ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

དགེ་ལུགས་པའི་ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་པའི་རིག་གནས་འཕེལ་འགྱུར་དང་དེའི་མཚོན་དོན་ལ་དཔྱད་པ།

——དགོན་པའི་སློབ་གསོ་དང་དཔལ་འབྱོར་གཉིས་གཞིར་བཟུང་བ།

སྤེལ་དུས 2021-09-16 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། མགོན་པོ་སྐྱིད།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་སློབ་གསོ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་གཞིར་བཟུང་སྟེ། ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་བྱུང་བ་དང་། རིམ་པར་ཕྱག་སྲོལ་གསར་སྤེལ་དང་གཞུང་བཀའ་པོད་ལྔར་འཆད་ཉན་བྱེད་སྲོལ་བྱུང་བ། སློབ་ཆུང་གསར་དུ་བཙུགས་པ་སོགས་དགོན་སྡེའི་སློབ་གསོ་འཕེལ་རྒྱས་ཀྱིས་རྒྱལ་ཁབ་དང་ཚོ་ཤོག དེ་ནས་མི་སྒེར་སོགས་དཔལ་ཡོན་ཅན་དང་། སྔོན་ཐོན་ཅན། ཕུགས་བསམ་ཅན་བཅས་སུ་འགྱུར་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་གྱིན་པ་དང་། དཔལ་འབྱོར་གྱི་ཆ་ནས་དགོན་པའི་ཤིང་རྟར་ཚོང་ཟོག་བཙོང་འགོ་བརྩམས་པ་ནས་རིམ་པར་དགོན་པའི་ཚོང་ཁང་དང་ཟ་ཁང་། སྨན་ཁང་། མགྲོན་ཁང་དང་པོ་དང་གཉིས་པ་སོགས་གཉེར་ཏེ་དགོན་སྡེའི་དཔལ་འབྱོར་རང་སྐྱ་འཕེལ་བ་དང་། ས་གནས་འབྱོར་ཕྱུག་ལྡན་པ། མང་ཚོགས་བདེ་ཞིང་སྐྱིད་པ་སོགས་སྤྱི་ཚོགས་ཡར་ཐོན་དང་འཆམ་མཐུན་ལ་ཕན་པ་བསྐྲུན་པས། དགོན་སྡེ་རིག་གནས་འཕེལ་རྒྱས་ཀྱིས་སྤྱི་ཚོགས་དང་། མི་སྒེར། ས་གནས་དང་རྒྱལ་ཁབ་སོགས་ཀྱི་ཆབ་དཔལ་རིག་གསུམ་ཡར་རྒྱས་ཡོང་བར་དངོས་བརྒྱུད་གང་རུང་ནས་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་གྱིན་པའི་རིག་གནས་མཚོན་དོན་ལ་དཔྱད་བརྗོད་བྱས་ཡོད།
[གནད་ཚིག] ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་། དགོན་པའི་སློབ་གསོ། དགོན་སྡེ་རིག་གནས། དགོན་པའི་དཔལ་འབྱོར།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།] 1002-9060-2021-01-0019-15
          དེ་ཡང་མཁས་དབང་ཐད་ལོ་(E.B.Tylor)ལགས་ཀྱིས་མིའི་རིགས་རིག་པའི་སྒྲ་ཡངས་འཇུག་གི་ཐོག་ནས་སྨོས་ཚེ། རིག་གནས་ནི་རྙོག་འཛིང་ཆེ་བའི་སྤྱི་འདུས་ཀྱི་ཕུང་པོ་ཞིག་ཡིན་ཏེ། དེ་ནི་དད་མོས་དང་སྒྱུ་རྩལ། ཀུན་སྤྱོད་དང་ཁྲིམས་ལུགས། དམངས་སྲོལ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་ཐོབ་པའི་ནུས་པ་དང་གོམས་སྲོལ་ཡོད་དོ་ཅོག་ལ་ཟེར་ཞེས་གསུངས་②པ་བཞིན། མིའི་རིགས་རིག་པའི་གྲུབ་མཐའ་ལྟར་ན་རིག་གནས་རིག་པར་དད་མོས་དང་། ཀུན་སྤྱོད། ཁྲིམས་ལུགས། དམངས་སྲོལ། གོམས་སྲོལ་སོགས་འདུ་བས། རང་རེའི་བོད་ཀྱི་རིག་གནས་ཞེས་པའང་མིའི་རིགས་རིག་པའི་གྲུབ་མཐའི་གཞུང་ལུགས་དང་གྲུབ་ཚུལ་གྱི་དབྱེ་ཐབས་ལྟར་ན། བོད་ཀྱི་དངོས་པོའི་རིག་གནས་དང་། བོད་ཀྱི་ལམ་ལུགས་རིག་གནས། བོད་ཀྱི་སྤྱོད་ལམ་རིག་གནས། བོད་ཀྱི་བསམ་པའི་རིག་གནས་བཅས་བཞི་རུ་དབྱེ་ཆོག་③པ་དང་། དེ་དག་ལས་དངོས་པོའི་རིག་གནས་ཀྱི་ནང་གསེས་ཀྱི་བཟོ་སྐྲུན་རིག་གནས་དང་ཡོ་ཆས་རིག་གནས། ད་དུང་ལམ་ལུགས་རིག་གནས་ཀྱི་ནང་གསེས་ཀྱི་སྤྲུལ་སྐུའི་ལམ་ལུགས་རིག་གནས་དང་དུས་ཆེན་ལམ་ལུགས་རིག་གནས།གཞན་སྤྱོད་ལམ་རིག་གནས་ཀྱི་ནང་གསེས་ཀྱི་གུས་སྲོལ་དང་འཛེམ་སྲོལ་རིག་གནས། ཀུན་སྤྱོད་རིག་གནས། དེ་མིན་བསམ་པའི་རིག་གནས་ཀྱི་ཁོངས་གཏོགས་ལྡེར་བཟོའི་སྒྱུ་རྩལ་རིག་གནས་དང་རོལ་ཆས་རིག་གནས་④སོགས་ནི་བོད་ཀྱི་དགོན་སྡེ་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། སྤྱིར་དགོན་སྡེ་ནི་རིག་གནས་སྣ་འདུས་ཀྱི་བསྡུས་གཟུགས་ལྟ་བུར་སྣང་བས། དེའི་ནང་གསེས་རིག་གནས་སོ་སོའི་འཕེལ་འགྱུར་ལ་ཞིབ་འཇུག་བྱ་རྒྱུ་ནི་ས་གནས་རིག་གནས་ལ་རྒྱུས་ལོན་དང་ཉམས་ཞིབ་བྱེད་པའི་གནད་འགག་གཙོ་བོ་ལྟ་བུར་སྣང་བས། འདིར་ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་སློབ་གསོ་དང་དཔལ་འབྱོར་གྱི་འཕེལ་འགྱུར་གཞིར་བཟུང་ནས་དགོན་སྡེ་རིག་གནས་འཕེལ་རྒྱས་ཀྱིས་སྤྱི་ཚོགས་དང་། ས་གནས། མི་སྒེར། རྒྱལ་ཁབ་སོགས་ཀྱི་ཆབ་དཔལ་རིག་གསུམ་ཡར་རྒྱས་ཡོང་བར་དངོས་བརྒྱུད་གང་རུང་ནས་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་གྱིན་པའི་རིག་གནས་མཚོན་དོན་ལ་དཔྱད་པར་བྱ་བ་ལ།
          དང་པོ། ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་བྱུང་བ།
          གཅིག ཤིས་ཚང་དགོན་གསར་འདེབས་ཀྱི་སྐོར།
