དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

ལོ་ངོ་བདུན་ཅུར་ཉེ་བའི་རིང་གི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་ཕྱི་མིག་དང་རྒྱང་ལྟ། (1951—2019)①

སྤེལ་དུས 2021-03-23 ཡོང་ཁུངས། རྩོམ་པ་པོ། ཧུའོ་ཝེ་ཡིས་བརྩམས། ཧཱུྃ་ཆེན་དང་ཡེ་ཤེས་སྒྲོལ་མས་བསྒྱུར།
         [ནང་དོན་གནད་བསྡུས།] བོད་ལྗོངས་གནའ་རྫས་རྟོག་ཞིབ་ནི་བོད་རིག་པ་ཞིབ་འཇུག་གི་ཁྱབ་ཁོངས་གལ་ཆེན་ཞིག་ཏུ་གྱུར་ཡོད། གནའ་རྫས་རྟོག་ཞིབ་རིག་པ་ནི་རིག་ཚན་གཞུང་ལུགས་དང་བྱེད་ཐབས། ལག་རྩལ་བཅས་ཐུན་མོང་མ་ཡིན་པའི་སྒོ་ནས་བོད་ལྗོངས་གནའ་རབས་ལོ་རྒྱུས་ཞིབ་འཇུག་ཏུ་ཞུགས་ཏེ་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་། ལྷག་པར་དུ་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཞིབ་འཇུག་ལ་མཚོན་ན་ལོ་རྒྱུས་བསྐྱར་འབྲི་དང་བསྐྱར་འཛུགས་བྱས་ཡོད།བོད་ལྗོངས་གནའ་རྫས་རྟོག་ཞིབ་རིག་པས་ཡི་གེ་བྱུང་རྗེས་ཀྱི་ལོ་རྒྱུས་དུས་སྐབས་ལ་བྱས་རྗེས་བཞག་པ་ནི། ས་འོག་ནས་སྔོག་འདོན་བྱས་པའི་གནའ་རྫས་རྟོག་ཞིབ་རྒྱུ་ཆ་ཟམ་མ་ཆད་པར་ཕུན་སུམ་ཚོགས་པོར་སོང་བ་དང་གནའ་རྫས་རྟོག་ཞིབ་རིག་པའི་ཚན་རྩལ་ཆུ་ཚད་མཐོར་འདེགས་བྱུང་བ་དང་བསྟུན་ནས། བོད་རིག་པ་ཞིབ་འཇུག་ལ་རྒྱུ་ཆ་གསར་པ་འདོན་སྤྲོད་བྱས་ཤིང་ཞིབ་འཇུག་ཁྱབ་ཁོངས་གསར་པ་གསར་འབྱེད་བྱས། བོད་ལྗོངས་གནའ་རྫས་རྟོག་ཞིབ་རིག་པས་ད་རུང་རང་ངོས་ཀྱི་ལག་ལེན་བརྒྱུད་དེ་བགྲོད་ལམ་གསར་པར་བསྐྱོད་ནས། ཀྲུང་གོའི་དོན་དངོས་དང་མཐུན་པའི་མཐོ་སྒང་མཐའ་མཚམས་གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་དཔེ་གཞི་ཕྱོགས་བསྡོམས་དང་ཞུན་བརྡར་བྱེད་པར་དཔེ་བལྟ་ས་འདོན་སྤྲོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] བོད་ལྗོངས་གནའ་རྫས་རྟོག་ཞིབ་རིག་པ། མཐའ་མཚམས་གནའ་རྫས་རྟོག་ཞིབ། བོད་རིག་པ་ཞིབ་འཇུག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K851
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-03-0030-17
         བོད་རིག་པ་ལ་འཕེལ་རྒྱས་ལོ་རྒྱུས་རིང་པོ་དང་རིག་གཞུང་གཏིང་རྫོང་མཐུག་པོ་ཡོད་པས། ནུབ་ཕྱོགས་དང་ཀྲུང་གོ་གཉིས་ཆར་བོད་རིག་པ་ནི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རིག་པ་མངོན་ཆེན་ཞིག་ཏུ་གྱུར་ཡོད་ལ། དེ་དང་ཕལ་ཆེར་དུས་མཉམ་དུ་དར་བའི་“ཏུན་ཧོང་རིག་པ་”དང་། “སོག་པོའི་རིག་པ” “མི་ཉག་རིག་པ་”བཅས་དང་འདྲ་བར་གྲུབ་འབྲས་གཡུར་དུ་ཟ་བར་མ་ཟད་ཤུགས་རྐྱེན་གཏིང་ཟབ་པ་ཞིག་ཆགས་འདུག ནུབ་ཕྱོགས་ཀྱི་མཁས་པ་དག་གིས་དུས་སྔ་མོ་ནས་གནའ་རྫས་རྟོག་ཞིབ་རིག་པ་སྲོལ་རྒྱུན་གྱི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་དྲངས་འདུག་ཀྱང་།② དེང་རབས་ཚན་རིག་གནའ་རྫས་རྟོག་ཞིབ་རིག་པ་(རི་ཐང་སྔོག་འདོན་རྨང་གཞི་ཡིན་པའི་གནའ་རྫས་རྟོག་ཞིབ་རིག་པ་སྟོན)དེ་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་སྤྱད་ནས་དུས་ཚོད་རིང་པོ་ཕྱིན་མེད། རིག་གཞུང་སྡེ་ཡིས་བོད་ལྗོངས་ཆབ་མདོ་ཁ་རུབ་རྡོ་ཆས་གསར་པའི་དུས་རབས་ཀྱི་རྗེས་ཤུལ་སྔོག་འདོན་བྱས་པ་ནི་བོད་ལྗོངས་མཐོ་སྒང་དུ་དོན་ངོ་མའི་ཚན་རིག་དང་མཐུན་པའི་རི་ཐང་གནའ་རྫས་རྟོག་ཞིབ་ཀྱི་བྱ་བ་སྤེལ་བའི་རྟགས་མཚན་དུ་ངོས་འཛིན་པ་རེད།③ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཚུན་ལ། བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་ནི་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། རྒྱལ་ནང་རིག་གཞུང་སྡེ་ནས་རྒྱལ་སྤྱིའི་རིག་གཞུང་སྡེ་རུ་འཕེལ་ཏེ། ལོ་ངོ་བདུན་ཅུར་ཉེ་བའི་རིང་གི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱིས་འོད་ཟེར་སྟོང་ལྡན་གྱི་འཕེལ་རྒྱས་བགྲོད་ལམ་བརྒྱུད་པ་རེད།
         བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱིས་གསར་རྙེད་བྱུང་བ་དག་ནི་ཉེ་བའི་ལོ་འདི་འགར་རིག་པ་སྨྲ་མཁན་མང་པོས་སྤྱི་བསྡོམས་དང་ཕྱི་མིག་བལྟས་ཟིན་④པས་ན་རྩོམ་ཡིག་འདིས་ངོ་སྤྲོད་བསྐྱར་ཟློས་བསྐྱུངས་པ་ཡིན། དགོས་ངེས་ཀྱི་དཔེར་བརྗོད་ཕུད། རྩོམ་ཡིག་འདིས་བགྲོ་གླེང་བྱ་རྒྱུའི་གནད་དོན་གཙོ་བོ་ནི། འཛམ་གླིང་གནའ་རྫས་རྟོག་ཞིབ་རིག་པ་དང་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པའི་ཡན་ལག་གལ་ཆེན་དུ་གྱུར་པའི་བོད་ལྗོངས་གནའ་རྫས་རྟོག་ཞིབ་⑤ལ་ཐུན་མིན་རིན་ཐང་དང་ཐུན་མིན་དོན་སྙིང་ཅི་ཞིག་ཡོད་པ་དང་།ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ལ་སྤེལ་བའི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ལས་དོན་གྱིས་ཀྲུང་གོའི་ལོ་རྒྱུས་དང་“ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་”འཛུགས་གྲུབ་བྱེད་པ་ལ་བྱས་རྗེས་ཅི་འདྲ་བཞག་པ། རིག་ཚན་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོས་ཐད་ནས་རྟོག་ཞིབ་བྱས་ན། བོད་ལྗོངས་གནའ་རྫས་རྟོག་ཞིབ་ལ་ཀྲུང་གོའི་མཐའ་མཚམས་གནའ་རྫས་རྟོག་ཞིབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཡོངས་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པའི་གཞུང་ལུགས་དང་སྤྱི་འགྲོས་ངེས་ཅན་ཞིག་ཚུགས་ཡོད་མེད་བཅས་ཡིན་ནོ། །
དང་པོ། བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་དོན་སྙིང་དང་རིན་ཐང་ལ་ཇི་ལྟར་ངོས་འཛིན་བྱེད།
         བོད་རང་སྐྱོང་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་ཞིག་ཡིན་པ་ནི་ལོ་རྒྱུས་ཡིན་ལ་དོན་དངོས་ཀྱང་རེད། འོན་ཀྱང་རང་རྒྱལ་གྱི་ས་ཁོངས་གཞན་ནང་གི་གནའ་རྫས་རྟོག་ཞིབ་དང་བསྡུར་ན་བོད་ལྗོངས་གནའ་རྫས་རྟོག་ཞིབ་ལ་ལྷག་ཏུ་མི་རྣམས་ཀྱིས་དོ་སྣང་བྱེད་དོན་ཅིའི་ཕྱིར་རམ། ཐ་ན་འཛམ་གླིང་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་རིག་པ་སྨྲ་མཁན་དང་ཚན་རིག་པས་ཐུན་མོང་དུ་དོ་སྣང་བྱེད་པའི་ས་ཁོངས་སུ་གྱུར་པའི་དམིགས་བསལ་དོན་སྙིང་དང་རིན་ཐང་གང་དུ་གནས་ཡོད་དམ། ཁོ་བོས་དེ་ནི་རང་བྱུང་དང་མི་རིགས་ཕྱོགས་གཉིས་ནས་ངོས་འཛིན་བྱ་དགོས་པ་ཞིག་རེད་སྙམ།
         ཐོག་མར་འཛམ་གླིང་གི་མཐོང་སྣེ་ནས་བལྟས་ན། འཛམ་གླིང་དུ་བོད་ལྗོངས་མཐོ་སྒང་གི་ས་ཁམས་ཆ་རྐྱེན་དང་རང་བྱུང་ཁོར་ཡུག་དང་ཆ་འདྲ་བའི་གནས་ཤིག་གང་དུ་ཡང་ཡོད་པ་མ་རེད།
         འཛམ་གླིང་འདིར་རྒྱ་ཁྱོན་ཆེ་ཤོས་དང་ལོ་ན་གཞོན་ཤོས་ཡིན་པའི་མཐོ་སྒང་འདི་ཉིད་“ཧི་མ་ལ་ཡ་རི་རྒྱུད་ཆགས་པའི་གཡོ་འགུལ་”གྱི་བྱེད་ནུས་ཀྱིས་སྔར་བཞིན་ཉི་མ་རེ་རེར་ཆུ་བུར་མིག་གིས་མི་མཐོང་བའི་མགྱོགས་ཚད་ཀྱིས་དལ་བུར་མཐོ་རུ་སྐྱེ་བཞིན་ཡོད། ཧི་མ་ལ་ཡ་རི་རྒྱུད་ནི་དངུལ་དཀར་གྱི་འབྲུག་ཆེན་ཞིག་དང་འདྲ་བར་ཕ་ཀི་སི་ཐན་དང་། ཧིན་རྡུ།ནེ་པ་ལ། འབྲུག་སོགས་རྒྱལ་ཁབ་ཀྱི་ས་མཚམས་སུ་འཕྲེད་ཀྱིས་ཉལ་འདུག་ཅིང་། རང་བྱུང་བཀག་དངོས་ཆེན་པོ་དེས་ཕྱོགས་གཅིག་ནས་དགུན་དུས་སུ་ནུབ་བྱང་གི་གྲང་ཆེའི་རླུང་རྒྱུན་ལྷོ་རུ་སྐྱོད་པ་འགོག་པར་བྱེད་ལ། ཕྱོགས་གཞན་ཞིག་ནས་དབྱར་དུས་སུ་ཧིན་རྡུ་རྒྱ་མཚོ་ཆེན་པོ་ནས་ལྡང་ཡོང་བའི་དྲོད་གཤེར་དུས་རླུང་བྱང་དུ་བསྐྱོད་པ་བཀག་སྟབས། ཧི་མ་ལ་ཡ་རི་རྒྱུད་ཀྱི་བྱང་ཕྱོགས་ས་ཁུལ་ཆེན་པོ་དེ་གནམ་གཤིས་སྐམ་ལ་རྩི་ཤིང་ཉུང་བར་བཟོས། བསྡོམས་རྩིས་བྱས་པ་ལྟར་ན། འཛམ་གླིང་སྟེང་གི་སྨི་8000ཡན་གྱི་རི་མཐོན་པོ་14ལས་རི་བོ་10ཧི་མ་ལ་ཡའི་རི་རྒྱུད་དུ་ཁྱབ་ཡོད་ཅིང་། འཛམ་གླིང་གི་ཡང་རྩེ་ཇོ་མོ་གླང་མ་ནས་ཧིན་རྡུའི་གངྒཱའི་བདེ་ཐང་བར་དུ་སྤྱི་ལེ་100ལྷག་ཙམ་ལས་མེད་ནའང་། ལྟོས་བཅས་མཐོ་དམའི་ཧེ་བག་ནི་སྨི་8000དུ་སླེབས་ཡོད། འགྲན་ཟླ་བྲལ་བའི་མཐོ་ཚད་ཀྱི་དབང་གིས་ཧི་མ་ལ་ཡ་རི་རྒྱུད་ལ་“འཛམ་གླིང་གི་སྒལ་ཚིགས་”ཞེས་འབོད་ལ། ཏག་ཏག་མཚོ་འཕགས་མཐོ་ཚད་ཀྱིས་བཟོས་པའི་རང་བྱུང་ཆ་རྐྱེན་དང་ཁོར་ཡུག་རྒྱུ་རྐྱེན་གྱི་དབང་གིས་ཀྱང་བོད་ལྗོངས་མཐོ་སྒང་ནི་དང་པོ་ཉིད་ནས་མིའི་རིགས་འཚོ་སྡོད་ཀྱི་གནས་མ་ཡིན་པར་ངོས་འཛིན།
         དེ་ལྟ་ན་ཡང་བོད་ལྗོངས་མཐོ་སྒང་དུ་དངོས་སུ་སླེབས་པ་ན། དོན་ངོ་མར་ཧི་མ་ལ་ཡ་རི་རྒྱུད་ནི་ཤར་ནས་ནུབ་ཏུ་བརྐྱངས་པའི་རི་རྒྱུད་གཞུ་དབྱིབས་ཅན་ཞིག་ཡིན་ལ། ཤར་ནུབ་ཏུ་སྤྱི་ལེ་2500ལྷག་གིས་ཆོད་ཅིང་། ལྷོ་བྱང་དུ་སྤྱི་ལེ་200-350ཡོད། དེ་ཡང་ནུབ་ནས་ཤར་དུ་ས་རྒྱུད་མི་འདྲ་བ་བཞི་རུ་བཀར་ཆོག་སྟེ། མཚོ་འཕགས་མཐོ་ཚད་སྨི་4000ཡན་གྱི་ཧི་མ་ལ་ཡ་ནུབ་མའི་ས་རྒྱུད་(ཐེ་ཐི་སི་ཧི་མ་ལ་ཡ་ས་རྒྱུད་ཀྱང་ཟེར)དང་། ཆ་སྙོམས་མཚོ་འཕགས་མཐོ་ཚད་སྨི་6000ཡན་ཡིན་པའི་ཧི་མ་ལ་ཡ་ཆེ་བ་ས་རྒྱུད།(ཧི་མ་ལ་ཡ་མཐོ་བའི་ས་རྒྱུད་ཀྱང་ཟེར) ཆ་སྙོམས་མཚོ་འཕགས་མཐོ་ཚད་སྨི་3000-4000ཡིན་པའི་ཧི་མ་ལ་ཡ་ཆུང་བ་ས་རྒྱུད།(ཧི་མ་ལ་ཡ་དམའ་བའི་ས་རྒྱུད་ཀྱང་ཟེར) ཆ་སྙོམས་མཚོ་འཕགས་མཐོ་ཚད་སྨི་1500-1000ཡིན་པའི་ཧི་མ་ལ་ཡ་འདབས་འབྲེལ་ས་རྒྱུད་(ཧི་མ་ལ་ཡ་ཕྱི་སྐོར་ས་རྒྱུད་ཀྱང་ཟེར)བཅས་བཞི་ཡིན་⑥ཞིང་། རང་བྱུང་ས་རྒྱུད་བཞི་པོ་དེར་ཕྲེང་བསྟར་བསྒྲིགས་པའི་གངས་རིའི་དབུ་རྩེ་དང་ཐགས་སུ་བཀྲ་བའི་འཁྱགས་རོམ་ཆེན་མོ་ཡོད་ལ། མཁའ་ལ་བསྙེགས་པའི་མཐོ་སྒང་དང་སྤང་ཐང་ཡོད་ཁར། ནགས་ཚལ་སྟུག་པོ་དང་དྲོད་གཤེར་ལྡན་པའི་རོང་ཁུལ་ཡང་ཡོད། ས་རྒྱུད་མི་འདྲ་བ་ཁག་གི་མཚོ་འཕགས་དང་རང་བྱུང་ལྗོངས་བཀོད་བར་དུ་ཧེ་བག་ཆེས་ཆེར་ལྡན་པ་ཡིས། དཔེ་མཚོན་རང་བཞིན་ལྡན་པའི་རྩི་ཤིང་ཐད་འཕྱང་དུ་ཁྱབ་པའི་ས་རྒྱུད་དང་སྐྱེ་ཁམས་ཁོར་ཡུག་སྣ་མང་ཅན་གྲུབ་པར་བྱས་ཡོད།
