དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོན་ལུགས་ཀྱི་ལྷ་རིགས་དང་ལྷ་རིགས་ཀྱི་གྲུབ་ཚུལ་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2021-03-29 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། ལྷག་པ་ཚེ་རིང་།
གནད་བསྡུས། བོན་ལུགས་ཀྱི་ལྷ་རིགས་ནི་ཐོག་མར་བོད་ཀྱི་གདོད་མའི་སྤྱི་ཚོགས་ནང་འབྱུང་འགོ་ཚུགས་ཤིང་། ཕྱིས་བྱུང་གི་དུས་རབས་ཁག་ནང་རིམ་བཞིན་འཕེལ་རྒྱས་སུ་སོང་བ་ཞིག་ཡིན་པས། དེ་ནི་བོད་ཀྱི་གནའ་རབས་ཀྱི་རིག་གནས་གཞན་དང་འབྲེལ་བ་དམ་ཟབ་ལྡན་པ་ཞིག་ཡིན། དཔྱད་རྩོམ་འདིའི་ནང་རྩོམ་པ་པོས་བོན་ལུགས་ཀྱི་ལྷ་རིགས་ཀྱི་མ་ལག་དང་དེ་རྣམས་ཇི་ལྟར་གྲུབ་ཚུལ་སྐོར་ལ་བགྲོ་གླེང་བྱས་ཡོད། རྩོམ་པ་པོའི་ལྟ་བར་གཞིགས་ན། བོན་ལུགས་ཀྱི་ལྷ་རིགས་རྣམས་སྲིད་པ་བོན་གྱི་ལྷ་རིགས་དང་། གཡུང་དྲུང་བོན་གྱི་ལྷ་རིགས། ནང་བསྟན་ལས་བྱུང་བའི་བོན་གྱི་ལྷ་རིགས་ཞེས་རྩ་བའི་དབྱེ་བ་ཆེན་པོ་གསུམ་ལྡན་པ་མ་ཟད། དེ་རྣམས་ལའང་བྱེ་བྲག་ཀྱི་དབྱེ་བ་ཇི་སྙེད་ཡོད་པར་འདོད། ཡང་བོན་ལུགས་ཀྱི་ལྷ་རིགས་གྲུབ་ཚུལ་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་དང་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སོགས་དང་འབྲེལ་བ་ཡོད་པ་མ་ཟད། དེ་རྣམས་གྲུབ་པའི་བསམ་བློ་ནི་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་འདོད་པའི་བོད་ཀྱི་མེས་པོ་རྣམས་ཀྱི་བསམ་པའི་འདུ་ཤེས་ཏེ་སྲིད་པ་བོན་གྱི་བསམ་པ་དང་འབྲེལ་ནས་ཡོད་ལ། སྟོན་པ་གཤེན་རབ་ཀྱིས་སྲོལ་གཏོད་པའི་གཡུང་དྲུང་བོན་དང་ནང་བསྟན་གྱི་བསམ་པ་དང་དམ་དུ་འབྲེལ་ནས་ཡོད་པ་ཞིག་ཡིན་པར་འདོད།
གནད་ཚིག བོན་དེ། བན་དེ། བོན་ལུགས་ཀྱི་ལྷ་རིགས། ལྷ་རིགས་གྲུབ་ཚུལ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B933 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1005-5746(2019)04-016-17
དང་པོ། བོན་ལུགས་ཀྱི་ལྷ་རིགས་མདོ་གླེང་།
         བོན་ལུགས་ཤེས་རིག་ནི་ཆེས་གནའ་བོའི་དུས་ནས་མཚོ་བོད་མཐོ་སྒང་དུ་དར་ཁྱབ་བྱུང་བའི་རིག་གནས་ཤིག་ཡིན་པ་མ་ཟད། ད་ལྟའང་མ་ཉམས་གསོན་ཤུགས་ཆེ་བའི་རིག་གནས་ཤིག་ཡིན། ལོ་རྒྱུས་ཀྱི་འཁོར་རྒྱུན་ཆེན་མོའི་ནང་། བོན་ལུགས་ཀྱི་ལྷ་རིག་པའི་བསམ་བློ་དེས་བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་བན་དེའི་གྲུབ་མཐའ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་གང་ཉིད་བོད་ཀྱི་དམངས་སྲོལ་རིག་གནས་དང་། ཆོས་ལུགས་རིག་གནས་ཀྱི་རྨང་གཞིའི་བསམ་བློ་ཞིག་དང་། གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་ལ། བོད་ཀྱི་རིག་གནས་ཁག་ལ་མི་རིགས་ཀྱི་རང་གཤིས་སྦྱིན་པའི་འདོད་འཇོའི་ནོར་བུ་ལྟ་བུ་ཞིག་ཀྱང་ཡིན།
དེ་ཡང་བོན་ལུགས་ནི་ཐོག་མར་སྲིད་པ་བོན་ལུགས་ཀྱི་རྨང་གཞིའི་ཐོག་གཡུང་དྲུང་བོན་གྱི་སྲོལ་གཏོད་ཅིང་། དེ་ལའང་ནང་བསྟན་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཞིག་ཡིན་པས། བོན་ལུགས་ལྷ་རིགས་ལ་སྲིད་པ་བོན་གྱི་ལྷ་རིགས་དང་། གཡུང་དྲུང་བོན་གྱི་ལྷ་རིགས། ནང་བསྟན་ལས་བྱུང་བའི་བོན་གྱི་ལྷ་རིགས་ཞེས་རྩ་བའི་དབྱེ་བ་ཆེན་པོ་གསུམ་ལྡན་པ་ཞིག་ཡིན།
         དེ་རྣམས་ལས་ཐོག་མར་སྲིད་པ་བོན་གྱི་ལྷ་རིགས་ཞེས་པ་ནི་བོད་ཀྱི་གདོད་མའི་མེས་པོ་རྣམས་ཀྱིས་ཕྱི་རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་རྒྱུས་མངའ་བྱེད་པའི་བརྒྱུད་རིམ་ནང་ཐོག་མར་བྱུང་བའི་དད་མོས་ཀྱི་བསམ་བློ་དང་དད་མཆོད་ཀྱི་བྱ་སྤྱོད་བྱུང་བ་ནས་གཡུང་དྲུང་བོན་ལུགས་ཀྱི་སྲོལ་མ་གཏོད་གོང་གི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོ་སྟེ། ང་ཚོས་བརྗོད་པའི་གདོད་མའི་དུས་སྐབས་སུ་བྱུང་བའི་ལྷ་རིགས་རྣམས་ལ་བརྗོད་པ་ཡིན། དེ་ནི་ང་ཚོའི་མེས་པོ་རྣམས་ཀྱིས་རང་བྱུང་ཁམས་ལ་དད་མོས་དང་། མེས་པོར་དད་མོས། དེ་བཞིན་གྲགས་ཅན་སྲོག་ཆགས་སོགས་ལ་དད་མོས་བྱས་ནས་བྱུང་བའི་ལྷ་རིགས་ཀྱི་མ་ལག་དེ་ཡིན། མ་ལག་དེའི་བསམ་བློའི་རྨང་གཞི་ནི་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་འདོད་པའམ་འཇིག་རྟེན་གྱི་སྣོད་བཅུད་གང་ཅིར་བླ་སྲོག་ལྡན་པར་སྨྲ་བ་དེ་ཡིན། གོང་བརྗོད་ཀྱི་དཔྱད་སྡོམ་དེའི་ཐད་ཧྥ་རན་སིའི་མི་རིགས་རིག་པ་མཁས་ཅན་ཞི་ཨན་ལད་འུལ་པུ་ལེར་ནས་གསལ་ཁ་འདི་ལྟར་གནང་ཡོད་པ་སྟེ་“གདོད་མའི་མི་རྣམས་ཀྱི་བསམ་གཞིགས་ནི་ཐོག་མར་ཡ་མཚན་དང་ལྐོག་འགྱུར་འདྲེས་པའི་བསམ་གཞིགས་ཤིག་ཡིན་ཏེ། ཁོ་པ་ཚོས་མངོན་སུམ་དུ་གནས་པའི་དངོས་རིགས་དང་དེ་ལས་བྱུང་བའི་ཚོར་སྣང་དང་། རྟོག་པ། འདུ་ཤེས་ཀྱི་ཆ་ཤས་རྣམས་ངོ་བོ་གཅིག་ཏུ་བཟུང་ནས་དབྱེ་འབྱེད་བྱེད་ཀྱི་མེད། ཁོ་པ་ཚོའི་ངོས་ནས་འཆད་ན། དངོས་ལུགས་ཁོ་ནའི་སྣང་ཚུལ་ཞིག་མེད་པ་རེད། རྒྱུགས་པའི་ཆུ་བོ་དང་། ལྡང་བའི་ལྷགས་པ། འབབ་པའི་ཆར་ཆུ། དེ་བཞིན་རང་བྱུང་གི་སྣང་ཚུལ་དང་། སྒྲ། ཚོན་མདོག་སོགས་ལ་ད་ལྟ་ང་ཚོས་ངོས་འཛིན་ཐུབ་པ་ལྟར་ཁོ་པ་ཚོས་ངོས་འཛིན་ཐུབ་ཀྱི་མེད། རྒྱུ་མཚན་ནི་ཁོ་པ་ཚོས་དངོས་པོ་དེ་རིགས་གོང་འོག་གི་རྒྱུ་རྐྱེན་ཇི་སྙེད་དང་ཆེ་ཆུང་ལ་མ་བལྟོས་པའི་འགུལ་བསྐྱོད་གང་ཞིག་ལས་གྲུབ་པའི་རྟེན་ཅིང་འབྲེལ་བའི་གནས་ལུགས་དེ་ཤེས་ཀྱི་མེད་པས་རེད། གདོད་མའི་མི་རྣམས་ཀྱིས་དངོས་པོ་གང་ཞིག་ལ་ཤེས་རྟོགས་བྱེད་སྐབས། མངོན་སུམ་སྣང་ངོར་འཆར་བའི་དངོས་པོ་དེ་དང་། དངོས་པོ་གང་དེར་ལྡན་པའི་ངོ་མཚར་གྱི་ཁྱད་ཆོས་རྣམས་ཁག་སོ་སོར་ཕྱེས་ཏེ་ངོས་འཛིན་མི་བྱེད་པར། ཁོ་པ་ཚོའི་སྣང་ངོར་འཆར་བའི་དངོས་པོ་དེ་དང་བདག་གཅིག་ཏུ་འབྲེལ་བར་ངོས་འཛིན་གྱི་ཡོད།”[1]ཅེས་གསུངས། དེ་ལྟར་པུ་ལེར་གྱི་དཔྱད་སྡོམ་དང་ད་ཆ་ང་ཚོའི་ལག་ཏུ་སོན་པའི་བན་བོན་གྱི་དཔྱད་གཞི་རྙིང་པ་དང་། དམངས་སྲོལ་རྙིང་པ། ཁ་རྒྱུན་གྱི་དཔྱད་གཞི་སོགས་ལ་དབྱེ་ཞིབ་བྱས་ཚེ། འདིར་བརྗོད་སྲིད་པ་བོན་གྱི་ལྷ་རིགས་དེ་ཡང་དེང་རབས་ཆོས་ལུགས་རིག་པའི་གཞུང་ལུགས་ལྟར་བྱེ་བྲག་དབྱེ་བ་རགས་པ་གསུམ་སྟེ ་སྣོ ད་ཀྱི་ལྷ་རིགས་དང་། བཅུད་ཀྱི་ལྷ་རིགས། ཐོན་སྐྱེད་དང་འཚོ་བའི་ལྷ་རིགས་ཞེས་གསུམ་དུ་ཕྱེ་ཆོག །
         དེ་ཡང་སྣོད་ཀྱི་ལྷ་རིགས་ཞེས་པ་ནི་དད་མོས་བྱ་ཡུལ་བེམ་གཟུགས་སུ་གནས་པ་སྟེ། གང་དེའི་བྱེད་ནུས་དང་། སྣང་ཚུལ། དབྱིབས་གཟུགས། འཕོ་འགྱུར་སོགས་ལས་མི་རྣམས་ཀྱི་བློ་ངོས་སུ་དགའ་སྐྱོ་འཇིགས་གསུམ་གྱི་ཚོར་བ་གང་རུང་ཞིག་སྟེར་ཐུབ་པ་ཞིག་ཡིན། ལོ་རྒྱུས་ཀྱི་འཕེལ་རིམ་ནང་ལྷ་རིགས་འདི་ཉིད་ལ་འཕོ་འགྱུར་ཧ་ཅང་ཆུང་ཡང་གྲངས་འབོར་ཐད་འཕེལ་རྒྱས་ཆེན་པོ་བྱུང་སྟེ་ས་ཆུ་མེ་རླུང་སྟེ་འབྱུང་བའི་ལྷ་དང་། གཟའ་ཆེན་བརྒྱད་དང་རྒྱུ་སྐར་རྩ་བརྒྱད། དེ་བཞིན་སྤྲིན་དང་འཇའ་ཚོན་ལྷགས་པ་སོགས་ལས་གྲུབ་པའི་ལྷ་རིགས། རི་ལྷ་མཚོ་ལྷ་ཤིང་ལྷ་སོགས་བྱུང་ཡོད།
