁྱེར་ཆེན་པོ་ཁྱོ་ཐོ་ལ་བསྔགས་པ་ས་ཁུ་རའི་མེ་ཏོག》 བཤད་སྒྲུབ་ཀྱི་《སྐྱེད་མོས་ཚལ་གྱི་དྲི་བ》 འཇུ་སྐལ་བཟང་གི་《མཚོ་སྔོན་ལ་བསྟོད་པ་དཔེ་རྒྱན་གྱི་ཕྲེང་བ་》སོགས་སུ་གནས་གང་དེའི་རྟེན་དང་བརྟེན་པའི་རྣམ་པ་དང་ཁྱད་ཆོས་སོགས་ཞིབ་ཏུ་སྤེལ་ནས་བསྔགས་འདུག དཔེར་ན། 《དཔལ་ལྡན་བྱ་ཁྱུང་ལ་བསྔགས་པའི་རབ་ཏུ་བྱེད་པའི་ལི་ཤིའི་མེ་ཏོག་》ལས། “ཤིང་རྡོ་རྩིག་པའི་མེ་ལོང་ལ། །རང་བྱོན་སྣང་བ་དཔག་མེད་པས། །མཐོང་ཐོས་འབྲེལ་ཚད་དོན་ལྡན་དུ། །གྲུབ་པས་སྐལ་ལྡན་ཡིད་དབང་འགུགས། །ཕལ་ཆེར་ཐོས་བསམ་ཀློག་པས་འབྲེལ། །ལ་ལ་ཏིང་འཛིན་མལ་སྟན་ཆགས། །གཞན་དག་རྟེན་བཞེངས་མཆོད་ལ་བརྩོན། །འཁོར་ལོ་གསུམ་ལྡན་བྱ་ཁྱུང་བྲག །ཕྱི་དབྱིབས་འབྲོག་གི་རི་བོར་འགྲན། །ནང་ན་རྟེན་གྱི་བཀོད་པ་སྤུངས། །གསང་བ་བཤད་སྒྲུབ་ནཱ་ལེནྡ། །མདོ་སྨད་ནོར་འཛིན་མཛེས་པའི་རྒྱན། །བདེ་གཤེགས་མོས་པ་སྣང་མཛད་ཀྱི། །རྣམ་འཕྲུལ་དོན་གྲུབ་རིན་ཆེན་ཞབས། །གང་གི་གདུང་རྟེན་མཆོད་སྡོང་ལས། །བདུད་རྩིའི་ཟིལ་བ་ཕྲོམ་མེར་འབྱུང་། །” ④ཞེས་གདན་ས་གཙོ་བོ་མདོ་སྨད་བྱ་ཁྱུང་དགོན་པའི་རྟེན་དང་བརྟེན་པའི་ཁྱད་འཕགས་རང་བཞིན་ལ་བསྔགས་འདུག་པར་མ་ཟད། མཚོན་ཐབས་ཀྱི་ཆ་ནས་སྔོན་གྱི་རྩོམ་སྟངས་ཀྱི་རྒྱུན་ནར་མར་བསྐྱངས་འདུག་པ་ལྟ་བུའོ། །
        དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་ཞིག་ཡིན་ཏེ། སྲིད་ཇུས་ཀྱི་ངོས་ནས་“རིག་གསར་”མཇུག་བསྒྲིལ་ཏེ་དཔལ་འབྱོར་འཛུགས་སྐྲུན་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལམ་ཁ་གསར་པ་ཞིག་ལ་བསྐྱོད་འགོ་བརྩམས། དེར་བརྟེན་“དུས་སྐབས་གསར་པ་”ལ་བསྟོད་ཅིང་དེར་བཅངས་པའི་རེ་བ་གསར་པ་མཚོན་པའི་སྙན་ངག་ཀྱང་ཤིན་ཏུ་མང་། དཔེར་ན། དམུ་དགེ་བསམ་གཏན་གྱི་《བསྔགས་སྨོན་ཟླ་བ་འབུམ་གྱི་སྣང་བ་》དང་། ཧོར་ཁང་བསོད་ནམས་དཔལ་འབར་གྱི་《ཀ་ཕྲེང་དྲང་ལྡོག་བཀྲ་ཤིས་ཡར་འཛེགས》 དོར་ཞི་གདོང་དྲུག་སྙེམས་བློའི་《དཔྱིད་ཀྱི་བདག་མོ་ལྷ་ལས་བབས་པ》 གླང་མདུན་དཔལ་འབྱོར་གྱི་《གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ་》སོགས་ནི་འདིའི་རིགས་ཡིན་ཏེ། 《བསྔགས་སྨོན་ཟླ་བ་འབུམ་གྱི་འོད་སྣང་》དུ། “བོད་ཀྱི་གནའ་བོའི་རིག་གནས་བཅུ་ཕྲག་ལ། །རང་རྒྱལ་ནོར་བུའི་མཛོད་དུ་གཟི་འོད་རྒྱས། །ཉིན་མོའི་མགོན་ལ་འགྲན་པའི་གཟི་འོད་དེ། །དེང་དུས་འཛམ་གླིང་ཡོངས་ལ་ལྷང་ངེར་འབར། །མུན་པར་གནས་འཆའ་འོད་ལ་དགྲ་ལྟ་བའི། །འབྱུང་བྱ་ལོང་བར་གྱུར་པ་རང་གི་གཤིས། །ཁོ་རང་འཁུན་པའི་སྒྲ་ངན་རྣ་བའི་དགྲས། །དུས་སུ་སྨིན་པའི་འོད་སྟོང་འགོག་མི་ནུས། །” ⑤ཞེས་པ་ལྟར་སྙན་ངག་འདི་དག་ཏུ་“རིག་གསར་”གྱི་རྗེས་སུ་བྱུང་བའི་དུས་སྐབས་གསར་པར་བཅངས་པའི་དགའ་ཚོར་མཚོན་འདུག་གོ །
        གཞན་ཡང་དམུ་དགེ་བསམ་གཏན་གྱི་《བཅུ་ཕྲག་རིག་པའི་གནས་ལ་བསྟོད་པ་ཚངས་པའི་དབྱངས་》དང་། འཇིགས་མེད་ཐེག་མཆོག་གི་《བོད་ཀྱི་ཡི་གེ་ལ་བསྔགས་པ་ལྷག་བསམ་སྤྲིན་གྱི་སྒྲ་དབྱངས》 ལྷུན་གྲུབ་རྣམ་རྒྱལ་གྱི་《བོད་ཡིག་གི་ཆེ་བ་བརྗོད་པ་》ལྟ་བུས་བོད་ཀྱི་རིག་གནས་ལ་བསྟོད་བསྔགས་མཛད་པ་དང་། སངས་རྒྱས་ཀྱི་《དགེ་རྒན་ལ་བསྟོད་པ་མེ་ཏོག་ཕྲེང་མཛེས་》དང་། ལྕང་སྐྱ་དགེ་འདུན་བཀྲ་ཤིས་ཀྱི་《བྱ་དཀའི་སྙན་ངག་བཤེས་གཉེན་མཆོད་པའི་སྤྲིན་ཕུང་》ལྟ་བུས་དགེ་རྒན་གྱི་བྱས་རྗེས་ལ་བསྟོད་བསྔགས་མཛད་པ་དང་། མཁས་གྲུབ་ཀྱི《དུས་བཞིའི་སོ་ནམ་བྱེད་ལུགས་མཚོན་པའི་ཚིག་ཕྲེང་ངག་གི་རོལ་དབྱངས་》ལྟ་བུས་སོ་ནམ་གྱི་ལས་དང་སོ་ནམ་པར་བསྟོད་བསྔགས་མཛད་པ་སོགས་བསྟོད་རྩོམ་གྱི་རིགས་གཞན་ཡང་མང་ངོ་། །དེ་ཡང་མཁས་གྲུབ་ཀྱི་《དུས་བཞིའི་སོ་ནམ་བྱེད་ལུགས་མཚོན་པའི་ཚིག་ཕྲེང་ངག་གི་རོལ་དབྱངས་》ལ་དོར་ཞི་གདོང་དྲུག་སྙེམས་བློས་“སྙན་ཚིག་འདི་ལ་ཤོང་དཔང་རྣམ་གཉིས་ཀྱི་འཕྲིན་ལས་ལས་ཚུགས་ཤིང་། བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་སྙན་ངག་མཁན་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་ཟམ་མ་ཆད་པར་སྔ་ཕྱི་རིམ་པར་བྱོན་པ་རྣམས་ཀྱིས་ཆེས་ཆེར་དར་བར་བྱས་པའི་བོད་རང་གི་སྙན་ཚིག་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་ཙམ་ཐོན་འདུག་” ⑥ཅེས་དཔྱད་གཏམ་སྤེལ་ཡོད་པ་ལྟར། བརྗོད་བྱའི་ངོས་ནས་སྙན་ངག་འདི་དག་ལ་ཁྱད་པར་ཅུང་མཆིས་ཀྱང་སྤྱིའི་ཆ་ནས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་ཚུན་གྱི་བསྟོད་རྩོམ་བརྩམས་ཆོས་དག་ཏུ་བོད་ཀྱི་གནའ་རབས་བསྟོད་རྩོམ་གྱི་རྩོམ་སྲོལ་རྒྱུན་འཛིན་བྱས་འདུག་གོ །