         འཛམ་གླིང་གི་ཡུལ་གཞན་དུ་མེད་པའི་རང་བྱུང་ཁོར་ཡུག་དེས། མིའི་རིགས་རིག་པ་སྨྲ་མཁན་དང་གནའ་རྫས་རྟོག་ཞིབ་རིག་པ་སྨྲ་མཁན་དག་ལ་“ཚན་རིག་ཚོད་རྩིས་” གནང་བའི་བར་སྟོང་དུ་མ་འདོན་སྤྲོད་བྱས་ཡོད། དཔེར་ན། གནའ་རྫས་རྟོག་ཞིབ་རིག་པའི་“བརྗོད་བྱ་ཆེན་པོ་གསུམ་”གྱི་ཡ་གྱལ་“འགྲོ་བ་མིའི་འབྱུང་ཁུངས་”ཀྱི་གནད་དོན་ཐད་དུ། གནའ་རྫས་རྟོག་ཞིབ་རིག་པའི་མཁས་པ་འདས་པོ་དགེ་རྒན་ཆེན་མོ་ཐུང་ཨེན་ཀྲེང་གིས་བོད་ལྗོངས་མཐོ་སྒང་ཚུད་པའི་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་ནི་འགྲོ་བ་མིའི་འབྱུང་ཁུངས་ཡིན་རུང་བར་འདོད་པའི་ཚོད་རྩིས་དེ་སྔ་གནང་མྱོང་ལ། ཁོང་གི་བཞེད་དགོངས་ལྟར་ན། བསྐལ་གསར་གོང་མའི་རྗེས་སུ་རི་བོ་ཧི་མ་ལ་ཡ་ཆེས་ཆེར་ཡར་འཕགས་ཏེ་ཧིན་རྡུ་རྒྱ་མཚོ་ཆེན་པོའི་དུས་རླུང་བྱང་དུ་བསྐྱོད་པ་བཀག་པས། བྱང་ཕྱོགས་ཀྱི་གནམ་གཤིས་དང་སྣོད་བཅུད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་གནམ་གཤིས་སྐམ་ཞིང་གྲང་ངར་ཆེ་བར་གྱུར་ཅིང་། ནགས་ཚལ་གྱི་རྒྱ་ཁྱོན་ཆེས་ཆེར་བྲི་ལ།མུ་མཐའ་བྲལ་བའི་རྩྭ་ཐང་བྱུང་ཞིང་དེ་རུ་རྩྭ་ཟན་སྲོག་ཆགས་འབོར་ཆེན་འཚོ། “སྐྱེ་ཁམས་སམ་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ཀྱི་འགྱུར་ལྡོག་དེ་རིགས་ཀྱི་དབང་གིས། ས་ཁུལ་དེ་གར་མ་གཞི་ནས་ནགས་ཚལ་དུ་བསྡད་ཡོད་པའི་ལ་མ་སྤྲ་མི་དག་ཁོད་ཡངས་ཐང་སྟོང་དུ་བཙན་འདེད་བྱས་ཤིང་། རྙེད་པའི་བཟའ་ཆས་འབྱུང་ཁུངས་དང་རིམ་བཞིན་འཕྲོད་མཐུན་བྱུང་ཞིང་། བཟའ་ཆས་འཚོལ་བའི་རྣམ་པ་གསར་པ་སྤྱད་སྟབས།རིམ་བཞིན་དུ་སྐྱེ་ཕུང་ལ་འགྱུར་ལྡོག་བྱུང་ནས། སྤྲ་ནས་མི་རུ་འགྱུར་བའི་གོམ་པ་དང་པོ་སྤོས།”⑦དེ་བཞིན་དུ་གནའ་རྫས་རྟོག་ཞིབ་རིག་པའི་“བརྗོད་བྱ་ཆེན་པོ་གསུམ་”གྱི་ཡ་གྱལ་དུ་གྱུར་པའི་“ཞིང་ལས་ཀྱི་འབྱུང་ཁུངས་”ཐད་དུ། སུའུ་ལེན་གྱི་གནའ་རྫས་རྟོག་ཞིབ་རིག་པའི་མཁས་པ་ལེ་ཞེ་ཝ་ཞི་ལི་ཡེབ་ཀྱིས་《ཀྲུང་གོའི་ཤེས་རིག་གི་འབྱུང་ཁུངས་གནད་དོན་》ཞེས་པའི་དེབ་ཏུ། རྡོ་ཆས་གསར་པའི་དུས་རབས་སུ་“ཞིང་ལས་གསར་བརྗེ་”བྱུང་བའི་རྒྱུ་རྐྱེན་དེ་རྨ་ཆུའི་བཞུར་རྒྱུད་ནུབ་ཕྱོགས་ཀྱི་“རི་མདུན་ས་ཁུལ་དང་རི་ཁུལ་མཐོ་སྒང་”དུ་སོང་ནས་འཚོལ་དགོས་པའི་ཚོད་རྩིས་བྱས་མྱོང་ལ། ཐ་ན་“གནས་རྫས་རྟོག་ཞིབ་རིག་པ་སྨྲ་མཁན་དག་གིས་ད་བར་དུ་ཕལ་ཆེར་བརྟག་དཔྱད་བྱས་མ་མྱོང་བའི་གནས་ཏེ་མུ་མཐའ་བྲལ་བའི་རི་བོ་ཧི་མ་ལ་ཡ་དང་བོད་ལྗོངས་རི་ཁུལ་དུ་གསར་བརྗེ་དེ་རིགས་ཀྱི་རྗེས་ཤུལ་རྙེད་ཀྱང་སྲིད་”⑧ཅེས་པའི་ཚོད་རྩིས་ཀྱང་གནང་མྱོང་། དུས་ད་ལྟའི་བར་དུ་འགྲོ་བ་མིའི་འབྱུང་ཁུངས་དང་། ཞིང་ལས་ཀྱི་འབྱུང་ཁུངས། འགྲོ་བ་མིས་མཐོ་སྒང་ས་ཁུལ་དུ་གསར་སྦོལ་དང་མཐུན་འཇུག་བྱས་ཚུལ། རུ་བ་སྐྱས་སྤོའི་རིག་གནས་ཀྱི་དར་འཕེལ། གདོད་མའི་ཆོས་ལུགས་དང་སྒྱུ་རྩལ་གྱི་འབྱུང་ཁུངས། མཐོ་སྒང་གི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་བསྐྱར་འཛུགས་སོགས་གནད་དོན་གལ་ཆེན་⑨དུ་མའི་ཐད་དུ། བོད་ལྗོངས་མཐོ་སྒང་ནི་སྔར་བཞིན་དོ་ཁུར་ཆེན་པོ་བྱེད་པའི་ས་ཁོངས་ཤིག་ཡིན་ལ། དེ་ཡིས་མཐོ་སྒང་གི་དམིགས་བསལ་ཁོར་ཡུག་(དཔེར་ན་གྲང་ངར་ཆེ་ཞིང་དབྱང་དབུགས་དང་རྩི་ཤིང་ཐོན་ཁུངས་དཀོན་པ། སྲོག་ཆགས་ཁྱབ་སྟངས་ཁ་ཐོར་ཡིན་པ་སོགས)འོག་ཏུ་འགྲོ་བ་མིའི་འཚོ་གཞེས་ཀྱི་སྲིད་མཐའི་འགྲན་སློང་དོ་ར་ལེགས་ཤོས་འདོན་སྤྲོད་བྱས་པར་མ་ཟད། དུས་མཚུངས་སུ་མཐོ་སྒང་གི་སྣ་མང་རང་བཞིན་ཅན་གྱི་སྐྱེ་ཁམས་ཁོར་ཡུག་འོག་ཏུ་འགྲོ་བ་མིའི་རིགས་ཀྱིས་སྣོད་བཅུད་འབྲེལ་བ་བསྐྱར་བཟོ་བྱེད་པར“རང་བྱུང་ཚོད་ལྟ་ཁང་”ཆེན་མོ་འདོན་སྤྲོད་བྱས་ཡོད། དེ་ཡི་དབང་གིས་བོད་ལྗོངས་མཐོ་སྒང་ཡང་འཛམ་གླིང་གི་གནའ་རྫས་རྟོག་ཞིབ་རིག་པའི་མཁས་དབང་རྣམ་པའི་སེམས་ཁོང་གི་“ས་རྒོད་”དུ་གྱུར་ཅིང་། སྔོག་ཏུ་རི་བའི་གཏེར་མཛོད་འཛད་མཐའ་མེད་པ་ཞིག་ཏུ་གྱུར་ཡོད།
         མི་རིག་གི་ངོས་ནས་བཤད་ན། བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་རང་བྱུང་ཆ་རྐྱེན་གྱི་དབང་གིས་འགྲོ་བ་མིའི་གོམ་པ་ས་གཞི་འདིར་སྤོས་པ་ནས་བཟུང་། གདོང་གཏད་དགོས་པའི་གནད་དོན་དང་པོ་ནི་ཧ་ཅང་ཐེབས་ཆག་ཡིན་པའི་ཆ་རྐྱེན་འོག་ཏུ་མཐུན་འཇུག་དང་འཚོ་གཞེས་བྱེད་རྒྱུ་དེ་ཡིན་ལ། བོད་ལྗོངས་ཀྱི་གདོད་མའི་ཆོས་ལུགས་བོན་ཆོས་དང་། རྗེས་སུ་བོན་ཆོས་དང་རྒྱ་བརྒྱུད་ནང་བསྟན་དང་རྒྱ་གར་ནང་བསྟན་གཅིག་ཏུ་འདྲེས་ཏེ་གྲུབ་པའི་བོད་བརྒྱུད་ནང་བསྟན་གང་ཡིན་ན་ཡང་། མཐོ་སྒང་གི་གནམ་སའི་དངོས་པོ་ཡོད་དོ་ཅོག་ལ་ལྷ་འདྲེའི་དད་མོས་ཀྱིས་ཡོངས་སུ་ཁྱབ་ཅིང་། འགྲོ་བ་མི་དང་རང་བྱུང་ཁམས་ཀྱི་མཐུན་འཇུག་མཉམ་གནས་དེ་འགྲོ་བ་མིའི་བསམ་བློའི་འཇིག་རྟེན་གྱི་རྟག་བརྟན་ཐེར་ཟུག་གི་བརྗོད་བྱར་གྱུར་པ་དང་། འཇིག་རྟེན་པའི་འཚོ་བ་དང་ཆོས་ལུགས་དད་མོས་གཉིས་ཆུ་དང་འོ་མ་བཞིན་གཞི་གཅིག་ཏུ་འདྲེས་ཡོད། དེའི་ཕྱིར་ས་གཞི་ཆེན་མོ་འདིའི་སྟེང་དུ་ལུས་པའི་ལོ་རྒྱུས་རིག་གནས་ཤུལ་བཞག་ཁྲོད་དུ་ཆོས་ལུགས་རིག་གནས་ནི་ཚོན་མདངས་རྣམ་པར་བཀྲ་བ་ཞིག་ཡིན། གཞན་ཡང་སྐུ་ཞབས་ཐུང་ཨེན་ཀྲེང་གིས་སྔ་མོའི་དུས་སུ་བཞེད་པ་ནང་བཞིན། “བོད་ལྗོངས་དང་ཕྱི་རོལ་འཇིག་རྟེན་ལྟོས་བཅས་ཀྱིས་བར་ཐག་གིས་ཆོད་ཡོད་པ་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་དམིགས་བསལ་རང་བཞིན་གྱི་རྐྱེན་གྱིས། ས་ཁུལ་གཞན་པའི་རིག་གནས་ལ་འཕོ་འགྱུར་བྱུང་བའི་རྗེས་སུའང་འདི་རུ་ད་དུང་སྔར་བཞིན་མ་གཞིའི་རྣམ་པ་མ་འགྱུར་བར་ཡོད།⑩ དེ་ལྟ་བུའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟོས་བཅས་ཀྱི་རྗེས་ལུས་རང་བཞིན་གྱིས་ས་ཁུལ་གཞན་པ་རུ་སྔ་མོ་ནས་རྩ་མེད་དུ་གྱུར་པའི་གནའ་བོའི་ཤུལ་རྒྱུན་མང་པོ་ཞིག་ཡུལ་འདིར་སོར་གནས་ཐུབ་པ་བྱུང་། ཡིན་ན་ཡང་། དེ་འདྲའི་ལྟོས་བཅས་ཀྱི་བཀག་སྡོམ་རང་བཞིན་གྱིས་བོད་ལྗོངས་ནི་ཕྱི་རོལ་དང་ཡུན་རིང་པོར་འབྲེལ་ཐག་ཆད་པའི་“རིག་གནས་གླིང་ཕྲན་”ཞིག་ཏུ་གྱུར་པ་མི་མཚོན་ཏེ། ཉེ་བའི་ལོ་འདི་འགར་བོད་ལྗོངས་ནས་བུད་པའི་གནའ་རྫས་རྟོག་ཞིབ་ཀྱི་རྒྱུ་ཆ་འབོར་ཆེན་གྱིས་ཡི་གེ་མ་བྱུང་བའི་སྔོན་གྱི་བོད་ལྗོངས་ནས་བཙན་པོའི་དུས་སྐབས་བར་དུ། བོད་དང་ཉེ་འབྲེལ་རྒྱལ་ཁབ་དང་ས་ཁུལ་བར་དུ་འགྲོ་འོང་དང་འབྲེལ་འདྲིས་དམ་ཟབ་ཡོད་པ་ར་སྤྲོད་བྱས་འདུག ལྷག་པར་དུ་ཐང་རྒྱལ་རབས་ཏེ་མེས་རྒྱལ་ནང་ལོགས་ཀྱི་སྔོན་ཐོན་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་དང་། དེར་མ་ཟད་“མཐོ་སྒང་དར་གོས་ཚོང་ལམ་”བརྒྱུད་དེ་ཨེ་ཤ་ཡ་ཤར་མ་དང་ལྷོ་མ། ཨེ་ཤ་ཡ་དབུས་མ་བཅས་ཀྱི་ཤེས་རིག་གྲུབ་ཆ་རྒྱ་ཆེར་དང་ལེན་དང་བསྡུ་ལེན་བྱས་ཡོད། གནའ་རྫས་རྟོག་ཞིབ་བརྒྱུད་དེ་རྙེད་པའི་བཙན་པོའི་བང་སོ་དང་། པུར་སྒམ་རི་མོ། གསེར་དངུལ་གྱི་ཡོ་བྱད། སྒ་ཆས། དར་གོས། ནང་པའི་སྐུ་འདྲ། རྡོ་ཆས་ཤུལ་བཞག མཁར་རྫོང་སྡོད་ཁང་སོགས་ལས་ཕུན་སུམ་ཚོགས་པའི་རིག་གནས་ནང་རྫོང་དང་རྣམ་པར་བཀྲ་བའི་རིག་གནས་བཞིན་རས་མངོན་ཡོད་ལ། མཐོ་སྒང་འདི་ནི་དེ་སྔ་”ཨེ་ཤ་ཡའི་གནའ་རབས་ཤེས་རིག་འདུ་འཛོམས་གནས་”⑾ཡིན་པ་གསལ་པོར་མངོན་ཡོད།
         གོང་དུ་བཤད་ཟིན་པའི་ཕྱོགས་དེ་གཉིས་ཀྱི་དབང་གིས་བོད་ལྗོངས་གནའ་རྫས་རྟོག་ཞིབ་ལ་སྤྱིར་བཏང་མ་ཡིན་པའི་ཁྱད་ཆོས་ལྡན་ལ། བོད་ལྗོངས་མཐོ་སྒང་གིས་འགྲོ་བ་མིའི་རིགས་ཀྱིས་རང་ཉིད་འཚོ་གནས་ཀྱི་སྲིད་མཐའ་ལ་འགྲན་སློང་དང་། མཐོ་སྒང་གི་ཐལ་དྲགས་པའི་ཁོར་ཡུག་གསལ་སྦོལ་དང་དེ་ལ་མཐུན་འཇུག་བྱེད་པའི་ལོ་རྒྱུས་ཀྱི་མ་དཔེ་ཉག་གཅིག་བསྐྲུན་ཡོད་པར་མ་ཟད། མཐོ་སྒང་གི་གནའ་རབས་རིག་གནས་རྒྱུད་རྒྱུ་ཉར་ཚགས་བྱས་ཁར། འགྲོ་བ་མིའི་རིགས་ཀྱི་སྣ་མང་ཤེས་རིག་གི་རྒྱུ་རྐྱེན་འདུས་པའི་མ་དཔེ་གསོན་པོ་ཡག་ཤོས་སུའང་གྲུབ་ཡོད། དེ་ནི་ང་ཚོས་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་དམིགས་བསལ་དོན་སྙིང་དང་རིན་ཐང་ངོས་འཛིན་བྱེད་པའི་གཞི་རྩ་གལ་ཆེན་གཉིས་ཡིན་སྲིད་དོ། །
གཉིས་པ། བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་བྱས་རྗེས་གཙོ་བོ། 
         ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཚུན་ལ། བོད་ལྗོངས་རིག་དངོས་གནའ་རྫས་རྟོག་ཞིབ་ལས་དོན་ལ་ཕྱོགས་མང་པོ་ནས་གྲུབ་འབྲས་བླངས་ཡོད། དེའི་ཁྲོད་དུ་རིག་དངོས་དང་གནའ་རྫས་རྟོག་ཞིབ་ཀྱི་དོ་དམ་ལས་ཁུངས་དང་། ཞིབ་འཇུག་ལས་ཁུངས་ཀྱི་སྒྲིག་གཞི། ཆེད་ལས་སྡེ་ཁག་གི་འཛུགས་སྐྲུན། རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་བ་ལ་སོགས་པའི་ནང་དོན་མང་པོ་འདུས་ཡོད་ཅིང་། དེའི་སྐོར་ལ་མཁས་པ་མང་པོས་དཔྱད་གླེང་ཡང་བྱས་འདུག⑿ རྩོམ་ཡིག་འདིར་རིག་གཞུང་ཞིབ་འཇུག་གི་ཟུར་ངོས་ནས་བོད་ལྗོངས་གནའ་རྫས་རྟོག་ཞིབ་ལ་ཐོབ་པའི་རིག་གཞུང་བྱས་རྗེས་གཙོ་བོར་དཔྱད་བརྗོད་བྱ་རྩིས་ཡིན།
         གཅིག བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་བསྐྱར་འཛུགས་བྱེད་པ། སྐུ་ཞབས་ཀྲང་ཀོང་ཀྲི་ཡིས་ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་ཀྱི་དོན་སྙིང་གཙོ་བོའི་སྐོར་ལ་འདི་ལྟར་གསུངས་ཡོད་དེ། “ཡི་གེ་མ་བྱུང་གོང་གི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་རིག་པས། ཡི་གེ་མ་བྱུང་གོང་གི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་རྒྱུ་ཆ་མཁོ་འདོན་དང་དེ་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ཡང་གཅིག་བཤད་ན། ཡི་གེ་མ་བྱུང་གོང་གི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་རྒྱུ་ཆ་ཡོད་ཚད་གནའ་རྫས་རྟོག་ཞིབ་རིག་པ་ལས་ཐོན་པ་རེད།......དེའི་སྟབས་ཀྱིས་ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་ནི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་རིག་པ་ཡིན་ཟེར་ཆོག་ལ། ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་པ་ནི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་རིག་པ་བ་ཡིན་ཟེར་ཆོག” སྐད་གྲགས་ཅན་གྱི་གནའ་རྫས་རྟོག་ཞིབ་རིག་པ་བ་A.Hཏེན་ནེ་དང་V.Mམཱ་སུང་གིས་གནའ་རྫས་རྟོག་ཞིབ་རིག་པ་དང་ཡི་གེ་མ་བྱུང་གོང་གི་འཛམ་གླིང་གི་ལོ་རྒྱུས་ཀྱི་འབྲེལ་བ་ལ་རྒྱས་བཤད་འདི་ལྟར་བྱས་ཡོད་དེ། “གནའ་རྫས་རྟོག་ཞིབ་རིག་པས་ཡང་བསྐྱར་མི་རྣམས་ཀྱི་ཡི་གེ་མ་བྱུང་གོང་གི་འཛམ་གླིང་ལོ་རྒྱུས་ཀྱི་ཤེས་ཡོན་རྒྱ་བསྐྱེད་པ་དང་། ད་སྔའི་བར་མི་རྣམས་ཀྱིས་མ་ཤེས་པའི་གནའ་རབས་རིག་གནས་དང་གནའ་བོའི་ཤེས་རིག་ལྟེ་གནས་ཡོངས་སུ་བསྒྲག་ཐུབ་པ་བྱུང་། དེ་ལས་བྱུང་བའི་འདུ་ཤེས་གསར་པ་དང་ཐབས་ལམ་གསར་པས་གཞུང་ལུགས་གསར་པ་ཞིག་གྲུབ་པར་ཕན་ཐོགས་ཀྱང་འབྱུང་སྟེ། འཛམ་གླིང་ལོ་རྒྱུས་དེ་ཡོངས་ཁྱབ་དང་དམིགས་བསལ་གནས་ཚུལ་ཟུང་འབྲེལ་བྱས་པའི་རྙོག་འཛིང་རྣམ་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་རྒྱ་ཁྱབ་ཀྱི་འདྲ་མཚུངས་རང་བཞིན་གྱིས་འཛམ་གླིང་གི་འཕེལ་ཕྱོགས་མཚོན་ལ། ཡང་ན་ས་ཁུལ་རང་བཞིན་གྱི་ཁྱད་པར་ཆེན་པོ་རྒྱབ་ལྗོངས་བྱས་ནས་དེ་འདྲའི་འདྲ་མཚུངས་རང་བཞིན་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པ་རེད། ཕྱོགས་གཞན་ཞིག་ནས། དམིགས་བསལ་ས་ཁུལ་དང་དམིགས་བསལ་མི་རིགས་ཀྱི་ཞིབ་འཇུག་དེ་འཛམ་གླིང་རིག་གནས་ཀྱི་སྤྱི་པའི་བང་མཛོད་དུ་འཇོག་གིན་ཡོད་པ་རེད།”⒀ གཞུང་ལུགས་དེ་དག་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཞིབ་འཇུག་ལག་ལེན་དང་ཡང་འཚམ་པ་རེད། དོན་དངོས་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ལ་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པ་བས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་ཀྱི་གནད་དོན་གལ་ཆེན་འགའི་སྟེང་ནས་གསར་གཏོད་རང་བཞིན་གྱི་བྱ་བ་བསྒྲུབས་པ་དང་། རྒྱལ་སྤྱིའི་རིག་གཞུང་ལས་རིགས་ཀྱི་དོ་སྣང་ལ་ཨ་ལན་བསློགས་པར་མ་ཟད།⒁ ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་རིག་པ་བའི་ལས་འགན་ཕྲག་ཏུ་བླངས་ནས་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་གསར་པ་ཡི་གེར་བྲིས་པ་རེད།