         བཅུད་ཀྱི་ལྷ་རིགས་ཞེས་པ་ནི་དད་པ་བྱ་ཡུལ་མིའམ་ཡང་ན་སྲོག་ཆགས་གཞན་གང་རུང་ཞིག་ཏུ་ངེས་པ་ཞིག་ཡིན། གནའ་བོའི་དུས་ནས་བོད་མི་རིགས་ནི་འབྲོག་ལས་གཙོ་བོར་གཉེར་ཞིང་། འབྲོག་ལས་ཀྱི་རིག་གནས་ཆེས་དར་ཁྱབ་ཆེ་བའི་མི་རིགས་ཤིག་ཡིན་པས། ནོར་ཕྱུགས་སོགས་དང་འབྲེལ་བའི་ལྷ་རིགས་འདི་ཉིད་ཀྱི་གྲངས་འབོར་ཡང་ཧ་ཅང་ཆེ་བ་ཞིག་ཡིན་པ་རེད། དེ་ལ་ཡང་མེས་པོའི་ལྷ་རིགས་དང་སྲོག་ཆགས་གཞན་གྱི་ལྷ་རིགས་ཞེས་གཉིས་སུ་དབྱེ་ཆོག །
         ཐོན་སྐྱེད་དང་འཚོ་བའི་ལྷ་རིགས་ཞེས་པ་ནི་གདོད་མའི་མི་རྣམས་ངལ་རྩོལ་གྱི་འགོ་བརྩམས་པ་ནས་རིམ་བཞིན་འབྲོག་ལས་དང་ཞིང་ལས་ཐོན་སྐྱེད་ལ་འཇུག་ཅིང་། སྐྱིད་སྡུག་གི་འཚོ་བའི་ནང་མི་རྣམས་ཀྱི་དད་མཆོད་ཀྱི་ཡུལ་དུ་གྱུར་པ་ཞིག་ཡིན་པ་མ་ཟད། ལྷ་རིགས་དེ་ནི་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན། བོན་ལུགས་ཀྱི་ལྷ་རིགས་དེ་རྣམས་ཀྱི་ཁྱད་ཆོས་ལ་བརྟགས་ན། གཤམ་གསལ་གྱི་གནས་ཚུལ་གཉིས་གསལ་བཤད་ཐུབ་པ་སྟེ། གཅིག་ནི་བོད་ས་མཐོའི་གདོད་མའི་མི་རྣམས་གཙོ་བོ་འབྲོག་ལས་དོན་གཉེར་བྱེད་མཁན་ཡིན་པ་དང་། ཅིག་ཤོས་ནི་ཐོན་སྐྱེད་དང་འཚོ་བའི་ལྷ་རིགས་རྣམས་གོང་བརྗོད་སྣོད་ཀྱི་ལྷ་རིགས་དང་བཅུད་ཀྱི་ལྷ་རིགས་ཀྱི་རྨང་གཞིའི་ཐོག་བྱུང་བ་མ་ཟད། དེ་དག་དང་བསྡུར་ན། འཕེལ་རྒྱས་ཆེ་ཙམ་བྱུང་བའི་ལྷ་རིགས་ཤིག་ཡིན་པའི་དོན་གཉིས་སོ། །རྒྱུ་མཚན་ནི་བོན་གྱི་ཐོན་སྐྱེད་དང་འཚོ་བའི་ལྷ་རིགས་ནང་འབྲོག་ལས་དང་འབྲེལ་བའི་ལྷ་རིགས་ཀྱི་གྲངས་འབོར་དེ་ཞིང་ལས་དང་འབྲེལ་བའི་ལྷ་རིགས་ཀྱི་གྲངས་འབོར་ལས་ཧ་ཅང་མང་བ་མ་ཟད། རྣམ་གྲངས་ཀྱང་ཕུན་སུམ་ཚོགས་པའི་ཕྱིར་དང་། བོན་གྱི་ཐོན་སྐྱེད་དང་འཚོ་བའི་ལྷ་རིགས་དེ་ཉིད་སྣོད་བཅུད་ཀྱི་ལྷ་རིགས་དང་བསྡུར་ན། མི་གཤིས་ཀྱི་ཁྱད་ཆོས་གསལ་བ། དཔེར་ན། ཐབ་ལྷ་དང་ཁྱིམ་ལྷ་ཞེས་པ་ལྟ་བུ་ཁྱིམ་དང་ཐབ་ལ་གནས་པའི་ལྷ་ཞིག་ཏུ་འདོད་པ་ལས། ཁྱིམ་དང་ཐབ་གཉིས་ལྷ་རུ་ངོས་འཛིན་མི་བྱེད་པ་ལྟ་བུའོ། །ད་ལྟའི་བན་བོན་གྱི་ཆོས་ལུགས་ནང་ལྷ་རིགས་འདི་ནི་ཧ་ཅང་མང་པོ་ཡོད་དེ། ཕོ་ལྷ་དང་། མོ་ལྷ། མཁར་ལྷ། ཁྱིམ་ལྷ། ཞིང་ལྷ། ཕྱུགས་ལྷས་ཀྱི་ལྷ། སྒོ་ལྷ། ལམ་ལྷ། ཟས་ལྷ། རྟ་ལྷ། འབྲི་ལྷ། གཡག་ལྷ། མཛོ་ལྷ། ལུག་ལྷ། ར་ལྷ། གློག་ལྷ། ཐོག་ལྷ་སོགས་ལྟ་བུའོ། །ད་ལྟ་དེ་རྣམས་ལ་མིང་གི་རྣམ་པ་བཀོད་པ་ཡང་འདུག་པ། དཔེར་ན། “ཁྱིམ་ལྷ་གེ་ཐུང་། སྒོ་ལྷ་ཕྱུག་མོ། ཐབ་ལྷ་རོག་པོ། ཞིང་ལྷ་ཕ་ཝང་། ཕྱུག་ལྷ་ཉེར་བུ། རྟ་ལྷ་བྲེས་པོ། འབྲི་ལྷ་ཤམ་པོ། གཡག་ལྷ་དུང་ཕོ། མཛོ་ལྷ་གེ་གོད། ལུག་ལྷ་རྨེན་བུ། ར་ལྷ་ཚེར་མོ།”[2]ཞེས་པ་ལྟ་བུ་དང་། “ལྷ་རྟ་ངང་དཀར་དང་། ལྷ་གཡག་ཟལ་དཀར་དང་། ལྷ་ལུག་ངོ་དམར་དང་”[3]ཞེས་པ་དང་། “ཕོ་ལྷ་དུང་དཀར་ནང་བཞུགས་དང་། མོ་ལྷ་མཆོང་དཀར་ནང་བཞུགས་དང་།”[4]ཞེས་པ་ལྟ་བུའོ། །
         གཞན་ཡང་ལྷ་དེ་རྣམས་ཀྱི་བྱེད་ནུས་དང་གནས་ཡུལ་ཡང་སོ་སོར་འབྱེད་པ་སྟེ། “ཕོ་ལྷ་སྟེ་མགོན་བྱེད་ལྷ།”“མོ་ལྷ་སྟེ་གྲོགས་བྱེད་ཀྱི་ལྷ།”[5]ཞེས་པ་དང་། “ཕོ་ལྷས་མཆན་ཁུང་གཡས་ནས་སྲུངས། མོ་ལྷས་མཆན་ཁུང་གཡོན་ནས་སྲུང་།”[6]ཞེས་འཁོད་པ་ལྟར་རོ། །དེ་ལྟར་ཕོ་ལྷ་དང་མོ་ལྷའི་བསམ་པའི་ཤུགས་རྐྱེན་ལས་ཕྱིས་སུ་མི་རྣམས་ཀྱི་དབང་པོ་ལྔ་དང་། དོན་ལྔ་སྣོད་དྲུག །དེ་བཞིན་ལུས་ཀྱི་ཕྱོགས་གཞན་ལ་གནས་པའི་ལྷ་རིགས་སོགས་འཕེལ་རྒྱས་ཆེན་པོ་སོང་ཡོད་པ་སྟེ། “ལུས་ལ་འཆས་པའི་ཕོ་ལྷ་དང་། །ངག་ལ་འཆས་པའི་སྒྲ་བླ་དང་། །ཡིད་ལ་འཆས་པའི་སྲོག་ལྷ་དང་། །བྲལ་མེད་ལུས་ཀྱི་ལྷ་རྣམས་གསོལ། །”[6]ཞེས་པ་དང་། “སྤྱི་བོ་གཙུག་གསས་ཁོར་བུ་དང་། །དཔྲལ་བའི་མཐོང་གསལ་སྒྲོན་མ་དང་། །མུར་གོང་སྙན་ལྷ་ཧོ་སངས་དང་། །འཁུམ་འཛུམ་ཤང་ལྷ་རོམ་པོ་དང་། །ཚེམས་ལྷ་ཟ་བྱེད་དབལ་མོ་དང་། །ལྗགས་ཀྱི་སྨན་གསལ་ཐོག་པ་དང་། །མགུལ་གྱི་མགུལ་ལྷ་བྱང་ཡུག་དང་། །ཀུན་གསལ་འོད་ཀྱི་ལྷ་བདུན་གསོལ། །འཕྲག(ཕྲག)གཡས་ཕོ་ལྷ་དཔའ་བོ་དང་། །འཕྲག་གཡོན་དགྲ་ལྷ་དར་མ་དང་། །ཐུགས་ཁའི་སྲོག་ལྷ་ཉམས་ཆེན་དང་། །སྒལ་ཚིགས་ཚིགས་ལྷ་གྱུར་བུ་དང་། །ནུ་མཆིན་སྐྱབས་མགོན་སྲོག་འཛིན་དང་། །ལྟེ་བའི་མོ་ལྷ་བུ་རྫི་དང་། །ཕྱག་སོར་འཛིན་པ་སྟོབས་ཆེན་དང་། །དོན་སྣོད་སྐྱོབ་པའི་ལྷ་བདུན་གསོལ། །མཁལ་གཡས་མུ་ལ་མུ་སྨན་དང་། །མཁལ་གཡོན་ཚེ་ལ་བཅུད་འཛིན་དང་། །དཔྱི་མིག་འཁོར་ལོ་དབང་བསྒྱུར་དང་། །པུས་མོ་སྟག་འགྲོས་སེང་སྟབས་དང་། །ཞབས་ཀྱིས་ས་ལ་མགནོ ་བུ་དང་། །དབང་བསྒྱུར་སྟོབས་ཀྱི་ལྷ་ལྔ་སོགས། །”[7]ཞེས་འཁོད་པ་ལྟར་རོ། །དེ་ལྟར་མིའི་ལུས་སྟེང་དུ་ལྷ་རིགས་མང་དུ་གནས་པའི་ཤོད་སྲོལ་དེ་ནི་དོན་དམ་དུ་ད་ལྟ་བན་བོན་གྱི་ཆོས་ལུགས་ནང་མིའི་ལུས་སྟེང་དུ་བླ་མང་དུ་བརྗོད་པ་དེ་ཡིན་འདུག །ད་ལྟ་བོད་ཀྱི་དམངས་སྲོལ་རང་བཞིན་གྱི་བླ་འགུགས་ཆོ་གའི་ནང་བླ་འཁྱར་བའི་མི་ཆེ་གེ་མོའི་བླ་རྣམས་ཚུར་འགུགས་ཐབས་བྱེད་པའི་དམིགས་ཡུལ་ནི་མི་དེའི་སྲོག་རྩ་བརྟན་དུ་གཏོང་ཐབས་བྱེད་པ་ཡིན། བླ་འཁྱར་དོན་ནི་མི་རྣམས་ལ་གློ་བུར་གྱི་འཇིགས་སྣང་ཆེན་པོ་བྱུང་བ་དང་། གཉིད་ལ་ཡུར་ཏེ་འཁྲུལ་སྣང་སྐྱེས་པ་སོགས་ལས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་བླ་ཡོངས་སུ་འཁྱར་བ་དང་བླ་ཆ་ཤས་འཁྱར་བའི་དབྱེ་བ་འབྱེད་སྲོལ་ཡོད་པ་ནི་གོང་བརྗོད་ཀྱི་ལྷ་རིགས་དེ་རྣམས་ཡོངས་སུ་འཁྱར་བ་དང་། འགའ་ཞིག་འཁྱར་བའི་གོ་དོན་ཡིན་པར་སྣང་ངོ་། །