          དེའང་མདོ་སྨད་དུ་དགེ་ལུགས་པའི་གྲུབ་མཐའ་དར་ཁྱབ་ཏུ་སོང་བ་དང་བསྟུན་ནས་སྐྱེས་ཆེན་དམ་པ་ཚོས་ཐུགས་སྨོན་བསམ་གྱིས་མི་ཁྱབ་པ་བཞེས་པས། ཁོང་རྣམ་པས་བྱ་ཁྱུང་དགོན་པ་དང་བླ་བྲང་བཀྲ་ཤིས་འཁྱིལ་ལྟ་བུའི་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་གནང་སའི་དགེ་ལུགས་པའི་དགོན་སྡེ་རབ་དང་རིམ་པ་གསར་འདེབས་གནང་སྟེ་ས་གནས་རིག་གནས་སླར་གསོ་ཡི་ཚ་རླབས་འཕྱུར་བཞིན་པའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་བྱུང་བ་ན། ཆོས་སྡེ་ཆེན་པོ་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་ངམ་ཤེར་ཕྱིན་གླིང་⑤ཞེས་བྱ་བ་འདི་ཡང་དུས་རིམ་དེར་བྱུང་བའི་ས་གནས་རིག་གནས་ཀྱི་མྱུ་གུ་འབུས་པའི་གྲུབ་འབྲས་ཤིག་ཡིན། ཆོས་སྡེ་ཆེན་པོ་འདི་ཉིད་ནི་དེང་གི་ཀླུ་ཆུ་རྫོང་གི་ཤར་ཕྱོགས་སུ་སྤྱི་ལེ་བཅུ་ལྷག་གི་མཚམས་ཀྱི་ཤིས་ཚང་དགུན་སའི་ཡར་ཐང་བྱ་བར་ཆགས་ཤིང་། འདི་ནི་མདོ་སྨད་ལྷོ་ཕྱོགས་ཀྱི་ཚོ་ཤོག་ཆེ་གྲས་སུ་གྱུར་པའི་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་སྤྱི་དགོན་ཡིན། དེ་ལ་“ཀུན་མཁྱེན་བར་མར་སུམ་མཐིལ་བླ་མས་དགོན་ཕྲན་འདི་དག་གཅིག་ཏུ་བསྡུས་པའི་སྤྱི་དགོན་ཞིག་དགོས་ཞུས་པར། ད་དུང་དུས་ལ་མ་བབ།” ཅེས་དང་། “མ་ངེ་དཔོན་སློབ་བློ་བཟང་རྒྱལ་མཚན་ནམ་ཨ་གསལ་དཔོན་སློབ་བློ་བཟང་རྒྱལ་མཚན་⑥གྱིས་ཞུས་པར་ཡང་དེ་བཞིན་གསུངས་” ⑦པ་བཞིན་སུམ་མཐིལ་དང་། སྲད་རྒྱུད་མཁན་པོ་ཨ་གསལ་སྤྲུལ་པའི་སྐུ་རབས་གཉིས་ཀྱི་རིང་དུ་ཡང་དང་བསྐྱར་དུ་ཀུན་མཁྱེན་རིན་པོ་ཆེར་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་དགོན་ཕྲན་གཅིག་བསྡུས་ཀྱི་སྤྱི་དགོན་མཁོ་པ་ནན་གྱིས་ཞུས་⑧པ་ལྟར། རབ་བྱུང་བཅུ་བཞི་པའི་ས་ཕག་ལོར་ཀུན་མཁྱེན་མཆོག་གི་བཀའ་ལུང་དུས་བབ་ལྟ་བུར་དེ་ཉིད་ཀྱི་ཐུགས་སྲས་འཇམ་མགོན་སྡེ་ཁྲི་རིན་པོ་ཆེ་རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་ཉི་མ་ཉིད་ཨ་གསལ་བླ་མ་བློ་བཟང་གིས་གདན་དྲངས། དེ་བཞིན་དུ་ཨ་གསལ་ཚང་གི་རི་ཁྲོད་ལྷ་སྡེ་དང་བཅས་པ་ཕུལ་བས་དགོན་པ་གསར་འདེབས་ཀྱི་གཞི་བརྩམས་⑨ཞེས་པར། སྤྱི་ལོ་1839ལོར་ཀུན་མཁྱེན་རིན་པོ་ཆེའི་བཀའ་ལུང་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསེར་ཁྲི་བཞིའི་ཡ་གྱལ་ཏེ། སྡེ་པ་གསེར་ཁྲི་རིན་པོ་ཆེ་སྐུ་འཕྲེང་གསུམ་པ་རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་ཉི་མ་དཔལ་བཟང་པོ་གང་ཉིད་སྲད་རྒྱུད་མཁན་པོ་ཨ་གསལ་སྤྲུལ་པའི་སྐུས་གདན་འདྲེན་དང་ཞབས་ཞུ་སྒོས་ཆོས་སྡེ་གང་དེ་གསར་འདེབས་ཀྱི་ཐོག་མའི་སྟ་གོན་གྱི་སྦྱོར་བ་བརྩམས་པ་སྟེ། 《རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་ཉི་མའི་རྣམ་ཐར་》དུ།“རྗེ་ཉིད་རྒྱུ(རྒྱ)་ནང་ནས་ཡར་ཕེབས་རྟིང་ཐེ་བོའི་ཆབ་ཚན་ལ་ཆིབས་བསྒྱུར་གནང་བའི་ལམ་ནས་ཨ་གསའ་(གསལ)ཚང་གིས་གདན་དྲངས་ཏེ་དགོན་པ་ཆུང་ངུ་ཞིག་ཡོད་པ་དང་། ལྷ་སྡེ་འགའ་ཞིག་བཅས་ཕུལ་བར་དགོན་པ་གསར་འདེབས་ཀྱི་སྦྱོར་བ་བརྩམས་ཏེ་ལམ་རིམ་ཆེན་མོའི་དབུ་ནས་ཆོས་ཐུན་གཅིག་གནང་ཞིང་། བསང་ཆེན་པོ་བཏང་བས་རྒྱབ་རིའི་ནགས་ནས་སྨུག་པ་ཞིག་ཆད་དེ་བཞུགས་སྒར་སྟེང་བཏུམ་ཞིང་ཆར་ཟིམ་བུ་བབས་པ་སོགས་ཐོག་མའི་འཕྲོད་ལམ་ཆེ་བ་བྱུང་། ལྕགས་བྱི་ལོར་ཨ་གསའ(གསལ)་བླ་མ། ཤིས་ཚང་དཔོན་པོ་བསོད་ནམས་རྒྱ་མཚོ། ཐང་ལུང་མགོ་བ་(ཐང་ལུང་མགོ་བ་མགོན་པོ་རྣམ་རྒྱལ་ཡིན།)སོགས་ཀྱི་གཙོས་ཆོས་འཁོར་ཚོ་བཅུ་གཉིས་ཀྱིས་གདན་དྲངས་ཏེ་བདེ་གསང་འཇིགས་གསུམ་གྱི་དབང་ཞུས། རྟ་ནོར་ལྔ་བརྒྱ་སོགས་འབུལ་ཆེན་བཏེགས། དགོན་ཕྲན་སིལ་བུར་ཡོད་པ་ཀུན་བསྡུས་ཏེ་དགོན་པ་འདེབས་པར་ཐག་བཅད། བཀྲ་ཤིས་གསོ་སྦྱོང་། ས་བརྟགས་(བརྟག)བསླང་། ལྟོ་འཕྱེའི་ཐིག་འདེབས་པ་སོགས་རྒྱུད་སྡེ་ནས་བཤད་པ་ལྟར་མཛད་” ⑩ཅེས་པ་ལས། སྤྱི་ལོ་1840ལོར་སྡེ་ཁྲི་རིན་པོ་ཆེ་ནི་ཨ་གསལ་སྤྲུལ་པའི་སྐུས་གདན་དྲངས་ཏེ་ཨ་གསལ་སྒར་དང་ལྷ་སྡེ་བཅས་པ་སྡེ་ཁྲི་རིན་པོ་ཆེ་ལ་ཕུལ་ཏེ་ཁོང་བླ་སློབ་རྣམ་གཉིས་ཞལ་འཛོམས་ཀྱིས་ཐོག་མའི་རྟེན་འབྲེལ་དང་བཅས་དགོན་པ་གསར་འདེབས་ཀྱི་སྦྱོར་བ་དངོས་སུ་བརྩམས་ཤིང་། ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་སྔར་ཡོད་དགོན་ཕྲན་སེ་ར་དཔོན་སློབ་བློ་བཟང་ཉི་མས་བཏབ་པའི་མ་ངེ་དགོན་དགའ་ལྡན་རིན་ཆེན་གླིང་དང་། ཀུན་མཁྱེན་གོང་མས་གནས་གཟིགས་དང་ཞལ་བཀོད་བཞིན་ཉིད་ཀྱི་དངོས་སློབ་གཞུང་པ་བསྟན་པས་བཏབ་པའི་བླ་རི་མགུལ་བཀྲ་ཤིས་ཆོས་འཕེལ་གླིང་། ཤིས་ཚང་དགོན་བདེ་ཆེན་ཆོས་གླིང་། ཀུན་མཁྱེན་དངོས་སློབ་ཧོར་སྟག་མགུར་བས་བཏབ་པའི་ཧོར་སྒར་བ་བཅས་དང་། ད་དུང་བེ་རི་དཔོན་སློབ་མཐུ་སྟོབས་རྒྱ་མཚོས་བཏབ་པའི་བེ་རི་སྒར། སུམ་མཐིལ་སྒར། ཀོའུ་དགེ་སྒར། ཨ་གསལ་སྒར། རྒྱ་སྒུར་སྒར། རྨེ་རུ་སྒར། ཉ་ཚང་སྒར། ཆོས་འཁོར་སྒར། ཆ་རིས་སྒར། རྫས་ཚ་སྒར་རྣམས་⑪གཅིག་ཏུ་བསྡུས་པའི་སྒོ་ནས་བཀྲ་ཤིས་གསོ་སྦྱོང་ས་བརྟག་བསླངས། ལྟོ་འཕྱེའི་ཐིག་འདེབས་སོགས་ཀྱི་སྦྱོར་བ་དངོས་སུ་བརྩམས་པར་གསལ་བ་ལས། དེས་ནི་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་སྒར་གྲོང་དང་ཚོ་ཤོག་ཕན་ཚུན་བར་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་ཤིང་། སྐྱིད་སྡུག་གི་རྟ་བོ་མཉམ་དུ་ཞོན་པའི་བསམ་པའི་རིག་གནས་ཀྱི་རྒྱུན་ཐག་གཅིག་ཏུ་སྦྲེལ་བའི་མངོན་ཚུལ་ཞིག་ཡིན་པར་མ་ཟད། གུས་སྲོལ་རིག་གནས་དང་། འཛེམ་སྲོལ་རིག་གནས། ཀུན་སྤྱོད་རིག་གནས་བཅས་པའི་སྤྱོད་ལམ་རིག་གནས་ཀྱི་གཟུངས་ཐག་གཅིག་ཏུ་བསྐོར་བའི་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱིས་རིག་གནས་ལོངས་སྤྱོད་ཀྱི་ཁྲོད་རྒྱུད་འཛིན་དང་། རྒྱུད་འཛིན་གྱི་ཁྲོད་ནས་འཕེལ་རྒྱས་གཏོང་བའི་ལམ་ཁ་གསར་པ་ཞིག་བཏོད་པ་མཚོན་ཞིང་། ད་དུང་ཚོ་ཤོག་སོ་སོའི་སྡེ་ཁྲིམས་ལུགས་སྲོལ་དང་། དགོན་པའི་དོ་དམ་ལམ་ལུགས། ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་དུས་སྟོན་རིག་གནས་སོགས་ལམ་ལུགས་རིག་གནས་ཁ་ཐོར་ནས་གཅིག་འདུ་དང་། ཉམས་པ་ནས་སླར་གསོ་བྱས་པའི་མངོན་སྟངས་ཤིག་ཡིན་པའང་ཤུགས་ནས་རྟོགས་ཐུབ།
          གཉིས། ཤིས་ཚང་དགོན་པར་བྱོན་པའི་དགེ་བཤེས་ཀྱི་སྐོར།
          སྤྱིར་སློབ་གསོའི་དམིགས་ཡུལ་ནི་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ལ། ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་པའང་བསླབ་པ་སློབ་གཉེར་དང་འཆད་རྩོད་རྩོམ་གསུམ་གནང་སའི་ལྟེ་གནས་ཤིག་ཡིན་པའི་ཆ་ནས།མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་དུ་བྱོན་ཡོད་དེ། དེ་ལ་གནས་ལྔ་གཟིགས་པའི་པཎྜི་ཏ་ཆེན་པོ་རྗེ་བཙུན་ངག་དབང་རབ་གསལ་ལམ་ཡོངས་གྲགས་སུ་ཨ་ཁུ་ཁྱ་དགེ་ནི། ཡབ་མ་ཅིག་སྐྱབས་དང་ཡུམ་སྒྲོལ་དཀར་སྐྱིད་གཉིས་ཀྱི་སྲས་སུ་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་ནང་གསེས་ཁྱ་ཕྱུག་ཚོ་པར་ཆུ་སྟག་སྟེ་སྤྱི་ལོ་1902ལོར་སྐུ་འཁྲུངས་ཤིང་། དགུང་ལོ་དོན་གསུམ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཡོས་ཏེ་སྤྱི་ལོ་1975ལོའི་ཧོར་ཟླ་4 ཚེས་16ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།⑫ ཆ་རིས་ཨ་ཁུ་ཤེས་རབ་རྒྱ་མཚོ་འམ་ཡོངས་གྲགས་སུ་ཤེས་རབ་སྡོང་བུ་ནི་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་ནང་གསེས་ཆ་རིས་ནས་སྐུ་འཁྲུངས་ཤིང་། གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་པས། ཨ་གསལ་སྐུ་འཕྲེང་དྲུག་པ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དང་། ཨ་ལགས་ར་རྒྱ་སོགས་ཀྱི་རང་དགོན་གྱི་བླ་སྤྲུལ་མི་ཉུང་བའི་ཡོངས་འཛིན་དུ་བཞུགས་པར་མ་ཟད། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོས་མཛད་པའི་《དགེ་བའི་བཤེས་གཉེན་ཆེན་པོ་ཁྱ་དགེ་ངག་དབང་རབ་གསལ་མཆོག་གི་རྣམ་ཐར་བཞུགས་སོ་》ཞེས་པར་“རྗེ་ཁོང་ཉིད་ཀྱིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་དྲུང་ནས་སྔ་ཕྱིར་བཤད་ཁྲིད་དང་རྗེས་གནང་སོགས་བཀའ་ཆོས་མང་བོ་གསན་”ཞེས་བྱ་བ་ལས་ཨ་ཁུ་ཁྱ་དགེ་དང་། ཨ་ཁུ་ཚུལ་ཁྲིམས་རྒྱལ་པོ་སོགས་རང་དགོན་གྱི་དགེ་བཤེས་ཆེན་མོ་མི་ཉུང་བས་ཁོང་གི་མདུན་ནས་བཀའ་ཆོས་མང་པོ་གསན་པ་ཤེས་ཐུབ།⑬ གཞུང་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་འམ་ཡོངས་གྲགས་སུ་ཚུལ་ཁྲིམས་རྒྱལ་པོ་ནི། མདོ་སྨད་ཆོས་འཁོར་ས་ཆར་སྤྱི་ལོ་1924ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་པར་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་ཤིས་ཚང་དགོན་གྱི་ཆོས་སྒོར་ཞུགས། འཕགས་ཡུལ་དུ་ལྷ་རམས་པའི་དམ་བཅའ་བཞག འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོར་བཞུགས། སྤྱི་ལོ་1986ལོར་སྐུ་ཞི་བར་གཤེགས།⑭ཐང་སྐོར་གྱི་གཞུང་པ་དགེ་བཤེས་སྐལ་བཟང་ཐབས་མཁས་མཆོག་སྟེ། མདོ་སྨད་ལྷོ་རྒྱུད་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་ནང་གསེས་བླ་རི་མགུལ་ཐང་སྐོར་སྡེ་བར་ཡབ་སྐལ་བཟང་དོན་གྲུབ་དང་ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ་1926ལོར་སྐུ་འཁྲུངས། 1999ལོར་མདོ་སྨད་ལྷོ་རྒྱུད་སྒར་གསར་དགོན་དུ་ཕེབས། ལོ་དེའི་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་རང་དགོན་ནས་སྐུ་ཞི་བར་གཤེགས། ཨ་གསལ་སྐུ་འཕྲེང་བདུན་པ་བློ་བཟང་འཇམ་དབྱངས་རྒྱ་མཚོ་དང་རང་དགོན་གྱི་ཧོར་སྤྲུལ་པའི་སྐུ་རྣམ་གཉིས་ཕེབས་ནས་ཁྲུས་ཆོག་གསུངས་ཞིང་གྲྭ་ཚང་གི་འཐུས་ཚབ་པ་ཕེབས་ནས་གང་ཉིད་ལ་ཉིན་བདུན་གྱི་གདུང་མདུན་འཚོགས། སྐུ་གདུང་ཞུགས་འབུལ་གྱིས་མཆོད་རྟེན་བཞེངས། ཁོང་ནི་ཨ་གསལ་སྐུ་འཕྲེང་དྲུག་པ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དང་འཛིན་གྲྭ་གཅིག་པ་ཡིན་པར་གྲགས།⑮ ཨ་ཁུ་སྐལ་བཟང་ཆོས་ལྡན་ནམ་ཡོངས་གྲགས་སུ་ཨ་ཁུ་ཆོས་ལྡན་ནི་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་ནང་གསེས་མ་ངེ་སྡེ་པར་སྐུ་འཁྲུངས་ཤིང་། སྐུ་ཚེ་གང་པོར་གཉོམ་ཆུང་ཚུལ་མཐུན་སྒོས་བསླབ་པ་སློབ་གཉེར་དང་ཐོས་བསམ་སྒོམ་གསུམ་ལ་ཉམས་བཞེས་ལྷུར་ལེན་གནང་ཞིང་། གཞུང་ཆེན་བཀའ་པོད་ལྔར་སྦྱངས་པ་དཔྱིས་ཕྱིན་པས། རྗེ་ཁོང་ཚང་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ལ་མཁྱེན་རབ་ཀྱི་འཇུག་པ་མཆོག་ཏུ་ཡངས་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་《ཀན་ལྷོ་ཤིས་ཚང་སྒར་གསར་དགོན་གྱི་དགེ་བའི་བཤེས་གཉེན་ཆོས་ལྡན་ལ་ཕུལ་བའི་དོགས་གཅོད་སྐོར་》ཞེས་པའི་ནང་དུ་“ཁྱེད་ཀྱིས་གཞུང་ཆེན་མོའི་དཀའ་གནད་ལས་བརྩམས་པའི་དོགས་འདྲི་ཕེབས་པ་མཐོང་སྐབས། ཨེ་མ་ཧོ། རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ལ་ཟབ་བརླིང་ཐུགས་ཀྱི་ཀློང་ནས་འཁྲུངས་པའི་རྣམ་འབྱེད་མཁྱེན་རབ་ཀྱི་འཇུག་པ་མཆོག་ཏུ་ཡངས་པའི་མཁས་དབང་ཉིད་དང་ཉིད་འདྲ་བ་ད་དུང་འཇིག་རྟེན་འདིར་འཚོ་ཞིང་བཞེས་སོ་སྙམ་ནས་རབ་དགའི་ཡིད་ཀྱི་སྤྲོ་བ་བསམ་གཏན་དང་པོའི་དགའ་བདེ་ལ་འགྲན་པ་ལྟར་གྱུར་པས་བཀའ་དྲིན་མཆོག་ཏུ་ཆེ་ཞིང་། ……”ཞེས་སུ་འཁོད་པའི་ཚིག་ཟུར་ལས་ཀྱང་རྟོགས་ཐུབ་⑯པ་དང་། བགྲང་བྱ་གསུམ་ལ་རང་དགོན་གྱི་ཁྲི་བསྐྱངས་ཤིང་། འདུལ་བ་འཛིན་པ་ཁོང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་དང་ཐུགས་རྒྱུད་གཅིག་པའི་བཤད་རྒྱུན་ཡོད་ལ། ལྕགས་མཁར་གྱི་ཆོ་ག་ཕྱག་ལེན་ལ་དམིགས་གསལ་གྱི་མཁྱེན་རྒྱ་བསམ་གྱིས་མི་ཁྱབ་པར་གྲགས་ཤིང་། 《ལེགས་བཤད་སྙིང་པོ་》ཞལ་འདོན་རྒྱུན་སྐྱོར་གཙོ་བོར་གནང་བར་བཤད། དགུང་གྲངས་བརྒྱད་ཅུ་གྱ་བདུན་བཞེས་པ་2000ལོའི་ཟླ་5པའི་ཚེས་7ཉིན་སྐུ་ཞི་བར་གཤེགས། སྐུ་གདུང་སྐྱབས་རྗེ་རྡོ་རྗེ་འཆང་སྡེ་ཁྲི་རིན་པོ་ཆའི་གསུང་བཀོད་ལྟར་ཞུགས་འབུལ་མཛད་པའི་གདུང་རུས་སྨན་འཇིམ་ལ་སྦྱར་ནས། རྗེའི་སྐུ་འབུམ་ངོས་གཙང་བཞེངས་པ་གདུལ་བྱའི་དད་རྟེན་དུ་དགོན་པའི་རྒྱབ་རིར་བཞུགས་པ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་⑰དོ། །དཔལ་སྒུར་གྱི་ཨ་ཁུ་ཐབས་མཁས་རྒྱ་མཚོ་འམ་ཡོངས་གྲགས་སུ་ཨ་ཁུ་ཐབས་དམེ་ནི། ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་ནང་གསེས་དཔལ་སྒུར་ལྕམ་པ་སྡེ་པར་ཡབ་རྒྱ་མཚོ་ཨ་ནུ་དང་ཡུམ་གཡང་མཚོ་གཉིས་ཀྱི་སྲས་སུ་1934ལོར་སྐུ་འཁྲུངས་ཤིང་། རང་དགོན་གྱི་དགེ་བའི་བཤེས་གཉེན་དམ་པའི་སྐུ་མདུན་དུ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་ཐོས་བསམ་སྒོམ་གསུམ་དང་སྒྲུབ་པ་ཉམས་ལེན་གྱིས་སྐུ་ཚེ་སྙོམས་པར་མཛད་པ་དང་། ལོ་བདུན་ལ་རང་དགོན་གྱི་ཁྲི་བསྐྱངས་ཤིང་། 2009ལོའི་ཟླ་4ཚེས་20ཉིན་ཏེ་དགུང་ལོ་གྱ་དྲུག་སྟེང་རང་དགོན་ནས་སྐུ་ཞི་བར་གཤེགས་དུས་ཐུགས་དམ་ལ་བཞུགས། སྐུ་གདུང་སྐྱབས་རྗེ་རྡོ་རྗེ་འཆང་སྡེ་ཁྲི་རིན་པོ་ཆེ་ཚང་གི་ཐུགས་བཀོད་ལྟར་ཞུགས་ལ་སྦྱང་པའི་གདུང་རུས་སྨན་འཇིམ་ལ་སྦྱར་ནས། རྗེའི་སྐུ་འབུམ་ངོས་གཙང་བཞེངས་པ་གདུལ་བྱའི་དད་བསྟེན་དུ་དགོན་པའི་རྒྱབ་རིར་བཞུགས་པ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད།⑱ ཨ་ཁུ་བློ་བཟང་རྒྱ་མཚོ་འམ་ཡོངས་གྲགས་སུ་ཨ་ཁུ་བློ་བཟང་ནི་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་ནང་གསེས་ཤིས་ཚང་དགུན་ས་མར་སྤྱི་ལོ་1916ལོར་སྐུ་འཁྲུངས། དགུང་ལོ་དགུའི་སྟེང་ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། གཉོམ་ཆུང་ཚུལ་མཐུན་གྱིས་བསླབ་པ་སློབ་གཉེར་སོགས་ལ་ཐུགས་བརྩོན་ཆུ་བོའི་རྒྱུན་བཞིན་གནང་བས། ལུང་དང་རྟོགས་པའི་ཡོན་ཏན་གྱི་གཏེར་དུ་གྱུར་ཀྱང་། ནམ་གྱི་ཆ་སྟོད་སྨད་ལ་མི་གཟིམ་པར་མདོ་དང་སྔགས་ཀྱི་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་ལ་ཉམས་བཞེས་གནང་ཞིང་། 