         ཁོ་བོས་བལྟས་ན། གནའ་རྫས་རྟོག་ཞིབ་རིག་པ་སྤྱིའི་ཆ་ནས་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་ཞུགས་ནས་བཞག་པའི་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་གལ་ཆེ་ཤོས་ནི། ཐོག་མར་ལོ་རྒྱུས་རྙིང་པའི་ཁྲོད་ཀྱི་སྔ་རབས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ངོས་འཛིན་གཞི་རྩའི་ཐོག་མགོ་རྟིང་བསློགས་པ་དང་། ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་བསྐྱར་འབྲི་བྱས་པ་དེ་རེད། ལོ་རྒྱུས་འཕེལ་ཕྱོགས་དེའི་དཀྱོག་མཚམས་ནི་ཐོག་མར་སྐུ་ཞབས་ཐུང་ཨེན་ཀྲེང་གིས་འགོ་འཛིན་བྱས་པའི་བོད་ལྗོངས་ཆབ་མདོའི་ཁ་རུབ་གནའ་ཤུལ་གྱི་བརྟག་དཔྱད་དང་སྔོག་འདོན་ཡིན་ལ། དེ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་བོད་ལྗོངས་ལོ་རྒྱུས་དང་འབྲེལ་བའི་བརྩམས་ཆོས་ཕལ་ཆེ་བས་ལོ་ངོ་5000ལྷག་གི་སྔ་རོལ་གྱི་ཁ་རུབ་གནའ་ཤུལ་རིག་གནས་ནས་འགོ་གླེང་གི་ཡོད། མཚོན་རྟགས་རང་བཞིན་ལྡན་པའི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་དེའི་དོན་སྙིང་གལ་ཆེན་གཞན་ཞིག་ནི། བོད་ཀྱི་ཡི་གེ་མ་བྱུང་གོང་གི་འགྲོ་བ་མིའི་རིགས་ཀྱི་འཕེལ་རིམ་དང་ཉེ་འབྲེལ་ས་ཁུལ་ཐོག་མར་དམ་པོར་སྦྲེལ་ཡོད་པ་དང་། སྒང་པ་བོད་ནི་“ཡུལ་མཐའ་འཁོབ་”ཅིག་མ་ཡིན་པར་དུས་སྐབས་དེའི་རྨ་ཆུའི་སྟོད་རྒྱུད་ཀྱི་ས་ཁུལ་དག་དང་ཕན་ཚུན་བརྟེན་ཅིང་གནས་ལ། འབྲེལ་འདྲིས་དམ་ཟབ་ཡོད་པ། འགྲོ་ལམ་དང་འཁོར་ལམ་གཅིག་གི་སྟེང་དུ་འཁོར་སྐྱོད་བྱེད་ཀྱི་ཡོད་པ་ཚན་རིག་དང་མཐུན་པར་གསལ་བཤད་བྱས་པ་རེད། ཁ་རུབ་གནའ་ཤུལ་གྱི་རྗེས་ནས་གནའ་རྫས་རྟོག་ཞིབ་ལས་རིགས་ཀྱིས་བོད་ཀྱི་རྡོ་ཆས་རྙིང་པའི་དུས་རབས་དང་རྡོ་ཆས་གསར་པའི་དུས་རབས། ལྕགས་རིགས་དུས་རབས་སྔ་མ་བཅས་ཀྱི་གསར་རྙེད་གལ་ཆེན་དང་ཐོད་བརྒལ་གལ་ཆེན་རབ་དང་རིམ་པ་བྱུང་བ་ཚང་མས་བོད་ཀྱི་ཡི་གེ་མ་བྱུང་བའི་གོང་གི་ལོ་རྒྱུས་འབྲི་བར་དགོས་ངེས་ཀྱི་ཆ་རྐྱེན་གྲ་སྒྲིག་བྱས་པ་རེད།
         དུས་རབས་21པའི་ཚུན་ལ། བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་རིག་པའི་གྲུབ་འབྲས་ཁྱོན་ཡོངས་ནས་སྤྱི་བསྡོམས་དང་བེད་སྤྱོད་གང་ལེགས་བྱས་པའི་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་ལ་བགྲང་ཆོག་པ་ནི་ཉེ་ལམ་གསར་དུ་པར་སྐྲུན་བགྱིས་པའི་《བོད་ལྗོངས་ལོ་རྒྱུས་ཆེན་མོ། སྔ་རབས་དེབ་》⒂ཅེས་པ་དེ་ཡིན། བརྩམས་ཆོས་དེའི་ཚན་པ་མང་ཆེ་ཤོས་ནི་གནའ་རྫས་རྟོག་ཞིབ་ཀྱི་རྒྱུ་ཆ་གཞིར་བཟུང་ནས་བརྩམས་ཡོད་ཅིང་། ནང་དོན་ལ་མིའི་རིགས་མཐོ་སྒང་དུ་གཏན་སྡོད་བྱས་པའི་ལོ་རྒྱུས་དང་། བོད་ལྗོངས་ཀྱི་རྡོ་ཆས་རྙིང་པའི་དུས་རབས། བོད་ལྗོངས་ཀྱི་རྡོ་ཆས་གསར་པའི་དུས་རབས། བོད་ལྗོངས་ཀྱི་སྔ་རབས་ཤེས་རིག་གི་འབྱུང་ཁུངས། ཡ་ཐོག་ཆོས་ལུགས་དང་སྒྱུ་རྩལ། ཚན་རིག་ལག་རྩལ་སོགས་ཕྱོགས་སོ་སོར་འབྲེལ་ཡོད། སྒྲིག་སྟངས་ཀྱི་ཕྱོགས་ནས་ད་དུང་མི་འདང་ས་ཡོད་མོད། འོན་ཀྱང་དུས་རབས་རིམ་བྱུང་གི་ལོ་རྒྱུས་བརྩམས་ཆོས་ཀྱི་གཞི་རྩའི་གྲུབ་རྒྱུ་ཚང་ཞིང་། དུས་རབས་རིམ་བྱུང་གི་ལོ་རྒྱུས་ཀྱི་ངོ་བོ་ལྡན་པའི་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་དེབ་ཐེར་ཐོག་མ་རུ་གྱུར་ཡོད་ལ། ཚན་རིག་དང་མཐུན་པར་གནའ་རྫས་རྟོག་ཞིབ་ཀྱི་རྒྱུ་ཆ་སྤྱད་ནས་ཡང་བསྐྱར་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་འབྲི་བའི་སྒོ་འཕར་ཕྱེ་ཡོད།
         དེ་དང་འབྲེལ་ཡོད་ཀྱི་བརྩམས་ཆོས་གཞན་ཞིག་ནི། ཁོ་བོ་དང་ཝང་ཡུས། ལུའེ་ཧུང་ལིའང་གསུམ་གྱིས་ཐུན་མོང་དུ་བརྩམས་པའི་《གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་དང་བོད་ལྗོངས་ཀྱི་ཤེས་རིག་ལོ་རྒྱུས་》ཞེས་པའི་དུམ་པ་དང་པོའི་《ཡི་གེ་མ་བྱུང་གོང་གི་དུས་རབས་》⒃ཞེས་པ་དེ་ཡིན། དེབ་དེའི་ནང་དུ་རྩོམ་པ་པོས་“གནའ་རྫས་རྟོག་ཞིབ་རིག་པ་གཞིར་བཟུང་བའི་ཡིག་དེབ་རྩོམ་འབྲི་”ཞེས་པའི་རྟོག་དོན་བཏོན་ཅིང་། སྔོན་ཆད་རྒྱ་ཡིག་གི་ལོ་རྒྱུས་དཔྱད་གཞིར་བརྟེན་ནས་བྲིས་པའི་བོད་ལྗོངས་ཀྱི་གནའ་རབས་ལོ་རྒྱུས་དང་བོད་ཡིག་གི་དཔྱད་གཞིའི་ཡིག་ཆའི་ཁྲོད་འཁོད་པའི་བོད་ལྗོངས་ཀྱི་གནའ་བོའི་ལོ་རྒྱུས་ལ་ལྷ་སྒྲུང་དང་ངག་རྒྱུན། འཆར་ཡན་སོགས་ཀྱིས་ཁེངས་ཡོད་པས་ལོ་རྒྱུས་འཐད་ལྡན་དུ་འཛིན་དཀའ། གནའ་རྫས་རྟོག་ཞིབ་རིག་པར་གཞི་བཅོལ་བའི་ཡིག་དེབ་རྩོམ་འབྲི་ནི་མགོ་བརྩམས་མ་ཐག་ནས་ལོ་རྒྱུས་འབྲི་སྟངས་རྙིང་པ་དང་ཡིག་དེབ་རྩོམ་འབྲིའི་རྣམ་པ་རྙིང་པ་དང་ཁ་ཁ་སོ་སོར་གྱུར་ཅིང་། དེབ་དེའི་ས་བཅད་རེ་རེ་ཚང་མ་གནའ་རྫས་རྟོག་ཞིབ་རིག་པ་ལས་རྙེད་པའི་ཚན་རིག་དང་མཐུན་པའི་རྒྱུ་ཆ་གཞིར་བཟུང་སྟེ་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་བྲིས་ཡོད་པ་དང་། བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་ཕྱོགས་གལ་ཆེན་སྐོར་ཞིག་སྔ་ཕྱིར་སྤྲོས་བཤད་བྱས་ཡོད་དེ། དཔེར་ན་མདོ་དབུས་མཐོ་སྒང་གི་གནའ་སྔ་མོའི་རྔོན་ལས་དང་འཚོལ་སྒྲུག་མི་ཚོགས་བྱུང་ཚུལ་དང་། ཡི་གེ་མ་བྱུང་གོང་གི་མཉམ་འདུས་ཚོ་པ་དང་སྡོད་གནས་གྲུབ་ཚུལ། གདོད་མའི་ཞིང་ལས་ཀྱི་འབྱུང་ཁུངས། ཡི་གེ་མ་བྱུང་གོང་གི་དཔལ་འབྱོར་དང་རིག་གནས། ཡི་གེ་མ་བྱུང་གོང་གི་དུར་སྦེད་དང་དད་མོས། སྔ་དུས་ཀྱི་ལྕགས་རིགས་ཡོ་བྱད་དང་“གནའ་སྔ་མོའི་ལྕགས་རིགས་དུས་རབས།”ཡི་གེ་མ་བྱུང་གོང་གི་འགྲིམ་འགྲུལ་དང་ཉོ་འཚོང་། ཡི་གེ་མ་བྱུང་གོང་གི་སྒྱུ་རྩལ་གྱི་འབྱུང་ཁུངས་སོགས་སོ། །དེ་ལྟ་བུའི་ཚོད་ལྟ་དེ་ད་དུང་ཧ་ཅང་ཞིབ་ཚགས་ཤིག་མིན་མོད། འོན་ཀྱང་ཚད་ངེས་ཅན་ཞིག་གི་སྟེང་ནས་གནའ་རྫས་རྟོག་ཞིབ་རིག་པས་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་བསྐྱར་འཛུགས་ལ་བཞག་པའི་བྱས་རྗེས་མཚོན་ཡོད།
         གཉིས། ལོ་རྒྱུས་ཀྱི་རྒྱུ་ཆ་གསར་པ་མཁོ་འདོན་བྱས་པ། ཡི་གེར་འཁོད་པའི་ལོ་རྒྱུས་ཀྱི་དུས་རབས་སུ་སླེབས་པ་ན། བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱིས་བྱས་རྗེས་གལ་ཆེན་གཞན་ཞིག་བཞག་ཡོད་པ་ནི། མུ་མཐུད་དུ་ལོ་རྒྱུས་ཀྱི་རྒྱུ་ཆ་གསར་པ་མཁོ་སྤྲོད་བྱས་པ་དང་། བོད་ལྗོངས་ཀྱི་གནའ་བོའི་ལོ་རྒྱུས་ཞིབ་འཇུག་ལ་བར་སྟོང་གསར་པ་རྒྱ་བསྐྱེད་པ་དེ་རེད། བོད་ཀྱི་ཡིག་འབྲིའི་མ་ལག་བྱུང་བ་ཅུང་འཕྱི་སྟེ། ཕལ་ཆེར་ཀྲུང་ཡོན་གྱི་ཐང་རྒྱལ་རབས་སྐབས་སུ་ད་གཟོད་གྲུབ་པ་རེད། བོད་ཡིག་ཡིག་རྙིང་གི་དཔྱད་གཞིའི་ཡིག་ཆ་ལ་ཏུན་ཧོང་གི་བོད་ཡིག་ཡིག་ཆ་ལས་གཞན་ད་རུང་ཞིན་ཅང་དང་། བོད་ལྗོངས། མཚོ་སྔོན་སོགས་སུ་ས་འོག་ནས་ཐོན་པའི་བོད་ཡིག་ཡིག་རྙིང་གི་ཁྲམ་ཤིང་དང་། བྲག་བརྐོས་ཡི་གེའི་རིགས།ཅོང་ཡིག་སོགས་ཉུང་ཤོས་ཤིག་ཐང་རྒྱལ་རབས་དང་བོད་བཙན་པོའི་དུས་སྐབས་སུ་ཡར་འདེད་ཆོག་པའི་ལོ་རྒྱུས་རྒྱུ་ཆ་ཡིན་པ་ཕུད།⒄ བོད་ཡིག་བརྩམས་ཆོས་ཕལ་ཆེ་བ་ནི་སྤྱི་ལོའི་དུས་རབས་14པའི་རྗེས་སུ་བྱུང་བ་ཡིན་པར་མ་ཟད། མང་ཤོས་ཆོས་ལུགས་ཀྱི་ཤན་ཤུགས་ཆེ་བའི་“ཆོས་འབྱུང་”གི་རིགས་ཡིན། ལོ་རྒྱུས་ཀྱི་རྒྱུ་ཆ་གསར་པ་འཐོབ་དགོས་ན། ང་ཚོས་ད་ཡོད་ཀྱི་ཡིག་ཆའི་མ་ལག་ཁྲོད་གསར་རྙེད་(དཔེར་ན། བསྟན་བཅོས་གེ་མོ་ཞིག་བོར་བརླག་བྱུང་ནས་སླར་མངོན་པ་དང་། ཡང་ན་རྒྱལ་ནང་དུ་མེད་ཀྱང་ཕྱི་རྒྱལ་དུ་གསར་རྙེད་བྱུང་བ་སོགས་ཀྱི་གནས་ཚུལ་ལྟ་བུ)འབྱུང་བའི་རེ་བ་ཤིན་ཏུ་ཉག་ཕྲ་ཞིང་། རྒྱུ་ཆ་གསར་པ་རྙེད་སྲིད་པའི་ལམ་ནི་གནའ་རྫས་རྟོག་ཞིབ་རིག་པ་ཁོ་ནའོ། །