         གཉིས་པ་གཡུང་དྲུང་བོན་གྱི་ལྷ་རིགས་ཞེས་པ་ནི་སྤྱི་ལོའི་སྔོན་གྱི་ལོ་1917ཙམ་ལ་སྟོན་པ་གཤེན་རབ་མི་བོས་སྲིད་པ་བོན་གྱི་བསམ་བློའི་རྨང་གཞིའི་ཐོག་སྲོལ་གཏོད་པའི་རིག་གཞུང་འཐུས་ཚང་གི་ཆོས་ལུགས་ལས་བྱུང་བའི་ལྷ་རིགས་ལ་བརྗོད་པ་ཡིན། གོང་དུ་བརྗོད་པ་བཞིན། སྲིད་པ་བོན་ནི་མཐོ་སྒང་གི་གནས་འདིར་འཚོ་བའི་བོད་མིའི་མེས་པོ་རྣམས་ཀྱིས་རང་བྱུང་ཁམས་ལ་དད་མོས་དང་། ཐམས་ཅད་ལ་བླ་སྲོག་ལྡན་པར་འདོད་པའི་བསམ་བློའི་རྨང་གཞིའི་ཐོག་བྱུང་བ་ཞིག་ཡིན། དེས་ན། སྲིད་པ་བོན་ལུགས་ནང་ཐོན་པའི་ལྷ་རིགས་རྣམས་ཀྱང་སྐབས་དེའི་གདོད་མའི་སྤྱི་ཚོགས་དང་འདྲ་བར་གྲལ་རིམ་གྱི་དབྱེ་བ་བྱུང་མེད་ལ། གནས་ཀྱི་ཁྱད་པར་ཡང་མི་རྣམས་ཀྱི་དབང་པོའི་མངོན་སུམ་གྱི་ཡུལ་ལས་འདས་མེད། དེ་བཞིན་སྐབས་དེའི་ལྷ་རང་ངོས་ནས་བརྗོད་ན། བཟང་ངན་གྱི་ལས་ཟུང་འཇུག་གི་རང་བཞིན་ལྡན་པ་སྟེ། མི་རྣམས་ཀྱིས་ཁོ་པ་ཚོར་དད་མཆོད་བྱས་ན་མི་རྣམས་ལ་ཕན་པ་སྒྲུབ་ཅིང་། མི་རྣམས་ཀྱིས་ཁོ་པ་ཚོར་ཕོག་ཐུག་བཏང་ཚེ། གནོད་འཚེ་གཏོང་མཁན་ཞིག་ཏུ་འདོད། གཡུང་དྲུང་བོན་གྱི་སྲོལ་གཏོད་པ་དེས་གདོད་མའི་ལྷ་རིགས་རྣམས་ལ་གྲལ་རིམ་གྱི་དབྱེ་བ་ཆོད་པ་མ་ཟད། འདུག་ས་གནས་ཀྱི་ཁྱད་པར་དང་། བཟང་ངན་ངོ་བོའི་ཁྱད་པར། མཆོད་བྱེད་ཆོ་གའི་ཁྱད་པར་སོགས་རིམ་བཞིན་ཐོན་ནས་ལྷ་རིགས་དེ་རྣམས་གཞུང་ལུགས་དང་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་སོང་ཡོད། རྒྱུ་མཚན་དེའི་དབང་གིས་བོན་གྱི་ལྷ་རིགས་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཏེ། སྔར་གདོད་མའི་ཆོས་ལུགས་ནང་མེད་པའི་ལྷ་རིགས་མང་པོ་ཞིག་ཐོན་པ་མ་ཟད། གདོད་མའི་ལྷ་རིགས་རྣམས་ལའང་མི་གཤིས་ཅན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད། དེ་ཡང་ཞིབ་པར་བརྗོད་ན། གདོད་མའི་ལྷ་གཅིག་གི་སྟེང་དུ་གནས་པའི་གཤིས་ཀ་མི་འདྲ་བ་གཉིས་པོ་དེ་ལྷ་རིགས་མི་འདྲ་བ་གཉིས་སུ་འཕེལ་རྒྱས་སོང་ནས་གཤེན་དང་བདུད། ལྷ་དང་འདྲེ། སྲུང་མ་དང་གདོན་ཞེས་ཕན་ཚུན་གནོད་བྱ་གནོད་བྱེད་དམ་གདུལ་བྱ་གདུལ་བྱེད་ངང་བལྟོས་བཅས་སུ་གནས་པ་ཞིག་སྟེ། 《སྣང་སྲིད་མཛོད་ཕུག་གི་རྩ་བ་དང་སྤྱི་དོན་གྱི་གསུངས་པོད་བཞུགས》ཞེས་པ་ལས། “རྒྱུ་ལྔའི་བཅུད་ལ་སྒོང་གཉིས་སྲིད། །དཀར་ནི་འོད་དང་ཟེར་ལ་བརྡོལ། །ཡོད་ཁམས་སྲིད་པའི་རྒྱལ་པོ་གསལ། །ནག་ནི་མུན་དང་འཐིབ་ལ་བརྡོལ། །མེད་ཁམས་སྟོང་པའི་རྒྱལ་མོ་གསལ། །”[8]ཞེས་ལྷ་དང་བདུད་ཀྱི་དབྱེ་བ་དེ་བོན་གྱི་སྲིད་པ་གྲོལ་ལུགས་ཀྱི་གཞུང་ལུགས་ལྟར་འགྲེལ་པ་བརྒྱབ་ཡོད། ཡང་“སང་པོ་ཡབ་ནི་སྲིད་ལ་སྦྱོར། །ཀློང་ནས་གཡུ་མཚོ་སྔོན་པོ་སྲིད། །མཚོ་དབུས་དབྱལ་མོ་གཅིག་སྲིད་པ། །ཆུ་ལྕག་རྒྱལ་མོ་སྲིད་པའི་ཡུམ། །སང་པོ་ཆུ་ལྕག་གཉིས་སྲིད་པ། །མིང་དགུ་སྲིང་དགུ་བཅོ་བརྒྱད་འཁྲུངས། །སྤྲུལ་པ་དགུ་གཉིས་བཅོ་བརྒྱད་འགྱེད། །”[9]ཅེས་སྲིད་པ་བོན་གྱི་ལྷ་རིགས་ཏེ་སྲིད་པའི་རྒྱལ་པོ་དང་སྲིད་པའི་རྒྱལ་མོ་གཉིས་གཡུང་དྲུང་བོན་གྱི་ལྷ་རིགས་ནང་བཅུག་ནས་སྲིད་པ་གྲོལ་པའི་གཞུང་ལུགས་ལྟར་དེ་ཉིད་ལྷ་རིགས་ཀྱི་འབྱུང་རྩ་ཡིན་པར་བསྟན་ཡོད། དེ་བཞིན་“མེད་ཁམས་སྟོང་པའི་རྒྱལ་པོ་དང་། །མུན་ནག་ཐིབས་ཀྱི་བཙུན་མོར་བཤོས། །ལྷ་སྲིན་མིང་སྲིན་བཅུ་དྲུག་བྱུང་། །གཅེན་ནི་ཤི་རབ་རླག་རུམ་རྗེ། །དེ་འོག་བདུད་རབ་བཙན་རུམ་རྗེ། །དེ་འོག་གདོན་རབ་བགེགས་རུམ་རྗེ། །དེ་འོག་ཀླུ་རབ་གཉེན་རུམ་རྗེ། །དེ་འོག་ཟ་བྱེད་སྲི་རུམ་རྗེ། །”[10]ཞེས་གོང་བརྗོད་ལས་དགེ་བར་འཇུག་པའི་ལྷ་རིགས་ཀྱི་བལྟོས་བཅས་སུ་ལས་མི་དགེ་བར་འཇུག་པའི་བདུད་དང་གདོན་སོགས་གྲོལ་ཚུལ་དང་རྣམ་གྲངས་རྣམས་གཞུང་ལུགས་ལྟར་རྒྱས་བཤད་བྱས་ཡོད། དེ་ལྟར་གཡུང་དྲུང་བོན་གྱི་ལྷ་རིགས་རྣམས་ལ་བཟང་ངན་ངོ་བོའི་ཁྱད་པར་གྱི་སྒོ་ནས་ལྷ་དང་། བདུད། གདོན། འདྲེ། གནོད་སྦྱིན། དྲི་ཟ་སོགས་ཀྱི་དབྱེ་བ་བྱུང་བ་མ་ཟད། གནས་ཀྱི་ཁྱད་པར་ལས་“སྟེང་ལྷ། བར་བཙན(གཉན)འོག་ཀླུ།”ཞེས་པ་དང་། “ཡར་གཡེན་བཅུ་གསུམ། བར་གཡེན་དགུ། ས་གཡེན་བཅུ་གཅིག་”ཅེས་ལྷ་རིགས་མི་འདྲ་བ་སུམ་ཅུ་སོ་གསུམ་དུ་ཕྱེས་པ། ལྷ་ལ་གཤེན་དང་། གཤེན་སྲས། སྲུང་མ་ཞེས་པ་དང་། བཙན་ལ་བཙན་གྱི་རྒྱལ་པོ་དང་དེ་ཡི་འཁོར། བདུད་ལ་བདུད་ཀྱི་རྒྱལ་པོ་དང་དེ་ཡི་འཁོར། ཀླུ་ལ་ཀླུ་ཡི་རྒྱལ་པོ་དང་དེ་ཡི་འཁོར་ཞེས་གྲལ་རིམ་གྱི་དབྱེ་བའང་གསལ་པོ་ཡོད། དེ་ཡང་«སྤྱི་སྤུང་»(རྒྱུད་ཁ་ཤ9)ནང་གཡེན་ཁམས་གསུམ་གྱི་གྲོལ་ཚུལ་ཡང་གཡུང་དྲུང་བོན་གྱི་སྲིད་པ་གྲོལ་ལུགས་ཀྱི་གཞུང་ལུགས་དང་སྦྱར་ཏེ་གསལ་བཤད་བྱས་ཡོད་པ་སྟེ་“ལྕགས་ཀྱི་སྒོང་ང་ནག་པོ་ལ། །ཁ་མེད་དབུག་གིས་བརྒྱང་བ་གཅིག་ཏུ་སྲིད། །དེ་གཅིག་གཅོད་བྱེད་རླུང་གི་འཁོར་ལོའི་གདར་ལས་བརྡོལ་བ་ལས། རླངས་པ་གནམ་དུ་སོང་བ་ལ། གནམ་གཡེན་འཕྲོ་བ་བཅུ་གསུམ་དུ་སྲིད། ཟེར་མར་བར་དུ་འཐོར་བ་ལས། བར་གཡེན་གཏོད་པོ་དགུ་རུ་བསྲིད། སྒོང་དཔྲིས་ས་ལ་ལུས་པ་ལ།ས་གཡེན་ཆེ་བ་བཅུ་གཅིག་བསྲིད།”[11]ཅེས་པ་ལྟར་རོ། ང་ཚོས་བོན་གྱི་ལྷ་རིགས་སྤྱི་ཡོངས་དང་ཁྱད་པར་གོང་བརྗོད་ཀྱི་ལྷ་རིགས་རྣམས་ལ་རྟོག་ཞིབ་བྱས་ཚེ། གཡུང་དྲུང་བོན་གྱི་སྐབས་སུ་གསར་དུ་བྱུང་བའི་ལྷ་རིགས་སྤྱིར་ན་གཡེན་ཁམས་སོ་གསུམ་ནང་བསྡུ་ཐུབ་པ་ཞིག་ཏུ་སྣང་སྟེ། དེ་རྣམས་ཀྱི་ཁྲོད་ལས་བར་གཡེན་དགུ་སྟེ་ཟླ་དང་། ཉི། སྐར། སྤྲིན། གཞའ་(འཇའ)དལ། ཟེར། ལོ། རྫི་རྣམས་སྲིད་པ་བོན་གྱི་ལྷ་རིགས་རང་སོར་ནང་འདྲེན་བྱས་པ་ཙམ་ལས་གཞན་ཡར་གཡེན་བཅུ་གསུམ་དང་ས་གཡེན་བཅུ་གཅིག་ནི་གཡུང་དྲུང་བོན་ལུགས་སུ་གསར་དུ་བྱུང་བའི་ལྷ་རགི ས་སུ་ངསེ ། དེ་ཡང་ཡར་གཡེན་བཅུ་གསུམ་སྟེ། དབལ་(དལ)དང་། ཡོག་(ཡོགས)ཁྲིན། ཉེར་(གཉེར)འོས། འཚམས་(མཚམས)དམུ། བདུད། བཙན། སྲིད། སྐོ ས། ཕྱཱ །ལྷ་རྣམས་དང་། ས་གཡེན་བཅུ་གཅིག་སྟེ། ཀླུ་དང་། གཉན། རྒྱལ་(ས་བདག)སྨན། ཐེར(གཟེང་། བཟོད། གཟེད་)སྲིན། འདྲེ། སྲི། བྱུར། གཤེན་རྗེ། ཆུད(ཆུ)རྣམས་སོ། །མཚམས་འདིར་གསལ་ཁ་ཞུ་དགོས་པ་ཞིག་ནི་གཡུང་དྲུང་བོན་ལུགས་ཀྱི་སྔ་དུས་སུ་འཇིག་རྟེན་ལས་འདས་པའི་ལྷ་རིགས་གཤེན་དང་གཤེན་སྲས་སོགས་ཀྱི་རྣམ་གྲངས་ཤིག་བྱུང་ངེས་ཀྱང་། ལྷ་རིགས་འདི་ཉིད་ཕྱིས་སུ་འཕེལ་རྒྱས་ཆེན་པོ་སོང་བ་ནི་ནང་བསྟན་གྱི་ཤུགས་རྐྱེན་དང་འབྲེལ་བ་ཆེན་པོ་ཡོད་པར་སེམས་སོ། །
         གཞན་ཡང་གོང་བརྗོད་གཡེན་ཁམས་ཀྱི་ལྷ་རིགས་དེ་རྣམས་ཀྱི་ཁྲོད་ལས་འཕེལ་རྒྱས་འགྲོ་ཤུགས་ཆེ་ཤོས་དང་བན་དེའི་ལུགས་དང་བོད་ཀྱི་དམངས་ཁྲོད་དུ་ཤུགས་རྐྱེན་ཆེ་ཤོས་ནི་འདྲེ་ཡི་རིགས་ཡིན་པར་འདོད་དེ། བར་དོའི་གཞུང་ལུགས་ལས་འཕྲོས་པའི་འདྲེ་ཡི་བྱུང་བ་དང་། འདྲེ་ཡི་གསོལ་ཁ། འདྲེ་ཡི་འདུལ་ཐབས།འདྲེ་ཡི་རྒྱགས་བརྔན་སོགས་ནི་བན་དེའི་གྲུབ་མཐའ་རིས་མེད་དང་བོད་ཀྱི་དམངས་ཁྲོད་དུ་ཁྱབ་ཆེ་བ་མ་ཟད། བཙན་དང་། རྒྱལ་པོ། སྲུང་མ་སོགས་ཀྱི་ཁྲོད་གཞི་ཁུངས་འདྲེ་ཡིན་པའི་ལྷ་རིགས་མང་དུ་བྱུང་བས་སོ། །