གཉིས་པ། ཚིགས་བཅད་སྙན་ངག་ལ་ངག་རྩོམ་གྱི་ཤུགས་རྐྱེན་ཐེབས་ཚུལ།
        རྩོམ་རིག་ལོ་རྒྱུས་སྟེང་གི་ཆེས་ཐོག་མའི་སྙན་ངག་ནི་དམངས་ཁྲོད་ནས་བྱུང་ལ། དམངས་ཁྲོད་རྩོམ་རིག་ནི་ངག་ཐོག་ནས་སྤེལ་ཞིང་ནམ་རྒྱུན་གྱི་ནར་མའི་འཚོ་བ་དང་འདྲེས་ཏེ་ཡོད་ཅིང་། དེ་དག་ཕྱིས་སུ་རྩོམ་པ་པོ་དག་གི་རྒྱུ་ཆ་གལ་ཆེན་དུ་གྱུར་ཡོད་པས། ངག་ཐོག་རྩོམ་རིག་གིས་མི་སྒེར་གྱི་སྙན་ངག་གསར་རྩོམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་དང་ཐེབས་བཞིན་ཡོད་དེ། རྩོམ་པ་པོ་མང་པོའི་གསར་རྩོམ་ཉམས་མྱོང་ལ་བལྟས་ཚེ་འཚོ་བའི་གྲུབ་ཆར་གྱུར་པའི་ངག་རྩོམ་གྱི་ཤུགས་རྐྱེན་མཐོང་ཐུབ། ལོ་རབས་བརྒྱད་ཅུ་པའི་ཚུན་གྱི་བོད་ཀྱི་ཚིགས་བཅད་སྙན་ངག་ལ་མཚོན་ནའང་ངག་རྩོམ་ནི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། སྒོས་སུ་མགུར་གླུའི་རིགས་ཀྱིས་སྐབས་འདིའི་སྙན་ངག་ལ་མཚོན་སྟངས་གསར་པ་སྤྲད་འདུག་པ་བརྩམས་ཆོས་མང་པོ་ལས་མཐོང་ཐུབ།
        ངག་རྩོམ་གྱི་ཁྲོད་ནས་སྙན་ངག་དང་ཆེས་ཉེ་བ་ནི་གླུའི་རིགས་སུ་གྱུར་པ་དག་ཡིན་ལ། ལྷག་པར་དུ་བོད་ཀྱི་དམངས་གཞས་དང་དམངས་གླུ་ཀུན་ཚིགས་བཅད་ཀྱི་ལུས་ཡིན་པ་དང་། ཚིགས་སུ་བཅད་དེ་དབྱངས་ཀྱི་མཛེས་པ་དོད་ཅིང་། སྐད་ཆ་འཛིན་བདེ་གོ་སླ་བ་དག་གིས་གྲུབ་པར་བྱས་ལ། དེའི་ཐོག་དཔེ་རྒྱན་དང་གཟུགས་རྒྱན་རབ་རྟོག་སོགས་ཀྱི་རྒྱན་སྤྱད་ཀྱང་ཤིན་ཏུ་ཁག་པོ་མིན་ལ། དཔེ་དང་དཔེ་ཅན་གང་ཡང་འཚོ་བའི་ཁྲོད་རྒྱུན་གོམས་སུ་སོང་ཚུལ་ལྟར་སྦྱར་བར་མ་ཟད། ཚད་ངེས་ཅན་ཞིག་གི་སྟེང་ནས་ཚིག་གྲུབ་འགའ་ལ་བསྐྱར་ཟློས་རང་བཞིན་དང་སྤྱི་འགྲོས་རང་བཞིན་གྱི་རྣམ་པའང་ཡོད་པས། དམངས་གླུའི་རིགས་སུ་གཏོགས་པའི་སྙན་ངག་གི་རིགས་ནི་ཐ་སྙད་གདམ་གསེས་དང་། གོ་བརྡ་སྤྲོད་སྟངས། དཔེ་དོན་སྦྱོར་ལུགས།དབྱངས་འགྲོས་འགྱུར་ཁུག་སོགས་ཀྱི་ཆ་གང་ནས་ཀྱང་ཡིག་རྩོམ་དང་སྒོས་སུ་མཁས་པའི་སྲོལ་རྩོམ་དང་མི་འདྲ་བའི་ཁྱད་ཆོས་ལྡན། དེ་ཡང་ངག་རྩོམ་ལས་མགུར་དང་གླུ་གཉིས་ཐོག་མར་དོན་གཅིག་ཀྱང་ཕྱིས་སུ་འགྱུར་བ་ཅུང་བྱུང་བར་སྨྲ་མོད།⑦ ངག་ཐོག་རྩོམ་རིག་གི་རྩ་བའི་ཆ་ལ་མཚུངས་ཆོས་མང་པོ་ལྡན་ཏེ། ཚིག་རྒྱན་དང་མངོན་བརྗོད་ཀྱིས་ཆེས་ཆེར་མི་སྤུད་པར་མ་ཟད་ཐོལ་བྱུང་དུ་བླངས་པའི་ཉམས་ཆེན་པོ་ལྡན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་རྗེས་སུ་མགུར་གླུའི་ལུགས་འདི་ཆེས་ཆེར་དར་ཡོད་དེ། འཇུ་སྐལ་བཟང་གི་《དུང་སེམས་ཀྱི་འཆར་སྣང་》དང་། 《དྲན་མགུར་ཁུ་བྱུག་མགྲིན་དབྱངས》 《བྱང་ཐང་མེ་ཏོག་ཚལ་གྱི་གླུ》《རྟོག་འཆར་སྣང་བའི་ཐོལ་གླུ》 《སྐྱོ་མགུར་ན་ཆུང་སེམས་ཀྱི་འཁྱགས་ཀླུང》 《དུང་སེམས་རླབས་ཀྱི་ཟེགས་མ་》སོགས་ནི་རྩོམ་གྱི་མཚན་བྱང་མཐོང་བ་ཙམ་གྱིས་ཀྱང་མགུར་གླུའི་རྩོམ་སྲོལ་ལ་བསྟུན་ཡོད་པ་རྟོགས་ཐུབ་སྟེ། སྙན་ངག་འདི་དག་ཏུ་དབྱངས་འགྲོས་ཀྱི་ཆ་ལ་དམངས་གཞས་སམ་དམངས་གླུའི་ཁྱད་ཆོས་གསལ་ཞིང་། ནར་མའི་འཚོ་བ་ཁྲོད་སྤྱོད་པའི་དཔེ་དཔེ་ཅན་གྱི་འབྲེལ་བའི་རང་མདངས་མཆིས་ཏེ། 《སྐྱོ་མགུར་ན་ཆུང་སེམས་ཀྱི་འཁྱགས་ཀླུང་》ལས། “དབང་མེད་ལས་ཀྱི་རྡོག་མགོ་རླུང་བུ་ལ་བསྐྱོན་ཏེ། །རྒྱུས་མེད་མི་ཡི་ལུང་པ་གཏོལ་མེད་དུ་འགྲིམ་ཚེ། །མི་ཚོགས་ངེས་མེད་འཁྱོམ་པའི་རྦ་རླབས་ཀྱི་རྩེ་ནས། །ཧ་ལོའི་མེ་ཏོག་རྐང་གཅིག་མིག་ཟུར་དུ་ཐོགས་བྱུང་། །ཕར་ལ་ཁོག་རྩིས་མེད་པས་རྔམ་སེམས་ཀྱིས་མ་བསླད། །ཚུར་ལ་སྟ་གོན་མེད་པས་བསླུ་བྲིད་དང་མ་འདྲེས། །མ་བསམ་མིག་འཛུམ་སྐུད་པ་རྐྱ་ཐེབས་ཀྱི་སྣེ་ནས། །རྗེས་ཆགས་འཇིག་རྟེན་སྣང་བའི་མེ་ཏོག་ཅིག་བཞད་སོང་། །” ⑧ཞེས་བརྗོད་བྱར་གྱུར་པའི་འཇིག་རྟེན་སྣང་བ་ནི་དཔེ་རྒྱན་སྟབས་བདེ་ཞིག་གི་ལམ་ནས་ཐད་ཀར་བྲིས་ནས་སྐྱོ་ཤས་ཀྱི་ཉམས་དང་ལྡན་པའི་སྒོ་ནས་མཚོན་པ་འདུག་པ་ལྟ་བུ་དང་།《དུང་སེམས་ཀྱི་འཆར་སྣང་》ལས། “བྱང་སྤྲིན་འདུ་འགོད་འཚུབ་འཚུབ། །བུ་ཡུག་ལྷགས་རླུང་འུར་འུར། །འཇག་སྐྱའི་ཤུགས་གླུ་ཕྱུར་ཕྱུར། །ཕོ་རོག་སྟོང་སྐད་ལྷག་ལྷག །གྲང་རེག་ལྷགས་པ་བརླིང་པོ། །མཛེས་བག་ཤེས་པ་མི་འདུག །སྙིང་སྡུག་ན་ཆུང་བུ་མོའི། །གཞོན་པའི་ལུས་ལ་གཟས་བྱུང་། །” ⑨ཞེས་ཚེག་བར་དྲུག་མའི་ལུས་ལ་ཟློས་སྒྲ་སྤྱད་དེ་ངག་རྩོམ་གྱི་གཤིས་ཉམས་བསྐྲུན་འདུག་པ་ལྟ་བུའོ། །