         གནའ་རྫས་རྟོག་ཞིབ་རིག་པ་བོད་རིག་པའི་ཁྱབ་ཁོངས་སུ་ཞུགས་རྗེས། གནའ་རྫས་རྟོག་ཞིབ་གསར་པས་ལོ་རྒྱུས་ཀྱི་རྒྱུ་ཆ་གསར་པ་རྒྱུན་མ་ཆད་པར་མཁོ་སྤྲོད་བྱས་པ་དང་། ལོ་རྒྱུས་ཀྱི་རྒྱུ་ཆ་དེ་དག་ལས་ལ་ལ་ནི་མ་གཞི་ནས་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པའི་གནའ་རབས་བོད་ཡིག་གི་ལོ་རྒྱུས་རྒྱུ་ཆའམ་རྒྱ་ཡིག་གི་ལོ་རྒྱུས་རྒྱུ་ཆ་ཡིན། དཔེར་ན།ཉེ་བའི་ལོ་འདི་འགར་མཚོ་སྔོན་དང་ཞིན་ཅང་སོགས་སུ་གནའ་བོའི་བོད་ཡིག་གི་ཁྲམ་ཤིང་ཡང་བསྐྱར་གསར་རྙེད་བྱུང་།⒅ བོད་ལྗོངས་ཀྱི་ཤར་ཕྱོགས་ས་ཁུལ་དང་སི་ཁྲོན་གྱི་ནུབ་བྱང་མཐོ་སྒང་དུ་མུ་མཐུད་བརྟག་དཔྱད་བྱས་པ་བརྒྱུད་ནས་བོད་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་སྐུ་བརྙན་སྐོར་ཞིག་རྙེད་པ་དང་། སྐུ་བརྙན་དེ་དག་དང་ལྷན་དུ་བོད་ཡིག་དང་རྒྱ་ཡིག་གི་ཁ་བྱང་མི་ཉུང་བ་ཞིག་རྟག་པར་འཐོན་གྱི་ཡོད་པས། ང་ཚོས་རྒྱ་བོད་འདྲེས་མཚམས་ས་ཁུལ་གྱི་ནང་བསྟན་སྒྱུ་རྩལ་གྱི་གསར་རྩོམ་གོ་རིམ་དང་། བོད་བཙན་པོའི་དུས་སྐབས་ཀྱི་ཆོས་ལུགས་སྒྱུ་རྩལ་དང་ཐང་བོད་འབྲེལ་བ། ལྷ་བཟོའི་ཐོབ་ཐང་དང་བོད་བཙན་པོའི་དུས་ཀྱི་ཡོན་བདག་བར་གྱི་འབྲེལ་བ་བཅས་ལ་རྟོག་དཔྱོད་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད།⒆ ཉེ་ཆར་མཚོ་སྔོན་གྱི་རྣམ་པར་སྣང་མཛད་ལྷ་ཁང་ལ་བརྟག་དཔྱད་བྱེད་དུས། བོད་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་སྐུ་བརྙན་དག་ལ་ལོ་རྟགས་གསལ་པོར་འཁོད་པའི་ཁ་བྱང་ཡོད་པར་མ་ཟད། ད་དུང་ལེགས་སྦྱར་དང་། བོད་ཡིག རྒྱ་ཡིག་བཅས་ཡིག་རིགས་གསུམ་གྱིས་བརྐོས་པའི་《ཤེས་རབ་སྙིང་པོ་》⒇ཡང་རྙེད་པ་རེད། མཚོ་སྔོན་ཡུལ་ཤུལ་གྱི་ལེགས་པ་ཁོག་ཏུ་རྙེད་པའི་བོད་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་སྐུ་བརྙན་མང་པོ་ནི། བརྗོད་བྱ་ཕུན་སུམ་ཚོགས་པ་དང་བཟོ་བཀོད་ལེགས་ལ་མཛེས་པའི་པར་རིས་ཡིན་པ་ལས་གཞན་ད་དུང་རིང་ཐུང་མི་འདྲ་བའི་བོད་ཡིག་གི་ཁ་བྱང་མང་པོ་ཡོད་ལ། དེའི་ནང་དུ་《ཚེ་མདོ་》དང་《ཤེས་རབ་སྙིང་པོ་》གཞན་ཡང་ཡོན་བདག་གི་མིང་སོགས་བརྗོད་བྱ་མི་འདྲ་བ་སྣ་ཚོགས་ཡོད།﹙21﹚སྐྱིད་ལུང་རྫོང་ཁོངས་ནས་རྙེད་པའི་ཐང་རྒྱལ་རབས་དུས་ཀྱི་《ཐང་ཆེན་མོ་དང་རྒྱ་གར་བར་གྱི་ཕོ་ཉའི་བྲག་བརྐོས་ཡི་གེ་》﹙22﹚ནི་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་ནས་རྙེད་པའི་ལོ་རྒྱུས་སྔ་ཤོས་ཀྱི་ཐང་རྒྱལ་རབས་ཀྱི་རྡོ་བརྐོས་ཡི་གེ་ཡིན་ལ། དེའི་ནང་དོན་ལ་ཐང་རྒྱལ་རབས་ཀྱི་བཀའི་ཕོ་ཉ་ཝང་ཞོན་ཚེ་རྒྱ་གར་དུ་ཆས་སྐབས་སུ། ཐང་གི་དུས་སྟོད་དུ་གསར་དུ་བཏོད་པའི་བོད་དང་ནེ་པ་ལ་བར་གྱི་བགྲོད་ལམ་སྐྱིད་ལུང་དུ་སླེབས་པའི་ལོ་རྒྱུས་རྒྱུ་ཆ་རྩ་ཆེན་ཞིག་ཡིན་པ་དང་། ཐང་རྒྱལ་རབས་སྐབས་ཀྱི་ཀྲུང་གོ་དང་རྒྱ་གར་གྱི་འགྲིམ་འགྲུལ་ལོ་རྒྱུས་དང་། ཐང་བོད་འབྲེལ་བའི་ལོ་རྒྱུས་སྟེང་གི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་གལ་ཆེ་ཤོས་ཤིག་ཀྱང་ཡིན་པས། དུས་སྐབས་དེའི་དར་གོས་ཚོང་ལམ་སྟེང་གི་འགྲིམ་འགྲུལ་དང་ཕྱི་ཕྱོགས་རིག་གནས་བརྗེ་རེས་ལ་ཞིབ་འཇུག་བྱེད་པར་ལོ་རྒྱུས་རྒྱུ་ཆ་གསར་པ་གསར་རྐྱང་ཞིག་འདོན་སྤྲོད་བྱས་ཡོད། ཉེ་བའི་ལོ་འགའི་རིང་པ་སངས་དབང་འདུས་དང་། ཤར་རྒན་དབང་འདུས། ཤ་བོ་མཁར་བྱམས་སོགས་བོད་ཀྱི་རིག་གནས་པ་སྐོར་ཞིག་གིས་བོད་ལྗོངས་ཀྱི་དམངས་ཁྲོད་དུ་ཐོར་བའི་བོད་བཙན་པོའི་རྡོ་རིང་ཡི་གེ་དང་གཞུང་ཡིག་སོགས་ལ་བརྟག་དཔྱད་འཚོལ་སྡུད་ཀྱི་བྱ་བ་ནུས་ལྡན་དུ་བསྒྲུབས་ཤིང་གྲུབ་འབྲས་རིམ་བཞིན་ཁྱབ་བསྒྲགས་བྱེད་བཞིན་ཡོད།﹙23﹚ གོང་གསལ་བྱ་བ་དེ་དག་ཚང་མས་བོད་ལྗོངས་ཀྱི་གནའ་རབས་ལོ་རྒྱུས་ཞིབ་འཇུག་ལ་རྒྱུ་ཆ་གསར་པ་འདོན་སྤྲོད་བྱས་པར་མ་ཟད་ཞིབ་འཇུག་གི་བར་སྟོང་གསར་པ་ཡང་རྒྱ་བསྐྱེད་ཡོད།
         གནའ་རྫས་རྟོག་ཞིབ་ཀྱི་རྒྱུ་ཆ་གཞན་ཞིག་ནི་དཔྱད་གཞིའི་ཡིག་རིགས་མིན་ན་ཡང་དངོས་རྫས་ཀྱི་ལོ་རྒྱུས་རྒྱུ་ཆ་འགངས་ཆེན་ཡིན་པས། ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་ཆའི་མི་འདང་སར་ཁ་གསབ་དང་གྲ་རྒྱས་ཕུན་ཚོགས་སུ་གཏོང་ཐུབ།དཔེར་ན། དར་གོས་བོད་བཙན་པོའི་ས་ཆར་མཆེད་ཚུལ་གྱི་སྐོར་ལ་མཚོན་ན་སྔོན་ཆད་ཀྱི་དཔྱད་གཞི་ཡིག་ཆར་ཏོག་ཙམ་བཀོད་ཡོད་ན་ཡང་ཁ་གསལ་པོར་བཤད་མེད། བོད་བཙན་པོའི་དུས་ཀྱི་མི་རྣམས་ཀྱིས་དར་གོས་བེད་སྤྱོད་བྱེད་པའི་གནས་ཚུལ་ཡང་གཙོ་བོ་དཔྱད་གཞི་ཡིག་ཆ་དང་བརྒྱུད་འོངས་པའི་རི་མོའི་དཔྱད་གཞི་ལ་བརྟེན་ནས་རིགས་འདེད་བྱ་དགོས། དཔེར་ན་ཐང་གི་ཡན་ལི་པིན་གྱིས་བྲིས་པར་གྲགས་པའི་《ཁྱོགས་བཏེག་རི་མོ་》རུ་ཐང་རྒྱལ་རབས་ཀྱི་ཀྲེན་ཀོན་ཁྲི་ལོ་བཅོ་ལྔ་པར་(641)བོད་བཙན་པོའི་ཕོ་ཉ་མགར་སྟོང་བཙན་རྒྱའི་རྒྱལ་ས་ཁྲང་ཨན་དུ་སོང་ནས་རྒྱ་བཟའ་ཀོང་ཇོ་བོད་དུ་བསུ་བའི་སྣང་ཚུལ་བྲིས་ཡོད། རི་མོའི་ངོས་ཀྱི་མགར་སྟོང་བཙན་གྱིས་གོང་བ་ཟླུམ་གོར་ཅན་གྱི་ཕྱུ་པ་རིང་པོ་གྱོན་ཡོད་ཅིང་། ཕྱུ་པའི་ཁ་ཁྱུད་སྟེང་དུ་གཡང་བྱ་ནོར་བུས་བསྐོར་བའི་རི་མོ་ཡོད་པ་གསལ་པོར་མཐོང་ཐུབ། སྐུ་ཞབས་ཧྲེན་ཚུང་ཝུན་གྱིས་ཕྱུ་པ་དེ་ལ་“ཕུ་ཐུང་ཆུང་བའི་ཟ་འོག་ཕྱུ་ཆེན་མེ་ཏོག་མ་”ཞེས་བརྗོད་ཅིང་། དེ་ནི་《ཐང་གི་ཁྲིམས་གཞུང་དྲུག་》གི་ནང་དུ་བསྟན་པའི་སི་ཁྲོན་གྱི་བཟོ་པོས་བཏགས་པའི་ཕྱི་“ཟ་འོག་ཕྱུ་ཆེན་”ཡིན་པར་སྙམ་ཞིང་། དེ་ནི་ཐང་རྒྱལ་རབས་སྐབས་སུ་ཁྲེང་ཏུའུ་ཡི་འཐག་ལས་བཟོ་པས་ལོ་རེར་200རེ་བཏགས་ནས་གོང་མར་འབུལ་དགོས་ལ། ཐང་སྲིད་གཞུང་གིས་ཁྲང་ཨན་དུ་ཡོང་བའི་ཕོ་ཉ་ལ་གནང་བའམ་དམིགས་བསལ་ལེགས་སྐྱེས་སུ་ཆེད་དུ་བཏགས་པ་ཞིག་ཡིན་ནོ། །﹙24﹚ཉེ་བའི་ལོ་འགའི་རིང་བོད་ལྗོངས་ནུབ་ཕྱོགས་སུ་རྙེད་ཅིང་རྒྱ་ཡིག་“王侯”ཞེས་པ་བྲིས་ཡོད་པའི་ཧན་ཅིན་དུས་སྐབས་ཀྱི་དར་གོས་﹙25﹚ཀྱིས་དར་གོས་བོད་ལྗོངས་མཐོ་སྒང་དུ་དར་བའི་དུས་ཚོད་དེ་སྤྱི་ལོའི་དུས་རབས་3-5པར་སྔ་སྣུར་བྱས་ལ།ཀྲུང་ཡོན་གྱི་གོང་མའི་སྲིད་གཞུང་གིས་དར་གོས་དེ་དམིགས་བསལ་ལེགས་སྐྱེས་རིགས་ཤིག་ཏུ་བརྩིས་ནས་ཐག་རིང་གི་“ཚོ་དཔོན་ཆེན་པོ་”ལ་འབུལ་བའི་བྱེད་ཐབས་དེ་སྔ་མོ་ནས་སྤྱོད་བཞིན་པའང་བདེན་དཔང་བྱས་ཡོད། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཏུའུ་ལན་གྱི་བོད་བཙན་པོའི་བང་སོ་ནས་ཐོན་པའི་དར་གོས་ཧྲལ་ཧྲུལ་དག་﹙26﹚ལས་ང་ཚོས་དར་གོས་མི་འདྲ་བའི་རྒྱུ་སྤུས་དང་རྒྱན་རིས། འཐག་ཐབས། ཡོང་ཁུངས། བེད་སྤྱོད་བྱེད་སྟངས་བཅས་ཀྱི་ཞིབ་ཆ་དུ་མར་རྟོག་དཔྱོད་བྱེད་ཐུབ། དེ་དག་ཚང་མ་སྔོན་ཆད་ཀྱི་ལོ་རྒྱུས་དཔྱད་གཞི་རུ་མཐོང་དཀོན་པའི་དངོས་རྫས་ཀྱི་བདེན་དཔང་འགངས་ཆེན་ཡིན་ནོ། །
         དཔེར་བརྗོད་གཉིས་པ་ལ་ཉེ་ཆར་གནའ་རྫས་རྟོག་ཞིབ་བརྒྱུད་གསར་རྙེད་དང་བརྟག་དཔྱད་ལས་ཐོབ་པའི་བོད་བཙན་པོའི་གསེར་དངུལ་གྱི་ཡོ་ཆས་བཞག་ཆོག་སྟེ། ལོ་རྒྱུས་དཔྱད་གཞིར་བཀོད་པ་ལྟར་ན། བོད་བཙན་པོའི་དུས་ཀྱི་གསེར་དངུལ་གྱི་ཡོ་ཆས་ལ་རིགས་སྣ་མང་བར་མ་ཟད་བཟོ་བཀོད་མཛེས་ལ་བཟོ་རྩལ་ཞིབ་པས་ཆུ་ཚད་ཧ་ཅང་མཐོན་པོར་སླེབས་ཡོད། ཨ་མེ་རི་ཁའི་མཁས་པ་ཞེ་ཧྥུར་གྱིས་ཁོང་གི་བརྩམས་ཆོས་གྲགས་ཅན་《ས་མར་ཧན་གྱི་གསེར་གྱི་ཁམ་བུ་》(རྒྱ་འགྱུར་མའི་མིང་ལ་《ཐང་རྒྱལ་རབས་དུས་ཀྱི་ཕྱི་ཡོང་ཤེས་རིག་》ཟེར)ཞེས་པ་རུ། “ཐང་རྒྱལ་རབས་ཀྱི་རིག་གནས་ལ་བྱས་རྗེས་བཞག་པའི་རྒྱལ་ཁབ་སོ་སོའི་ལག་ཤེས་བཟོ་ལས་པའི་ཁྲོད་དུ། བོད་བཙན་པོའི་རྒྱལ་རབས་ཀྱི་བཟོ་ལས་པས་གོ་གནས་གལ་ཆེན་བཟུང་ཡོད། བོད་བཙན་པོའི་རྒྱལ་རབས་ཀྱི་གསེར་རིགས་ཡོ་བྱད་ནི་ལྟ་ན་སྡུག་ཅིང་རྩ་ཆེན་པོ་ཡིན་པ།བཟོ་རྩལ་ལེགས་པ་བཅས་ཀྱིས་འཛམ་གླིང་དུ་སྙན་གྲགས་འབར། བོད་བཙན་པོའི་རྒྱལ་རབས་ཀྱིས་ཐང་རྒྱལ་རབས་ལ་སྐྱེས་སུ་ཕུལ་བའི་ས་གནས་ཀྱི་རྟེན་འབུལ་དངོས་རྫས་དང་ལེགས་སྐྱེས་སྐོར་གྱི་འབྲེལ་ཡོད་ཟིན་བྲིས་སུ་བོད་བཙན་པོའི་རྒྱལ་རབས་ཀྱི་གསེར་གྱི་ཐོན་རྫས་ཆེ་རིགས་ཐེངས་མང་བཀོད་ཡོད། བོད་བཙན་པོའི་རྒྱལ་རབས་ཀྱི་གསེར་གྱི་རྒྱན་ཆའི་བཟོ་རྩལ་ནི་དུས་རབས་བར་མའི་སྐབས་ཀྱི་བྱས་རྗེས་ངོ་མཚར་ཅན་ཞིག་རེད་”ཅེས་གདེང་འཇོག་བྱས་འདུག﹙27﹚ འོན་ཀྱང་དུས་ཡུན་རིང་པོའི་ནང་བོད་བཙན་པོའི་སྐབས་ཀྱི་གསེར་དངུལ་ཡོ་ཆས་མི་རྣམས་ཀྱིས་དངོས་སུ་མཐོང་ཐུབ་པ་མང་པོ་མེད་པས། དཔྱད་གཞི་ཡིག་ཆ་རུ་བྲིས་པ་དག་དོན་དངོས་དང་མཐུན་མིན་ཁ་ཚོན་གཅོད་དཀའ་བར་གྱུར་ཡོད། ཉེ་བའི་ལོ་འགའི་རིང་། གནའ་རྫས་རྟོག་ཞིབ་བརྒྱུད་ས་འོག་ནས་ཐོན་པ་དང་ཕྱི་རྒྱལ་དུ་འཁྱར་བའི་གསེར་དངུལ་ཡོ་ཆས་འབོར་ཆེན་རྙེད་པ་ཡིས་ད་གཟོད་ང་ཚོའི་ཤེས་རྟོགས་ཕུན་སུམ་ཚོགས་པོར་བཏང་། བོད་བཙན་པོའི་དུས་ཀྱི་གསེར་དངུལ་ཡོ་ཆས་ནི་བཟོ་དབྱིབས་ཐད་ནས་བཤད་ན་ཕོར་པ། སྡེར་མ། དཀར་ཡོལ། དེམ་སོགས་འཚོ་བའི་སྤྱོད་ཆས་འདྲ་མིན་ཡོད་ལ། རྣ་ལུང་དང་མཛུབ་དཀྲིས་སོགས་རྒྱན་ཆ་དང་། གྱོན་ཆས་སྟེང་གི་རྒྱན་རིས་རྒྱན་ཆ་སྣ་ཚོགས་ཡོད་པར་མ་ཟད། ད་རུང་རྟ་ཆས་སྒ་ཆས་སོགས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གསེར་དངུལ་གྱི་རྒྱན་ཆ་ཡང་ཡོད། གཞན་ཡང་། ཡོ་ཆས་ཀྱི་ཕྱི་ངོས་ལ་རྒྱན་སྤྲས་པའི་གསེར་དངུལ་གྱི་མཛེས་རྒྱན་སྣ་ཚོགས་ཀྱང་དར་ཁྱབ་ཤིན་ཏུ་ཆེ། རྒྱན་སྤྲས་ཁྱད་ཆོས་ཐད་ནས་བལྟས་ན། བོད་བཙན་པོའི་དུས་ཀྱི་གསེར་དངུལ་ཡོ་ཆས་ལ་སེང་གེ་དང་། ལུག ཤྭ་བ། བྱ་ཀེར་ལངས། ག་རུ་ཌ། རི་དྭགས་རྭ་གཅིག་མ་སོགས་སྲོག་ཆགས་ཀྱི་རྒྱན་རིས་སྣ་ཚོགས་དར་བར་མ་ཟད། དུས་མཚུངས་སུ་འཕང་མ་དང་།པད་འཛིང་། ཐགས་འཁྱུད་སོགས་སྐྱེ་དངོས་སྣ་ཚོགས་ཀྱི་རྒྱན་ཆས་ཀྱང་དར་ཁྱབ་ཆེ། ད་རུང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་ཆས་རི་མོ་ཡང་གསར་གཏོད་བྱས་ཡོད་དེ། དཔེར་ན་བྱ་མཇིང་བསྣོལ་དང་། གཅན་གཟན་གཤོག་པ་ཅན། བྱ་མི་གདོང་ཅན། མི་བྱ་རྐང་ཅན། ཕན་ཚུན་སྐྱོར་བའི་བཟི་བོ། འཁོར་གར་སྒྱུར་མཁན་ལ་སོགས་པ་ཡང་ཡོད། བཟོ་སྐྲུན་ལག་རྩལ་གྱི་ངོས་ནས་བོད་བཙན་པོའི་དུས་ཀྱི་གསེར་དངུལ་ཡོ་ཆས་ལ་རྡུང་བ་དང་རྡར་རྒྱག ཚ་གསེར་དང་གསེར་གཏོང་། བཟེད་སྙོམས། ཚ་ལ་རྒྱག་པ། ཕྲ་གདབ་པ། བརྐོས་འབིག འབུར་རིས་རྒྱག་པ། གསེར་སྐུད་འཛུགས་པ། གསེར་ཕྲ་རྒྱག་པ། གསེར་ཆུ་འབྱུག་པ་སོགས་ལག་རྩལ་མང་པོ་འདུག དེའི་ཕྱིར་བོད་བཙན་པོའི་དུས་ཀྱི་གསེར་དངུལ་ཡོ་ཆས་ལ་གསོན་ཉམས་དོད་ཅིང་། རྒྱན་བཀོད་སྣ་མང་གྲ་རྒྱས་ཡིན་ལ། མི་རིགས་ཀྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་བཅས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྣམ་པས་﹙28﹚དཔྱད་གཞི་ཡིག་ཆར་བཀོད་པ་བསྙོན་མེད་དོན་དངོས་ཡིན་པ་ར་སྤྲོད་གང་ལེགས་བྱེད་ཐུབ།