         སྤྱིར་བར་དོའི་དུས་ཚོད་ཉིན་ཞེ་དགུར་ངེས་ཀྱང་། གཤིན་པོ་གང་ཉིད་གློ་བུར་ཤི་བ་དང་། གཡུལ་སར་ཤི་བ་སོགས་ཀྱི་རྐྱེན་ལས་འཕོ་བའི་ཆོ་ག་སྤེལ་ལོང་མ་བྱུང་བ་དང་། གཤིན་པོ་གང་གི་དབང་གྲགས་དང་བསོད་ནམས་རྣམ་ཤེས་སྤོར་མཁན་ལས་ཆེ་བའི་དབང་གིས་སྐྱེ་གནས་སུ་གཏོང་མ་ཐུབ་པ། དེ་བཞིན་རྗེས་འཇུག་གི་ཆོ་ག་ལེགས་གྲུབ་མ་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་ན། གཤིན་པོའི་རྣམ་ཤེས་བར་དོའི་ཁམས་སུ་འདྲེ་ཡི་གནས་བབ་བཟུང་ནས་ཚེ་རབས་ནས་ཚེ་རབས་བར་འདུག་དགོས་པར་གྲག་གོ །ད་ལྟ་བོད་ཀྱི་དམངས་ཁྲོད་དང་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ནང་། གཤིན་པོ་གང་ཞིག་གི་རྣམ་ཤེས་དམྱལ་བ་དང་། ཡི་དྭགས། དུད་འགྲོ་སོགས་གང་རུང་དུ་སྐྱེ་བ་ནི་རང་གི་ལས་འབྲས་ཡིན་པར་སེམས་ཏེ་དེ་ལ་དམིགས་བསལ་གྱི་སྡུག་བསྔལ་དང་ཡང་བསྐྱར་ཆོ་ག་སོགས་སྤེལ་སྲོལ་མེད། འོན་ཀྱང་གཤིན་པོ་གང་གི་རྣམ་ཤེས་བར་དོའི་ཁམས་སུ་ལུས་ཏེ་འདྲེ་ཡི་གནས་བབ་ཏུ་སོང་ན། གང་དེར་སྡུག་བསྔལ་དང་། སེམས་ཁྲལ། ངོ་གནོང་སོགས་ཀྱི་ལྟ་སྟངས་འདྲ་མིན་འཛིན་པ་མ་ཟད། གང་དེར་ངེས་པར་དེ་འབྲེལ་གྱི་ཆོ་ག་སྤེལ་དགོས་ཀྱི་ཡོད།
         མདོར་ན། གཡུང་དྲུང་བོན་གྱི་བར་དོའི་གཞུང་ལུགས་དེ་ནི་ལྷ་རིགས་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་ཆེན་མོ་ཞིག་དང་འདྲ་ཞིང་། ཕྱིས་སུ་ནང་པའི་འགྲོ་བ་རིགས་དྲུག་ཏུ་ཕྱེས་པའི་གཞུང་ལུགས་ཀྱིས་ཀྱང་གང་དེའི་གསོན་ཤུགས་ལ་ཉམས་ཆག་གང་ཡང་གཏོང་ཐུབ་མེད།
         གསུམ་པ་ནང་བསྟན་ལས་བྱུང་བའི་བོན་གྱི་ལྷ་རིགས་ཞེས་པ་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་བོད་ཡུལ་དུ་ནང་བསྟན་ཆོས་ལུགས་དར་འགོ་འཚུགས་ཤིང་། དུས་རབས་བརྒྱད་པའི་ནང་བན་བོན་གྱི་འཐབ་རྩོད་བྱས་པ་བརྒྱུད། བན་དེའི་ལུགས་ཀྱི་གནས་བབ་རིམ་བཞིན་གོང་མཐོར་སོང་བ་དང་སྦྲགས། སྔོན་མ་བོན་གྱིས་བཟུང་བའི་ཆབ་སྲིད་ཀྱི་དབང་ཆ་དེ་བན་དེའི་ལུགས་འཛིན་པ་རྣམས་ལ་ཐོབ། དེ་ནས་བཙན་པོའི་སྲིད་དབང་ཐོར་བའི་རྗེས་ཀྱི་བོད་སིལ་བུའི་དུས་རབས་ནང་བན་དེའི་ལུགས་ཀྱི་བསྟན་པ་ཕྱི་དར་གྱི་འགོ་འཚུགས་ཏེ།བན་དེའི་གྲུབ་མཐའ་ཁག་རིམ་བཞིན་ཐོན་ནས་གང་ཉིད་བོད་ཀྱི་དམངས་ཁྲོད་དུ་དར་ཞིང་ཁྱབ་པ་བྱུང་། དེ་ལྟར་བོད་བཙན་པོའི་དུས་ནང་བསྟན་ཆོས་ལུགས་དེས་གློ་བུར་བྱུང་བའི་གནམ་ལྕགས་དང་འདྲ་བར་བོན་དེའི་ཆབ་སྲིད་ཀྱི་གསེར་ཞྭ་ཐལ་རྡུལ་དུ་བཏང་ཞིང་། བོད་སིལ་བུའི་དུས་གང་ཉིད་བཟློག་ཏུ་མེད་པའི་རྒྱ་མཚོའི་རྦ་རླབས་དང་འདྲ་བར་མཐོ་བོད་ཀྱི་ཡུལ་ཁམས་གང་སར་ཁྱབ་པས་བོན་དེ་རྣམས་རང་གི་འཚོ་ཐབས་ལ་ཡང་བསྐྱར་མནོ་བསམ་མི་བྱེད་ཀ་མེད་དུ་གྱུར། དེ་ཡང་བོན་གྱི་ཆོས་ལུགས་རང་ངོས་ནས་བརྗོད་ན། རང་ཉིད་ཀྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཞུང་ལུགས་འཐུས་ཚང་གཏོང་བའི་གོ་སྐབས་དང་འཕེལ་རྒྱས་ཆེན་པོ་ཞིག་ཡིན། བོན་གྱི་སྔོན་བྱོན་མཁས་དབང་དུ་མས་ཕྱི་བཟང་རང་བཀོལ་གྱི་སྙིང་སྟོབས་བཅངས་ཏེ་དགེ་མཚན་ཆེ་བའི་ནང་བསྟན་གྱི་གཞུང་ལུགས་མི་ཉུང་བ་རང་ལུགས་སུ་བཀོལ་སྤྱོད་བྱས་ཡོད། དེ་ནི་ཕྱིས་སུ་མཁས་པའི་རྩེར་སོན་ཐུའུ་བཀྭན་ཆོས་ཀྱི་ཉི་མས་“བོན་ལ་ཆོས་འདྲེས་ཆོས་ལ་བོན་འདྲེས་”ཞེས་པའི་དཔྱད་སྡོམ་འཇོག་དོན་ཡང་ཡིན། དེ་ལྟར་བོན་ལུགས་སུ་བན་དེའམ་ནང་པའི་ཆོས་ལུགས་ཀྱི་རིག་གཞུང་ཇི་སྙེད་ནང་འདྲེན་བྱས་པ་དང་སྦྲགས། གཞུང་ལུགས་དེ་དང་འབྲེལ་བའི་ལྷ་རིགས་རྣམས་རང་སོར་རམ་གཟུགས་འགྱུར་གྱི་རྣམ་པའི་ཐོག་ནས་ནང་འདྲེན་བྱས་ཡོད་པ་སྟེ། ནང་བསྟན་གྱི་འགྲོ་བ་རིགས་དྲུག་ཏུ་ཕྱེས་པའི་གཞུང་ལུགས་དང་འདྲེས་པའི་ལྷ་རིགས་ཏེ་ལྷ་དང་། ལྷ་མ་ཡིན། ཡི་དྭགས། དམྱལ་བའི་ལྷ་རིགས་རྣམས་ཐད་ཀར་ནང་འདྲེན་བྱས་པ་དང་། ནང་བསྟན་གྱི་ཁམས་གསུམ་དུ་འབྱེད་པའི་གཞུང་ལུགས་ལས་བྱུང་བའི་ལྷ་རིགས་ཏེ་འདོད་ཁམས་དང་། གཟུགས་ཁམས། གཟུགས་མེད་ཁམས་ཀྱི་ལྷ་རིགས། དེ་འབྲེལ་གྱི་ལྷ་རིགས་ཆེ་གྲས། བརྒྱ་བྱིན་དང་། ཚངས་པ། ཁྱབ་འཇུག་དང་འཇོག་པོ་སོགས་ཐད་ཀར་ནང་འདྲེན་བྱས་ཡོད་པ། དཔེར་ན་“བསྟེན་པའི་ལྷ་ནི་རྒྱང་མ་རིང་། །མགོན་པའི་ལྷ་ནི་འཕྲག་མ་དོག །སྐྱོབས་པའི་ལྷ་རྣམས་ཡ་མ་ང་། །མགོན་སྐྱོབས་མཛོད་ལ་ཟ་ཁ་ཕྱེ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དབང་པོ་བརྒྱ་བྱིན་ལ་སོགས་ཏེ། །སྟེང་ཕྱོགས་ལྷ་ནས་ཕྱཱ་གཡང་སྩོལ། །ཡུ་དམར་སྐྱ་བདུན་ལས་སོགས་ཏེ། །བཙན་གྱི་ལག་ནས་ཕྱཱ་གཡང་སྩོལ། །དགའ་བོ་འཇོག་པོ་ལས་སོགས་ཏེ། །འོག་ཕྱོགས་ཀླུ་ནས་ཕྱཱ་གཡང་སྩོལ། །”[12]ཞེས་པ་ལྟ་བུའོ། །
         དེ་བཞིན་གཟུགས་འགྱུར་རྣམ་པའི་ཐོག་ནས་ནང་པའི་ལྷ་རིགས་མི་ཉུང་བ་ཞིག་ནང་འདྲེན་བྱས་ཡོད།དེ་ཡང་དཔེར་ན། འཇམ་དཔལ་དབྱངས་ལ་སྨྲ་སེང་དང་། སྒྲོལ་མར་བྱམས་མ་ཞེས་མཚན་གསོལ་ཏེ་ནང་འདྲེན་བྱས་ཡོད་པ་ལྟ་བུ་སྟེ། «སྨྲ་སེང་བསྟོད་པ»ལས་“ཨེ་མ་ཧོ། ཀུན་སྐྱོབ་མཐུ་ལྡན་བློ་གྲོས་གཏེར་འཛིན་སྨྲ་བའི་སེང་གེ་ཐུགས་རྗེ་ཅན། །མཚན་དཔེ་རབ་རྫོགས་གུར་གུམ་མདོག་དམར་ཞལ་གཅིག་ཕྱག་གཉིས་འཛུམ་མདངས་ལྡན། །”[13]ཞེས་སྨྲ་སེང་གང་ཉིད་བན་དེའི་ལུགས་ལྟར་ཤེས་རབ་ཀྱི་ལྷ་རུ་ངེས་པ་དང་། “ཕྱག་གཡས་སྔོན་དམར་ཤེས་རབ་རལ་གྲིས་འཁྲུལ་རྟོག་བདག་འཛིན་རྩད་ནས་གཅོད། གཡོན་པས་གསལ་བའི་སྒྲོན་མེས་འགྲོ་བ་མ་རིག་བློ་མུན་སེལ་བར་མཛད་”[14]ཅེས་ཕྱག་མཚན་སོགས་བན་དེའི་འཇམ་དཔལ་དབྱངས་དང་གཅིག་མཚུངས་སུ་སྣང་བ་ལྟ་བུ་དང་། དེ་བཞིན་«བྱམས་མ་ཆེན་མོ་ཉི་ཤུ་རྩ་གཅིག་»ལས་“མ་མཆོག་དུས་གསུམ་རྒྱལ་བའི་ཡུམ་ཆེན་མོ། བདེ་བར་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་མ་ཆེན་མོ་ཡུམ་ལ་ཕྱག་འཚལ་ལོ་”ཞེས་དང་། “སྔགས་ཀྱི་རྒྱལ་པོ་ཉི་ཤུ་རྩ་གཅིག །བོན་གྱི་རྒྱལ་པོ་བྱམས་མའི་བསྟོད་པ། ལུང་གི་རྒྱལ་པོ་ཀུན་གསལ་ཆེན་མོ། བཀའ་ཡི་རྒྱལ་པོ་སྟོན་པའི་གསུངས་པ། ཉེར་གཅིག་ལེའུ་འཁོར་འདས་མ་ལུས་”[15]ཞེས་བྱམས་མ་རྒྱལ་ཡུམ་དུ་འདོད་པ་དང་། གྲངས་ཉེར་གཅིག་ཏུ་ངེས་པ་ནི་རྗེ་བཙུན་སྒྲོལ་མའི་རྣམ་ཐར་བསྐྱངས་པའི་ཚུལ་ལས་མ་འདས་པ་ལྟ་བུའོ། །
གཉིས་པ། ལྷ་རིགས་གྲུབ་ཚུལ་སྐོར་གྱི་དེང་དུས་མཁས་པའི་ལྟ་བ།
         འཛམ་གླིང་མི་རིགས་ཁག་དང་རྒྱལ་ཁབ་ཁག་གི་ཆོས་ལུགས་མི་འདྲ་བ་རྣམས་ལ་མཐོ་ས་ནས་བརྗོད་ན་འཇིག་རྟེན་གྱི་ལྟ་ཚུལ་དང་། དམའ་ས་བཤད་ན་ཆོ་ག་མཆོད་འབུལ་བྱེད་སྲོལ་སོགས་གང་ཅིར་སོ་སོ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཤ་ཅིག་ཡིན་མོད། འོན་ཀྱང་དེ་རྣམས་ཀྱི་ཐུན་མོང་གི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ནི་ལྷ་རིགས་ཁས་ལེན་བྱེད་པ་དེ་ཡིན་ཏེ། ལྷ་མེད་པའི་ཆོས་ལུགས་ཤིག་དང་ལྷ་ཁས་མི་འཆེ་བའི་མཆོད་པ་ཞིག་རིག་ཐབས་མེད་པའི་ཕྱིར་ཏེ། ལྷ་མེད་ན་ཆོས་ལུགས་སུ་གྲུབ་ཐབས་མེད་པའི་ཕྱིར་རོ། །དེ་ཡང་འདོད་དེ། ལྷ་མེད་ན་ཆོས་ལུགས་ཀྱི་དད་བཀུར་བྱ་ཡུལ་མེད་པའི་ཕྱིར་རོ། །དེས་ན།ཆོས་ལུགས་ཞིབ་འཇུག་པ་རྣམས་ཀྱིས་ཆོས་ལུགས་ཀྱི་འབྱུང་རྩ་བགྲོ་གླེང་བྱེད་སྐབས་གཡོལ་དུ་མེད་པའི་གནད་དོན་ཞིག་ནི་ལྷ་རིགས་རྣམས་ཀྱི་གྲུབ་ཚུལ་དེ་ཡིན་པས། ངེད་ཚོས་ཐོག་མར་དེང་དུས་མཁས་དབང་རྣམས་ཀྱི་ལྷ་རིགས་གྲུབ་ཚུལ་དང་འབྲེལ་བའི་ཆོས་ལུགས་ཀྱི་འབྱུང་རྩའི་སྐོར་གྱི་ལྟ་བ་གཙོ་བོ་འགའ་ཞིག་མདོར་གླེང་བྱ་རྒྱུ་ཡིན།