        གླུ་གཞས་ནི་ཆེས་ཐོག་མའི་སྙན་ངག་གི་རྣམ་པ་ཞིག་ཡིན་པས། དེ་ནི་མིའི་རིགས་ཀྱི་བརྩེ་དུང་མཚོན་པའི་ལྷན་སྐྱེས་ཀྱི་ནུས་པ་དང་འབྲེལ་ལ། བོད་ཀྱི་རྩོམ་པ་པོ་དག་གི་ནམ་རྒྱུན་གྱི་འཚོ་བ་དང་དབྱེར་མེད་དུ་འབྲེལ་ཞིང་འདྲེས་པས་ན་ངག་རྩོམ་ནི་ཁོང་ཅག་གི་གསར་རྩོམ་གྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན། དེར་མ་ཟད་ཁོང་ཅག་གིས་གསར་རྩོམ་བརྒྱུད་ནས་འཚོ་བའི་ཁྲོད་གོམས་ལོབས་སུ་གྱུར་པའི་རྒྱུ་ཆ་དེ་དག་ལ་མཚོན་སྟོབས་གསར་པ་བསྐྱེད་ཡོད་དེ། དཔེར་ན། མཁས་གྲུབ་ཀྱི་《གསེར་མིག་འདོད་པའི་ལྕགས་ཀྱུ་》དང་། 《ཁྱེད་དང་ང་ཡི་སྙན་ངག》 《ལྷོ་ཕྱོགས་སྤྲིན་དཀར་འོག་ལ་》ལྟ་བུས་མཚོན་པའི་སྙན་ངག་ཁག་ཅིག་ནི་དམངས་གཞས་ཀྱི་ལུས་ལ་བསྟུན་ཏེ་ཚེག་བར་དྲུག་ཅན་ཏུ་བྲིས་འདུག་ཅིང་། དཔེ་སྦྱོར་ཚུལ་ཀུན་ལ་རྒྱུས་ཆེ་བས་ཡིད་ངོར་འཕྲོད་སླ་ཞིང་འཛིན་བདེ་བའི་ཁར་བརྗོད་དོན་གསར་པ་མཚོན་འདུག་པ་ལྟ་བུའོ། །དེ་བཞིན་འཆི་མེད་ཀྱི་《གྲོ་གཞས་》དང་། 《ཡུར་གླུ》 《འཁོར་བའི་དབྱངས་རྟ》 《གཙང་བོའི་ཐོར་དབྱངས》《སྣང་གླུ་ཟ་ཟི》 《རྨི་ལམ་ལྟ་བུའི་ལས་འཕྲོ》 བྱ་མདོ་དོན་གྲུབ་ཚེ་རིང་གི་《ཁང་པ་སྔོན་པོའི་གཏམ་རྒྱུད་》ཅེས་པའི་སྙན་ཚོམས། མཛེས་སེ་ཡི་《རྨི་ལམ་དུ་ལྷ་སར་འབྱོར་བའི་གླུ》 ཁྱུང་བཟང་གི་《སྣང་བ་སྐྱུར་བོ་》དང་། 《དྲེའུ་བཙལ་བའི་བརྒྱུད་རིམ་དང་གཞན་དག་》སོགས་ཀྱང་ཤོ་ལོ་ཀ་རེར་ཚིག་རྐང་བཞི། ཚིག་རྐང་རེར་ཚེག་བར་དྲུག་ཏུ་བྱས་ཤིང་། སྐབས་འགར་ཚིག་རེ་གཉིས་བསྐྱར་ཟློས་ཀྱི་ཚུལ་དུ་བྱུང་བས་ངག་རྩོམ་གྱི་ཁྱད་ཆོས་རྒྱུད་འཛིན་བྱས་པའི་རྟགས་གྲུབ་ཡོད།
        གོང་སྨྲས་བཞིན་མགུར་དང་གླུ་ཡིས་ཐོག་མར་དོན་གཅིག་སྟོན་ཡང་། སངས་རྒྱས་ཆོས་ལུགས་བོད་དུ་དར་བ་དང་བསྟུན་ནས་རྩོམ་ལུས་གང་དེའི་སྙན་ངག་གི་གོ་བརྡ་སྤྲོད་ལུགས་དང་བྱེད་ལས་ལ་འགྱུར་བ་བྱུང་ཡོད་དེ། གླུ་ནི་དམངས་ཁྲོད་དུ་དར་ཞིང་མགུར་ལ་ཆོས་ཀྱི་དགོངས་པ་གསལ་པོ་ཡོད་པས། དེའི་བརྗོད་དོན་དང་མིང་བརྡ་ལའང་དེ་བཞིན་དུ་ཁྱད་ཆོས་གསལ། དེ་མིན་ད་དུང་མགུར་ལ་“གཅིག་ནི་《མེ་ལོང་མ་》ཡི་རྩོམ་ཉམས་དང་ཅུང་ཐག་ཉེ་ཞིང་བསྟན་བཅོས་སྤྱི་སྐད་ཀྱི་འགྲོས་དང་བསྟུན་པ་ཞིག་དང་། ཅིག་ཤོས་ནི་དམངས་གླུ་དང་ཁ་རྩོམ་གྱི་རྩོམ་ཉམས་ཤུགས་ཆེ་ཞིང་། མང་ཚོགས་ཀྱི་ཁ་སྐད་དང་ཐག་ཉེ་བ་ཞིག” ⑩ ཅེས་རིགས་གཉིས་ཀྱང་ཡོད་པར་སྨྲ་ཞིང་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ཡོད། ཡང་བརྗོད་བྱ་དང་བརྗོད་སྙིང་གི་ཆ་ནས་མགུར་དུ་ལྟ་བ་གང་ཞིག་བྲིས་པ་མང་བས་རྩོམ་ལུས་དེ་ལས་བྱུང་བའི་མཛེས་སྣང་ལ་མཚན་ཉིད་རིག་པའི་ཁྱད་ཆོས་ངེས་ཅན་ཞིག་མཆིས། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ཚུན་གྱི་ཚིགས་བཅད་སྙན་ངག་མང་པོ་ཞིག་ནི་མགུར་གྱི་རྩོམ་ལུས་དང་ཁྱད་ཆོས་ལྟར་བརྩམས་འདུག་སྟེ། སྐྱབས་ཆེན་བདེ་གྲོལ་གྱི་《ནམ་མཁའི་དབྱིངས་སུ་བརྩིགས་པའི་རིན་པོ་ཆེའི་ཕོ་བྲང་》དང་། 《སྣང་བ་རང་སར་གྲོལ་བའི་གླུ》 རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་《སྒོམ་གཞས་》དང་། 《མི་ཚེའི་དབྱངས་རྟ》 ལྡོང་ཆུ་ཤེལ་གྱི་《རྟེན་འབྱུང་སྒྱུ་མའི་ཐོལ་གླུ》 《ངག་རིག་མཁའ་འགྲོ་དཀར་པོའི་རྒྱང་གླུ》 《ངག་རིག་བདུད་རྩིའི་མཆོད་ཡོན་》སོགས་ལ་མཚན་ཉིད་རིག་པའི་ཆ་ངེས་ཅན་ཞིག་ལྡན་ཏེ། དཔེར་ན།《སྣང་བ་རང་སར་གྲོལ་བའི་གླུ་》རུ། “འབྱུང་བཞིའི་རུ་དཔུང་འཐབ་པའི་ཤ་ཁྲག་གི་གཡུལ་ས། །བདག་འཛིན་ལས་ཀྱི་བདུད་པོས་བཙན་ཚུགས་སུ་བཟུང་ཡང་། །ལྟོས་མེད་སྟོང་བའི་ཁམས་ལ་ལུས་རྟེན་འདི་བཅོལ་ཚེ། །སྣང་བ་རང་སར་གྲོལ་བའི་སྐྱིད་གླུ་ཞིག་ལོས་ལེན། །དགའ་སྡུག་སེམས་ཀྱིས་བསུས་པའི་སྨུག་སྤྲིན་གྱི་འདུ་འགོད། །ཐོས་ཆུང་རི་བོ་འགེབས་པའི་སྒྲིབ་གཡོགས་སུ་ངེས་ཀྱང་། །འོད་གསལ་ཕན་བདེའི་ལམ་ལ་གོམ་སྟབས་འདི་བསྒྱུར་ཚེ། །སྣང་བ་རང་སར་གྲོལ་བའི་སྐྱིད་གླུ་ཞིག་ལོས་ལེན། །” ⑪ཞེས་མཚན་ཉིད་རིག་པའི་བརྗོད་དོན་དྲངས་འདུག་པ་ལྟར་སྙན་ངག་འདི་དག་ཏུ་སྤྱིར་བཏང་གི་བརྩེ་ཚོར་ཙམ་མིན་པར་རིགས་ཤེས་སམ་མཚན་ཉིད་རིག་པའི་ཆ་ངེས་ཅན་ལྡན་གཤིས། སྙན་ངག་འདི་རིགས་སུ་སྤྱིའི་ཆ་ནས་ལྟ་ཚུལ་གང་ཞིག་སྟོན་ཞིང་། དབྱངས་འགྲོས་ལ་ལངས་འཇགས་ཀྱི་ཁྱད་ཆོས་འཛོམས་པ་དང་། དཔེ་སྦྱོར་ལུགས་ཀྱི་ཆ་ནས་སྟབས་བདེ་གོ་བདེའི་རྣམ་པ་མཆིས། 
        ངག་རྩོམ་ནི་འཚོ་བ་ནར་མའི་ཁྲོད་ནས་བྱུང་ཞིང་དེ་དང་འབྲལ་མེད་དུ་ཡོད་པས་དེ་ལ་འཚོ་བའི་མཛེས་ཉམས་ཤིག་རང་བཞིན་གྱིས་གྲུབ་པ་ལྟར་ན་ངག་རྩོམ་ལ་དམངས་ཕལ་པའི་སྐད་ཆའི་ཁྱད་ཆོས་ལྡན་པའང་སྨོས་མེད་ཡིན། དེས་ན་ཚིགས་བཅད་སྙན་ངག་ཁག་ཅིག་ཏུ་འཚོ་བའི་ཁྲོད་ཀྱི་སྙན་ངག་གི་རྒྱུ་ཆ་རུ་གྲུབ་ཟིན་པའི་ཆ་དེ་དག་གདམ་གསེས་དང་། འདོར་ལེན། གཅིག་སྡུད་བཅས་བྱས་ཏེ་སྙན་ངག་གི་སྣང་བརྙན་རང་བཞིན་གསལ་བར་བྱས་འདུག དོན་གྲུབ་རྒྱལ་གྱི་《རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་》ལས།“ཀྭ་ཡེ་གསོན་དང་གཞོན་ནུ་ལེ་ལོ་ཅན། །ང་དང་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས། །ང་དང་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ང་ནི་དུས་ཀྱི་འཁོར་ལོ་རིན་པོ་ཆེ། །ཕྱི་ཡི་འཁོར་ལོ་ཕ་ལམ་རྡོ་ལ་བྱས། །དེ་ཡི་མཐའ་ཤན་དཀར་པོ་དངུལ་གྱིས་བརྒྱན། །ནང་གི་རྩིབས་མདའ་སེར་པོ་གསེར་ལས་བརྡུངས། །དབུས་ཀྱི་འཁོར་མིག་སྔོན་པོ་གཡུ་ལ་བྱས། །བྱི་རུ་དམར་པོའི་གཟེར་མ་བརྡབས་པ་དང་། །མུ་ཏིག་དཀར་པོས་གཟེར་མགོ་ལེགས་པར་བརྒྱན། །” ⑫ཞེས་པ་ལྟ་བུར་དམིགས་བྱ་དང་དོན་སྙིང་གི་ཐད་ནས་འབེལ་གཏམ་ཡིན་པ་གང་ཞིག ངག་རྩོམ་ལས་འབྲས་དཀར་གྱི་ཁྱད་ཆོས་བླངས་ཡོད་པར་མ་ཟད། ངག་རྩོམ་ལ་ཡོད་པའི་བསྐྱར་ཟློས་ཀྱི་ཉམས་དང་སྤྱི་འགྲོས་སུ་གྱུར་པའི་སྐད་ཆ་མཆིས། དེ་བཞིན་དུ་འཇུ་སྐལ་བཟང་གི་《ལམ་ཕྲན་དུ་ལྷག་པའི་གཏམ་》དང་། བདེ་སྐྱིད་སྒྲོལ་མའི་《དོན་སྙིང་བོར་བའི་དལ་འབྱོར་》ལྟ་བུར་ཡང་ངག་རྩོམ་གྱི་ཁྱད་ཆོས་སུ་གྲུབ་པའི་བསྐྱར་ཟློས་དང་སྤྱི་འགྲོས་རང་བཞིན་གྱི་སྐད་ཆ་མངོན་པར་མ་ཟད། སྙན་ངག་གི་གོ་བརྡ་སྤྲོད་སྟངས་ཐད་གཏམ་རྒྱུད་ཀྱི་བྱུང་རིམ་ཆ་ཚང་ཞིང་མི་སྣའི་སྙང་བརྙན་ཅུང་གསལ་བས་ངག་རྩོམ་ལས་དོན་བརྗོད་སྙན་ངག་རིང་གྲས་ཀྱི་ཁྱད་ཆོས་ལྡན་ནོ། །
གསུམ་པ། ཚིགས་བཅད་སྙན་ངག་གི་མཛེས་སྣང་གསར་པ།
        ལུས་ཚིགས་བཅད་དུ་ཡོད་པ་ནི་བོད་ཀྱི་སྙན་ངག་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན། དེ་ནི་བོད་པའི་སྐད་ཆ་དང་།མཛེས་དཔྱོད་གོམས་སྲོལ། རྩོམ་རིག་རིན་ཐང་བཅས་དང་འབྲེལ་བ་དམ་པོ་ཡོད་པས། བོད་ཀྱི་དེང་རབས་ཚིགས་བཅད་སྙན་ངག་ལ་ལོ་རྒྱུས་དང་རིག་གནས་ཀྱི་རྒྱབ་རྟེན་བརྟན་པོ་ཡོད། ཡིན་ན་ཡང་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་རྩོམ་པའི་གོམས་སྲོལ་གྱི་དབང་གིས་མཛེས་སྣང་གཏན་ཆགས་ཤིག་ཀྱང་གྲུབ་ཡོད་པས་དེ་ཉིད་ཚད་བཀག་ཅིག་ཏུའང་གྱུར་ཡོད། དེ་ལྟ་ན་ཡང་དུས་བབ་དང་རྩོམ་པ་པོའི་ཤེས་རབ་ནི་མཐའ་གཅིག་ཏུ་ཚད་བཀག་ལས་འདའ་མི་ཐུབ་པ་ཞིག་མིན་སྟབས། རྩོམ་རིག་ལོ་རྒྱུས་ཁྲོད་ཚིགས་བཅད་སྙན་ངག་ལ་གསར་རྩོམ་གྱི་ཐོད་བརྒལ་མང་དུ་བྱུང་ཡོད། རྒྱུ་མཚན་དེའི་དབང་གིས་དེང་རབས་སྤྱི་ཚོགས་ཀྱི་འཚོ་གནས་དང་འབྲེལ་ཏེ་ཚོར་བ་གསར་པ་དང་སྐད་ཆའི་སྦྱོར་བ་གསར་པ་ནི་ཚིགས་བཅད་སྙན་ངག་ལ་དེང་རབས་ཀྱི་མཛེས་དཔྱོད་གྲུབ་པར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་བལྟས་ཆོག དེ་ཡང་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་པའི་དུས་མཇུག་ཏུ་ཀྲུང་གོའི་སྲིད་འབྱོར་རིག་གསུམ་གྱི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བས་སྙན་ངག་ལའང་རྣམ་པ་གསར་པ་བྱུང་། དུས་དེའི་སྔ་རོལ་ཙམ་གྱི་ཆ་ལ་སྐབས་དེའི་ཆབ་སྲིད་ཀྱི་བསམ་བློ་མཚོན་པའི་སྙན་ངག་མང་པོ་ཞིག་མཆིས་ཏེ། དམུ་དགེ་བསམ་གཏན་གྱི་《བཀྲ་ཤིས་རྟགས་བརྒྱད་དང་སྦྱར་བའི་སྙན་རྩོམ》 དོར་ཞི་གདོང་དྲུག་སྙེམས་བློའི་《དཔྱིད་ཀྱི་བདག་མོ་ལྷ་ལས་བབས་པ་》སོགས་སུ་དུས་སྐབས་གསར་པར་རེ་ཞིང་འབོད་པའི་སྨྲ་བརྗོད་དེ་རིགས་སྙན་ངག་གི་མཛེས་སྣང་གལ་ཆེན་ཞིག་ཏུ་གྱུར་ཡོད།
        དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་དུས་ཀྱི་རྩོམ་རིག་བརྩམས་ཆོས་དག་ཏུ་དེང་རབས་ལ་འབོད་སྐུལ་བགྱི་བ་དང་། སྤྱི་ཚོགས་ལ་དོ་ཁུར་བྱེད་པའི་གཏམ་སྦྱོར་མང་དུ་མཆིས་ཏེ། དཔེར་ན། དོན་གྲུབ་རྒྱལ་གྱི་《སྙན་རྩོམ་ལ་སྦྱར་བའི་སྒྲུང་རྩོམ་གཞོན་ནུའི་ཡིད་ཀྱི་མཛེས་རྒྱན་》དུ་བདེ་སྐྱིད་ཀྱིས་“རིག་གསར་”སྐབས་སྤེལ་བའི་གཏམ་སྦྱོར་བྲིས་པ་བརྒྱུད་སྐབས་དེའི་སྤྱི་ཚོགས་འཚོ་བ་དང་འདུ་ཤེས་འཛིན་སྟངས་མཚོན་འདུག་པ་དང་། མཁས་གྲུབ་ཀྱི་《བདེ་སྐྱིད་ཀྱི་གཉེན་དོན་》དང་། རེབ་གོང་རྡོ་རྗེ་མཁར་གྱི་《གསེར་གྱི་གདུ་བུ་》ཞེས་པའི་སྙན་རྩོམ་རིང་གྲས་གཉིས་སུ་ཕྱི་རྐྱེན་གྱི་དབང་གིས་ཕོ་མོ་གཞོན་ནུ་གཉིས་ཀྱི་བརྩེ་དུང་ལ་བར་ཆད་བྱུང་བའི་སྐྱོ་གར་བརྗོད་ཡོད་པ་དང་། ལྷ་རྒྱལ་ཚེ་རིང་གི་《ཕངས་པའི་མཆི་མ་དབང་མེད་བཞུར་》དང་། 《རྟོགས་སད་ཀྱི་གླུ་》ཞེས་པར་སློབ་གསོ་མྱོང་ཚད་ཞན་པ་སོགས་ཀྱི་གནས་བབ་སྐྱོ་པོ་བརྗོད་བྱར་བྱས་པ་སོགས་ཀྱིས་མཚོན། སྙན་ངག་འདི་དག་ཏུ་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་སྐབས་ཀྱི་སྨྲ་བརྗོད་ཀྱི་ཁྱད་ཆོས་ཤིན་ཏུ་གསལ། གཞན་ཡང་འཇུ་སྐལ་བཟང་གི་《ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུགས་པའི་འཕྲུལ་འཁོར་》དང་། 《ཀ་རྩོམ་གླང་སྨྱོན་ས་བསློག》 《འབྲོག་པ་དང་དངོས་གོང་》སོགས་སུ་སྤྱི་ཚོགས་ཀྱི་གནད་དོན་མང་པོར་ཟུར་ཟ་བྱས་ཏེ་སྤྱི་ཚོགས་དོ་ཁུར་གྱི་རྩོམ་འབྲིའི་དམིགས་ཡུལ་བསྐྱངས་ཡོད་པ་སྟེ། ཁོང་གི་《ནེ་ལེར་བགྲོ་བའི་གཏམ་》ལས། “རང་ཞེན་བག་ཆགས་མཐུག་པོའི་གདམས་ངག་གི་བུམ་ཆུར། །བླང་དོར་དཔྱད་འཇོག་མེད་པའི་རྔམ་འཐུང་གིས་འགྲེངས་པས། །རླུང་སྤྲིན་ངེས་མེད་འཐབ་པའི་བགྲོད་རིམ་དེར་སླེབས་ཚེ། །མགོ་འཁོར་ཞེན་པ་ལྡོག་པའི་ངེས་འབྱུང་ཞིག་འཁྲུངས་སམ། །” ⑬ཞེས་པ་དང་། ལྷ་རྒྱལ་ཚེ་རིང་གི་《སྐྱ་རེངས་ལྷ་མོའི་འབོད་བརྡའ་》རུ། “ངམ་ནག་མཚན་མོས་འཁྱུད་པའི་རྒྱ་རུ་གཉིད་ལ་ཡུར་བའི་གངས་རི་ཡ། །ད་ནི་ཁྱོད་ཀྱི་མཚར་སྡུག་འཛུམ་དཀར་འཇིག་རྟེན་དཔྱིད་དུ་དགོད་ལ་རན། །བདག་གིས་མ་རིག་མུན་པའི་སྲིན་མོ་དམར་སེར་མེ་ལ་སྒྲོན་བཞིན་དུ། །ཡུལ་གྱིས་རྣམ་པར་བསྐལ་བའི་ཤར་ནས་ཞབས་སྐྱེས་གར་སྟབས་འདི་རུ་སྒྱུར། །” ⑭ཞེས་པ་ལྟར་སྙན་ངག་འདི་གཉིས་ཀྱི་ནང་དུ་རིགས་ཞེན་གྱི་སེམས་ཚོར་ཞིག་གིས་བརྟས་ཏེ། སྤྱི་ཚོགས་ཐོག་གི་སྤྱོད་ངན་གཤིས་ངན་ལ་དགག་ཅིང་རྟོགས་སད་ཀྱི་འབོད་སྐུལ་བཏང་ནས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་པའི་ཆ་ཞིག་མངོན་ལ། རྗེས་ལུས་དང་། འཕེལ་མེད། ཤེས་རྨོངས་སོགས་བརྗོད་དོན་དུ་དྲངས་ནས་དེ་དག་ལ་ཕྱིར་རྟོག་སྒོས་འཚོ་གནས་ཀྱི་རྣམ་པ་ཇེ་ལེགས་སུ་བསྒྱུར་བའི་རྣམ་འགྱུར་མངོན་པས། སྙན་ངག་འདི་རིགས་ཀྱིས་བོད་ཀྱི་དེང་རབས་མཛེས་དཔྱོད་ཀྱི་ལྟ་བ་བསྐྲུན་པར་ནུས་པ་གལ་ཆེན་ཐོན་ཡོད།
        ལོ་རབས་བརྒྱད་ཅུ་པའི་ཚུན་གྱི་ཚིགས་བཅད་སྙན་ངག་ཁག་ཅིག་ཏུ་སྙན་ངག་གི་ཡིད་བརྙན་དང་ཡིད་ཁམས་ལ་དང་དོད་ཆེན་པོ་བྱས་ཡོད་དེ། འཇུ་སྐལ་བཟང་གི་《རྩྭ་ཐང་གི་དགོང་སྲོད་》དུ། “སྲོད་ཁའི་ཉི་མས་གྲིབ་མ་རིང་དུ་བསྲིངས། །གཡང་དཀར་མ་བུ་ཕྲད་པས་འབའ་སྒྲ་སྒྲོག །ཨོང་སྒྱེ་ཕྲག་པར་གཟར་བའི་གཞོན་ནུ་མས། །རྡུལ་རླུང་འཐིབ་པའི་ལམ་ལ་རྒྱང་མིག་ལྟ། །” ⑮ཞེས་རང་བཞིན་བརྗོད་པའི་ལམ་ནས་སྲོད་དུས་ཀྱི་རྩྭ་ཐང་གི་རྣམ་པ་ཞིབ་ཏུ་བྲིས་ཏེ་ཡིད་ཁམས་བཞེངས་འདུག་པ་ལྟ་བུའོ། ། དེ་བཞིན་ཁོང་གི་སྙན་ངག་《གྲང་ལྷགས་ཀྱི་མཚན་མོ་》དང་། 《དགུན》རེབ་གོང་རྡོ་རྗེ་མཁར་གྱི་《སྦྲ་ནག》 ལྷ་རྒྱལ་ཚེ་རིང་གི་《དྲི་བཞོན་བུ་མོའི་གླུ་དབྱངས》 སེང་རྡོར་གྱི་《ཉག་ག་ཕ་གིར་》སོགས་ཀྱི་ནང་དུའང་ཕལ་སྐད་ཀྱི་ལམ་ནས་སྙན་ངག་གི་ཡིད་ཁམས་བསྐྲུན་པར་འབད་ཅིང་། ཡུལ་ལྗོངས་ཀྱི་རང་བཞིན་བརྗོད་ནས་སྣང་བརྙན་བསྐྲུན་པ་བརྒྱུད་རྩོམ་པ་པོའི་ཡིད་ཀྱི་འགྱུར་བ་ཕྱིར་བསྟབས་ཤིང་། དངོས་པོའི་གཤིས་ལུགས་གང་ཞིག་ཐད་ཀར་བསྟན་པ་བརྒྱུད་ཀློག་པ་པོར་བསམ་གཞིག་གི་སྟོང་ཆ་དང་མྱོང་རོལ་གྱི་བར་གསེང་ཞིག་བསྐྲུན་ཡོད། ཡང་སྐྱབས་ཆེན་བདེ་གྲོལ་གྱི་《ཚེས་བཅོ་ལྔའི་མཚན་མོ་》དང་། 《ནང་གི་འཇིག་རྟེན》 《དུས་མཐའི་མཚན་མོ》 《གྲང་རླུང་ལྡང་རྗེས་》ཞེས་པ་ལྟ་བུ་དང་། ན་རོ་ཡི་《ཀེར་རེར་འགྲེང་བ་》དང་། 《ང་ཡི་ཁང་ཆུང་》ཞེས་པ་ལྟ་བུ་རུ་དཔེ་དང་ཚིག་རྒྱན་ཁོ་ན་ཙམ་མ་ཡིན་པར་སྙན་ངག་སྤྱི་ལ་ཁྱབ་པའི་ཡིད་བརྙན་བཞེངས་པར་འབད་འདུག་སྟེ། དཔེར་ན། 