         དཔེར་བརྗོད་གསུམ་པ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་དང་སྒྱུ་རྩལ་ལོ་རྒྱུས་ཀྱི་ཟུར་ངོས་ནས། མཚོ་སྔོན་ནས་རྙེད་པའི་བོད་བཙན་པོའི་དུས་ཀྱི་པུར་སྒམ་རི་མོ་སྐོར་ཞིག་གི་ལོ་རྒྱུས་དཔྱད་ཡིག་གི་རིན་ཐང་གལ་ཆེན་ནས་གླེང་ཆོག་སྟེ། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཚྭ་འདམ་གཤོང་སའི་བས་མཐའི་ཏུའུ་ལན་ཆུ་ཁོལ་དང་གཏེར་ལེན་ཁའི་ཀུའོ་ལི་མུའུ་ཡི་བོད་བཙན་པོའི་དུས་ཀྱི་དུར་ཁྲོད་ནས་དུར་སྒམ་རི་མོ་ཚོན་ཁྲ་ཅན་སྐོར་ཅིག་བུད་ལ།(ཚོན་ཁྲ་ཅན་གྱི་ཤིང་བཟོས་དུར་རྫས་ཚུད་ཡོད།)﹙29﹚རི་མོའི་ཁྲོད་གྱོན་ཆས་སྣ་ཚོགས་གྱོན་པའི་མི་སྣའི་གཟུགས་བརྙན་དང་། ཡོ་ཆས། དེ་བཞིན་དུ་གུར་དང་། ཚོང་སྡེ། གསོལ་འཐུང་། རྔོན་རྒྱག་པ། འཁྲིག་སྤྱོད་སོགས་ཀྱི་རྣམ་པ་མང་པོ་མངོན་ཡོད་པས། དེ་ནི་བོད་བཙན་པོའི་དུས་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་གི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གལ་ཆེ་ཤོས་ཤིག་རེད་ཅེས་བརྗོད་ཆོགང་ཚོས་དེ་ལས་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རིགས་ནང་བྲིས་པའི་“གདོང་ལ་མཚལ་འབྱུག་(赭面)”ཅེས་པའི་གོམས་སྲོལ་དེ་པུར་སྒམ་དུ་བྲིས་པའི་མི་སྣའི་སྣང་བརྙན་དུ་ཇི་ལྟར་མཚོན་ཡོད་པ་ཐེངས་དང་པོར་ཤེས་རྟོགས་བྱུང་བ་དང་། མི་རྣམས་ཀྱི་མཛེས་སྡུག་གི་རྒྱན་གོས་ལས་《ཐང་གི་ལོ་རྒྱུས་རྙིང་མ་ལས་བོད་ཀྱི་ལོ་རྒྱུས་》སུ་བོད་པས་“ཕ་མར་མྱ་ངན་ཞུ་དུས་སྐྲ་བཞར། གདོང་ལ་རམས་འབྱུག གྱོན་གོས་ནག་པོ་ཤ་སྟག་གྱོན་”ཞེས་བཀོད་པ་དེ་ལོ་རྒྱུས་ཀྱི་དོན་དངོས་དང་ཁྱད་པར་ངེས་ཅན་ཞིག་ཡོད་ཀྱང་སྲིད་པ་རི་མོ་ལས་ཐེངས་དང་པོར་ཤེས་རྟོགས་བྱུང་། དུས་མཚུངས་སུ། བོད་བཙན་པོའི་དུས་ཀྱི་སྲོལ་རྒྱུན་གོམས་སྲོལ་ཁྲོད་ཀྱི་འདས་མཆོད་ཀྱི་ཆོ་གའི་ཁྲོད་གནས་སྲིད་པའི་ཆོ་ག་དང་གོ་རིམ་﹙30﹚མཐོང་ཐུབ་པ་དང་། དར་གོས་ཚོང་ལམ་ཐོག་གི་སོག་དག་དང་ཞན་པེ་དང་མཐུན་ཆ་ཡོད་པའི་རིག་གནས་གོམས་གཤིས་﹙31﹚འགའ་ཤས་མཐོང་ཐུབ། དེ་དག་ཚང་མ་ནི་སྔོན་ཆད་རྒྱ་བོད་ལོ་རྒྱུས་དཔྱད་ཡིག་ཁྲོད་དུ་བྱུང་མ་མྱོང་བའི་དཔྱད་གཞི་རྒྱུ་ཆ་གསར་པ་ཤ་སྟག་ཡིན་ལ། མཁས་པ་རྣམས་ལ་ཚན་རིག་ཞིབ་འཇུག་བྱ་ཡུལ་གསར་པ་ཞིག་ཀྱང་བཏོད་པ་རེད།
         གསུམ། བོད་ལྗོངས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་རྗེས་ཤུལ་འཚོལ་བ། གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་བྱ་ཡུལ་གྱི་ཁོངས་སུ་ཤུལ་རྗེས་དང་ཤུལ་བཞག་དངོས་རྫས་བཅས་རིགས་ཆེན་པོ་གཉིས་འདུས། དེའི་ཁྲོད་དུ་གོང་རིམ་དབང་སྒྱུར་གྲལ་རིམ་གྱིས་སྐབས་དེར་རང་ཉིད་ཀྱི་ཆེ་བ་བརྗོད་པ་དང་མི་རབས་རྗེས་མར་སྟོན་ཆེད་རང་ཉིད་ལ་བསྐྲུན་པའི་བང་སོ་ཆེན་པོ་དང་ལྷ་ཁང་དང་དགོན་སྡེ་སོགས་ཡོད་ལ། འོག་རིམ་མི་དམངས་མང་ཚོགས་ཀྱིས་ཤུལ་དུ་བཞག་པའི་ཐོན་སྐྱེད་དང་འཚོ་བའི་ཡོ་བྱད་ཀྱང་ཡོད། དེས་གནའ་རྫས་རྟོག་ཞིབ་པ་རྣམས་ལ་སྤྱི་ཚོགས་ལོ་རྒྱུས་ལ་ལྟ་ཞིབ་བྱེད་པའི་“འཕྲེད་བཅད་ངོས་”ཤིག་མཁོ་འདོན་བྱས་ལ་ཕྱོགས་མི་འདྲ་བ་ནས་ལྟ་ཞིབ་དང་དབྱེ་ཞིབ་བྱེད་ཐུབ། དེ་བས་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་བྱས་རྗེས་གཙོ་བོ་གཞན་ཞིག་ནི་བོད་ལྗོངས་མཐོ་སྒང་གི་དུས་རབས་མི་འདྲ་བ་དང་མི་ཚོགས་མི་འདྲ་བའི་ཤུལ་བཞག་གི་གནའ་རྫས་རྟོག་ཞིབ་ཀྱི་དཔྱད་གཞིའི་རྒྱུ་ཆ་བརྒྱུད་མི་རྣམས་ལ་བོད་ཀྱི་གནའ་རབས་སྤྱི་ཚོགས་ཆགས་ཚུལ་དང་འཕེལ་རྒྱས་ཀྱི་འབྱུང་རྩ་དང་། ནང་གནས་གཏན་ཚིགས། སྤྱིར་བཏང་གི་འགྲོ་ཕྱོགས་སོགས་འཚོལ་ཞིབ་བྱེད་པར་ཕྱི་རོལ་ཡུལ་དང་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།
         ཁོ་བོས་དེ་སྔོན་དུས་ཡུན་རིང་པོར་གནའ་རྫས་རྟོག་ཞིབ་རིག་པ་སྤྱད་དེ་ལྟ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད་བོད་ལྗོངས་གནའ་རབས་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་རྗེས་ཤུལ་ཆགས་ཚུལ་ལ་གཤམ་གསལ་གྱི་ལྟ་བ་འགའ་བཏོན་མྱོང་ཡོད་དེ། དང་པོ། ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཁྲོད་བོད་ལྗོངས་ཀྱིས་ཕྱོགས་གཅིག་ནས་རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱས་པ་དང་། དུས་མཚུངས་སུ་མཐའ་འཁོར་གྱི་ས་ཁུལ་དང་རིགས་རྒྱུད་བར་འབྲེལ་བ་དམ་པོ་བཟུང་ཡོད་པ་རེད། ཕྱིས་སུ་བོད་ཀྱི་གནའ་བོའི་ཤེས་རིག་གི་ནང་སྙིང་དུ་ཆགས་པའི་རིག་གནས་རྒྱུ་རྐྱེན་ཁ་ཤས་ཁྲོད་དུ་ཀྲུང་གོའི་བྱང་ཕྱོགས་རྩྭ་ཐང་དང་ལྷོ་ནུབ་རི་ཁུལ་སོགས་ཀྱི་གནའ་རབས་རིག་གནས་ཀྱི་ནང་བཅུད་ཕུན་སུམ་ཚོགས་པ་འདུས་ཡོད་ལ། དེ་ནི་རིག་གནས་དེ་དག་གིས་ཕན་ཚུན་བསྡུ་ལེན་དང་ཕན་ཚུན་འབྲེལ་འདྲིས་བྱས་པའི་བརྒྱུད་རིམ་ཁྲོད་ཆགས་པ་རེད། གཉིས་པ།མིག་སྔར་མཐོང་ཐུབ་པའི་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་རྡོ་ཆས་གསར་པའི་དུས་རབས་ནས་སྔ་དུས་ཀྱི་ལྕགས་རིགས་ཡོ་ཆས་དུས་རབས་བར་གྱི་མཚམས་རེར་ཆད་ལ་མཚམས་རེར་མཐུད་པའི་འཕེལ་རྒྱས་རྗེས་ཤུལ་ངོས་ནས། ང་ཚོས་ཀྲུང་ཡོན་དང་། བྱང་ཕྱོགས། ལྷོ་ནུབ་སོགས་མཐའ་འཁོར་ས་ཁོངས་དག་བོད་ལྗོངས་མཐོ་སྒང་ལ་སྔ་ཕྱི་བར་གསུམ་དུ་འགུག་ཤུགས་ལྡན་པ་ཚོར་ཐུབ་ལ། ཕྱོགས་གཞན་ཞིག་ནས་བོད་ལྗོངས་ཤེས་རིག་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་གོང་གསལ་ས་ཁུལ་དག་ལ་ཕྱོགས་ཤུགས་ཆེ་ནས་ཆེ་རུ་སོང་བ་ཚོར་ཐུབ། ཤུགས་དེ་གཉིས་ཕན་ཚུན་ལ་ནུས་པ་ཐོན་པའི་འོག་ཏུ་བོད་ལྗོངས་ཀྱི་གནའ་རབས་ཤེས་རིག་འཕེལ་རྒྱས་རྗེས་ཤུལ་ནི་ཐོག་མཐའ་བར་གསུམ་དུ་ཤར་ཕྱོགས་མེས་རྒྱལ་གྱི་ཀྲུང་ཡོན་ས་ཁུལ་བསྐོར་ནས་འཁོར་བ་ལས་ཕྱོགས་གཞན་ལ་འཁོར་མེད་དོ། ། གསུམ་པ། བོད་ལྗོངས་གནའ་རབས་ཤེས་རིག་གི་སྲོག་ཤིང་དུ་གྱུར་པའི་བོད་བཙན་པོའི་དུས་ཀྱི་ཤེས་རིག་གིས་ཕྱོགས་གཅིག་ནས་བོད་ལྗོངས་མཐོ་སྒང་གི་རྡོ་ཆས་གསར་པའི་དུས་རབས་དང་སྔ་དུས་ཀྱི་ལྕགས་རིགས་དུས་རབས་ནས་བཟུང་སྦྲུམ་འགོ་བརྩམས་པའི་རང་གི་རིག་གནས་སྲོལ་རྒྱུན་རྒྱུན་འཛིན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཕྱི་ནས་ཡོང་བའི་ཤེས་རིག་གི་སྔོན་ཐོན་གྲུབ་འབྲས་བསྡུ་ལེན་དང་བསྒྱུར་བཀོད་བྱས་ཡོད། བོད་བཙན་པོའི་རྒྱལ་རབས་ཀྱི་ཆེས་མཐོའི་དབང་སྒྱུར་པས་སྐབས་ཤིག་ལ་ལྷོ་ཕྱོགས་ཀྱི་རྒྱ་གར་དང་བྱང་ངོས་ཀྱི་གྲུ་གུ་དང་ཡུ་གུར་སོགས་ས་ཁུལ་དང་མི་རིགས་ལས་ལམ་ལུགས་དང་རིག་གནས་ཐད་ཀྱི་རྒྱབ་སྐྱོར་བཙལ་མྱོང་མོད། འོན་ཀྱང་སྤྱི་ཚོགས་རིག་གནས་ཀྱི་གཞི་རྩའི་སྒྲོམ་གཞི་དང་གྲུབ་ཆ་གཙོ་བོར་ཐོག་མཐའ་བར་གསུམ་དུ་བོད་བཙན་པོའི་ཤེས་རིག་གི་སྲོལ་རྒྱུན་དང་རང་མདངས་རྒྱུན་འཁྱོངས་བྱས་ཡོད། དེ་ཡང་བོད་བཙན་པོའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་རིག་གནས་དང་རང་མདངས་ཁྲོད་དུ། ཆུ་དང་འོ་མ་འདྲེས་པ་བཞིན་དུ་ཀྲུང་ཡོན་ཤེས་རིག་གི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་ཤུལ་རྗེས་ཡོད།
         གོང་གསལ་བརྟག་ཞིབ་ལས་མཐོང་ཐུབ་པ་ནི། བོད་ལྗོངས་ཤེས་རིག་དེ་ཀྲུང་ཧྭའི་ཤེས་རིག་མ་ལག་ཏུ་འདྲེས་པའི་ལོ་རྒྱུས་བརྒྱུད་རིམ་ཧ་ཅང་རིང་བར་མ་ཟད་རྒྱུན་ཁྲིགས་ཆགས་ཤིང་རང་ངོས་ཀྱི་འཕེལ་རྒྱས་གོ་རིམ་ཡང་ལྡན།﹙32﹚ གལ་ཏེ་ཁོ་བོའི་ལྟ་བ་དེ་དག་དཔྱད་བཟོད་པ་བྱུང་ཚེ། གནའ་རྫས་རྟོག་ཞིབ་ཀྱི་རྒྱུ་ཆ་དང་ལོ་རྒྱུས་ཀྱི་དཔྱད་ཡིག་ཕན་ཚུན་ཟུང་འབྲེལ་གྱིས་དེ་བས་གཏིང་ཟབ་པའི་བོད་ལྗོངས་སྤྱི་ཚོགས་ཀྱི་ལོ་རྒྱུས་གནད་དོན་འཚོལ་ཞིབ་དང་། ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་རྗེས་ཤུལ་འཚོལ་ཐུབ་ཅིང་། དེ་ཉིད་“ཀྲུང་ཧྭ་མི་རིགས་ཀྱི་ཚོགས་པ་གཅིག་པའི་འདུ་ཤེས་”འཛུགས་པ་ལ་དགེ་མཚན་ལྡན་པ་སྨོས་མེད་རེད།
གསུམ་པ། བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་དཔེ་གཞི་གྲུབ་པ་དང་དེའི་དོན་སྙིང་།
         ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ལ་ཕྱི་མིག་བལྟས་ཚེ། ཐོག་མའི་དུས་ནི་གཙོ་བོ་གནའ་རྫས་རྟོག་ཞིབ་ཀྱི་དཔྱད་གཞིའི་ཡིག་རིགས་ཟམ་མ་ཆད་པར་སྔོག་འདོན་དང་གསོག་འཇོག་བྱས་པ་དང་། རྗེས་ཤུལ་དང་ཤུལ་བཞག་དངོས་རྫས་སྣ་ཚོགས་ཟམ་མ་ཆད་པར་ཇེ་མང་དུ་སོང་བ་ཞིག་ཡིན་ལ། དེའི་སྐོར་དེ་སྔ་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡོམས་དང་ཕྱིར་ལྟའི་སྐབས་རྒྱས་བཤད་མང་ཙམ་བྱས་ཡོད། དུས་རབས་21པར་སླེབས་པ་ནས་བཟུང་། རིགས་པའི་གཞུང་ལུགས་གསར་གཏོད་དང་མ་དཔེ་འཛུགས་རྒྱུར་མཐོང་ཆེན་བྱེད་འགོ་ཚུགས་ལ། ཀྲུང་གོའི་གནའ་རྫས་རྟོག་ཞིབ་མཁས་པས་གནའ་རྫས་སྔོག་འཚོལ་དང་བརྟག་དཔྱད་མང་པོ་བྱས་པའི་རྨང་གཞིའི་ཐོག སྔ་ན་མེད་པའི་གནའ་རྫས་རྟོག་ཞིབ་ཀྱི་དཔྱད་གཞིའི་ཡིག་རིགས་གསར་པར་བརྟེན་ནས། ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་ཉམས་འགྱུར་ལྡན་པའི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་དཔེ་གཞི་འཛུགས་འགོ་བརྩམས།
         དཔེ་གཞི་ཞེས་པའི་ཐ་སྙད་འདི་ནི། 1964ལོར་ཨ་རིའི་ཚན་རིག་མཚན་ཉིད་རིག་པ་བ་ཐོ་མ་སི་ཁོན་གྱིས་བརྩམས་པའི་《ཚན་རིག་གསར་བརྗེའི་སྒྲིག་གཞི་》ཞེས་པའི་དེབ་ནང་དུ་བཏོན་པ་དང་། 1996ལོར་དེབ་དེ་ཡང་བསྐྱར་པར་སྐྲུན་བྱེད་དུས་སུ་ཁོང་གིས་ཐ་སྙད་དེ་ལ་སྔར་ལས་གསལ་བའི་ཕྱོགས་བསྡུས་དང་འགྲེལ་བཤད་བརྒྱབ་ཡོད་དེ། “བརྡ་ཆད་འདི་བདམས་དོན་ནི་ཡོངས་ཁྱབ་ཏུ་དང་ལེན་བྱེད་པའི་ཚན་རིག་ལག་ལེན་དཔེ་མཚོན་འགའ་ཞིག་སྟོན་པའི་ཆེད་ཡིན་ལ། དཔེ་མཚོན་དེའི་ཁོངས་སུ་ངེས་སྲོལ་དང་། གཞུང་ལུགས། ཉེར་སྤྱོད། དཔྱད་ཆས་སྒྲིག་བཀོད་སོགས་འདུ་ཞིང་། དེ་དག་གིས་ཆེད་དམིགས་གཅིག་གྱུར་གྱི་ཚན་རིག་ཞིབ་འཇུག་སྲོལ་རྒྱུན་ལ་རྨང་གཞིའི་དཔེ་རྣམ་མཁོ་འདོན་བྱེད་ཐུབ་པ་རེད།”﹙33﹚ ཐ་སྙད་དེ་ཐོག་མར་རང་བྱུང་ཚན་རིག་ལ་ཁ་གཏད་ནས་བཤད་པ་ཡིན་མོད། འོན་ཀྱང་མི་རིག་ཚན་རིག་ལ་གཏོགས་པའི་གནའ་རྫས་རྟོག་ཞིབ་རིག་པ་དང་སྒོས་སུ་ཁ་གཏད་རང་བཞིན་ལྷག་པར་ཆེ་བའི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ལ་མཚོན་ན། “ཡོངས་ཁྱབ་ཏུ་དང་ལེན་བྱེད་པའི་ཚན་རིག་ལག་ལེན་དཔེ་མཚོན་”དེ་རིགས་ནི་དོན་དངོས་སུ་གནས་པ་ཞིག་རེད།
         1950ལོའི་ཡར་སྔོན་གྱི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ལས་དོན་ལ་ཕྱི་མིག་བལྟས་ཚེ། གཞི་རྩའི་ཐོག་ནུབ་ཕྱོགས་མཁས་པ་དག་གིས་གཏམ་བརྗོད་དབང་ཆ་བཟུང་འདུག་པ་རེད། སྐུ་ཞབས་ཐུང་ཨེན་ཀྲེང་གིས་དོན་ལ་གནས་པའི་དཔྱད་འཇོག་གནང་བ་ནང་བཞིན། སྐབས་དེའི་གནའ་རྫས་རྟོག་ཞིབ་ལས་དོན་ནི་ས་ངོས་རིག་དངོས་ཉུང་ཉུང་ཞིག་གི་བརྟག་ཞིབ་ལས་མ་འདས་ལ། བརྟག་ཞིབ་པ་མང་ཆེ་བ་ཡང་ཆེད་ལས་མ་ཡིན་པའི་གནའ་རྫས་རྟོག་ཞིབ་བྱེད་མཁན་ཡིན་ལ།ཁོང་ཚོ་ནི་ཆོས་སྤེལ་མཁན་དང་ཚོང་པ། ཉེན་བརྟག་པ་སོགས་མངོན་གསལ་ལམ་ཡང་ན་གསང་སྟབས་ཀྱིས་བོད་ལྗོངས་ལ་འོངས་ཤིང་། ཕྱིར་བསྒྲགས་པའི་གནའ་རྫས་རྟོག་ཞིབ་སྐོར་གྱི་གནས་ཚུལ་མང་ཤོས་ཀྱང་“ཁ་ཐོར་དགུ་ཐོར་”གྱི་སྒོ་ནས་ཡིག་ཐོག་ལ་བཀོད་པ་ཞིག་རེད།﹙34﹚ དེའི་ཕྱིར་ཚན་རིག་གི་རིན་ཐང་མི་མཐོ་ཞིང་། “དཔེ་གཞི་”ནི་དེ་བས་ཀྱང་གླེང་ཐབས་མེད་པ་ཞིག་རེད།