         དེ་ལ་ཡང་རང་བྱུང་ཁམས་ལས་འཕྲོས་པའི་ལྷ་བཤད་སོགས་ཀྱི་ལྟ་བ་མི་འདྲ་བ་གཙོ་བོ་ཁག་བདུན་ཙམ་བྱུང་འདུག་སྟེ།
         དང་པོ་རང་བྱུང་ཁམས་ལས་འཕྲོས་པའི་ལྷ་བཤད་སྨྲ་བ་ནི། འཇར་མན་གྱི་མཁས་པས་རྒྱ་གར་གྱི་འཇར་མན་སྐད་ཁོངས་ཀྱི་སྐད་ཡིག་དང་མི་རིགས་ཀྱི་སྐད་ཡིག་ཕན་ཚུན་དཔྱད་བསྡུར་བྱས་པའི་འབྲས་བུ་ཡིན། ཁོ་པ་ཚོའི་ལྟ་བར་གཞིགས་ན། ཆོས་ལུགས་ཀྱི་འབྱུང་རྩ་དང་དེའི་མཚོན་བྱེད་དང་པོ་ནི་རང་བྱུང་ཁམས་ལས་འཕྲོས་པའི་ལྷ་བཤད་དང་ལྷག་པར་དུ་སྐར་མའི་སྐོར་གྱི་འཆད་ཚུལ་དེ་ཚོ་ཡིན། ཁོང་ཚོའི་སེམས་ལ། ལྷ་སྒྲུང་གི་ལྷ་དང་ཆོས་ལུགས་ཀྱི་ལྷ་ཚང་མ་རང་བྱུང་གི་དངོས་པོ་མི་ཡི་མཚན་ཉིད་ཅན་དུ་འགྱུར་བ་དང་། ལྷག་པར་དུ་སྐར་མ་ཆེ་གྲས་མི་ཡི་མཚན་ཉིད་ཅན་དུ་འགྱུར་བ་མ་ཟད། ལྷ་ལ་ལ་ནི་རང་བྱུང་ཁམས་ཀྱི་སྟོབས་ཤུགས་དང་རང་བྱུང་ཁམས་ཀྱི་སྣང་ཚུལ་མི་ཡི་མཚན་ཉིད་ཅན་དུ་གྱུར་པ་ཞིག་ཡིན་འདུག་སྙམ།
         གཉིས་པ་དངོས་རྫས་ལ་དད་བཀུར་བྱེད་སྲོལ་སྨྲ་བ་ནི། དུས་རབས་བཅོ་བརྒྱད་པའི་སྐབས་སུ་ཧྥ་རན་སིའི་པུ་ལོ་སིས་བརྩམས་པའི་«དངོས་རྫས་ལ་དད་བཀུར་བྱེད་པ»ཞེས་པའི་དེབ་དེའི་ནང་དངོས་རྫས་ལ་དད་བཀུར་དང་རང་བྱུང་ཁམས་ལ་དད་བཀུར་བྱེད་པ་ནི་མི་རིགས་ཀྱི་ཆོས་ལུགས་ཐམས་ཅད་ཀྱི་ཐོག་མར་བརྩིས་ཡོད། དེ་རྗེས་ཀམ་ཏེས་རིགས་པའི་གཞུང་ལུགས་དེ་གོང་འཕེལ་བཏང་སྟེ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཧྲིལ་པོའི་ལྷ་བཤད་རིག་པའི་དུས་སྐབས་ལ་བལྟོས་ན་དངོས་རྫས་ལ་དད་བཀུར་བྱེད་པ་དེ་ནི་དུས་མཚམས་སྔ་ཤོས་ཡིན་པ་དང་། དེ་རྗེས་གཞི་ནས་ལྷ་མང་ཆོས་ལུགས་དང་ལྷ་གཅིག་ཆོས་ལུགས་སུ་འཕེལ་རྒྱས་བྱུང་བར་འདོད།
གསུམ་པ་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་སྨྲ་བ་ནི། སྤྱི་ལོ་1872ལོར་དབྱིན་ཇི་བ་ཐེ་ལེས་བརྩམས་པའི་«གདོད་མའི་རིག་གནས»ཞེས་པའི་ནང་ཆོས་ལུགས་ནི་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་སྨྲ་བའི་ལྟ་བ་དེ་ཐོག་མར་བཀོད་ཡོད། ཁོང་ལྟར་ན་མེས་པོར་དད་གུས་དང་། དངོས་རྫས་ལ་དད་གུས། རང་བྱུང་ཁམས་ལ་དད་གུས་བྱེད་སྲོལ་མ་ཆགས་གོང་ནས་དངོས་པོ་ཐམས་ཅད་སེམས་དང་ལྡན་པའི་དད་བཀུར་བྱེད་སྲོལ་དེ་ཆགས་ཟིན་པས་ལུགས་དེ་ཆོས་ལུགས་ཐམས་ཅད་ཀྱི་འབྱུང་རྩར་འདོད་ཅིང་། གདོད་མའི་མི་ཡིས་གཉིད་ཁུག་པ་དང་། ཧོན་ཐོར་བ། ནད་ཀྱིས་མནར་བ། འཆི་བ། རྨི་ལམ་སོགས་ལུས་དང་སེམས་ཁམས་ཀྱི་སྣང་ཚུལ་ལ་རྟོག་དཔྱོད་བྱས་ཏེ་ལུས་དང་ཐ་དད་དུ་གནས་པའི་རྣམ་ཤེས་ཡོད་ངེས་ཀྱི་འདུ་ཤེས་སྐྱེས་པ་དང་། འདུ་ཤེས་དེ་ཉིད་དངོས་པོར་སྦྱར་བས་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་སྨྲ་བ་དེ་བྱུང་བ་དང་། འདུ་ཤེས་དེ་ཉིད་འདས་ཟིན་པའི་མེས་པོར་སྦྱར་བས་མེས་པོར་དད་གུས་དང་ལྷ་རུ་སྣང་བའི་བསམ་པ་དེ་སྐྱེས། འདུ་ཤེས་དེ་ཉིད་སྲོག་མེད་ཀྱི་དངོས་པོར་སྦྱར་བས་རང་བྱུང་ཁམས་ཀྱི་ལྷ་རྣམས་བྱུང་བ།དེ་ཡང་ཕྱིས་སུ་རིགས་ཀྱི་ལྷ་ལ་དད་གུས་བྱེད་པ་དང་འབྲེལ་བའི་ལྷ་མང་ཆོས་ལུགས་དང་། བླ་ན་མེད་པའི་ལྷ་ལ་དད་གུས་བྱེད་པ་དང་འབྲེལ་བའི་ལྷ་གཅིག་ཆོས་ལུགས་ཕྱོགས་སུ་འཕེལ་རྒྱས་བྱུང་བར་གྲགས།
         ལྔ་པ་རིགས་རྒྱུད་འགོ་ལྷ་སྨྲ་བ་ནི། སྤྱི་ལོ་1885ལོར་རོབ་ཐེན་སེན་འཇེམ་སེས་ཨ་རབ་ཡུལ་གྲུའི་མི་དང་ཧྲན་རིགས་ཀྱི་ཆོས་ལུགས་ལ་ཞིབ་འཇུག་བྱས་འབྲས་བཀོད་པའི་དཔེ་དེབ་ནང་རིགས་རྒྱུད་འགོ་ལྷར་དད་གུས་བྱེད་པ་དེ་ཆོས་ལུགས་ཐམས་ཅད་ཀྱི་འགོ་མར་རྩིས་ཡོད་ལ། ཧྥུ་ལུ་དབྱི་ཏེས་སེམས་ཁམས་ཀྱི་གནས་ལུགས་ལ་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་རིགས་རྒྱུད་འགོ་ལྷ་སྨྲ་བ་འཕེལ་རྒྱས་བཏང་ཞིང་། ཁོང་ལྟར་ན། རིགས་རྒྱུད་འགོ་ལྷའི་དད་གུས་ནི་ཆོས་ཐམས་ཅད་ཀྱི་འབྱུང་རྩར་འདོད་པ་མ་ཟད། རིག་གནས་དང་། ཀུན་སྤྱོད། སྤྱི་ཚོགས་ཀྱི་རྩ་འཛུགས་དང་བཅས་པ་ཐམས་ཅད་ཀྱི་འབྱུང་རྩར་འདོད།
         དྲུག་པ་དངོས་པོ་ཐམས་ཅད་སྲོག་དང་ལྡན་པར་སྨྲ་བ་སྔ་མ་ནི། ཐེ་ལེའི་རྗེས་སུ་བྱུང་བའི་ཆོས་ལུགས་རིག་པ་བ་གཙོ་གྲས་ཁག་ཅིག་གིས་གདོད་མའི་མི་ཡིས་དངོས་པོ་ཐམས་ཅད་སྲོག་དང་ལྡན་པར་སྨྲ་བར་ཡིད་ཆེས་བྱེད་པའི་དངོས་དོན་དེ་ཉིད་ཁས་ལེན་བྱས་ཀྱང་ལུགས་དེ་མིའི་རིགས་ཀྱི་ཆོས་ལུགས་སྔ་ཤོས་སུ་བརྩིས་པ་བྱུང་མེད། ཁོ་པ་ཚོའི་འདོད་ཚུལ་ལྟར་ན། གདོད་མའི་མིས་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་ཡིད་ཆེས་བྱེད་པའི་སྔ་རོལ་དུ་དེ་བས་སྔ་བའི་ཆོས་ལུགས་ཀྱི་རྣམ་པ་གཞན་ཞིག་ཡོད་པར་འདོད། ཨ་རིའི་མཁས་པ་ཅིན་གྱི་མིང་ཅན་ནི་“རྫུ་འཕྲུལ་སྨྲ་བ་པོ”དང་པོ་དེ་ཡིན་ཞིང་། ཁོང་གིས་སྤྱི་ལོ་1892ལོར་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་སྨྲ་བའི་སྔ་རོལ་ནས་རྫུ་འཕྲུལ་ཐོན་ཟིན་ཞེས་སྨྲས་པ་དང་། ཆོས་ལུགས་ཀྱི་འབྱུང་རྩའང་རྫུ་འཕྲུལ་ཡིན་པར་འདོད།
         བདུན་པ་གདོད་མའི་བློ་སྒོ་འབྱེད་ཚུལ་སྨྲ་བ་ནི། ཐེ་ལེའི་སློ་མ་ཨན་ཏེ་ལེ་ལན་ཀས་རང་གི་དགེ་རྒན་ཐེ་ལེའི་དཀོན་མཆོག་གི་འདུ་ཤེས་ནི་རྣམ་ཤེས་ཀྱི་འདུ་ཤེས་འཕེལ་འགྱུར་བྱུང་བའི་འབྲས་བུ་སྟེ་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་སྨྲ་བ་ལ་མོས་མཐུན་མ་བྱས་ཤིང་། ཁོང་གིས་སྐབས་དེའི་ཨོ་སི་ཁྲུ་ལི་ཡའི་ཤེས་དམན་མི་རིགས་རྣམས་གོང་ཕུད་ལྷ་ལ་དད་མོས་བྱེད་པའི་གནས་ཚུལ་ཤེས་ཚོར་བྱུང་བ་དེ་ཚོ་བགྲངས་ཏེ་ཆོས་ལུགས་འཕེལ་འགྱུར་གྱི་ལྟ་ཚུལ་ལ་དོགས་འདྲི་བྱས། འོན་ཀྱང་གདོད་མའི་མི་ཡི་གོང་ཕུད་ལྷ་ཡི་ལྟ་ཚུལ་དེ་གང་གི་དུས་ནས་བྱུང་བའི་སྐོར་གསལ་པོ་བཤད་མེད། སྤྱི་ལོ་1912ལོར་ལན་ཀ་གྲོངས་རྗེས་ཝེ་ལེན་སི་མི་ཐེའི་«ལྷ་ཡོད་པར་འཛིན་པའི་འདུ་ཤེས་ཀྱི་འབྱུང་རྩ»ཞེས་དེབ་དཔར་ཐེངས་དང་པོའི་ནང་ལན་ཀའི་གཞུང་ལུགས་ཆ་ཚང་བཀོད་པ་དང་འབྲེལ་གདོད་མའི་ལྷ་གཅིག་སྨྲ་བ་གསར་གཏོད་བྱས། དེའང་སི་མི་ཐེས་ཆོས་ལུགས་འཕེལ་འགྱུར་བྱུང་ཚུལ་ལ་མཐའ་གཅིག་ཏུ་སུན་འབྱིན་བྱས་ཤིང་། ཁོ་པ་ལྟར་ན། འཛམ་གླིང་ཐོག་རིག་གནས་ཐོན་སྔ་ཤོས་དང་། བྱུང་སྔ་ཤོས་ཀྱི་རིགས་རྒྱུད་དེ་རྣམས་ཐམས་ཅད་གོང་ཕུད་ལྷ་ལ་དད་མོས་བྱེད་ཀྱི་ཡོད་པར་འདོད་། དེ་ཡང་ཁོ་པ་ལྟར་ན། ལྷ་གཅིག་གི་ལྟ་ཚུལ་ནི་ཁྱོ་གཅིག་བཟའ་གཅིག་དང་སྒེར་ལ་དབང་བའི་ལམ་ལུགས་སོགས་དང་འདྲ་བར་གནའ་བོའི་དུས་ནས་ཡོད་པ་ཞིག་ཡིན་པ་དང་། དད་པ་དེ་གནའ་མིའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་མ་ཟད། དཀོན་མཆོག་གིས་འགྲོ་བ་མིའི་རིགས་ཀྱི་བློ་སྒོ་ཕྱེ་བ་ལས་བྱུང་བས་ཡུལ་དུས་ཀྱི་འཕོ་འགྱུར་དང་མཉམ་དུ་འགྱུར་འགྲོ་བ་མ་ཡིན། ལྷ་མང་དད་བཀུར་དང་དེ་མིན་གྱི་ཆོས་ལུགས་གཞན་རྣམས་ཀྱི་དད་མོས་ནི་ལྷ་གཅིག་དད་མོས་བྱེད་སྲོལ་ཉམས་དམས་སུ་སོང་བའི་རྗེས་སུ་བྱུང་བར་འདོད།
         དེ་ལྟར་གོང་བརྗོད་མཁས་པ་རྣམས་ཀྱིས་གཙོས་པའི་ཆོས་ལུགས་ཞིབ་འཇུག་པ་རྣམས་ཀྱིས་རིག་གཞུང་མི་འདྲ་བའི་ཐབས་ལམ་བེད་སྤྱོད་ཀྱིས་དུས་རབས་གཅིག་ལྷག་ཙམ་རྟོག་ཞིབ་དང་བགྲོ་གླེང་བྱས་ཀྱང་།ཡང་སྙིང་ཆོས་ལུགས་ཀྱི་འབྱུང་རྩ་དང་ལྷ་རིགས་ཀྱི་གྲུབ་ཚུལ་སྐོར་ལ་གཅིག་མཐུན་གྱི་ལྟ་བ་ཞིག་ཆགས་ཐུབ་མེད། འོན་ཀྱང་ཁོང་རྣམ་པའི་དཔྱད་འབྲས་ལས་དེ་འབྲེལ་གྱི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་པ་མ་ཟད། ཆོས་ལུགས་ཀྱི་འབྱུང་རྩ་དང་ལྷ་རིགས་ཀྱི་གྲུབ་ཚུལ་གྱི་ལྟ་བ་རིམ་བཞིན་གཅིག་གྱུར་གྱི་ཕྱོགས་སུ་ཁ་ཕྱོགས་ཐུབ་པ་བྱུང་ཡོད།
         གཞན་ཡང་། སྐུ་ཞབས་ལུའེ་ཏ་ཅིས་གདོད་མའི་ལྷ་རིགས་ཇི་ལྟར་གྲུབ་ཚུལ་སྐོར་ལ་དཔྱད་གླེང་འདི་ལྟར་གནང་ཡོད་པ་སྟེ་“འོ་ན་མི་གཤིས་དེ་ཉིད་གཟུགས་རྣམ་ཅན་ནམ་ཡང་ན་ལྷའམ་ལྷ་གཤིས་ལྡན་པའི་དངོས་པོར་ཇི་ལྟར་འགྱུར་རམ་ཞེ་ན། ལྷ་དང་ལྷ་གཤིས་ལྡན་པའི་དངོས་པོ་རྣམས་མིའི་རིགས་ཀྱི་བསམ་པའི་བཀོད་ནུས་ཀྱིས་ཅི་དགར་བཀོད་པ་ལས་བྱུང་བ་སྟེ། མིའི་བློ་ནུས་བློ་རྩལ་དང་། དབང་ཐང་ནུས་པ། གནས་ཡུན་བཅས་ལ་མཚམས་དང་ཚད་ཡོད་ཀྱང་བསམ་པའི་བཀོད་ནུས་ལ་ཚད་དང་མཐའ་མ་མཆིས། མཐའ་མེད་པའི་བསམ་པའི་ཀུན་ནུས་ཀྱིས་གང་ཡང་མི་རྟོགས་པ་མེད་པའི་ཀུན་མཁྱེན་དང་། གང་ཡང་མི་ཐུབ་པ་མེད་པའི་ཀུན་ནུས། གང་ཡང་མི་གནས་པ་མེད་པའི་ཀུན་གནས་ཀྱི་ཚད་དུ་བསྐྱལ་ཏེ། རང་གི་བློ་རྩལ་དང་། དབང་ནུས། གནས་ཡུན་བཅས་ཚད་མེད་ཀྱི་གནས་སུ་བཀོད། བསམ་པའི་བཀོད་ནུས་དེ་ལྟ་བུས་རང་བྱུང་ཁམས་དང་། སྤྱི་ཚོགས་ཀྱི་འཚོ་བར་ཁ་ལོ་བསྒྱུར་བའི་སྟོབས་ཤུགས་ཀྱང་རང་བྱུང་ཁམས་ལས་འདས་པའི་བླ་མེད་སྟོབས་ཤུགས་སུ་འགྱུར་བར་བྱེད་ཐུབ། དེའང་གདོད་མའི་མིས་རང་གི་བསམ་ཚོད་དེ་ཡུལ་གཞན་ཞིག་ལ་སྦྱར་བའི་འབྲས་བུར་ལྷའི་ལྟ་ཚུལ་ཐེངས་དང་པོར་བྱུང་ཞིང་། གདོད་མའི་མིར་སྟོང་བསམ་དེ་ལྟ་བུ་འཆར་བའི་རྒྱུ་རྐྱེན་ཡང་ཁོ་ཚོ་གནས་སའི་ཁོར་ཡུག་ལ་ཐུག་ཡོད། གདོད་མའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཧ་ཅང་དམའ་བ་དང་། མིའི་འཚོ་བ་ཡང་གནས་ས་རྟེན་སའི་རང་བྱུང་ཁོར་ཡུག་ལ་རག་ལུས་ཡོད། མིའི་བྱེད་ལས་དང་། དབང་ནུས། བློ་རྩལ་བཅས་རང་བྱུང་ཆོས་ཉིད་ཀྱི་འཆིང་རྒྱ་ལས་མ་ཐར་བའི་སྐབས་དེར་མི་ལ་ཁ་ལོ་སྒྱུར་མཁན་ནི་མི་ལས་ལྷག་པ་ཞིག་ཏུ་ཡིན་ཤག་ཏུ་བརྩིས་པས། ཆོས་ལུགས་འདྲ་མིན་སྣ་ཚོགས་ཀྱི་ལྷ་བྱུང་།དེས་ན། ཆོས་ལུགས་ཁག་སོ་སོའི་ལྷ་གཤིས་ལ་སྤྱི་ཚོགས་ཀྱི་མིའི་འབྲེལ་བའི་རྟགས་ཐམ་རེ་ཕོག་པ་སྟེ། སྤྱི་ཚོགས་ཀྱི་ལམ་ལུགས་དང་། མི་དང་མིའི་འབྲེལ་བ་ཇི་ལྟ་བུ་ཞིག་ཡིན་པ་དེ་ལྟ་བུའི་ལྷ་གཤིས་ལྡན་པའི་ལྷའང་བྱུང་། ”[16]ཞེས་གསལ། འདི་ནི་ད་བར་ཆོས་ལུགས་ཞིབ་འཇུག་པའི་ཁྱབ་ཁོངས་ནང་ཡོངས་ཁྱབ་རང་བཞིན་གྱི་ལྟ་བ་ཞིག་ཏུ་གྱུར་ཡོད་པ་རེད།
གསུམ་པ། བོན་ལུགས་ཀྱི་ལྷ་རིགས་གྲུབ་ཚུལ།
         སྤྱིར་ན། བོན་ལུགས་ཀྱི་ལྷ་རིགས་གྲུབ་ཚུལ་ནི་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་སྐབས་དེའི་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་དང་འབྲེལ་ནས་ཡོད་པ་རྟོགས་དཀའ་བའི་གཏན་ཚིགས་ཤིག་མ་ཡིན་རུང་། ད་བར་བོད་རིག་པ་ཞིབ་འཇུག་པ་རྣམས་ཀྱིས་དེའི་སྐོར་ལ་ཐུགས་སྣང་དང་དཔྱད་ཞིབ་མཛད་མཁན་ཧ་ཅང་ཉུང་ཉུང་ཡིན། དེས་ན། དོན་གནད་འདི་ཉིད་ཁ་གསལ་ཙམ་དང་ངེད་ཚོའི་དཔྱད་ཞིབ་གཏིང་ཟབ་ཙམ་འབྱུང་ཕྱིར།གཤམ་དུ་གང་དེ་གྲུབ་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་གང་དེའི་བསམ་བློའི་རྨང་གཞི་གཉིས་ལས་དོན་དེར་དཔྱད་གླེང་བྱ་རྒྱུ་ཡིན།
         གཅིག བོན་ལུགས་ཀྱི་ལྷ་རིགས་གྲུབ་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།
         ལེ་ཚན་གོང་མའི་ནང་ངེད་ཚོས་འཛམ་གླིང་ཆོས་ལུགས་སྤྱི་ལ་དམིགས་ཏེ་གང་གི་འབྱུང་རྩ་དང་ལྷ་རིགས་ཀྱི་གྲུབ་ཚུལ་སྐོར་བགྲོ་གླེང་བྱེད་སྐབས་དོན་དུ་བོན་དེའི་ཆོས་ལུགས་དང་ལྷ་རིགས་གྲུབ་ཚུལ་ལའང་ངེས་པ་ཇི་སྙེད་ཅིག་ཐོབ་ཡོད། རྒྱུ་མཚན་ནི་བོན་དེའི་ཆོས་ལུགས་འདི་ཡང་ཐོག་མར་བོད་ཀྱི་གདོད་མའི་སྤྱི་ཚོགས་ནང་གཞི་གྲུབ་ཅིང་འཕེལ་རྒྱས་སུ་སོང་བ་དེ་ཡིན། འོན་ཀྱང་། མཐོ་བོད་ཀྱི་ས་ཁམས་འདིར་འགྲོ་བ་མིའི་རིགས་བྱུང་བ་དང་དུས་མཚུངས་བོན་དེའི་ཆོས་ལུགས་དང་ལྷ་རིགས་རྣམས་གྲུབ་པ་ཞིག་མ་ཡིན་པར་དེ་དག་ནི་གདོད་མའི་མཐོ་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ངེས་གཏན་ཕྱིན་པའི་འབྲས་བུ་ངོ་མཚར་ལྡན་པ་ཞིག་ཡིན་པས། དེ་ལ་མིའི་རིགས་ཀྱི་གདོད་མའི་ཤེས་རིག་གི་དཔལ་ཡོན་ཞེས་བརྗོད་ཆོག་པ་ཡིན། གདོད་མའི་ཡ་ཐོག་གི་སྤྱི་ཚོགས་ནང་། མི་རྣམས་ལ་རང་ནུས་ཀྱིས་བཟློག་པར་དཀའ་བའི་རང་བྱུང་ཁམས་ཀྱི་གོད་ཆག་དང་། བསམ་ཡུལ་ལས་འདས་པའི་རང་བྱུང་ཁམས་ཀྱི་གཟིགས་བཟོས། ཡ་མཚན་ཅན་གྱི་རང་བྱུང་ཁམས་ཀྱི་སྣང་ཚུལ་སོགས་རྒྱུན་གཏན་གྱི་འཚོ་བའི་ནང་འཕྲད་མུས་ཡིན་ཀྱང་། དེ་ལས་མི་རྣམས་ལ་ཚད་ལྡན་གྱི་ངེས་ཤེས་ཤིག་སྐྱེ་ཐབས་མེད་པ་རེད། རྒྱུ་མཚན་ནི་མིའི་རིགས་ཀྱི་ཤེས་རིག་ད་དུང་བྱིས་པའི་དུས་སུ་གནས་ཡོད་པ་དེས་ཡིན། འོན་ཀྱང་མི་རབས་ནས་མི་རབས་བརྒྱུད་པའི་དུས་ཀྱི་འཁོར་ལོའི་ནང་། མི་རྣམས་ལ་རིམ་བཞིན་རང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་དང་ལུས་ཐོག་ཏུ་འཕྲད་པའི་སྣང་ཚུལ་ལ་རང་འགུལ་ངང་དོ་སྣང་བྱེད་པའི་འགོ་ཚུགས་ཀྱི་ཡོད་པ་རེད། ཁོ་པ་ཚོས་བརྒོལ་དུ་མེད་པའི་རང་བྱུང་ཀྱི་གནོད་འཚེ་དང་། བསྒྱུར་དུ་མེད་པའི་དུས་བཞིའི་འགྱུར་བ་སོགས་རང་ཉིད་ཀྱི་འཚོ་བའི་ནང་གཡོལ་དུ་མེད་པར་ཕྲད་པས་རིམ་བཞིན་འཇིག་རྟེན་ཐོག་མིའི་རིགས་སོ་སོ་ལས་ཁྱད་དུ་འཕགས་པའི་མངོན་མེད་ཀྱི་སྟོབས་ཤུགས་ཤིག་གནས་པར་ཡིད་རྟོན་བྱེད་ཅིང་། སྟོ བས་ཤུགས་དེ་ཡང་རིམ་བཞིན་མི་གཤིས་ཅན་དུ་གྱུར་ནས་གྲགས་ཅན་གྱི་རི་མཚོ་དང་། ཉི་ཟླ་གློག་འོད་སོགས་ལ་དད་བཀུར་བྱེད་འགོ་ཚུགས་ཏེ་སྲིད་པ་བོན་གྱི་ཆོས་ལུགས་ནང་རི་ལྷ་དང་། མཚོ་ལྷ། ཉི་ལྷ། ཟླ་ལྷ། གློག་ལྷ་སོགས་རང་བྱུང་གི་ལྷ་རིགས་རྣམས་རིམ་བཞིན་བྱུང་། དེ་དང་ཕྱོགས་མཚུངས་སུ་“མི་རྣམས་གཉིད་ཁུག་པ་དང་། ཧོན་ཐོར་བ། ནད་ཀྱིས་མནར་བ། འཆི་བ། རྨི་ལམ་སོགས་ལུས་དང་སེམས་ཁམས་ཀྱི་སྣང་ཚུལ་ལ་རྟོག་དཔྱོད་བྱས་ཏེ་ལུས་དང་ཐ་དད་དུ་གནས་པའི་རྣམ་ཤེས་ཡོད་ངེས་ཀྱི་འདུ་ཤེས་སྐྱེས་པ་དང་། འདུ་ཤེས་དེ་ཉིད་དངོས་པོར་སྦྱར་བས་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་སྨྲ་བ་དེ་བྱུང།”[17]ཡང་འདུ་ཤེས་དེ་ཉིད་འབྱུང་བཞིར་སྦྱར་བས་ས་ལྷ་དང་། ཆུ་ལྷ། མེ་ལྷ། རླུང་ལྷ་རྣམས་བྱུང་། དེ་འདས་ཟིན་པའི་མེས་པོར་སྦྱར་བས་སྲིད་པའི་རྒྱལ་པོས་མཚོན་པའི་མེས་པོའི་ལྷ་རྣམས་བྱུང་བ་རེད།