《ལེགས་བཤད་ཀུན་གྱི་སྙིང་བོ་དྲང་ངེས་རྣམ་འབྱེད་》ཞལ་འདོན་རྒྱུན་སྐྱོར་གཙོ་བོར་གནང་། སྒོས་སུ་ཆོས་སྒོ་ཕྱེས་པའི་ཚུན་ཚད་ནས་ཆོས་གྲྭར་ཕེབས་ཏེ་དགེ་ཕྲུག་མང་པོ་གསོ་སྐྱོང་གནང་ཞིང་། འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན་ལ་ཤིན་ཏུ་མཁས་ཤིང་། ལབ་ཙེའི་བསྟོད་ཆོག་སོགས་ཀྱི་ཆོ་ག་ཕྱག་ལེན་ལའང་ཤིན་ཏུ་མཁས་པས། སྡེ་ཁྲི་རྡོ་རྗེ་འཆང་གི་བཀའ་བཞིན་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་ཡུལ་སྡེ་སོ་སོར་ཕེབས་ཏེ་ལབ་ཙེ་ཞིག་གསོ་དང་གསར་བསྟོད་མང་དུ་གནང་། ནམ་རྒྱུན་དགོན་པའི་ཕྱི་ནང་གི་སྒྲིག་ལམ་ཕྲ་རགས་དང་ཆོ་ག་ཕྱག་ལེན་སོགས་གང་ལ་ཡང་འདྲི་གཏུགས་དང་དོག་གཅོད་ཞུ་སའི་ཁུངས་ལྟ་བུར་བཞུགས། དགུང་གྲངས་གྱ་གསུམ་བཞེས་པ་རབ་བྱུང་བཅུ་བདུན་པའི་ས་སྟག་སྟེ། སྤྱི་ལོ་1998ལོའི་ཟླ་12པའི་ཚེས་12ཉིན་གྱི་ཞོགས་པར་སྙུན་ཟུར་སོགས་མི་བདེ་བ་གང་ཡང་མེད་པར་ཞི་བར་གཤེགས། སྐུ་གདུང་སྡེ་ཁྲི་རིན་པོ་ཆེའི་གསུང་བཀོད་ལྟར་ཞུགས་ལ་སྦྱང་པའི་གདུང་རུས་སྨན་འཇིམ་ལ་སྦྱར་ནས། རྗེའི་སྐུ་འབུམ་ངོས་གཙང་བཞེངས་པ་གདུལ་བྱའི་དད་རྟེན་དུ་དགོན་པའི་རྒྱབ་རིར་ལྷམ་མེར་བཞུགས་⑲པ་སོགས་ཤིས་ཚང་དགོན་པ་འདི་རུ་སྐུ་གདུང་ཞུགས་འབུལ་མཛད་པའི་དགེ་བཤེས་མི་ཉུང་བ་འཁྲུངས་པར་གསལ། ད་ལྟ་དེ་ཡང་ཞལ་བཞུགས་གནང་བའི་རྗེ་སྐལ་བཟང་སྨོན་ལམ་མམ་ཡོངས་གྲགས་སུ་ཨ་ཁུ་སྨྱུང་གནས་བ་ནི་བོད་རབ་བྱུང་བདུན་པའི་ཆུ་སྦྲུལ་ལོ་སྟེ་སྤྱི་ལོ་1952ལོའི་ཟླ་8པའི་ཚེས་22ཉིན་ཡུམ་བདེ་སྐྱིད་མཚོ་མོའི་སྲས་སུ་ཆོས་འཁོར་ཚོ་པ་བཅུ་གཉིས་སུ་སྐུ་འཁྲུངས་ཤིང་། ཨ་ལགས་རབ་བརྟན་རྒྱ་མཚོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་། སྙིགས་མ་ལྔ་བདོའི་དུས་ཀྱི་མཐའ་མ་འདིར་འདུལ་བ་འཛིན་པ་རྗེ་ཁོང་ཉིད་ཀྱིས་ནམ་ཕྱིན་ཕར་སྐྱེལ་ནམ་ལངས་ཚུར་བསུས་ཏེ་ཐོས་བསམ་སྒོམ་གསུམ་དང་སྒྲུབ་པ་ཉམས་ལེན་གྱིས་དུས་མདའ་བར་མཛད་པ་སྟེ། དུས་རྟག་ཏུ་ཞི་དུལ་ཀུན་མཐུན་གྱི་སྤྱོད་པ་དང་ལེགས་ཉེས་བླང་དོར་རྣམ་དབྱེ་སོགས་ལ་འབད་བཞིན་ཚོགས་ཆོས་གྲྭ་ཆག་མེད་དུ་ཕེབས་ཤིང་། ཁོང་གི་སྐུ་ཚེ་གང་པོར་སྨྱུང་གནས་སྡོམ་པ་རེས་མོས་ཀྱིས་གནང་ཞིང་། ཉིན་རེར་ཕྱག་ཆག་མེད་ཀྱི་ཉམས་ལེན་གནང་བས་ཡུལ་ཕྱོགས་འདིར་ཀུན་གྱིས་སྤྱི་བོར་བཀུར། སྒོས་སུ་ཁྲིད་བཤད་ལུང་དང་དབང་ལུང་མན་ངག་སོགས་གདུལ་བྱ་སྤྱི་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་།རང་དགོན་གྱི་གྲྭ་པ་རབ་དང་རིམ་པར་དགེ་ཚུལ་རབ་བྱུང་གི་སྡོམ་པ་གནང་བར་མ་ཟད། ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱིས་དད་ལྡན་མང་ཚོགས་ལ་དགེ་བསྙེན་གྱི་སྡོམ་པ་དང་ལུང་རྒྱུན་གང་མང་གནང་། ལོ་གསུམ་ལ་རང་དགོན་གྱི་ཁྲི་བསྐྱངས། ཁྱད་པར་དུ་དེང་གི་རང་དགོན་གྱི་ཚོགས་ཆེན་འདུ་ཁང་གི་བྱམས་ཆེན་སྐུ་མདུན་དུ་བཞུགས་པའི་ཇོ་སྐུ་བྱིན་ཅན་དང་། ཚོགས་ཆེན་འདུ་ཁང་གི་རབ་གསེང་དུ་བཞུགས་པའི་དུས་འཁོར་གྱི་བློས་བསླངས་དང་། གསང་འདུས་བློས་བསླངས་ཀྱི་སྤྱི་འཇོག་གནང་བ་སོགས་སྤོང་བ་བསམ་གཏན་དང་། ཀློག་པ་ཐོས་བསམ། བྱ་བ་ལས་ཀྱི་འཁོར་ལོ་བཅས་འཁོར་ལོ་རྣམ་གསུམ་གྱི་མཚོན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལེགས་མཛད་ཕྱོགས་དང་ཕྱོགས་མཐར་སྐྱོང་དང་སྐྱོང་བཞིན་པའི་སྒང་ངོ་། །⑳ཤིས་ཚང་དགོན་པའི་ཁྲི་ཟུར་ཨ་ཁུ་སྐལ་བཟང་ཤེས་རབ་དང་། ཨ་ཁུ་ལུང་རྟོགས་སོགས་ལྷ་སྡེ་མི་སྡེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་པའི་སྐྱེས་ཆེན་དམ་པ་གང་མང་ཞིག་འཁྲུངས་ཡོད་པ་འདི་ནི་དགོན་སྡེ་སློབ་གསོའི་གྲུབ་འབྲས་ཀྱི་མངོན་ཚུལ་ཞིག་དང་། དུས་ཀྱི་འགྲོས་དང་བསྟུན་ནས་དགོན་སྡེ་སློབ་གསོས་ས་གནས་དང་སྤྱི་ཚོགས་ལ་ཞབས་ཞུ་སྒོས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སློབ་གསོའི་ལས་འགན་གྲུབ་དང་སྒྲུབ་བཞིན་པའི་མཚོན་རྟགས་ཤིག་ཀྱང་ཡིན། ཡིན་ན་ཡང་ཡིད་ཕངས་པ་ཞིག་ལ་ད་ལྟ་ཁོང་ཅག་གི་རྣམ་ཐར་ཡིག་ཐོག་ཏུ་མཐོང་དཀའ་ཞིང་། ཕལ་ཆེར་མེད་པའི་ཚོད་དུ་སྣང་བ་འདི་དག་རྗེས་འཇུག་བུ་སློབ་དག་གིས་ཡིག་ཐོག་ཏུ་འགོད་ཅི་ཐུབ་ལ་འབད་རྒྱུ་ནི་ས་གནས་རིག་གནས་རྒྱུན་འཛིན་དང་དར་རྒྱས་སུ་གཏོང་བའི་ལག་ལེན་གྱི་གནད་ཅིག་ཏུ་འདོད་དོ། །
          གསུམ། ཤིས་ཚང་དགོན་པའི་བླ་སྤྲུལ་གྱི་སྐོར།
          དགོན་སྡེའི་རིག་གནས་རྒྱུན་འཛིན་གྱི་འོས་འགན་ནི་ས་གནས་དེ་གའི་སྤྲུལ་སྐུ་ཚོས་ཕྲག་ཏུ་བཞེས་ཡོད་པ་ནི་“བླ་མ་དང་སྤྲུལ་སྐུ་མེད་ན་དགོན་སྡེའི་སློབ་གསོ་དང་རིག་གནས་རྒྱུན་འཛིན་ཧ་ཅང་དཀའ་བ་ང་ཚོས་ཚ་ཁོ་ངག་དབང་གྲགས་པའི་རྣམ་ཐར་ལས་ཤེས་ཐུབ། རྒྱུ་མཚན་ནི་ཚ་ཁོ་ངག་དབང་གྲགས་པས་ཁོང་གི་སྐུ་རིང་ལ་དགོན་པ་བརྒྱ་རྩ་བརྒྱད་ཕྱག་འདེབས་མཛད་མོད། ཁོང་ལ་སྤྲུལ་སྐུ་མ་བྱོན་པས་ད་ལྟ་དགོན་པ་དག་ཉམས་ནས་རེ་གཉིས་མ་གཏོགས་མེད་པ་ང་ཚོའི་མིག་མཐོང་ལག་ཟིན་ཡིན།” (21) ཞེས་པ་ལས་བདེན་དཔང་བྱེད་ཐུབ། དེ་བས་བགྲང་བྱ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་སུ་ཆོས་འཁོར་སྒར་གསར་དགོན་པའང་ཉམས་རྒུད་ཁྲོད་སླར་གསོ་དང་། སླར་གསོའི་ཁྲོད་འཕེལ་རྒྱས་བྱུང་བ་འདིའང་སྐྱབས་རྗེ་སྡེ་ཁྲི་རིན་པོ་ཆེ་གཙོས་ཁོང་གི་ཐུགས་སྲས་ཨ་གསལ་སྤྲུལ་པའི་སྐུ་(22) དང་། ཧོར་སྤྲུལ་པའི་སྐུ།(23) ཀོའུ་དགེ་སྤྲུལ་པའི་སྐུ།(24) སུམ་མཐིལ་སྤྲུལ་པའི་སྐུ། ར་རྒྱ་སྤྲུལ་པའི་སྐུ་བཅས་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་སྤྲུལ་སྐུའི་ལམ་ལུགས་རིག་གནས་ཀྱིས་ས་གནས་དང་སྤྱི་ཚོགས་ལ་ཐོན་པའི་ཕན་ནུས་དང་། ས་གནས་རིག་གནས་རྒྱུན་འཛིན་ལ་ཐོན་པའི་དགེ་མཚན་ཅིས་མ་ཡིན། དུས་ཀྱི་འགྱུར་བ་དང་ལོ་རྒྱུས་ཀྱི་འགྲོས་ལས་ས་གནས་ཀྱི་རིག་གནས་ལ་འགྱུར་ལྡོག་རབ་དང་རིམ་པ་ཞིག་བྱུང་བའི་ད་ལྟའི་ཆར་མཚོན་ན། འཛམ་བུའི་གླིང་གི་མིའི་རིགས་ཀྱིས་རིག་གནས་ལ་བརྩི་མཐོང་དང་གཙིགས་ཆེན་བྱེད་པའི་སྐབས་འདིར། བོད་ཀྱི་ལམ་ལུགས་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་སྤྲུལ་སྐུའི་ལམ་ལུགས་ཀྱི་རིག་གནས་ཀྱང་མ་ཉམས་རྒྱུན་འཛིན་གྱིས་ཆོས་སྡེ་འདི་ཉིད་དུ་འཇམ་མགོན་སྡེ་ཁྲི་རིན་པོ་ཆེ་གཙོས་ཐུགས་སྲས་ཨ་གསལ་སྤྲུལ་པའི་སྐུ་དང་། ཧོར་སྤྲུལ་པའི་སྐུ། ཀོའུ་དགེ་སྤྲུལ་པའི་སྐུ་བཅས་རྣམ་པ་ཚོ་ཞལ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་ཤར་བའང་ས་གནས་དང་ཡུལ་ཚོའི་ལམ་ལུགས་རིག་གནས་རྒྱུན་འཛིན་གྱི་ཐུན་མིན་མངོན་ཚུལ་དང་ཁྱད་ཆོས་མཚོན་པར་སྙམ་ལ། བོད་བརྒྱུད་ནང་བསྟན་ནི་ཆོས་ལུགས་རིག་གནས་ཀྱི་མཚོན་བྱེད་ཅིག་ཡིན་པའི་ཆ་ནས། དེར་འཐུས་ཚང་གི་གཞུང་ལུགས་ཀྱི་སྲོག་ཤིང་དང་། ཡང་དག་གི་རྩ་འཛུགས་སྒྲིག་གཞི། ཚགས་དམ་པའི་དོ་དམ་ལམ་ལུགས་བཅས་མངའ་བའི་གཞི་རྒྱ་ཆེ་བའི་མ་ལག་ཅིག་ཡིན་པས། སྤྲུལ་སྐུའི་ལམ་ལུགས་ནི་ནང་བསྟན་རིག་གནས་ཀྱི་ཐུན་མིན་གྱི་ཁྱད་ཆོས་མཚོན་པའི་ལམ་ལུགས་ཤིག་ཡིན་པར་མ་ཟད། བོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་(25) པ་བཅས་སོ། །
          གཉིས་པ། ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་གླིང་གི་འཕེལ་འགྱུར།
          སྤྱིར་དགོན་སྡེ་ཞིག་ལ་མཚོན་ན་དེའི་འཕེལ་འགྱུར་གྱི་ཕྱོགས་སུ་སློབ་གསོ་དང་། དཔལ་འབྱོར། དོ་དམ་ལམ་ལུགས། བླ་མ་ལས་སྣ་སོགས་རིགས་མང་པོ་ཡོད་སྲིད་མོད།ཡིན་ན་ཡང་དཔྱད་རྩོམ་འདིར་གཙོ་བོ་སློབ་གསོ་དང་དཔལ་འབྱོར་གཉིས་ཀྱི་འཕེལ་འགྱུར་དཔྱད་གཞིར་གཙོར་བཟུང་བ་ཡིན། རྒྱུ་མཚན་ནི་བོད་ཁུལ་གྱི་དགོན་སྡེའི་སློབ་གསོས་ས་གནས་ཀྱི་རིག་གནས་རྒྱུན་འཛིན་ལ་རྐང་འཛིན་གྱི་ནུས་པ་འདོན་གྱིན་པར་མ་ཟད། དགོན་སྡེའི་སློབ་གསོས་རྒྱུད་འཛིན་བྱས་པའི་ལམ་ལུགས་རིག་གནས་དང་། ཀུན་སྤྱོད་རིག་གནས། བསམ་པའི་རིག་གནས་སོགས་ཀྱིས་དངོས་བརྒྱུད་གང་རུང་ནས་མི་སྒེར་དང་། ས་གནས། སྤྱི་ཚོགས་སོགས་ལ་དགོས་མཁོ་སྐོང་བའི་ཕན་ནུས་འདོན་གྱིན་ཡོད་(26) པས་དགོན་སྡེའི་སློབ་གསོ་དང་དགོན་སྡེའི་དཔལ་འབྱོར་གཉིས་ཀྱི་འཕེལ་འགྱུར་ལ་ཉམས་ཞིབ་བྱ་རྒྱུ་ནི་ས་གནས་རིག་གནས་ཀྱི་འཕེལ་འགྱུར་ལ་ཉམས་ཞིབ་དང་རྒྱུས་ལོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་སྣང་བ་བཅས་པས་ཡིན།
          གཅིག ཤིས་ཚང་དགོན་གྱི་སློབ་གསོའི་འཕེལ་འགྱུར།
          ཤིས་ཚང་དགོན་ནི་རྗེ་འཇམ་དབྱངས་ཐུབ་བསྟན་ཉི་མ་གཙོས་ཁྲི་སྐྱོང་རིམ་བྱོན་གྱིས་དགོན་པའི་ཆོ་ག་ཕྱག་ལེན་དང་།ཐོས་བསམ་གནང་ཚུལ། ཆོས་སྤྱོད་སྒྲིག་ལམ་སོགས་རིམ་པར་འཐུས་ཚང་གི་ཕྱོགས་སུ་སྤེལ་གནང་བ་སྟེ།
          1.དགོན་པའི་ཕྱག་སྲོལ་གསར་དུ་བཙུགས་ཚུལ། ཆོས་སྡེ་གང་དང་གང་ཡིན་རུང་དགོན་པ་གསར་དུ་བཙུགས་པ་ནས་དགོན་བདག་བླ་མ་གཙོས་འབྲེལ་ཡོད་བླ་སྤྲུལ་དང་ཁྲི་སྐྱོང་རིམ་བྱོན་གྱི་ཐུགས་ཁུར་དང་འཛིན་སྐྱོང་འོག དགོན་སྡེ་རང་རང་ལ་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་དང་ཆོས་སྤྱོད་སྒྲིག་ལམ་མངའ་བ་དང་། དེས་ནི་དགོན་པ་རང་རང་གི་སློབ་གསོའི་འཕེལ་འགྱུར་གྱི་ཁ་ཕྱོགས་དང་ཐུན་མིན་ཁྱད་ཆོས་མཚོན་ཡོད།
          ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་ཕྱག་སྲོལ་གལ་ཆེན་རྣམས་ཇི་ལྟར་སྤེལ་བའི་ཕྱོགས་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོ་ཚོགས་ཆེན་ཆོས་ཀྱི་ཁྲི་ལ་མངའ་མཛད་པ་དང་། དེ་བཞིན་འཇམ་མགོན་སྡེ་ཁྲི་རིན་པོ་ཆེ་ཁོང་ཉིད་ཁྲི་བཞུགས་ཀྱི་ཆོ་ག་ལེགས་པར་མཛད་ནས་བཤད་སྒྲུབ་ཡར་ངོའི་ཟླ་ལྟར་རྒྱས་པའི་ཐུགས་སྨོན་གྱིས།འཇམ་མགོན་ཁོང་ནས་དངོས་སུ་ཞལ་བཀོད་གནང་བ་ལྟར་ཁྲི་རབས་གསུམ་པ་ཡབ་རྗེ་ངྷ་ཛའམ་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱིས་གཞི་གསུམ་གྱི་ཕྱག་སྲོལ་ངོས་གཙང་གདན་ས་ལྟར་གསར་དུ་འཛུགས་པའི་སྲོལ་ཕྱེས་པར་གནང་ཞིང་། མཚན་ཉིད་ཀྱི་སྒོ་ལེགས་པར་གསར་དུ་བཙུགས་ཤིང་། རིགས་གྲྭའི་ཚོགས་གླེང་དང་དབྱར་གནས་ཚོགས་གླེང་སོགས་ཀྱི་སྲོལ་གདན་སའི་ཕྱག་སྲོལ་ལྟར་མཚུངས་པར་བཙུགས།(27) དེ་ནས་ཁྲི་རབས་བཞི་པ་གྲུབ་པའི་དབང་ཕྱུག་བསོད་གྲགས་སྤྲུལ་པའི་སྐུ་དཀོན་མཆོག་རྒྱ་མཚོས་གཅོད་ཀྱི་གདམས་པ་སྤེལ།(28)  