         དུས་རབས་20པའི་ནུབ་ཕྱོགས་ཀྱི་མཁས་པའི་ཁྲོད་བཀུར་བར་འོས་པའི་ཤར་ཕྱོགས་རིག་པའི་མཁས་དབང་ཐུའུ་ཆི་(Tucci)ལགས་ཀྱིས་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཐད་བཞག་པའི་བྱས་རྗེས་ནི་ཆེས་འབུར་ཐོན་ཡིན་ལ། ཁོང་གིས་ཁྱབ་ཁོངས་ཁ་ཤས་ནང་དུ་ཚན་རིག་གི་དཔེ་གཞི་འཛུགས་འགོ་བརྩམས་ཡོད། དཔེར་ན། ཁོང་གི་བརྩམས་ཆོས་《བོད་ལྗོངས་རི་མོའི་ཤོག་དྲིལ་》(Tibetan Painted Scrolls)ཞེས་པའི་དཔེ་ཆའི་ནང་དུ་ཁོང་གིས་བོད་ལྗོངས་ཆོས་ལུགས་སྒྱུ་རྩལ་ནང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་“ཐང་གའི་”ཤོག་དྲིལ་གྱི་ཞིབ་འཇུག་ཁྲོད་དུ། བོད་ཀྱི་གནའ་དཔེ་གྲགས་ཅན་འབོར་ཆེན་ཕན་ཚུན་གཤིབ་བསྡུར་བྱས་པ་དྲངས་ཏེ།ཐང་གའི་རི་མོ་དེ་བོད་ལྗོངས་ནང་བསྟན་གྲུབ་མཐའ་ཁག་གི་ལོ་རྒྱུས་དང་མཁས་གྲུབ་དག་གི་རྣམ་ཐར་སོགས་དང་ཟུང་སྦྲེལ་དམ་པོ་བྱས་ནས། གྲུབ་མཐའ་མི་འདྲ་བ་ཁག་གི་ཐང་གའི་རི་མོ་བྱུང་བའི་ལོ་རྒྱུས་དང་ཆོས་ལུགས་ཀྱི་རྒྱབ་ལྗོངས་ལ་བརྟག་དཔྱད་མཛད་ཡོད།﹙35﹚ དཔེ་གཞི་དེ་ཡིས་ནུབ་ཕྱོགས་ཀྱི་བོད་རིག་པ་དང་བོད་ལྗོངས་སྒྱུ་རྩལ་ལོ་རྒྱུས་ཞིབ་འཇུག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པར་མ་ཟད། ཀྲུང་གོའི་མཁས་པས་བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་པར་དཔེ་བལྟ་ས་རྩ་ཆེན་འདོན་སྤྲོད་བྱས་ཡོད་པ་རེད།
         ཡིན་ན་ཡང་ལྟོས་བཅས་ཀྱིས་བཤད་ན། ས་ངོས་དང་ས་འོག་ཏུ་ཉར་ཚགས་བྱས་པའི་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་དང་དངོས་པོ་སྣ་ཚོགས་ལ་རི་ཐང་གནའ་རྫས་རྟོག་ཞིབ་བྱེད་པའི་བྱ་བའི་ཁྲོད་དུ། ཐུའུ་ཆི་གནས་པའི་དུས་རབས་ཀྱི་རྒྱབ་ལྗོངས་ཀྱིས་ཁོང་གི་དཔེ་གཞི་འཛུགས་པའི་ཚོད་ལྟ་ལ་ཚད་བཀག་ཆེན་པོ་ཐེབས་པར་བྱས་ཤིང་། བྱ་བ་སྤེལ་བའི་ཁྱབ་ཁོངས་དང་ཡང་ན་ལག་སོན་བྱུང་བའི་གནའ་རྫས་རྟོག་ཞིབ་རྒྱུ་ཆ་གང་ཡིན་ཀྱང་། ཕལ་མོ་ཆེ་ནི་“ ཐ་ཐོར་ཅན་”ཡིན་པས། བར་སྟོང་གི་ཆ་ནས་རྒྱ་བསྐྱེད་རང་བཞིན་མེད་པ་དང་དུས་ཚོད་ཀྱི་ཆ་ནས་རྒྱུན་མཐུད་རང་བཞིན་མེད་པ་རེད། ད་ལྟ་གལ་ཏེ་ང་ཚོས་ཡང་བསྐྱར་ཐུའུ་ཆིས་དེ་སྔ་བརྩམས་པའི་《བོད་ལྗོངས་གནའ་རྫས་རྟོག་ཞིབ་》བཀླགས་ཚེ། ཁོང་གིས་“ཡི་གེ་མ་བྱུང་གོང་གི་དུས་སྐབས་དང་ཡི་གེ་བྱུང་བའི་དུས་སྐབས་”དང་། “ལོ་རྒྱུས་ཡོད་པའི་དུས་སྐབས” “བོད་ལྗོངས་སྒྱུ་རྩལ་གྱི་འགོ་ཁུངས་”བཅས་ཕྱོགས་ཆེན་པོ་གསུམ་གྱི་དུས་ཚོད་དང་བར་སྟོང་གི་ཁོངས་མཚམས་དང་གནད་དོན་སྟོན་ཕྱོགས་བཀར་ཡོད་མོད། འོན་ཀྱང་སྤྱི་ཡོངས་ནས་བཤད་ན་སྔར་བཞིན་“ཐ་ཐོར་ཅན་”གྱི་སྐྱ་ཐིག་རང་བཞིན་གྱི་ཞིབ་འབྲི་ཡིན་ལ། གནའ་ཤུལ་དངོས་རྫས་བར་གྱི་ཕན་ཚུན་གཤིབ་བསྡུར་དང་ཕན་ཚུན་འབྲེལ་བ། འབྱུང་སྲིད་པའི་དུས་དང་བར་སྟོང་གི་འབྲེལ་བ་བཅས་སྐོར་གྱི་གྲོས་བསྡུར་མི་འདང་བ་རེད། དོན་དངོས་སུ། གནའ་རྫས་རྟོག་ཞིབ་རིག་པའི་རིག་ཚན་གྱི་སྦྱོང་བརྡར་ལེགས་པོ་ཐོབ་པའི་མཁས་པ་ཞིག་ཡིན་པའི་ཆ་ནས། ཁོང་གིས་ཀྱང་ཁོ་རང་བྱང་ཆ་ཆེ་བའི་ཐང་གའི་རི་མོའི་ཤོག་དྲིལ་གྱི་ཞིབ་འཇུག་དང་འདྲ་བར། དཔེ་གཞི་རིགས་གེ་མོ་ཞིག་འཛུགས་པའི་རེ་བ་བཅངས་ཡོད་དེ། དཔེར་ན། ཁོང་གིས་བོད་ལྗོངས་ཀྱི་ནང་བསྟན་དགོན་པ་མང་པོར་བརྟག་ཞིབ་བྱས་མྱོང་ལ། དགོན་པ་དེ་དག་གི་ངོས་མཉམ་གྲུབ་ཚུལ། སྒོ་ཁྱམས་དང་ལྷ་ཁང་གི་འབྲེལ་བ། བསྐོར་ལམ་བར་ཁྱམས། ལྷ་ཁང་གི་ཀ་བ། ལྷ་ཁང་ནང་གི་ལྷ་སྐུ་སྣ་ཚོགས་སོགས་ཕྱོགས་མང་པོར་ཐུན་མིན་ཁྱད་ཆོས་ཡོད་པར་དོ་སྣང་བྱས་ཡོད་ལ། དེ་དག་ལ་རིགས་དགར་བའི་ཚོད་ལྟའང་བྱས་ཡོད་པ་རེད།﹙36﹚ ཡིན་ན་ཡང་ཁོང་གིས་མཐར་ཐུག་ཚན་རིག་དང་མཐུན་པའི་དཔེ་གཞི་འཛུགས་ཐུབ་མེད་པ་དང་། ཁྱོན་ཡོངས་དང་མ་ལག་ལྡན་པ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་བོད་ལྗོངས་ཀྱི་དུས་སྐབས་མི་འདྲ་བ་དང་། རིགས་དབྱིབས་མི་འདྲ་བའི་ནང་བསྟན་དགོན་སྡེ་ཁག་སྤྱི་ཁྱབ་རང་བཞིན་གྱི་འཕེལ་རྒྱས་ཀྱི་སྒྲོམ་གཞིའི་ནང་དུ་བཞག་སྟེ་འགྲེལ་བརྗོད་བྱེད་ཐུབ་མེད་པ་རེད།
         གཤིབ་བསྡུར་བྱས་ཏེ་བཤད་ན། བོད་ལྗོངས་ནང་བསྟན་དགོན་སྡེའི་གནའ་རྫས་རྟོག་ཞིབ་ལ་གཞོལ་བའི་རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་མཁས་པ་འདས་པོ་སྐུ་ཞབས་སུའུ་པའེ་ལགས་ནི་མཁས་པ་སྔ་མ་དག་ལས་ཐོད་བརྒལ་བྱུང་སྟེ། ཁྱབ་རྒྱ་ཆེ་ལ་མཛུབ་སྟོན་དོན་སྙིང་ལྡན་པའི་དཔེ་གཞི་ཆ་ཚང་ཞིག་བཙུགས་པ་རེད། ཁོང་གི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་ནི་《བོད་བརྒྱུད་ནང་བསྟན་དགོན་སྡེའི་གནའ་རྫས་རྟོག་ཞིབ་》﹙37﹚ཅེས་པའི་དེབ་དེ་རེད། བསྟན་བཅོས་དེའི་ནང་དུ་སྐུ་ཞབས་སུའུ་པའེ་ལགས་ཀྱིས་གནའ་རྫས་རིགས་དབྱིབས་རིག་པའི་ཐབས་ལམ་ཐོག་མར་སྤྱད་དེ། བོད་ལྗོངས་ནང་བསྟན་དགོན་སྡེའི་ངོས་མཉམ་གྲུབ་ཚུལ་དང་། བསྐོར་ལམ་བར་ཁྱམས་ཀྱི་འགྱུར་ལྡོག ལྷ་ཁང་དང་ཚོམས་ཁང་གི་ཆེ་ཆུང་འབྲེལ་བའི་འཕེལ་འགྱུར་སོགས་ཀྱི་རྒྱུ་རྐྱེན་གཞིར་བཟུང་ཞིང་། ལྷ་ཁང་ནང་གི་དུས་རབས་ཀྱི་ཁྱད་གཤིས་མངོན་པར་མཚོན་པའི་ཀ་གདུང་བསྣོལ་བའི་འགྱུར་ལྡོག་གི་ཆོས་ཉིད་དང་ཟུང་འབྲེལ་བྱས་ཏེ། བལྟས་ན་རྙོག་ཟིང་ཆེ་བའི་གནའ་རྫས་རྟོག་ཞིབ་ཀྱི་རྒྱུ་ཆ་འབོར་ཆེན་རང་ངོས་ཀྱི་ནང་གི་འབྲེལ་བ་ལྟར་གྲལ་བསྒྲིགས་ནས་གཤིབ་བསྡུར་བྱས་པ་དང་། གནའ་རྫས་རྟོག་ཞིབ་རིགས་དབྱིབས་རིག་པའི་ཐབས་ལམ་སྤྱད་ནས་དེ་དག་གི་ལྟོས་བཅས་ཀྱི་ལོ་རབས་སྔ་ཕྱིའི་འབྲེལ་བ་གུང་བསྒྲིགས་ཤིང་། དེ་ནས་ཁྱབ་རྒྱ་ཆེ་བའི་ངང་ནས་ལོ་རྒྱུས་གནའ་རྩོམ་དང་ཟུང་འབྲེལ་བྱས་ཏེ། འཐུས་ཚབ་རང་བཞིན་གྱི་དོན་སྙིང་ལྡན་པའི་ནང་བསྟན་དགོན་སྡེ་ཕྱག་བཏབ་པ་དང་། བསྒྱུར་བཅོས། རྒྱ་བསྐྱེད། བསྐྱར་བཞེངས་སོགས་བྱས་པའི་ལོ་རབས་སོགས་ཁུངས་འདེད་རིགས་སྒྲུབ་གཏིང་ཟབ་བྱས་ལ། དེར་མ་ཟད་གནའ་རྫས་རྟོག་ཞིབ་རྒྱུ་ཆ་དང་ཕན་ཚུན་ར་སྤྲད་པ་ནས། མཐར་སྤྱི་ལོའི་དུས་རབས་7པ་ནས་དུས་རབས་19པའི་བར་གྱི་བོད་ལྗོངས་ཀྱི་ནང་བསྟན་དགོན་སྡེ་ནི་བསྡོམས་པས་དུས་སྐབས་ལྔ་རུ་(དུས་སྐབས་ལྔ་པོ་དེ་ཡང་སྔ་རྗེས་གཉིས་སུ་ཕྱེ་ཡོད)བགོས་ཏེ་ལོ་རབས་སོ་སོའི་དུས་མཚམས་འབྱེད་པའི་ཚད་ཤིང་བཙུགས་པ་རེད། ལོ་རབས་སོ་སོའི་དུས་མཚམས་འབྱེད་པའི་ཚད་ཤིང་དེ་ནི་བོད་ལྗོངས་རང་ལ་འཚམ་པར་མ་ཟད། ཀན་སུའུ་དང་། མཚོ་སྔོན། ནང་སོག་སོགས་ན་ཡོད་པའི་བོད་བརྒྱུད་ནང་བསྟན་དགོན་པའི་གནའ་རྫས་རྟོག་ཞིབ་རིག་པའི་དུས་མཚམས་དབྱེ་འབྱེད་ལའང་འཚམ་པ་རེད། སྐུ་ཞབས་སུའུ་པའེ་ལགས་ཀྱི་གྲུབ་འབྲས་དེ་ནི་སྐུ་ཞབས་ལུའོ་ཀྲའོ་(罗炤)ཡིས་གདེང་འཇོག་མཛད་པ་ནང་བཞིན་ཏེ། “བོད་བརྒྱུད་ནང་བསྟན་དགོན་སྡེའི་ཨར་ལས་དུས་མཚམས་འབྱེད་པའི་གནད་དོན་ལ་ཐོག་དང་པོར་གཟབ་ནན་གྱིས་གདོང་གཏད་པ་དང་ཐག་གཅོད་མཛད་ཅིང་། དེར་མཐུད་ནས་འབྲེལ་ཡོད་ཁྱབ་ཁོངས་ཡོངས་ཀྱི་ཞིབ་འཇུག་འཚོལ་ཞིབ་ལ་ལོ་རབས་རིག་པའི་ཕྱོགས་ཀྱི་གཞི་འཛིན་ས་དང་ཚད་གཞི་འདོན་སྤྲོད་གནང་བ་”ཞིག་དང་། དེ་ནི་“བོད་ལྗོངས་གནའ་རྫས་རྟོག་ཞིབ་རིག་པའི་རྨང་འདིང་བརྩམས་ཆོས་”སུ་བསྔགས་འོས་པ་རེད།﹙38﹚དེ་བཞིན་དུ་དེ་ནི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པ་སྨྲ་མཁན་གྱིས་བོད་ལྗོངས་ཀྱི་ལོ་རྒྱུས་ཡོད་པའི་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་དཔེ་གཞི་བཙུགས་པའི་ལེགས་འགྲུབ་དཔེ་མཚོན་ཞིག་ཀྱང་ཡིན་ནོ། །
         ད་ཆ་རབས་སྔ་མའི་རིག་གཞུང་སྨྲ་མཁན་རྣམས་ཀྱི་རིག་གཞུང་གི་སྲོལ་རྒྱུན་ལེགས་པོ་ལ་ཇི་ལྟར་སློབ་གཉེར་དང་། རྒྱུན་འཛིན། དར་སྤེལ་གཏོང་བ་དང་། རིམ་བཞིན་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་སྔོན་གྱི་གནའ་རྫས་རྟོག་ཞིབ་དང་ཡི་གེ་ཡོད་དུས་ཀྱི་གནའ་རྫས་རྟོག་ཞིབ་སྟེ་ལོ་རྒྱུས་དུས་རིམ་དེ་གཉིས་ཀྱི་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱང་ལྡན་པའི་ཞིབ་འཇུག་གི་སྤྱི་འགྲོས་ཤིག་ཇི་ལྟར་འཛུགས་རྒྱུ་ནི་ད་ལྟ་ནས་མ་འོངས་པའི་དུས་ཡུན་རིང་པོ་ཞིག་གི་རིང་ང་ཚོས་སྙེག་འོས་པའི་རིག་གཞུང་གི་དམིགས་འབེན་མཐོན་པོར་གྱུར་ཟིན། ལོ་ངོ་70ཉེ་བའི་རིང་ལ་ཧུར་བརྩོན་འབད་འཐབ་བྱས་པ་བརྒྱུད། ང་ཚོས་ཚན་རིག་བརྟག་ཞིབ་དང་སྔོག་འདོན་བྱས་ཏེ་གནའ་རྫས་རྟོག་ཞིབ་རྒྱུ་ཆ་འབོར་ཆེན་གསོག་ཉར་བྱས་ཡོད། འོན་ཀྱང་རྒྱུ་ཆ་དེ་དག་ཇི་ལྟར་ལེགས་སྒྲིག་དང་། རིགས་དབྱེ། ཕྱོགས་བསྡུས། དབྱེ་ཞིབ། དཔྱད་བསྡུར་བཅས་བྱེད་པ་དང་།མཇུག་མཐར་རྗེས་ཤུལ་དང་ཤུལ་དངོས་དེ་དག་གི་བར་དུ་གནས་པའི་ཆོས་ཉིད་དང་། འཕེལ་རྒྱུན། ཕན་ཚུན་གྱི་འབྲེལ་བ་སོགས་ཀྱི་གནད་དོན་ལ་ཤེས་རྟོགས་ངེས་ཅན་སྐྱེད་པ་དང་། མཐར་ཐུག་གནས་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་ཀྱིས་བོད་ལྗོངས་ཀྱི་གནའ་རབས་ལོ་རྒྱུས་ཞིབ་འཇུག་ལ་བྱས་རྗེས་ངེས་ཅན་འཇོག་པ་ལ། ཡང་དག་པའི་གཞུང་ལུགས་ཀྱི་མཛུབ་སྟོན་དང་ཚན་རིག་དང་མཐུན་པའི་དཔེ་གཞི་ཞིག་འཛུགས་པའི་དགོས་པ་ཆེ། དེའི་ཕྱོགས་སུ་ནུབ་ཕྱོགས་ཀྱི་རིག་གཞུང་སྡེ་ཡིས་ང་ཚོར་མུ་མཐུད་དུ་འགྲན་གསར་པ་སློང་བཞིན་ཡོད་ལ། ང་ཚོས་ངེས་པར་དུ་དེ་ལ་གདོང་གཏད་ནས་རྒྱལ་སྤྱིའི་བགྲོ་གླེང་སྤེལ་དགོས།