《གྲང་རླུང་ལྡང་རྗེས་》ལས། “རྒྱང་ཐག་ཉེ་སར་འཚུབ་པ་འདིས། །ང་ཡི་གཉིད་དང་རྨི་ལམ་དཀྲོགས། །ཨ་ཕའི་སྦྲ་ནག་གྲུ་བཞི་མ། ། སུག་བཞི་འཐོར་ནས་ས་ལ་འགྱེལ། །ཇོ་བོར་མཆོད་པའི་མར་ཁུ་རུ། །མེ་ལྕེབས་བུ་མོ་འཁངས་ཏེ་ཉལ། །སྒྲུང་དཔེ་མཐུག་པོའི་སྲིབ་ངོས་ན། །བསང་མེ་གྱ་གྱུ་གཟིམ་ལ་ཁད། །” ⑯ ཅེས་གྲང་རླུང་གིས་ཡིད་བརྙན་དག་རིམ་པར་བསྟར་འདུག་པ་ལྟ་བུ་དང་། 《ཀེར་རེར་འགྲེང་བ་》ལས། “མུན་པའི་ཚེར་མགོ་ན་གཡེང་བའི། །ལོ་ཟླའི་རྨུ་ཐག་གི་བལ་ལི། །བརྟན་ན་གངས་རྒན་གྱི་སྣང་བརྙན། །གཡོས་ན་མདའ་དར་གྱི་སྨྲ་ལྕེ། །སེམས་པའི་སྒོ་ལྕགས་ལ་ཆགས་པའི། །མི་འགྱུར་གཡར་དམ་གྱི་བཙའ་རྙིང་། །ཁྱེད་ཀྱི་ནེམ་ས་ན་སྡུག་ཀྱང་། །ང་ཡི་སྐམ་ས་ན་མཛེས་པ། །གར་འགྲོ་འདི་འགྲོའང་མེད་ཆོག ། གར་འདུག་འདི་འདུག་ཀྱང་མེད་ཆོག །སེམས་པ་བྲང་ཁ་ནས་བརྟན་ཏེ། །ཀེར་རེར་འགྲེང་རྒྱུ་ཞིག་བྱུང་ན། །” ⑰ཞེས་བསྟུད་མར་ཡིད་བརྙན་ཁག་ཅིག་བསྟར་ཅིང་དེས་སྙན་ངག་གི་ཁམས་བསྐྲུན་པར་མ་ཟད། ཡིད་བརྙན་དག་ནི་སིལ་བུར་གནས་པ་འབའ་ཞིག་ཡིན་པས་ཁ་ཐོར་ཡིད་བརྙན་གྱི་ཁྱད་ཆོས་བདོག གཞན་ཡང་དཔེ་དང་དཔེ་ཅན་གྱི་སྦྱོར་ཚུལ་ལའང་མཚོན་བྱ་དང་མཚོན་བྱེད་དུ་གྱུར་པའི་མིང་དང་མིང་གི་འབྲེལ་བ་ནི་གོམས་ལོབས་སུ་གྱུར་པ་དག་ལས་རིང་དུ་བརྒལ་ནས་འབྲེལ་ཐག་རིང་བས་སྐད་ཆ་རྒྱུས་མེད་ཅན་དུ་བསྒྱུར་བའི་ཆའང་མཆིས།
        སྐྱེས་མའི་སྙན་ངག་ཁག་ཅིག་ཏུ་འཚོ་བའི་རང་བཞིན་དང་སྒེར་གྱི་ཉམས་མྱོང་གཞིར་བྱས་ཚིག་རྒྱན་དང་མངོན་བརྗོད་སོགས་ཀྱིས་ཆེར་མ་སྤུད་པར་བྱ་དངོས་ཀྱི་རང་བཞིན་ཇི་བཞིན་བརྗོད་པ་གཙོར་བྱེད་ཅིང་། སྐྱེས་མའི་མཐོང་སྣེ་དང་། བརྩེ་བ། ཉམས་མྱོང་སོགས་ཀྱིས་སྙན་ངག་གི་མཛེས་སྣང་གྲུབ་པར་བྱེད་པ་ནི་དུས་སྐབས་དེའི་ཚིགས་བཅད་སྙན་ངག་གི་ཁྱད་ཆོས་གཞན་ཞིག་ཡིན་ལ། དེ་ནི་བདེ་སྐྱིད་སྒྲོལ་མ་ཡི་《ཟླ་ཐོ་ཆུ་མོ་དགུ་མདུད།——སྦྲུམ་མའི་ཟིན་བྲིས་》དང་། 《ལོ་ཐོ་བརྩེ་བའི་ཞགས་ཐག——ཨ་མའི་ཟིན་བྲིས》 《ཡུམ་གཤིས》 《བུ་དུངས》 《འཛམ་གླིང་མཛེས་པའི་རྒྱན་གཅིག》 དཔལ་མོའི་《བུད་མེད་ཀྱི་རྟོགས་བརྗོད་》སོགས་ཀྱིས་མཚོན་ཏེ། དཔེར་ན། 《ལོ་ཐོ་བརྩེ་བའི་ཞགས་ཐག——ཨ་མའི་ཟིན་བྲིས་》ལས། “ངུ་སྐད་ཐོག་མའི་འབོད་པ་དང་བཅས་ག་ལེར་ས་གཞིར་བབས་པ་ན། །ད་ནི་མ་དང་སོ་སོར་གྱུར་ལ་ལྟེ་ཐག་སྐུད་པས་དམ་བྱས་ཏེ། །ལྕེ་ཡི་སྟེང་གི་ཁོག་ཞོ་དང་བཅས་ལུས་ཀྱི་མི་གཙང་ལེགས་བཀྲུས་ནས། །བལ་འཇམ་མཛོང་ཁུག་དྲོན་པོའི་ནང་དུ་སེམས་ཆུང་ངང་ལ་གཅུད་དེ་བསྙལ། །” ⑱ཞེས་ཨ་མས་ཕྲུ་གུ་བཙས་པ་ནས་འགོ་བརྩམས་ཏེ་དེར་བཅངས་པའི་བརྩེ་བ་དང་དགའ་བའི་ཚོར་བ་ཕྲ་མོ་དེ་མངོན་པར་མཚོན་ཡོད་པ་སྟེ། སྙན་ངག་འདི་རིགས་སུ་སྐྱེས་མའི་རང་བཞིན་དང་། སེམས་གཤིས། བརྩེ་བ་སོགས་ལེགས་པར་བསྟན་ཅིང་། “འཚོ་བ་དངོས་དང་འབྲེལ་བའི་ཚོར་བ་དང་མྱོང་གོམས་རྣལ་མ་ཞིག་ལ་གཞིར་བཅོལ་ཏེ་བྲིས་འདུག་” ⑲པས་ཚོར་བ་སྐྱེན་པོ་སློང་ནུས་སོ། །
        ཞར་བྱུང་གིས་མཐའ་སྡོམ་པ།
        ཚིགས་བཅད་ནི་བོད་ཀྱི་རྩོམ་རིག་གི་ལུས་གཙོ་བོ་དེ་ཡིན་ཞིང་། ལྷག་པར་དུ་《སྙན་ངག་མེ་ལོང་》བོད་དུ་བསྒྱུར་རྗེས་ཚིགས་བཅད་ཀྱི་རྩོམ་ལུས་ལ་ཚིག་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་ཐོག མངོན་བརྗོད་དང་། ལེགས་སྦྱར་གྱི་ཐ་སྙད། ནང་དོན་རིག་པའི་བརྡ་ཆད་སོགས་ཀྱིས་སྤྲས་པའི་རྩོམ་སྲོལ་དང་རྩོམ་ཉམས་ཁྱད་པར་ཅན་ཞིག་གྲུབ་ཡོད། ལོ་རྒྱུས་ཀྱི་ཤུགས་རྐྱེན་དེ་འདྲའི་འོག་ཏུ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་ཚུན་དུ་བྱུང་བའི་ཚིགས་བཅད་སྙན་ངག་ཁག་ཅིག་ལའང་རྩོམ་ཉམས་དེ་ལྟ་བུ་ཤིན་ཏུ་གསལ། དོན་གྲུབ་རྒྱལ་གྱི་《གཞོན་ནུ་ཡིད་ཀྱི་མཛེས་རྒྱན་》དང་། རེབ་གོང་རྡོ་རྗེ་མཁར་གྱི་《གསེར་གྱི་གདུ་བ་》ལྟ་བུས་ཁྱད་ཆོས་དེ་མཚོན་ཐུབ་སྟེ། སྙན་ངག་གི་གོ་བརྡ་སྤྲོད་སྟངས་དང་མཛེས་ཉམས་དོད་ཚུལ་ལ་ཚིག་རྒྱན་གཙིགས་སུ་འཛིན་པའི་རྩོམ་ཉམས་དེ་མངོན་གསལ་དུ་མཐོང་ཐུབ།