ཁྲི་རབས་ལྔ་པ་རྗེ་འཇིགས་མེད་བསམ་གྲུབ་རྒྱ་མཚོའི་ཞལ་སྔ་ནས་དཔྱིད་ཆོས་དང་པོའི་རིགས་ལུང་གི་རྒྱུགས་དང་། གཉིས་པར་བརྩི་བཞག་གི་རྒྱུགས་གང་ཞིབ། ལྷག་པར་བརྩི་བཞག་སོགས་ཤོག་བྱང་གཅིག་ཀྱང་མ་ཆད་པར་སྤྲོད་དགོས་པའི་སྲོལ་གསར་དུ་བཙུགས། སྤྱིར་དགོན་པའི་སྒྲིག་ལམ་སོགས་ཕྱོགས་གང་ཐད་ལ་རྗེ་འདིས་དམ་འཛིན་གནང་བས་སྔར་ལས་བླ་ལྷག་ཏུ་འཐུས་ཚང་སྒྲིག་ལྡན་གྱི་ཆོས་སྡེ་ཆེན་པོར་གྱུར། ཚོ་པ་བཅུ་གཉིས་ཀྱི་ཡུལ་སྐྱོང་ནོར་བུ་མཛེས་ལྡན་རྗེ་འདི་བས་གསར་དུ་བསྟད་ཅིང་། ལྷ་ཞོལ་ནས་གྲྭ་མང་ཚོགས་ཀྱིས་བཀྲ་ཤིས་གསོ་སྦྱོང་དང་རི་རྩེར་ཡུལ་ཁྲུས་ལྷ་བསང་བསྟན་འབར་མ་གཉིས་སོགས་འདོན་པ་གང་རྒྱས་མཛད་པའི་སྲོལ་བཙུགས།(29)  ཁྲི་རབས་དྲུག་པ་མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོས་སྟོན་དཔྱིད་གྲྭ་ཚང་དུས་བཟང་དང་། མ་ནི་སྨྱུང་གནས་ཀྱི་དགེ་བསྐུལ་བྱེད་པའི་སྲོལ་བཙུགས། སྔར་སྡེ་ཁྲི་རིན་པོ་ཆེ་ལ་འཆམ་རྒྱུགས་ཕུལ་སྐབས་འདུ་ཁང་ར་བའི་ཕྱི་རོལ་དུ་བཞུགས་ཁྲི་བརྒྱབ་ནས་བཞུགས་དགོས་པ་སྟབས་མི་བདེ་བས། སྒོ་ཁང་ཉིས་ཐོག་ཅན་ཞིག་བཞེངས་པར་རྒྱུ་རྐྱེན་སྦྱར་ཏེ་གྱོ་ཐོག་དང་བཅས་པ་ལེགས་པར་གྲུབ་ཅིང་།དེ་དཔར་ཁང་བྱེད་རྒྱུ་ཡིན་པར་གསུངས་(30) པ་སོགས་ཕྱག་ལེན་ངོས་གཙང་གི་སྲོལ་རིམ་པར་སྤེལ་བ་འདི་དག་ལས་སྐབས་དེ་ནི་ས་གནས་ཀྱི་རིག་གནས་དང་སྒོས་སུ་དགོན་སྡེའི་རིག་གནས་ཉམས་པ་སླར་གསོ་བྱེད་པའི་དུས་སྐབས་ཤིག་ལ་འཁེལ་བ་དཔག་ཐུབ། རིག་གནས་ནི་མིའི་རིགས་ཀྱི་འཚོ་བ་དང་། འཚོ་གནས། ཐོན་སྐྱེད་ཀྱི་འཕེལ་རྒྱས་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པས། ཡང་མེས་ཚོས་གསར་དུ་བསྐྲུན་པའི་རིག་གནས་དེ་རྗེས་རབས་པས་རྒྱུན་འཛིན་ཁྲོད་ལོངས་སྤྱོད་དང་། ལོངས་སྤྱོད་ཁྲོད་གསར་གཏོད་ཀྱི་བརྒྱུད་རིམ་དུ་ཡར་རྒྱས་དང་གོང་འཕེལ་འགྲོ་བཞིན་ཡོད་(31) པ་ལྟར། ཆོས་འཁོར་སྒར་གསར་དགོན་པས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཕྱག་སྲོལ་ངོས་གཙང་རིམ་པར་གསར་དུ་བཙུགས་པ་དེས་ཀྱང་རིག་གནས་ནི་མི་སྒེར་དང་ཚོགས་པ།ས་གནས་དང་སྤྱི་ཚོགས་ལ་བརྟེན་ནས་རྒྱུན་འཛིན་བྱེད་དགོས་པ་མཚོན་ཞིང་། དེ་བས་རིག་གནས་ཀྱིས་ཀྱང་སྤྱི་ཚོགས་དང་། ཁྱིམ་ཚང་། ཚོགས་པ་བཅས་ལམ་ལུགས་ཅན་དང་། སྒྲིག་འཛུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་གྱིན་པ་རྟོགས་ནུས།
          2.གཞུང་བཀའ་པོད་ལྔར་ཐོས་བསམ་གནང་ཚུལ། སློབ་གསོ་ནི་མིའི་རིགས་ཀྱི་བྱ་བྱེད་སྤྱོད་འདུག་དང་། བསམ་བློ་ཀུན་སྤྱོད། ཤེས་རབ་བློ་སྦྱོང་སོགས་ཀྱི་ཕྱིར་བློ་དང་རིག་པའི་རྩལ་འགྲན་དང་། ཤེས་བྱ་རིག་པའི་བཅུད་ཀྱི་བདུད་རྩི་ལེན་པར་ཐོས་བསམ་སྒོམ་གསུམ་ལ་འཇུག་པར་གོ་དགོས་སྙམ། དེ་བས་དགོན་སྡེའི་སློབ་གསོ་དང་། སྤྱི་ཚོགས་ཀྱི་སློབ་གསོ་གང་ཡིན་ཡང་། དེ་གཉིས་ཀའི་དམིགས་ཡུལ་མཚུངས་པ་སྟེ། དེ་ནི་མི་སྣ་བྱང་ཚད་ཅན་དང་འཇོན་ཐང་ཅན། ཤེས་རབ་ཅན། ཀུན་སྤྱོད་ཅན། དོན་གཉེར་ཅན།སྙིང་རུས་ཅན་བཅས་གསོ་སྐྱོང་བྱ་རྒྱུ་དེ་ཡིན་དགོས་ཞིང་། དེ་བཞིན་དུ་དགོན་སྡེ་འདིར་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་དགོན་སྡེའི་སློབ་གསོའི་སློབ་གཉེར་བྱ་ཚུལ་གྱི་མ་ལག་ཅིག་གྲུབ་ཡོད་པ་སྟེ། 
          གདན་རབས་གསུམ་པ་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱིས་བསྡུས་གྲྭའི་འཛིན་གྲྭ་གསུམ་དང་། ཕར་ཕྱིན་འཛིན་གྲྭ་གཉིས། དབུ་མཛོད་འདུལ་གསུམ་གྱི་འཛིན་གྲྭ་བཅས་གསར་དུ་བཙུགས་(32) ཤིང་། ཕྱིས་སུ་གདན་རབས་ལྔ་པ་མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོའི་སྐུ་རིང་ལ་སྔར་ཡོད་ཀྱི་འཛིན་གྲྭ་ལྟར་ན་རྩོད་པ་མི་འབྱོར་བས།བསྡུས་གྲྭར་འཛིན་གྲྭ་གཉིས་དང་བློ་རྟགས་ལ་གཅིག ཕར་ཕྱིན་སྐོར་ལ་འཛིན་གྲྭ་གསུམ་བཅས་སུ་བྱ་བའི་བཀས་བཅད་པར་མ་ཟད། རྩོད་ཡིག་འོད་དཀར་ཕྲེང་བ་གསར་རྩོམ་མཛད།(33)  དེང་གི་དུས་སུ་ཁ་དོག་དཀར་དམར་འཛིན་གྲྭ་དང་། བསྡུས་འབྲིང་འཛིན་གྲྭ། རྟགས་རིགས་འཛིན་གྲྭ་བཅས་གསུམ་པོ་རེ་རེ་ལོ་གསུམ་རེ་གསུམ་རེ་ལ་རྒྱུགས་རྩིབ་བཞག་དང་། རྩོད་པ་གང་རྒྱས་སོགས་གང་ལ་གང་བབ་ཀྱི་སློབ་གཉེར་ལས་འགན་འགྲུབ་དགོས་པ་དང་། ལོ་དགུ་པའི་ཟླ་བཅུ་གཅིག་པའི་ནང་གཞུང་རྒྱུགས་སྤྲོད་དགོས་ཤིང་། སྐབས་དེར་སིལ་ཏོག་དང་གཞུང་རྒྱུགས་ཀ་ར་སྤྲོད་སྲོལ་མཆིས། གཞུང་གསར་སྐབས་ནས་ཕར་ཕྱིན་གྱི་འགོ་བརྩམས་པ་ཡིན། ཕར་ཕྱིན་སྐབས་བརྒྱད་པ་རུ་ལ་ལ་རྒྱུགས་སྤྲོད་དང་ལ་ལ་དཔེ་ཁྲིད་ལ་ཞུགས་ཏེ་སྐབས་བབ་ཀྱི་ཐལ་ཕྲེང་ཟུར་བཀོལ་སོགས་སློབ་གཉེར་འོས་འགན་རྫོགས་དགོས། གཞུང་གསར་ལོ་གསུམ་དང་། གཞུང་གོང་ལོ་གསུམ། ཕར་ཕྱིན་ལོ་གསུམ་བཅས་ལོ་དགུ་ལ་འཛིན་གྲྭ་ཡར་གཏུགས་མར་གཏུགས་བྱ་དགོས་ཤིང་། ལོ་དགུ་པའི་ཟླ་བཅུ་གཅིག་པའི་ནང་ཕར་ཕྱིན་སྟོན་མོའི་དམ་བཅའ་ཞེས་མཚན་ཕུད་གནང་བ་དང་། དེ་ནས་སིལ་ཏོག་དང་ཀ་ར་སྤྲོད་སྲོལ་མཆིས།ཕར་ཕྱིན་གྱི་ཚོགས་དང་གཞུང་རྒྱུགས་པའི་ཚོགས་བཅས་དུས་བཅད་ལྟར་འཚོགས་ཀྱིན་ཡོད།