         ཡི་གེ་མ་བྱུང་སྔོན་གྱི་གནས་རྫས་རྟོག་ཞིབ་ལ་ཆ་བཞག་ནས་བཤད་ན། མིག་སྔར་བོད་ལྗོངས་མཐོ་སྒང་གི་སྔ་དུས་ཀྱི་འགྲོ་བ་མིའི་འབྱུང་ཁུངས་དང་འཚོ་གནས་ཀྱི་སྐོར་དེ་བོད་ཀྱི་ཡི་གེ་མ་བྱུང་བའི་སྔོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་གནད་ཅིག་ཏུ་གྱུར་ཡོད་ལ། ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་རིག་པ་སྨྲ་མཁན་རྣམས་ཀྱིས་དཔེ་གཞི་ཞིག་བཏོན་ནས་དེ་ལ་གསེད་འགྲེལ་བྱེད་པའི་གྲབས་གཤོམ་བྱས་མྱོང་། དཔེར་ན། ཨ་རིའི་ཁེར་ལི་ཧྥོར་ཉི་ཡ་སློབ་ཆེན་གྱི་ལོ་སན་ཅུ་ལེ་ཟིའི་ཡན་ལག་སློབ་གྲྭའི་གནའ་རྫས་རྟོག་ཞིབ་རིག་པའི་སློབ་དཔོན་ཆེན་མོ་བྷུའུ་རི་ཉཱམ་(P.J.Brantingham)གྱིས་སྣེ་ཁྲིད་པའི་ཞིབ་འཇུག་ཚོགས་པས། མདོ་དབུས་མཐོ་སྒང་གི་རྡོ་ཆས་རྙིང་པའི་དུས་ཀྱི་གནའ་རྫས་རྟོག་ཞིབ་ཐད་དཔེ་གཞི་ཞིག་བཏོན་པ་སྟེ།འགྲོ་བ་མིས་མདོ་དབུས་མཐོ་སྒང་ལ་གོམ་པ་སྤོས་པའི་དུས་ཚོད་ནི་འཁྱགས་རོམ་དུས་རབས་མཐའ་མའི་སྔོན་ཏེ། ད་ནས་ཡར་བརྩིས་པའི་ལོ་ངོ་22000-18000ཡས་མས་སུ་འགྲོ་བ་མིའི་རིགས་མདོ་དབུས་མཐོ་སྒང་དུ་སླེབས་པའི་“མཆོང་རིམ་གསུམ་”གྱི་རྣམ་པ་ཞིག་གྲུབ་ཅིང་། དེ་ལས་མཆོང་རིམ་དང་པོ་ནི་ད་ནས་ཡར་བརྩིས་པའི་ལོ་ངོ་29000-25000དང་ཡང་ན་དེ་ལས་སྔ་བའི་དུས་སུ། དེང་རབས་ཀྱི་ཤེས་མི་ཀྲུང་གོའི་ནུབ་བྱང་གི་ཀན་སུའུ་དང་ནང་སོག་ཏུ་སླེབས། མཆོང་རིམ་གཉིས་པ་ནི་ད་ནས་ཡར་བརྩིས་པའི་ལོ་ངོ་25000གི་སྔ་གཞུག་ཏུ་མི་ཁག་ཅིག་མཚོ་འཕགས་སྨི་3000-4000བར་གྱི་མཚོ་སྔོན་པོ་ས་ཁུལ་དུ་སླེབས། མཆོང་རིམ་གསུམ་པ་ནི་ད་ནས་ཡར་བརྩིས་པའི་ལོ་ངོ་23000-22000གི་སྐབས་སུ་འགྲོ་བ་མིའི་རིགས་མདོ་དབུས་མཐོ་སྒང་གི་དབུས་ཁུལ་དང་བྱང་ཕྱོགས་ས་ཁུལ་དུ་སླེབས་པར་བཞེད།﹙39﹚ཡིན་ནའང་རང་རྒྱལ་གྱི་གཞོན་སྐྱེས་རིག་གཞུང་སྨྲ་བ་ལུའེ་ཧུང་ལིའང་གིས་དེ་ལ་དོགས་སློང་བྱས་ཡོད་དེ། “དཔེ་གཞི་”དེ་རིགས་ནི་ས་ཁོངས་ཀྱི་ཕྱོགས་སུ་ལྷུང་བ་ཐལ་ཆེ་བ་དང་། “དེ་ནི་མདོ་དབུས་མཐོ་སྒང་གི་ཤར་བྱང་མཚམས་ཀྱི་གནའ་རྫས་ཉུང་ཤས་ལ་བརྟེན་ནས་བཏོན་པ་ལས།མདོ་དབུས་མཐོ་སྒང་གི་ས་ཁུལ་གཞན་དག་ནས་རྙེད་པའི་གནའ་རྫས་ཀྱི་རྟོག་ཞིབ་སྣང་མེད་དུ་བཞག་ཡོད།”﹙40﹚དེ་དང་ཆབས་གཅིག་ཏུ་ཁོང་གིས་ཀྱང་དཔེ་གཞི་གསར་པ་ཞིག་བཏོན་ཡོད་དེ། མདོ་དབུས་མཐོ་སྒང་གི་འགྲོ་བ་མི་གཞིས་ཚུགས་པའི་ལོ་རྒྱུས་ལ་དཔྱད་ཞིབ་བྱེད་སྐབས། མདོ་དབུས་མཐོ་སྒང་གི་ཟུར་གཅིག་ཁོ་ནར་དམིགས་ཏེ་འདུག་མི་རུང་སྟེ། མདོ་དབུས་མཐོ་སྒང་གི་མཐར་འཁོར་གྱི་རི་ཁུལ་དག་ཀྱང་སྔ་དུས་ཀྱི་འགྲོ་བ་མིའི་རིགས་མདོ་དབུས་མཐོ་སྒང་དུ་འགྲོ་སའི་གནས་ཡིན་སྲིད་ལ། སྔ་དུས་ཀྱི་འགྲོ་བ་མིའི་རིགས་མདོ་དབུས་མཐོ་སྒང་དུ་བསྐྱོད་པ་ནི་ལམ་དུ་མ་བརྒྱུད་ལས་ཆེ། མཐོ་སྒང་གི་སྐྱེ་ཁམས་དང་ཁོར་ཡུག་ནི་རྣམ་པ་མི་འདྲ་བ་དུ་མ་ཅན་དུ་མངོན་པ་དེས་ཀྱང་སྔ་དུས་ཀྱི་འགྲོ་བ་མིའི་གཞན་དང་འབྲེལ་འདྲིས་མེད་པའི་རང་ཚུགས་ཀྱི་འཚོ་གནས་རྣམ་པ་དེ་འདྲ་ཞིག་བསྐྱེད་སྲིད། ས་ཁོངས་མི་འདྲ་བ་སོ་སོའི་གནས་སྤོར་ལོ་རྒྱུས་ཀྱང་འདྲ་མཚུངས་ཡིན་པའི་ངེས་པ་མེད།﹙41﹚ཞིབ་འཇུག་གི་དཔེ་གཞི་བཏོན་པ་དེ་ལ་ད་དུང་ཞིབ་འཇུག་གི་དཔེར་བརྗོད་མང་པོར་བརྟེན་ནས་བདེན་དཔང་བྱེད་དགོས་ཀྱང་། རབས་གསར་པའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པ་སྨྲ་མཁན་རྣམས་ལ་ཁྱབ་ཁོངས་འདི་ནས་རྒྱལ་སྤྱིའི་བགྲོ་གླེང་སྤེལ་བའི་ནུས་པ་འཛོམས་ཡོད་པ་ཤེས་ཐུབ། མ་འོངས་པར་རྒྱང་ལྟ་བྱས་ན། ཀྲུང་གོའི་རིག་གཞུང་སྨྲ་མཁན་རྣམས་རྒྱལ་སྤྱིའི་བགྲོ་གླེང་ལ་ཧུར་ཐག་གིས་ཞུགས་པ་དང་། བོད་ཀྱི་ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་དཔེ་གཞི་འཛུགས་པ། དེར་མ་ཟད་ཚན་རིག་ལག་ལེན་ལ་མཛུབ་སྟོན་བྱེད་པ་བཅས་ནི་བོད་ལྗོངས་གནས་རྫས་རྟོག་ཞིབ་ཀྱི་དངོས་ཡོད་འཕེལ་སྟངས་ཡིན་ལ། ཀྲུང་གོའི་དུས་རབས་གསར་པའི་གནའ་རྫས་རྟོག་ཞིབ་རིག་པ་འཕེལ་རྒྱས་ཀྱི་བླང་བྱ་ཡིན་པ་སྔོན་དཔག་བྱ་ཐུབ།
         ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་དཔེ་གཞི་གཏན་ལ་ཕབ་པ་ནི་ཀྲུང་གོའི་མཐའ་མཚམས་ཀྱི་གནའ་རྫས་རྟོག་ཞིབ་ལ་མཚོན་ནའང་དཔེ་མཚོན་གྱི་དོན་སྙིང་གལ་ཆེན་ལྡན། ལོ་རྒྱུས་སྟེང་གི་“ཀྲུང་གོ་”གྲུབ་ཚུལ་དང“མཐའ་མཚམས་”ཀྱི་གོ་དོན་ནི་རྙོག་འཛིང་ཤིན་ཏུ་ཆེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་རེད། བོད་ལྗོངས་ནི་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལོ་རྒྱུས་འཕེལ་རིམ་ཁྲོད་དུ་མཇུག་མཐར་“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་”ཡི་ནང་དུ་ཚུད་པའི་དངོས་ཡོད་དོན་དངོས་འདི་ལ་ཕྱོགས་དང་ཟུར་མང་པོ་ནས་བདེན་དཔང་བྱེད་དགོས། འོན་ཀྱང་དུས་ཡུན་རིང་པོའི་ནང་ལོ་རྒྱུས་ཡིག་ཆ་ཧ་ཅང་ཉུང་བའི་རྐྱེན་གྱིས་ལོ་རྒྱུས་འཕེལ་རིམ་དེའི་སྒྲོམ་གཞི་དང་། ཁུངས་སྣེ། ཞིབ་ཕྲའི་གནས་ཚུལ་གལ་ཆེན་སོགས་མུ་མཐུད་དུ་སྔོག་དགོས་ལ། གནད་འགག་གི་སྒྲུབ་བྱེད་མང་པོ་ནི་གནའ་རྫས་རྟོག་ཞིབ་རིག་པ་ལ་བརྟེན་དགོས། ཉེ་བའི་ལོ་ངོ་70ཡི་རིང་གི་ལག་ལེན་ལས་བདེན་དཔང་ཐོབ་པ་ནི། བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་གནའ་རྫས་རྟོག་ཞིབ་རིག་པ་བྱུང་རྗེས། ཟུར་ངོས་གསར་པ་གསར་རྐྱང་ཞིག་ནས་ཚན་རིག་དང་མཐུན་པའི་སྒྲུབ་བྱེད་སྔར་ལས་མང་པོ་འགོད་ཐུབ་པ་དང་། ཞིབ་འཇུག་གི་མཐོང་སྣེ་གསར་པ་བསྐྱེད་ཐུབ། བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལ་ཀྲུང་གོའི་མཐའ་མཚམས་གནའ་རྫས་རྟོག་ཞིབ་ཁྲོད་དུ་དཔེ་མཚོན་རང་བཞིན་གྱི་དོན་སྙིང་དང་དམིགས་བསལ་གྱི་རིན་ཐང་ལྡན་པ་དེ་ནི་སུས་ཀྱང་བསྙོན་དུ་མེད། དེའི་གཞུང་ལུགས་གསར་གཏོད་དང་དཔེ་གཞི་གྲུབ་པ་དེ་ཀྲུང་གོའི་མཐའ་མཚམས་གནའ་རྫས་རྟོག་ཞིབ་ཀྱི་དཔེ་བལྟ་སར་འགྱུར་ངེས་ལ། སྤྱི་ཡོངས་ནས་དེའི་རིག་གཞུང་འཕེལ་རྒྱས་ལ་ཡར་སྐུལ་དང་དེའི་ཞིབ་འཇུག་ཆུ་ཚད་མཐོར་འདེགས་གཏོང་ངེས་སོ། །
         མཆན་འགྲེལ།
         ① རྩོམ་ཡིག་འདི་ནི་སི་ཁྲོན་སློབ་ཆེན་གྱི་རིག་ཚན་རྩེ་གྲ་འཛུགས་སྐྲུན་གྱི་ས་ཁོངས་ལོ་རྒྱུས་དང་རིག་གནས་ཀྱི་ཆེད་དམིགས་ལས་གཞིའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཡིན།
         ② སྔ་མོའི་དུས་ཀྱི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ནི་ནུབ་ཕྱོགས་ཀྱི་མཁས་པས་འགོ་བརྩམས་པ་ཡིན་ཞིང་། དེའི་འཐུས་ཚབ་རང་བཞིན་གྱི་མི་སྣར་ཨི་ཏ་ལིའི་ཤར་ཕྱོགས་རིག་པ་སྨྲ་མཁན་གྲགས་ཅན་ཐུའུ་ཆི་བགྲང་རུང་ལ། ཁོང་གིས་《བོད་ལྗོངས་གནའ་རྫས་རྟོག་ཞིབ་རིག་པ་》[Z] ཞེས་པའི་དེབ་བརྩམས་ཡོད་པའི་རྒྱ་འགྱུར་མ་ནི་ཞང་ཧུང་ཅ་ཡིས་བསྒྱུར་ཅིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1987ལོར་པར་སྐྲུན་བྱས།
         ③ བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་། 《བོད་ལྗོངས་གནའ་རྫས་རྟོག་ཞིབ་ལས་དོན་གྱི་ཕྱི་མིག——བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བར་ཆེད་དུ་བྲིས་པ》[J] 《རིག་དངོས》 1985ལོའི་འདོན་ཐེངས་9པ།
         ④ ཤར་རྒན་དབང་འདུས། བུ་ཕྲུག 《བོད་ལྗོངས་གནའ་རྫས་རྟོག་ཞིབ་ལས་དོན་གྱི་ལོ་ངོ་40》[J] 《ཀྲུང་གོའི་བོད་རིག་པ》 2005ལོའི་འདོན་ཐེངས་3པ། དབྱང་ཞི། 《བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་ལོ་ངོ་60(1951-2011)》[A] 《བོད་ལྗོངས་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག》[C] འདོན་ཐེངས་དང་པོ། པེ་ཅིན། ཚན་རིག་དཔེ་སྐྲུན་ཁང་། 2014ལོ།
         དབྱང་ཆིང་ཧྥན། 《དུས་རབས་21པའི་ཚུན་གྱི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ལས་དོན་གྱི་འཕེལ་རྒྱས་དང་ཞིབ་འཇུག་གི་ཕྱི་མིག》[J] 《ཀྲུང་གོའི་བོད་རིག་པ》 2018ལོའི་འདོན་ཐེངས་3པ།
         ⑤ དམིགས་བསལ་གསལ་བཤད་བྱ་དགོས་པ་ཞིག་ལ། ལོ་རྒྱུས་སྟེང་གི་བོད་ལྗོངས་གནའ་རྫས་རྟོག་ཞིབ་དང་འབྲེལ་བའི་ས་ཁོངས་ཀྱི་དངོས་ཡོད་གནས་ཚུལ་ལྟར་ན། རྩོམ་འདིར་བརྗོད་པའི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་ནང་དུ་མཚོ་བོད་མཐོ་སྒང་གི་ཤར་འདབས་དང་མཚོ་སྔོན་གྱི་ས་ཁུལ་ཁ་ཤས་འདུས་ཡོད།
         ⑥ ཀྲེང་ཞི་ལན་གྱིས་སྒྲིག་རྩོམ་བྱས་པ། 《འཛམ་གླིང་ཡང་རྩེའི་འབུར་བསྐྱེད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས་1-7
         ⑦ ཐུང་ཨེན་ཀྲེང་། 《འགྲོ་བ་མིའི་འབྱུང་ཁུངས་ས་ཁུལ་ཡིན་སྲིད་པའི་ཀྲུང་གོའི་ལྷོ་ནུབ་ས་ཁུལ》[J] 《སི་ཁྲོན་སློབ་ཆེན་གྱི་རིག་གཞུང་དུས་དེབ》 (སྤྱི་ཚོགས་ཚན་རིག་དེབ)1983ལོའི་འདོན་ཐེངས་3པ།
         ⑧ [སུའུ་ལེན] ལེ་ཞེ་ཝ་ཞི་ལི་ཡེབ། 《ཀྲུང་གོའི་ཤེས་རིག་གི་འབྱུང་ཁུངས་གནད་དོན》[J] པེ་ཅིན། རིག་དངོས་པར་སྐྲུན་ཁང་། 1989ལོ། ཤོག་ངོས་132-133
         ⑨ ཧུའོ་ཝེ། 《བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་དུ་མའི་བསམ་གཞིག》[J] 《ཀྲུང་གོའི་བོད་རིག་པ》 2018ལོའི་འདོན་ཐེངས་2པ།
         ⑩ ཐུང་ཨེན་ཀྲེང་། 《བོད་ལྗོངས་གནས་རྫས་རྟོག་ཞིབ་སྤྱི་བཤད》[J] 《རིག་དངོས》 1985ལོའི་འདོན་ཐེངས་9པ།
         ⑾ ཧུའོ་ཝེ། 《བོད་བཙན་པོའི་དུས་རབས་ཀྱི་གནས་རྫས་རྟོག་ཞིབ་ཀྱི་གསར་རྙེད་དང་དེའི་ཞིབ་འཇུག》[M] པེ་ཅིན། ཚན་རིག་དཔེ་སྐྲུན་ཁང་། 2012ལོ།
         ⑿ དབྱང་ཆིང་ཧྥན། 《དུས་རབས་21པའི་ཚུན་གྱི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ལས་དོན་གྱི་འཕེལ་རྒྱས་དང་ཞིབ་འཇུག་གི་ཕྱི་མིག》[J] 《ཀྲུང་གོའི་བོད་རིག་པ》 2018ལོའི་འདོན་ཐེངས་3པ།
         ⒀ A.Hཏེན་ནེ་དང་V.Mམཱ་སུང་། 《ཨེ་ཤ་ཡ་དབུས་མའི་ཤེས་རིག་ལོ་རྒྱུས》[M] བམ་པོ་དང་པོ། གླེང་གཞི། པེ་ཅིན། ཀྲུང་གོའི་ཕྱི་ཕྱོགས་ལོ་ཙཱ་དཔེ་སྐྲུན་ཀུང་སི། 2002ལོ། ཤོག་ངོས་1
         ⒁ ཧུའོ་ཝེ། 《བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་དུ་མའི་བསམ་གཞིག》[J] 《ཀྲུང་གོའི་བོད་རིག་པ》 2018ལོའི་འདོན་ཐེངས་2པ།
         ⒂ ཀྲང་ཡོན་དང་ཧྲི་ཧྲོས་གཙོ་སྒྲིག་བྱས་པའི་《བོད་ལྗོངས་ལོ་རྒྱུས་ཆེན་མོ། སྔ་རབས་དེབ》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016ལོ།
         ⒃ ཧུའོ་ཝེ། ཝང་ཡུས། ལུའེ་ཧུང་ལིའང་། 《གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་དང་བོད་ལྗོངས་ཤེས་རིག་ལོ་རྒྱུས་དུམ་པ་དང་པོ། ཡི་གེ་མ་བྱུང་གོང་གི་དུས་རབས》[M] ཚན་རིག་དཔེ་སྐྲུན་ཁང་། 2015ལོ།
         ⒄ ཝང་ཡའོ། ཁྲིན་ཅན་གྱིས་སྒྱུར་འགྲེལ་བྱས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1992ལོ། ཝང་ཡའོ་ཡིས་སྒྲིག་རྩོམ་བྱས་པའི་《བོད་བཙན་པོའི་ལི་སྣོད་དང་རྡོ་རིང་ཡི་གེ》[M] ལས་《བོད་བཙན་པོའི་དཔྱད་གཞིའི་ཡིག་ཆ་རིག་པའི་སྤྱི་བཤད》 རིག་དངོས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་1-14བར། ཝང་ཡའོ། ཁྲིན་ཅན། 《བོད་བཙན་པོའི་ཁྲམ་ཤིང་སྤྱིའི་ཟིན་ཐོ》[M] པེ་ཅིན། རིག་དངོས་དཔེ་སྐྲུན་ཁང་། 1986ལོ།