དུས་སྐབས་དེར་གོང་ཞུས་རྟོགས་བརྗོད་སྙན་ངག་དང་བསྟོད་རྩོམ་སྙན་ངག་ལས་གཞན་ད་དུང་ལེགས་བཤད་དང་། ཞུ་འཕྲིན། བསླབ་བྱ་བཅས་ཀྱང་ཁག་ཅིག་བྱུང་ཡོང་སྟེ། དཔེར་ན། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་《ཀ་ཕྲེང་དང་སྦྱར་བའི་བསླབ་བྱ་དྲི་ཟའི་གླིང་བུ་》དང་། འཇིགས་མེད་ཐེག་མཆོག་གི་《ཞུ་འཕྲིན་མཛའ་བའི་གླེང་མོལ》 གྲུབ་རིག་ཁྱུ་མཆོག་གི་《བཤེས་གཉེན་རྣམས་ལ་གཞེན་སྐུལ་གསོལ་བ་》དང་། 《ལེགས་བཤད་སྐལ་བཟང་མགུལ་རྒྱན》འཇིགས་མེད་ཀྱི་《ཡར་སེམས་བསྐུལ་བའི་སྙིང་གཏམ》བསམ་གཏན་རྣམ་རྒྱལ་གྱི་《རང་སེམས་གྱོང་བོ་འདུལ་བའི་གསལ་འདེབས》 ནོར་སྡེའི་《སྙིང་གཏམ་》དང་། 《ཞུ་འཕྲིན་དབྱར་གྱི་རྔ་གསང》 རེབ་གོང་རྡོ་རྗེ་མཁར་གྱི་《བསླབ་བྱ་བདུད་རྩིའི་མཆོད་ཡོན་》སོགས་སུ་རྩོམ་པ་པོས་རེ་བཅོལ་བསླབ་གདམ་དང་བཅས་ཕྱི་རབས་པར་བསླབ་བྱ་གཏོང་བའི་བརྗོད་སྙིང་ངམ་རྩོམ་རིག་གི་སློབ་གསོའི་ནུས་པར་དོ་སྣང་མཛད་འདུག དཔེར་ན། གསུང་རབ་རྒྱ་མཚོའི་《ཞུ་འཕྲིན་གཞོན་ནུའི་རེ་འབོད་》ལས། “མི་རིགས་སྲིད་ཇུས་འོད་སྟོང་འཕྲོས་འོག་སུས་ཀྱང་རང་གི་སྐད་ཡིག་ལ། །སྦྱོང་བའི་གོ་སྐབས་ཡག་པོ་ཐོབ་པའི་དོན་འདི་ཆུད་གཟོན་མི་བྱེད་པར། །མ་རྨད་རྣམ་དཔྱོད་རྩལ་དང་ལྡན་པའི་ན་གཞོན་ཕོ་མོ་མཐའ་དག་གིས། །རིག་གཞུང་འོ་མའི་ཆུ་གཏེར་ཆེན་པོ་བརྩོན་པའི་ཧུབ་ཀྱིས་བཏུང་བར་རིགས། །” ⑳ཞེས་པ་ལྟ་བུ་དང་། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་《ཅོང་སྒྲ་》ལས། “རང་གི་བློ་གྲོས་ཚད་མ་ཡིས། །འཁྲུལ་བྲལ་ཚད་མའི་གཞུང་ལམ་ལ། །གོམས་འགྲོས་ཚད་མས་ལེགས་བགྲོད་ན། །འབྲས་བུ་ཚད་མ་ཅིས་མི་འབྱུང་། །ལྟར་སྣང་སྟོང་སྐད་སྒྱུ་མའི་སྤྱོད། ། ལྷུན་པོའི་སྲིད་དུ་ཚད་རྫོགས་ཀྱང་། །བདེན་པའི་གནད་ལ་གཏུགས་པའི་ཚེ། །སྙིང་བོས་དབེན་པའི་རང་མཚང་ངོམ། །” (21) ཞེས་པ་ལྟར། སྙན་ངག་འདི་རིགས་སུ་ཕ་རོལ་པོ་ལ་སློབ་སྟོན་གྱི་ཚུལ་དུ་སྐུལ་མ་དང་བཅས་དོན་གྱི་རང་བཞིན་ཇི་བཞིན་དུ་བརྗོད་ཡོད།
        དེ་མིན་ལོ་རབས་བརྒྱད་ཅུ་པའི་ཚུན་དུ་རྗེས་དྲན་སྙན་ངག་ཁག་ཅིག་བྱུང་འདུག་ལ། དེ་དག་ལ་གདུང་བའི་ཉམས་ཆེན་པོ་མཆིས་པར་མ་ཟད། རྩོམ་ལུས་གཞན་དག་གི་ཁྱད་ཆོས་ཀྱང་མཐོང་ཐུབ་སྟེ། དཔེར་ན། བཤད་སྒྲུབ་ཀྱི་《དྲན་པའི་གདུང་དབྱངས་》ཞེས་པ་དང་། མཁན་སྤྲུལ་ཚུལ་ཁྲིམས་བློ་གྲོས་ཀྱི་《གསོལ་འདེབས་ཡིད་ཀྱི་ཟླ་ཟེར་》ཞེས་པ།ཚེ་ཏན་ཞབས་དྲུང་བློ་བཟང་འཇམ་དཔལ་ནོར་བུའི་《རྗེས་དྲན་གཞོན་ནུའི་གདུང་དབྱངས་》ཞེས་པ། གཉའ་བློ་གྲོས་རྒྱལ་མཚན་གྱི་《ཁ་བའི་རྡུལ་མང་བརྩེགས་པ་ལ་ཁོང་ནས་སྙིང་བས་ཀྱང་གཅེས་སུ་འཛིན་པའི་གདོང་ལྔ་བའི་དབང་པོ་ཞེས་བྱ་བའི་འདས་ཚིགས་ཀྱི་ཞུ་མཆིད་》དང་། 《ཚངས་སྲས་བང་ཆེན་བདེ་ལྡན་ཞིང་ལ་བྱོན་》ཞེས་པ། འཇུ་སྐལ་བཟང་གི་《རིག་པའི་གླང་བོ་རྗེས་སུ་དྲན་པའི་གདུང་དབྱངས་སྤོས་དཀར་ལྗོན་པའི་དྲི་བསུང་》དང་། 《སྙན་ངག་པ་ཆེན་མོ་ཡི་དམ་ཚེ་རིང་རྗེས་སུ་དྲན་པ་》ཞེས་པ་ལྟ་བུ་དག་ནི་རྗེས་དྲན་སྙན་ངག་ཡིན་པ་གང་ཞིག དེ་ལས་བསྟོད་པ་དང་། གདུང་དབྱངས། གསོལ་འདེབས་སོགས་ཀྱི་ཁྱད་ཆོས་ཀྱང་མཐོང་ཐུབ་བོ། །
        དེ་ལྟར་སྤྱི་ལྡོག་ནས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་ཚུན་དུ་བྱུང་བའི་ཚིགས་བཅད་སྙན་ངག་གིས་སྲོལ་རྒྱུན་གྱི་སྙན་ངག་རིག་པ་དང་མཛེས་དཔྱོད་ལྟ་བ་རྒྱབ་རྟེན་དུ་བྱས་ཤིང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་བྱུང་མྱོང་བའི་རྩོམ་སྲོལ་རྒྱུན་འཛིན་བྱས་ཐོག་བརྩམས་ཆོས་མང་དུ་བརྩམས་ནས་དེའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་འདུག་སྟེ། རྟོགས་བརྗོད་སྙན་ངག་དང་བསྟོད་རྩོམ་སྙན་ངག་ནི་དེའི་མཚོན་རྟགས་གལ་ཆེན་ཞིག་ཡིན། ཡིན་ཡང་ཕྱིས་སུ་རིམ་བཞིན་རྩོམ་སྲོལ་དེ་རིགས་ཀྱི་བརྩམས་ཆོས་ཇེ་ཉུང་དུ་སོང་དང་འགྲོ་བཞིན་པའི་སྣང་ཚུལ་བྱུང་ཞིང་། དེ་ལས་རྩོམ་རིག་གི་ངོས་འཛིན་དང་དེའི་བྱེད་ལས་ལ་བཟུང་བའི་ལྟ་སྟངས་ཐད་འགྱུར་ལྡོག་བྱུང་ཡོད་པའང་མཐོང་ཐུབ། དེ་བས་གལ་ཆེ་བ་ཞིག་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ཚུན་དུ་བྱུང་བའི་ཚིགས་བཅད་སྙན་ངག་དག་ནི་རང་རེས་དེང་རབས་སྤྱི་ཚོགས་ལ་བཅངས་པའི་ཚོར་འདུ་དང་། བརྩེ་དུང་། བསམ་བློ་སོགས་མཚོན་པར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། དེའི་ནང་དུ་དེང་རབས་ཀྱི་ཆ་མང་པོ་ཞིག་འདུས་ཡོད་པར་མ་ཟད། སྲོལ་རྒྱུན་གྱི་ཚིགས་བཅད་སྙན་ངག་རྩོམ་སྐབས་སྙན་ངག་པ་མང་དག་ཅིག་གིས་དེང་རབས་སྙན་ངག་ལས་མཚོན་ཐབས་སྣ་ཚོགས་བསྡུ་ལེན་བྱས་ཏེ་ཚིགས་བཅད་སྙན་ངག་ལ་མཛེས་སྣང་གསར་པ་བསྐྲུན་པར་འབད་པ་མང་དུ་གནང་འདུག་པས། དེའང་རྩོམ་ལུས་གང་དེར་དེང་རབས་ཀྱི་ཆ་ངེས་ཅན་ཞིག་མཆིས་པའི་རྟགས་མཚན་ཡིན་ལ། དེས་ཀྱང་བོད་ཀྱི་ཚིགས་བཅད་སྙན་ངག་གི་གནས་སྟངས་དང་འཕེལ་སྟངས་གསར་པ་ཞིག་མངོན་པར་བྱས་འདུག་སྙམ་མོ། །