         དེ་ལྟར་ད་ལྟ་བོན་དེའི་ཆོས་ལུགས་ནང་གནས་མུས་ཀྱི་ལྷ་རིགས་ཀྱི་མ་ལག་དེ་རྣམས་ཀྱང་མི་རྣམས་ཀྱི་ཤེས་རྟོགས་ཀྱི་ནུས་པ་དང་། ཁོར་ཡུག་གི་ཆ་རྐྱེན། ཐོན་སྐྱེད་ཀྱི་རྣམ་པ། ལོ་རྒྱུས་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་མི་འདྲ་བའི་འོག་རིམ་བཞིན་བྱུང་བ་དང་འཕེལ་སོང་བ་ཞིག་ཡིན་པ་ལས། དེ་རྣམས་ལོ་རྒྱུས་ཀྱི་དུས་རབས་གཅིག་དང་། སྤྱི་ཚོགས་ཀྱི་རྣམ་པ་གཅིག །རིག་གནས་ཀྱི་རྒྱབ་ལྗོངས་གཅིག་གི་འོག་ཏུ་བྱུང་བ་ཞིག་མ་ཡིན་ལ། དེ་རྣམས་འགྱུར་མེད་རང་སོར་གནས་པ་ཞིག་དེ་བས་མ་ཡིན། དེ་ཡང་དཔེར་ན། །བོད་ཀྱི་གདོད་མའི་སྤྱི་ཚོགས་ནང་འབྱུང་བཞིའི་ལྷ་ཚོགས་དང་། སྲིད་པ་ཆགས་པའི་ལྷ་དགུ བོད་སྐྱོང་བརྟན་མ་བཅུ་གཉིས་སོགས་རང་བྱུང་གི་ལྷ་རིགས་རྣམས་བྱུང་ཞིང་། གྲལ་རིམ་གྱི་སྤྱི་ཚོགས་ནང་གཡེན་ཁམས་སོ་སུམ་གྱིས་གཙོས་པའི་གྲལ་རིམ་ཅན་གྱི་ལྷ་རིགས་རྣམས་བྱུང་བ་མ་ཟད། སྲིད་པའི་ལྷ་ཆེན་རྣམས་ཀྱང་འབངས་འཁོར་བཟའ་ཚོ་དང་འབྲེལ་བའི་གྲལ་རིམ་ཅན་དང་མི་གཤིས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་སོང་བ་རེད། དེ་ནི་བོན་ལུགས་ཙམ་མ་ཡིན་པར་གནའ་བོའི་ཆོས་ལུགས་ཡོངས་ལ་ལྡན་པའི་ཁྱད་ཆོས་ཤིག་ཡིན།
         དེས་ན། བོན་ལུགས་ཀྱི་ལྷ་རིགས་གྲུབ་ཚུལ་ནི་གནའ་བོའི་བོད་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར།ཤེས་རིག་སོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྲེལ་བའི་གནད་དོན་རྙོག་འཛིང་ཅན་ཞིག་ཡིན་པས། གོང་ཞུས་ཆེད་ལས་མཁས་ཅན་རྣམས་ཀྱིས་གསུངས་པ་ལྟར། རྒྱུ་རྐྱེན་ག་གེ་མོ་ཞིག་དང་མཐུན་རྐྱེན་ག་གེ་མོ་ཞིག་ལས་བྱུང་བ་ཞིག་རྩ་བ་ནས་མ་ཡིན།
         གཉིས། བོན་ལུགས་ཀྱི་ལྷ་རིགས་གྲུབ་པའི་བསམ་བློའི་རྨང་གཞི།
         བོན་ལུགས་ཀྱི་ལྷ་རིགས་ནི་གྲངས་འབོར་ཤིན་ཏུ་ཆེ་ཞིང་མ་ལག་ཕུན་སུམ་ཚོགས་པ་ཞིག་སྟེ། གང་དེའི་ཁྲོད་དུ་སྣོད་བཅུད་གཉིས་ལས་གྲུབ་པའི་བོན་གྱི་གདོད་མའི་ལྷ་རིགས་ཡོད་པ་མ་ཟད། གཡེན་ཁམས་སོ་གསུམ་དང་བར་དོའི་གཞུང་ལུགས་དང་འབྲེལ་བའི་གཡུང་དྲུང་བོན་གྱི་ལྷ་རིགས་ཡོད་ལ། ད་དུང་ནང་བསྟན་གྱི་ཤུགས་རྐྱེན་ལས་བྱུང་བའི་ལྷ་རིགས་ཀྱང་མི་ཉུང་བ་ཡོད་པ་རེད། འདི་ལས་བོན་ལུགས་ལྷ་རིགས་དེ་རྣམས་གྲུབ་པའི་བསམ་བློ་གནས་གཅིག་ཏུ་མ་ངེས་པར་ལྷ་རིགས་ཀྱི་མ་ལག་སོ་སོར་དམིགས་བསལ་ཀྱི་བསམ་བློ་དང་གཞུང་ལུགས་རེ་ལྡན་པ་ནི་ཧ་ཅང་གསལ་པོ་ཡིན། དེས་ན། ངེད་ཚོས་བོན་ལུགས་ལྷ་རིགས་རྣམས་མ་ལག་སོ་སོར་ཕྱེ་སྟེ ་གང་དེའི་བསམ་བློར་དཔྱད་ཞིབ་བྱ་རྒྱུ་ནི་ཐབས་དམ་པ་ཞིག་ཏུ་མངོན།
         དེ་ཡང་ཐོག་མར་བོན་གྱི་གདོད་མའི་ལྷ་རིགས་ངོས་ནས་བརྗོད་ན། དངོས་པོ་ཐམས་ཅད་སེམས་དང་ལྡན་པར་འདོད་པའི་བསམ་པའི་འདུ་ཤེས་དང་། ལུས་དང་ཐ་དད་དུ་གནས་པའི་རྣམ་ཤེས་ཡོད་ངེས་ཀྱི་བསམ་པའི་འདུ་ཤེས་ནི་བོན་གྱི་གདོད་མའི་ལྷ་རིགས་གྲུབ་པའི་བསམ་བློའི་རྨང་གཞི་གཙོ་བོ་དེ་དག་ཡིན་ཏེ།དེ་ལས་དངོས་རྫས་ལ་དད་བཀུར་དང་། རང་བྱུང་ཁམས་ལ་དད་བཀུར། རང་བྱུང་ཁམས་ཀྱི་སྣང་ཚུལ་སོགས་ལ་དད་བཀུར་བྱེད་སྲོལ་བྱུང་བ་མ་ཟད། དེ་བཞིན་རྣམ་ཤེས་ཡོད་ངེས་ཀྱི་བསམ་པའི་འདུ་ཤེས་དེ་ཉིད་འདས་ཟིན་པའི་མེས་པོར་སྦྱར་བས་མེས་པོར་དད་བཀུར་དང་། དེ་ཉིད་འདས་ཟིན་པའི་ཚོ་པའི་འགོ་གཙོར་སྦྱར་བས་འགོ་པའམ་དཔའ་བོར་དད་བཀུར། དེ་ཉིད་འབྱུང་བ་བཞིར་སྦྱར་བས་འབྱུང་བའི་ལྷ་རིགས་ལ་དད་བཀུར་བྱེད་སྲོལ་སོགས་བྱུང་བ་ཡིན།
         གཉིས་པ་གཡུང་དྲུང་བོན་གྱི་ལྷ་རིགས་གྲུབ་ཚུལ་ནི་སྲིད་པ་བོན་ལུགས་ལྷ་རིགས་ཀྱི་བསམ་བློ་རྨང་གཞིར་བཟུང་ནས་དེ་ཉིད་མ་ལག་ཅན་དང་། གཞུང་ལུགས་ཅན། མི་གཤིས་ཅན་དུ་གྱུར་པ་ལས་བྱུང་བ་ཞིག་ཡིན། སྲིད་པ་བོན་ལུགས་ལྷ་རིགས་ལ་བཟང་ངན་དང་ཕོ་མོའི་དབྱེ་བ་མེད་ལ། གྲལ་རིམ་དང་བྱེད་ལས་ཀྱི་དབྱེ་བ་མེད་པ་ཞིག་ཡིན་པས། ལྷ་རིགས་དེ་རྣམས་ནི་བཟང་ངན་གྱི་ལས་གཉིས་ཀར་འཇུག་པའི་གཤིས་ཀ་གཉིས་ལྡན་ཤ་ཅིག་ཡིན། སྤྱི་ལོའི་སྔོ ན་གྱི་ལོ་ངོ་ཉིས་སྟོ ང་ཡས་མས་སུ་སྟོ ན་པ་གཤེན་རབ་ཀྱིས་གཡུང་དྲུང་བོན་གྱི་སྲོལ་གཏོད་པ་དང་སྦྲགས། སྲིད་པ་བོན་ལུགས་ཀྱི་ལྷ་རིགས་རྣམས་ཀྱང་སྐབས་དེའི་སྤྱི་ཚོགས་དང་བསྟུན་ནས་མི་གཤིས་ཅན་དང་། གྲལ་རིམ་ཅན། ཆེད་ལས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་སོང་སྟེ་གཤེན་དང་བདུད། ལྷ་དང་འདྲེ། བཙན་དང་གཉན་ལ་སོགས་བཟང་ངན་དང་གྲལ་རིམ་གྱི་དབྱེ་བས་ཆོད་པའི་ལྷ་རིགས་རྣམས་བྱུང་ཡོད། དེ་ཡང་ཞིབ་ཙམ་བརྗོད་ན། གཡུང་དྲུང་བོན་གྱི་སྲིད་པ་སྒོ་ང་ལས་གྲོལ་བའི་ལྟ་བ་དང་། ཡར་གཡེན་བར་གཡེན་ས་གཡེན་དང་བཅས་པའི་གཡེན་ཁམས་སོ་གསུམ་གྱི་གཞུང་ལུགས། དེ་བཞིན་བར་དོའི་འཕྲང་འགྲིམས་པའི་བསམ་པ་སོགས་ལས་གཡུང་དྲུང་བོན་གྱི་ལྷ་རིགས་ཀྱི་མ་ལག་འབོར་ཆེན་ཞིག་གྲུབ་ཡོད་པ་སྟེ། དཔེར་ན། སྲིད་པ་སྒོ་ང་ལས་གྲོལ་བའི་ལྟ་བ་ལས་སྲིད་པའི་མེས་པོ་སྟེ། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་དང་། སྲིད་པའི་རྒྱལ་མོ་ཆུ་ལྕག་རྒྱལ་མོ། སྲིད་པ་ཕོ་དགུ། སྲིད་པ་མོ་དགུ། སྲིད་པའི་འདྲེ་དགུ་ལ་སོགས་སྲིད་པའི་ལྷ་རིགས་ཀྱི་མ་ལག་དེ་བྱུང་། དེ་བཞིན་གཡེན་ཁམས་སོ་གསུམ་གྱི་གཞུང་ལུགས་ལས་བར་སྣང་དང་གོ་གནས་ཀྱི་དབྱེ་བ་གསལ་བའི་ཡར་གཡེན་གཉེན་པོ་བཅུ་གསུམ་དང་། བར་གཡེན་གཏོད་པོ་སྡེ་དགུ། ས་གཡེན་ཆེ་བ་བཅུ་གཅིག་སོགས་པའི་ལྷ་རིགས་རྣམས་བྱུང་སྟེ་གྲལ་རིམ་ལྡན་པའི་ལྷ་རིགས་ཀྱི་མ་ལག་ཆེན་མོ་ཞིག་གྲུབ་ཡོད། ལྷག་དོན་གཡུང་དྲུང་བོན་གྱི་བར་དོའི་འཕྲང་འགྲིམས་པའི་བསམ་བློ་ནི་ལྷ་རིགས་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་ཆེན་མོ་ཞིག་དང་འདྲ་བར་འདྲེ་ཡི་མ་ལག་ཆེན་མོ་དེ་ཉིད་གསར་འཛུགས་བྱས་ཡོད་པ་རེད།