         ⒅ པེ་ཅིན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་དངོས་གླིང་། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་། 《ཏུའུ་ལན་བཙན་པོའི་བང་སོ》[M] པེ་ཅིན། ཚན་རིག་དཔེ་སྐྲུན་ཁང་། 2005ལོ།
         ⒆ [སུའེ་ཙེར]ཨ་སྨི་ཧེ་ལིས་བརྩམས། དབྱང་ལིས་བསྒྱུར། 《སྤྱི་ལོའི་དུས་རབས་8-10པའི་བོད་ཤར་ཕྱོགས་ཀྱི་ནང་བསྟན་སྐུ་བརྙན་དང་བྲག་བརྐོས》[A] 《ཕྱི་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་གི་བསྒྱུར་རྩོམ་ཕྱོགས་བསྒྲིགས》[C] དེབ་བཅོ་ལྔ་པ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2001ལོ། ཧུའོ་ཝེ། 《བོད་ལྗོངས་ཤར་ཕྱོགས་ནས་གསར་རྙེད་བྱུང་བའི་སྔ་མོའི་རྡོ་བརྐོས་སྐུ་བརྙན་གཉིས་ཀྱི་ཚོད་ལྟའི་དཔྱད་ཞིབ》[J] 《ཏུན་ཧོང་ཞིབ་འཇུག》 2003ལོའི་དེབ་5པ། ལུའོ་ཝུན་ཧྭ། 《སི་ཁྲོན་དཀར་མཛེས་ས་ཁུལ་གྱི་མི་རིགས་དང་གནའ་རྫས་ཕྱོགས་བསྡུས་རྟོག་ཞིབ་སྤྱི་བཤད》[J] 《གནའ་བོའི་ཕོ་བྲང་རིག་གཞུང་དུས་དེབ》 2005ལོའི་སྤྱིའི་འདོན་ཐེངས་གཉིས་པ། ཧུའོ་ཝེ། 《མདོ་དབུས་མདོ་སྒང་གི་ཤར་མཐའི་བོད་བཙན་པོའི་དུས་སྐབས་ཀྱི་ནང་བསྟན་བྲག་བརྐོས་སྐུ་བརྙན་གྱི་གསར་རྙེད་དང་ཞིབ་འཇུག》[J] 《གནའ་རྫས་རྟོག་ཞིབ་རིག་གཞུང་དུས་དེབ》 2011ལོའི་དེབ་3པ།
         ⒇ ཧུའོ་ཝེ། 《མཚོ་སྔོན་ཡུལ་ཤུལ་གྱི་རྣམ་པར་སྣང་མཛད་ལྷ་ཁང་གི་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་ཞིབ་འཇུག》[J] 《མཚོ་སྔོན་མི་རིགས་ཞིབ་འཇུག》 2007ལོའི་དེབ་དང་པོ།
         ﹙21﹚མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་པའི་སྡེ་ཁག 《མཚོ་སྔོན་ཡུལ་ཤུལ་ལེགས་པ་ཁོག་དབུས་ནགས་ཟམ་ཁའི་ནང་བསྟན་བྲག་བརྐོས་ཀྱི་བརྟག་དཔྱད་སྙན་ཞུ》[A] 《བོད་རིག་པའི་དུས་དེབ》 འདོན་ཐེངས་16པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2019ལོ། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་། 《མཚོ་སྔོན་ཡུལ་ཤུལ་ལེགས་པ་ཁོག་ཆབ་འགག་ནང་བསྟན་བྲག་བརྐོས་སྐུ་བརྙན་གྱི་བརྟག་དཔྱད་བསྡུས་འཕྲིན》[A] 《བོད་རིག་པའི་དུས་དེབ》 འདོན་ཐེངས་16པ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2019ལོ།
         ﹙22﹚ཧུའོ་ཝེ། ལི་ཡུང་ཞན། 《བོད་ལྗོངས་སྐྱིད་ལུང་ནས་གསར་རྙེད་བྱུང་བའི་ཐང་ཞན་ཆིང་ཁྲི་ལོ་གསུམ་པའི་ཐང་ཆེན་མོ་དང་རྒྱ་གར་བར་གྱི་ཕོ་ཉའི་བྲག་བརྐོས་ཡི་གེ》[J] 《གནའ་རྫས་རྟོག་ཞིབ》 1994ལོའི་དེབ་7པ། ཧུའོ་ཝེ། 《ཐང་ཆེན་པོ་དང་རྒྱ་གར་བར་གྱི་ཕོ་ཉའི་བྲག་བརྐོས་ཡི་གེ་དང་དེའི་འབྲེལ་ཡོད་གནད་དོན་གྱི་ཞིབ་འཇུག》 [འཇར་པན།] 《ཤར་ཕྱོགས་རིག་གཞུང་དུས་དེབ》 དེབ་66པ། 1994ལོའི་ཟླ་3པ། ཧུའོ་ཝེ། 《ཐང་ཆེན་མོ་དང་རྒྱ་གར་བར་གྱི་ཕོ་ཉའི་བྲག་བརྐོས་ཡི་གེ་དང་འབྲེལ་ཡོད་གནད་དོན་གྱི་བསྐྱར་ཞིབ》[J] 《ཀྲུང་གོའི་བོད་རིག་པ》 2001ལོའི་དེབ་དང་པོ།
         ﹙23﹚པ་སངས་དབང་འདུས། 《གསར་དུ་རྙེད་པའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་གི་བོད་བཙན་པོའི་དམག་ཇུས་ཡིག་ཆ་ཧྲལ་བོའི་དཔྱད་ཞིབ》[J] 《ཀྲུང་གོའི་བོད་རིག་པ》 2014ལོའི་དེབ་3པ། པ་སངས་དབང་འདུས། 《གསར་དུ་རྙེད་པའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་དམག་ཇུས་ཡིག་ཆའི་(སྨད་ཆ )ཐོག་མའི་དཔྱད་ཞིབ》[J] 《ཀྲུང་གོའི་བོད་རིག་པ》 2015ལོའི་དེབ་འཕར་མ། ཤེས་རབ་བཟང་པོ། 《ཉེ་ཆར་གསར་རྙེད་བྱུང་བའི་བོད་བཙན་པོའི་དུས་ཀྱི་དམག་དོན་ཁྲིམས་ལུགས་ཚད་ལྡན་ཡིག་ཆའི་ངོ་སྤྲོད་དང་དཔྱད་བརྗོད》[J] 《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》(བོད་ཡིག་དེབ) 2015ལོའི་དེབ་4པ། པ་སངས་དབང་འདུས། 《བོད་བཙན་པོའི་རྡོ་བརྐོས་ཚད་ལྡན་ཡིག་ཆའི་དཔྱད་བརྗོད》[J] 《ཀྲུང་གོའི་བོད་རིག་པ》2013ལོའི་དེབ་4པ། ཤར་རྒན་དབང་འདུས། 《བོད་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡི་གེའི་ཞིབ་འཇུག་གི་ལོ་རྒྱུས་མདོར་བསྡུས》[J] 《བོད་ལྗོངས་ཡིག་ཚགས》2016ལོའི་དེབ་དང་པོ།
         ﹙24﹚ཧྲེན་ཚུང་ཝུན། 《ཀྲུང་གོའི་གནའ་རབས་གྱོན་ཆས་ཞིབ་འཇུག》[M] ཧྲང་ཧེ་དུས་རབས་དཔེ་སྐྲུན་ཚོགས་པ། ཧྲང་ཧེ་དཔེ་ཁང་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་287
         ﹙25﹚ཧུའོ་ཝེ། 《བོད་ལྗོངས་ནུབ་ཕྱོགས་སུ་གསར་རྙེད་བྱུང་བའི་གནའ་རབས་ཀྱི་དར་བཟོས་དངོས་རྫས་དང་དེ་འབྲེལ་གྱི་གནད་དོན་སྐོར་གྱི་ཞིབ་འཇུག》[A] ཧྥན་ཅིན་ཧྲི་སོགས་ཀྱིས་གཙོ་སྒྲིག་བྱས་པའི་《ཏུན་ཧོང་ཡིག་རྙིང་། གནའ་རྫས་རྟོག་ཞིབ། སྒྱུ་རྩལ་བཅས་ཀྱི་ཕྱོགས་བསྡུས་ཞིབ་འཇུག་སྟེ། སྐུ་ཞབས་ཞང་ཏ་སྐུ་འཁྲུངས་ནས་ལོ་ངོ་100ལོན་པར་རྗེས་དྲན་ཞུ་བའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས》[C] པེ་ཅིན། ཀྲུང་ཧྭ་པར་ཁང་། 2011ལོ། ཤོག་ངོས་247-251
         ﹙26﹚ཞུས་ཞིན་ཀུའོ། ཀྲའོ་ཧྥེང་། 《ཏུའུ་ལན་ནས་རྙེད་པའི་དར་གོས་ཐོན་རྫས་དང་དེའི་ཐོག་མའི་དཔྱད་པ》[C] དེ་སྔ་《ཀྲུང་གོའི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་གི་རིག་གཞུང་དུས་དེབ》 1991ལོའི་དེབ་15དང་16མཉམ་སྒྲིལ་དུས་དེབ་(ཀྲའོ་ཧྥེང་དང་མཉམ་འབྲེལ་བྱས་པ)ཏུ་བཀོད་ཅིང་། རྗེས་སུ་ཞུས་ཞིན་ཀུའོ་ཡི་དཔྱད་རྩོམ་ཕྱོགས་བསྒྲིགས་《ནུབ་རྒྱུད་ས་ཆ་དང་ཤར་ནུབ་ཕྱོགས་ཀྱི་ཤེས་རིག་》 [C] ཏུ་བསྡུས་ཡོད། པེ་ཅིན། ཡན་ཧྲན་དཔེ་སྐྲུན་ཁང་། 2006ལོ།
         ﹙27﹚ [ཨ་མེ་རི་ཁ] ཞེ་ཧྥུར་གྱིས་བརྩམས། ཝུའུ་ཡུས་ཀུའེ་ཡིས་བསྒྱུར། 《ཐང་རྒྱལ་རབས་ཀྱི་ཕྱི་ནས་ཡོང་བའི་ཤེས་རིག》[M] པེ་ཅིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་། 1995ལོ། ཤོག་ངོས་552
         ﹙28﹚ཧུའོ་ ཝེ། 《བོད་བཙན་པོའི་མ་ལག་གི་གསེར་དངུལ་ཡོ་ཆས་ཀྱི་ཞིབ་འཇུག》[J] 《གནའ་རྫས་རྟོག་ཞིབ་རིག་གཞུང་དུས་དེབ》 2009ལོའི་དེབ་དང་པོ།
         ﹙29﹚ཞུས་ཞིན་ཀུའོ། 《ཀུའོ་ལི་མུའུ་ཞང་གི་བོད་བཙན་པོའི་དུས་ཀྱི་བང་སོའི་པུར་སྒམ་རི་མོའི་ཞིབ་འཇུག》[J] 《ཀྲུང་གོའི་བོད་རིག་པ》 2005ལོའི་དེབ་དང་པོ། ལུའོ་ཧྲི་ཕིང་།《ལྷ་ཡུལ་གྱི་རྒྱས་སྟོན་ཏེ་མཚོ་སྔོན་མཚོ་ནུབ་ཀུའོ་ལི་མུའུ་བོད་བཙན་པོའི་པུར་སྒམ་རི་མོའི་འགྲེལ་བཤད》[J] 《རིག་དངོས》 2006ལོའི་དེབ་7པ། ཧུའོ་ཝེ། 《མཚོ་སྔོན་གྱི་ས་འོག་ནས་ཐོན་པའི་བོད་བཙན་པོའི་པུར་སྒམ་རི་མོའི་ཐོག་མའི་ཞིབ་འཇུག》[J] 《བོད་ལྗོངས་ཞིབ་འཇུག》 2007ལོའི་དེབ་2པ།
         ﹙30﹚ལུའོ་ཧྲི་ཕིང་། 《ལྷ་ཡུལ་གྱི་རྒྱས་སྟོན་ཏེ་མཚོ་སྔོན་མཚོ་ནུབ་ཀུའོ་ལི་མུའུ་བོད་བཙན་པོའི་པུར་སྒམ་རི་མོའི་འགྲེལ་བཤད》[J] 《རིག་དངོས》 2006ལོའི་དེབ་7པ།
         ﹙31﹚ཧུའོ་ཝེ། 《ནུབ་ལྗོངས་ཀྱི་ཁྱད་ཆོས་དང་ཐང་ལུགས་ཚོས་རིས——གནའ་བོའི་དུས་རབས་བར་མའི་བོད་བཙན་པོའི་རྒྱལ་རབས་དང་སོག་དག་གི་པུར་སྒམ་གྱི་རྒྱན་སྤྲས་སྲོལ་རྒྱུན་ལ་དཔྱད་པ》[J] 《ཏུན་ཧོང་རིག་པའི་རྩོམ་བཏུས》 2007ལོའི་དེབ་དང་པོ།
         ﹙32﹚ཧུའོ་ཝེ། 《བོད་བཙན་པོའི་དུས་ཀྱི་གནའ་རྫས་རྟོག་ཞིབ་དང་བོད་བཙན་པོའི་དུས་ཀྱི་ཤེས་རིག》[J] 《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》 2009ལོའི་དེབ་དང་པོ། 《གནའ་རྫས་རྟོག་ཞིབ་རིག་པས་མཐོང་བའི་བོད་ལྗོངས་ཤེས་རིག་གི་ལོ་རྒྱུས་རྗེས་ཤུལ》[J] 《མི་རིགས་ཞིབ་འཇུག》 2010ལོའི་དེབ་3པ། 《བོད་བཙན་པོའི་དུས་ཀྱི་སྤྱི་ཚོགས་རིག་གནས་ཀྱི་རང་མདངས་ལ་བརྟག་ཞིབ་བྱས་པའི་འཕྲེད་ཚད་གལ་ཆེན་གསུམ》[J] 《བསམ་བློའི་འཐབ་ཕྱོགས》 2018ལོའི་དེབ་2པ།
         ﹙33﹚འགྱུར་ཚིག་འདི་ནི་ཁྲེན་ཧྲེང་ཆན་གྱིས་ཁོན་གྱི་མ་རྩོམ་ལས་བསྒྱུར་པ་ཡིན། ཁྲེན་ཧྲེང་ཆན། 《ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་གི་དཔེ་གཞི་དང་དཔེ་གཞིའི་འཕོ་འགྱུར་》 [J] ཞེས་པར་གསལ། 《ཀྲུང་གོའི་སྤྱི་ཚོགས་ཚན་རིག》 2019ལོའི་དེབ་དང་པོ།
         ﹙34﹚ཐུང་ཨེན་ཀྲེང་། 《བོད་ལྗོངས་གནས་རྫས་རྟོག་ཞིབ་སྤྱི་བཤད》[J] 《རིག་དངོས》 1979ལོའི་འདོན་ཐེངས་5པ།
         ﹙35﹚དཔེ་ཆ་དེར་གླེགས་བམ་གསུམ་ཡོད་ཅིང་། གླེགས་བམ་སྔོན་མ་གཉིས་ཀ་ཡི་གེའི་སྐོར་ཡིན་ལ། གླེགས་བམ་གཞུག་མ་རི་མོ་ཡིན། མིག་སྔར་རྒྱལ་ནང་དུ་བཏུས་འགྱུར་དེབ་ལས་མེད། [དབྱི་ཐ་ལི] G.ཐུའུ་ཆི་ཡིས་བརྩམས་ཤིང་། ལི་ཡིའུ་དབྱི། ཏེང་རུའེ་ལིང་གིས་བསྒྱུར་པའི་《བོད་ལྗོངས་ཀྱི་དུས་རབས་བར་མའི་ལོ་རྒྱུས་》སུ་གསལ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་མི་རིགས་སུའོ་མི་རིགས་ལོ་རྒྱུས་གཞུང་ལས་ཁང་དང་མི་རིགས་རིག་པའི་གཞུང་ལས་ཁང་གིས་སྒྲིག་སྒྱུར་བྱས། 1980ལོ།
         ﹙36﹚[དབྱི་ཐ་ལི] ཐུའུ་ཆིས་བརྩམས་ཤིང་ཞང་ཧུང་ཅ་ཡིས་བསྒྱུར་པའི་《བོད་ལྗོངས་གནའ་རྫས་རྟོག་ཞིབ་རིག་པ》 ཤོག་ངོས་38པ། རི་མོ་“དགོན་སྡེའི་རིགས།”
         ﹙37﹚སུའུ་པའེ། 《བོད་བརྒྱུད་ནང་བསྟན་དགོན་སྡེའི་གནའ་རྫས་རྟོག་ཞིབ》[M] པེ་ཅིན། རིག་དངོས་དཔེ་སྐྲུན་ཁང་། 1996ལོ།
         ﹙38﹚ལུའོ་ཀྲའོ། 《བོད་ལྗོངས་གནའ་རྫས་རྟོག་ཞིབ་རིག་པའི་རྨང་འདིང་བརྩམས་ཆོས་ཏེ་སྐུ་ཞབས་སུའུ་པའེ་ཡི་<བོད་བརྒྱུད་ནང་བསྟན་དགོན་སྡེའི་གནའ་རྫས་རྟོག་ཞིབ་>བཀླགས་པ》[J] 《རིག་དངོས》 1998ལོའི་འདོན་ཐེངས་7པ།
         ﹙39﹚ P.J.Brantingham Speculation on the Timing and Nature of Late Pleistocene Huntergather Colonization of Tibetan Plateau.Chinese Science Bulletin Vol.48:14,
pp.1510-1516,2003.
         ﹙40﹚﹙41﹚ལུའེ་ཧུང་ལིའང་། 《འཁྱགས་རོམ་དུས་རབས་ཀྱི་དུས་མཇུག་ནས་ཆེས་གསར་དུས་རབས་ཀྱི་དུས་དཀྱིལ་བར་གྱི་མདོ་དབུས་མཐོ་སྒང་གི་རྔོན་རྒྱག་བཏུ་སྒྲུག་པ》[J] 《བོད་རིག་པའི་དུས་དེབ་》འདོན་ཐེངས་8པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་23; 24-25