        དཔྱད་གཞིའི་ཡིག་ཆ།
        ①སློབ་དཔོན་དབྱུག་པ་ཅན་དང་བོད་མཁས་པ། 《སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་པ》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་2
        ②རྒྱ་ཡེ་བཀྲ་བྷོ། 《བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་51
        ③བསེ་ཚང་བློ་བཟང་དཔལ་ལྡན། 《རྟོགས་བརྗོད་པད་མ་དཀར་པོའི་ཕྲེང་མཛེས》 《བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུམ་འབུམ།》 (པོད་བདུན་པ) [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་454
        ④ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། 《དཔལ་ལྡན་བྱ་ཁྱུང་ལ་བསྔགས་པའི་རབ་ཏུ་བྱེད་པའི་ལི་ཤིའི་མེ་ཏོག》 《རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ》 (པོད་བཅུ་པ) [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་6
        ⑤དམུ་དགེ་བསམ་གཏན་རྒྱ་མཚོ། 《བསྔགས་སྨོན་ཟླ་བ་འབུམ་གྱི་སྣང་བ》 《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ》 (པོད་གསུམ་པ) [M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་465—466
        ⑥དོར་ཞི་གདོང་དྲུག་སྙེམས་བློ། 《དཔྱད་རྩོམ་མུན་འཇོམས་ནོར་བུའི་ཕྲེང་བ》 [C] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་221
        ⑦དོན་གྲུབ་རྒྱལ། 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》 (པོད་གསུམ་པ་དཔྱད་རྩོམ་ཕྱོགས་བསྒྲིགས) [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་338—339
        ⑧⑨འཇུ་སྐལ་བཟང་། 《གངས་གྲོང་གི་རླུང་བུ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་113;107
        ⑩འཇུ་སྐལ་བཟང་། 《བོད་ཀྱི་སྙན་ངག་གི་རྒྱུད་འཛིན་དང་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ་གཟུར་གནས་རིག་པའི་འཇུག་ངོགས》 [A] 《སྦྲང་ཆར་》རྩོམ་སྒྲིག་ཁང་གིས་བསྒྲིགས། 《སྙན་ངག་རྣམ་བཤད》 [C] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་122
        ⑪སྐྱབས་ཆེན་བདེ་གྲོལ། 《སྣང་བ་རང་སར་གྲོལ་བའི་གླུ》[A] 《སྦྲང་ཆར་》རྩོམ་སྒྲིག་ཁང་གིས་བསྒྲིགས། 《ཆུ་ལེན་བུ་མོ》[C] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་395
        ⑫དོན་གྲུབ་རྒྱལ། 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》 (པོད་དང་པོ་སྙན་ངག་ཕྱོགས་བསྒྲིགས)[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་158—159
        ⑬⑮བའཇུ་སྐལ་བཟང་། 《གངས་གྲོང་གི་རླུང་བུ》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་49—50;134
        ⑭ལྷ་རྒྱལ་ཚེ་རིང་། 《སྐྱ་རེངས་ལྷ་མོའི་འབོད་བརྡའ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས་1
        ⑯སྐྱབས་ཆེན་བདེ་གྲོལ། 《བར་སྐོར་གྱི་ཆང་ཁང》[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་11
        ⑰ན་རོ། 《གྱང་ཆག》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་144—145
        ⑱བདེ་སྐྱིད་སྒྲོལ་མ། 《ལོ་ཐོ་བརྩེ་བའི་ཞགས་ཐག——ཨ་མའི་ཟིན་བྲིས》[A] དཔལ་མོས་རྩོམ་སྒྲིག་བྱས། 《དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་སྙན་རྩོམ་གཅེས་བཏུས།——བཞོ་ལུང》 [C] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་24
        ⑲ཆོས་སྐྱོང་། 《ཟིང་ལོང་རྡེའུ་འགྲེམས》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་138—139
        ⑳གསུང་རབ་རྒྱ་མཚོ། 《ཞུ་འཕྲིན་གཞོན་ནུའི་རེ་འབོད》[A] 《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས། 《ཅོང་སྒྲ》[C] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་366
        (21)ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། 《ཅོང་སྒྲ》 《རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ》 (པོད་བཅུ་པ) [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་201