         གསུམ་པ་ནང་བསྟན་གྱི་ཤུགས་རྐྱེན་ལས་བོན་གྱི་ལྷ་རིགས་གྲུབ་ཚུལ་ནི་ནང་བསྟན་ཆོས་ལུགས་ཀྱི་གཞུང་ལུགས་ལ་བསྟེན་ནས་བྱུང་བའི་བོན་ལུགས་ཀྱི་ལྷ་རིགས་ལ་བརྗོད་པ་ཡིན། སྤྱི་ལོའི་དུས་རབས་བདུན་པ་ནས་འགོ་ཚུགས་ཏེ་ནང་བསྟན་བོད་དུ་དར་ཞིང་། དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སླེབས་སྐབས་སྔར་བོན་དེས་བོད་ཀྱི་ཆོས་སྲིད་ཐད་བཟུང་བའི་གཙོ་ཤུགས་རིག་གནས་ཀྱི་གནས་བབ་དང་དབང་ཆ་དེ་ནང་བསྟན་ལ་ཤོར་ཡོད། དེ་ལས་རིམ་བཞིན་བོན་དེའི་ཆོས་ལུགས་ནང་ནང་བསྟན་གྱི་བསམ་པ་དང་རིགས་པའི་གཞུང་ལུགས་བཀོལ་སྤྱོད་བྱེད་པའི་འགོ་ཚུགས་ནས་བོན་ལུགས་ལྷ་རིགས་ཁྲོད་དུའང་དེ་འབྲེལ་གྱི་ལྷ་རིགས་མི་ཉུང་བ་ཞིག་བྱུང་ཡོད་པ་སྟེ། དཔེར་ན། ནང་བསྟན་གྱི་འགྲོ་བ་རིགས་དྲུག་ཏུ་དབྱེ་བའི་གཞུང་ལུགས་ལས་བོན་ལུགས་ལྷ་རིགས་ཁྲོད་ལྷ་དང་། ལྷ་མིན། མི་སྟེ་བདེ་འགྲོ་གསུམ་དང་། དམྱལ་བ། ཡི་དྭགས། དུད་འགྲོ་སྟེ་ངན་འགྲོ་གསུམ་གྱི་ལྷ་རིགས་རྣམས་བྱུང་ལ། དེ་བཞིན་ནང་བསྟན་གྱི་ས་ལམ་སོགས་རིགས་པའི་གཞུང་ལུགས་དང་དེ་འབྲེལ་གྱི་ལྷ་སྟེ་གཤེན་ལྷ་འོད་དཀར་སོགས་ཀྱིས་མཚོན་པའི་གཤེན་གྱི་ལྷ་རིགས་དང་། སྨྲ་བའི་སེང་གེ་སོགས་ཀྱིས་མཚོན་པའི་གཤེན་སྲས་ཀྱི་ལྷ་རིགས་རྣམས་ཀྱང་བྱུང་བ་རེད།
         མདོར་ན། བོན་ལུགས་ལྷ་རིགས་ཀྱི་མ་ལག་དེ་རྣམས་གྲུབ་པའི་བསམ་བློ་ནི་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་འདོད་པའི་བོད་ཀྱི་མེས་རྣམས་ཀྱི་བསམ་པའི་འདུ་ཤེས་ཏེ་སྲིད་པ་བོན་ནམ་སྲིད་པ་བོན་གྱི་བསམ་པ་དང་འབྲེལ་ནས་ཡོད་ལ། སྟོ ན་གཤེན་རབ་ཀྱིས་སྲོལ་གཏོད་པའི་གཡུང་དྲུང་བོན་དང་ནང་བསྟན་གྱི་བསམ་པ་དང་དམ་དུ་འབྲེལ་ནས་ཡོད་པ་ཞིག་ཡིན་ནོ། །
         དཔྱད་གཞིའི་ཡིག་རིགས།
         [1] ཝང་མིང་མིང་། ནུབ་ཕྱོགས་མིའི་རིགས་རིག་པའི་གྲགས་རྩོམ་གནད་བསྡུས།[M] ཅང་ཤིའི་མི་དམངས་དཔེ་སྐྲུན་ཁང་། 2006.4
         [2] འཇིགས་མེད་ཆོས་ཀྱི་རྡོ་རྗེ། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2001.10
         [3] མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་བཞུགས་སོ། །[M] (ལྕགས་པར།)[4] སྲིད་པའི་མཛོད་ཕུག །[M] (ལྕགས་པར།)
         [5] ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སིའི་འོད།[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1996.5
         [6] ཀྲང་ཅ་རིག་འཛིན་རྒྱ་མཚོ། སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་དང་ལོ་རྒྱུས་ཉུང་བསྡུས་ཞང་ཞུང་སྙིང་ཏིག་ཅེས་བྱ་བ།[M]མི་རིགས་དཔེ་སྐྲུན་ཁང་། 2002.8
         [7] ལའེ་ཏ་ཅི་ཡིས་གཙོ་སྒྲིག་བྱས། རྟ་མགྲིན་འབྲུག་གྲགས་དང་རྣམ་རྒྱལ་སྒྲོལ་དཀར་གཉིས་ཀྱིས་བསྒྱུར། ཆོས་ལུགས་རིག་པའི་མདོ་དོན།[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015.1
         [8] དཔལ་ཚུལ། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1998.1
         [9] ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།[M] མི་རིགས་དཔེ་སྐྲུན་ཁང་། 1985.9
         [10] བསྟན་སྲུང་བོམ་རའི་བསྟོ ད་སྐུལ་དབུས་ཕྱོགས་བཞུགས་པ་ལེགས་སོ། །[M] དཔར་མ།
         [11] ཐུའུ་བཀྭན་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ།[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། 1984.1
         [12] གཉན་ཆེན་བོམ་རའི་བསྐང་བ་བཞུགས།[M] དཔར་མ།
         [13] སུན་ལིན། བོད་ལྗོངས་དམངས་ཁྲོད་ཆོས་ལུགས་ནང་གི་རི་ལྷ།--བཙན་གཉན་གཞིས་བདག་གསུམ་གྱི་འབྲེལ་བར་དཔྱད་པ།[J] ཀྲུང་གོའི་བོད་རིག་པ། 2009.3
         མཆན་འགྲེལ།
         [1] ཝང་མིང་མིང་། ནུབ་ཕྱོགས་མིའི་རིགས་རིག་པའི་གྲགས་རྩོམ་གནད་བསྡུས། [M] ཡུལ་དེ་ག་ནས་དར་བ་ཇི་ལྟར་དབྱེ་ཞིབ་བྱ་དགོས། ཤ140
         [1] འཇིགས་མེད་ཆོས་ཀྱི་རྡོ་རྗེ། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། །[M] མཚོ་སྔོ ན་མི་རིགས་དཔེ་སྐྲུན་ཁང་། 2001.10 ཤ1240
         [2] མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་བཞུགས་སོ། །[M] (ལྕགས་པར།) ཤ5-6
         [3] མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་བཞུགས་སོ། །[M] (ལྕགས་པར།) ཤ5-6
         [4] འཇིགས་མེད་ཆོས་ཀྱི་རྡོ་རྗེ། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། །[M] མཚོ་སྔོ ན་མི་རིགས་དཔེ་སྐྲུན་ཁང་། 2001.10 ཤ1240
         [5] འཇིགས་མེད་ཆོས་ཀྱི་རྡོ་རྗེ། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།[M] མཚོ་སྔོ ན་མི་རིགས་དཔེ་སྐྲུན་ཁང་། 2001.10 ཤ1240
         [6] མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་བཞུགས་སོ།།[M] (ལྕགས་པར།) ཤ5-6
         [7] མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་བཞུགས་སོ། །[M] (ལྕགས་པར།) ཤ5-6
         [8] སྲིད་པའི་མཛོད་ཕུག།[M] (ལྕགས་པར།) ཤ4 ཤ10
         [9] སྲིད་པའི་མཛོད་ཕུག།[M] (ལྕགས་པར།) ཤ4 ཤ10
         [10] སྲིད་པའི་མཛོད་ཕུག།[M] (ལྕགས་པར།) ཤ4 ཤ10
         [11] ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སིའི་འོད།[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1996.5 ཤ19
         [12] མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་བཞུགས་སོ། །[M] (ལྕགས་པར།) ཤ 9
         [13] ཀྲང་ཅ་རིག་འཛིན་རྒྱ་མཚོ། སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་དང་ལོ་རྒྱུས་ཉུང་བསྡུས་ཞང་ཞུང་སྙིང་ཏིག་ཅེས་བྱ་བ། [M] མི་རིགས་དཔེ་སྐྲུན་ཁང་། 2002.8 ཤ17
         [14] ཀྲང་ཅ་རིག་འཛིན་རྒྱ་མཚོ། སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་དང་ལོ་རྒྱུས་ཉུང་བསྡུས། ཞང་ཞུང་སྙིང་ཏིག་ཅེས་བྱ་བ། [M] མི་རིགས་དཔེ་སྐྲུན་ཁང་། 2002.8 ཤ180
         [15] ཀྲང་ཅ་རིག་འཛིན་རྒྱ་མཚོ། སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་དང་ལོ་རྒྱུས་ཉུང་བསྡུས། ཞང་ཞུང་སྙིང་ཏིག་ཅེས་བྱ་བ། [M] མི་རིགས་དཔེ་སྐྲུན་ཁང་། 2002.8 ཤ186
         [16] ལའེ་ཏ་ཅི་ཡིས་གཙོ་སྒྲིག་བྱས། རྟ་མགྲིན་འབྲུག་གྲགས་དང་རྣམ་རྒྱལ་སྒྲོལ་དཀར་གཉིས་ཀྱིས་བསྒྱུར། ཆོས་ལུགས་རིག་པའི་མདོ་དོན།[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤ 84 ནས་85བར །
         [17] ལའེ་ཏ་ཅི་ཡིས་གཙོ་སྒྲིག་བྱས། རྟ་མགྲིན་འབྲུག་གྲགས་དང་རྣམ་རྒྱལ་སྒྲོལ་དཀར་གཉིས་ཀྱིས་བསྒྱུར། ཆོས་ལུགས་རིག་པའི་མདོ་དོན།[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤ 84།