          དབུ་མའི་འཛིན་གྲྭ་ལོ་གསུམ་དང་། དབུ་མའི་རིང་སོང་རྩད་ནས་དམིགས་བསལ་བཅུ་གསུམ་ཡོད་སྐད། མཛོད་པའི་འཛིན་གྲྭ་ཡང་ལོ་གསུམ་ཡིན་ལ། བཀའ་རིམ་ལ་བུད་རྗེས་མཚན་ཉིད་པས་རྒན་རིམ་ལྟར་རྡོ་རམས་ཀྱི་དམ་བཅའ་འཇོག་དགོས། བཀའ་རིམ་དང་པོ་ནས་བཅུ་པའི་བར་འཕར་ཚུལ་ལོ་གསུམ་རེ་དང་། དེའི་རིང་ལ་རྒྱལ་བའི་དགོངས་པར་ཉམས་ལེན་ལྷུར་བཞེས་གནང་དགོས་པར་གསུངས་པ་དང་། ད་དུང་སྐད་སྒྲ་བས་འདོན་རྟ་དབྱངས།དབྱངས་བར་རྟ། ཐིག་རྡུལ་ཚོན། མེ་རི་བཅའ་བཟོ་སོགས་ཆོ་ག་ཕྱག་ལེན་ལ་སློབ་གཉེར་བྱེད་བཞིན་པར་གསུངས་(34) པ་ན། འདི་ལས་དགོན་སྡེ་འདིར་སྔོན་མ་འཆད་ཉན་བྱ་ཚུལ་དང་། འཛིན་གྲྭ་གཏུགས་ཚུལ་སོགས་གཞུང་བཀའ་པོད་ལྔར་ཐོས་བསམ་བྱེད་པའི་ཕྱག་སྲོལ་ངོས་གཙང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཐུས་ཚང་སྒོས་རྒྱུན་འཛིན་གནང་ཞིང་། ད་དུང་འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན་སོགས་ཀྱང་མ་ཉམས་པར་རྒྱུན་འཛིན་གནང་ཐུབ་ཡོད་པ་འདི་ནི་དགོན་སྡེའི་སློབ་གསོ་ལ་ནུས་པ་བླ་ལྷག་ཐོན་ཡོད་ལ། དེ་བཞིན་དུ་དགོན་སྡེའི་སློབ་གསོ་ནི་ས་གནས་རིག་གནས་རྒྱུན་འཛིན་དང་དར་སྤེལ་སྒོས་ས་གནས་སྤྱི་ཚོགས་བདེ་འཇགས་དང་འཆམ་མཐུན་ཡོང་བའི་རྨང་རྡོ་ལྟ་བུར་མངོན་པ་ན། དགོན་སྡེ་རིག་གནས་ནི་ཐུན་མིན་གྱི་ས་ཁམས་ཁོར་ཡུག་གིས་བསྐྲུན་པའི་ཐུན་མིན་གྱི་སྣ་འདུས་རིག་གནས་ཤིག་ཡིན་པའང་ཤུགས་ནས་རྟོགས་ཐུབ་པར་སྙམ་མོ། །
          3.དགོན་པར་སློབ་ཆུང་གསར་འཛུགས་གནང་བཞིན་པ། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར་སྐྱབས་རྗེ་སྡེ་ཁྲི་རིན་པོ་ཆེ་སྐུ་འཕྲེང་བརྒྱད་པ་རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་མཆོག་གི་ཐུགས་སྨོན་བསམ་གྱིས་མི་ཁྱབ་པ་བཞེས་ཏེ་དགོན་པར་སློབ་ཆུང་གསར་འཛུགས་གནང་བའི་ཐུགས་བཀོད་འོག དགོན་སྡེའི་སློབ་གསོའི་དགོས་མཁོ་ལྟར་སྤྱི་ལོ་1985ལོར་དབུ་ཚུགས། དེ་ནི་སྐབས་དེའི་དགོན་སྡེའི་སློབ་གསོའི་སྒྲིག་གཞི་འཐུས་ཚང་དང་གོང་འཕེལ་འགྲོ་བའི་མངོན་རྟགས་ཤིག་དང་། སྒོས་སུ་སྤྱི་ཚོགས་དང་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་དགོན་སྡེའི་སློབ་གསོའི་ཁ་ཕྱོགས་སྙེགས་ཚུལ་ཞིག་ཡིན་པའང་ཤུགས་ནས་རྟོགས་ཐུབ། སྐབས་དེར་འཇམ་མགོན་སྡེ་ཁྲི་རིན་པོ་ཆེའི་ཐུགས་བཞེད་ལྟར་སློབ་གྲྭའི་མིང་དང་སློབ་མ་རེ་འགར་མིང་བཏགས་ཡོད་པ་ལས། གཅིག་གྱུར་གྱི་སློབ་ཁང་དང་ཆེད་མངགས་ཀྱི་དགེ་རྒན་དང་བསླབ་ཚན་སོགས་མེད་པས།སློབ་མ་རབ་དང་པོ་དང་གཉིས་པ་ནི་དགོན་པའི་བདེ་ཡངས་སུ་སློབ་ཁྲིད་གནང་ཞིང་། སློབ་གྲྭར་གཅིག་གྱུར་གྱི་ལས་སྣ་པ་མེད་པར་ཨ་ཁུ་ཆོས་འཛིན་རྒྱ་མཚོ་དང་རྒྱ་སྒུར་རོང་གི་ཨ་ཁུ་ཐུབ་བསྟན་རྒྱ་མཚོ་གཉིས་ཀྱིས་དགེ་རྒན་གྱི་འགན་འཛིན་བཞེས་ཏེ། ཆོས་སྤྱོད་བརྒྱད་ཅུའི་སྐོར་བློ་འཛིན་གྱི་ཞོར་དུ་རྒྱ་ཡིག་དང་བོད་ཡིག ད་དུང་ཡིག་གཟུགས་ཀྱི་རྨང་གཞིའི་སྐོར་ཉུང་ཙམ་ཁྲིད་ཚུལ་གསུངས།(35)  དེའི་རྗེས་སློབ་མ་རབ་འགའི་དགེ་རྒན་མ་ངེ་ཨ་ཁུ་བློ་བཟང་རྒྱ་མཚོ་དང་། གཙང་སྐོར་གྱི་ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཀྱིས་རང་རང་གི་གྲྭ་ཤག་ཏུ་སློབ་ཁྲིད་གནང་བ་དང་། སྐབས་དེར་ཡང་ཆོས་སྤྱོད་བློ་འཛིན་གྱི་ཞོར་དུ་རྒྱ་ཡིག་དང་བོད་ཡིག་གི་རྨང་གཞིའི་སྐོར་སློབ་ཁྲིད་གནང་ཚུལ་གསུངས།(36)  སྤྱི་ལོ་2006ལོར་ཐོག་མའི་གཅིག་གྱུར་གྱི་སློབ་ཁང་དང་དགེ་རྒན་གྱི་གཞུང་སྒྲུབ་ཁང་སོགས་ལེགས་གྲུབ་བྱུང་ལ། སྤྱི་ལོ་2014ལོར་སླར་ཡང་སྔར་ཡོད་སློབ་ཁང་སོགས་ཞིག་གསོས་སྒོས་སློབ་གྲྭར་གཅིག་གྱུར་གྱི་སློབ་ཁང་སོགས་འཛུགས་སྐྲུན་བྱས་ཤིང་། འཇམ་མགོན་སྡེ་ཁྲི་རིན་པོ་ཆེས་སློབ་གྲྭའི་འགན་འཛིན་གཙོ་བོ་ཧོར་སྤྲུལ་པའི་སྐུ་བློ་བཟང་ཤེས་རབ་རྒྱ་མཚོ་དང་། ད་དུང་ཆེད་མངགས་ཀྱི་དགེ་རྒན་དང་སློབ་གྲྭའི་འགན་འཛིན་པ་སོགས་ལ་ཐུགས་བཀོད་གནང་། སྤྱི་ལོ་2019ལོར་དགོན་པས་སློབ་གྲྭར་ཆེད་མངགས་ཀྱི་དགེ་རྒན་དང་། ལས་བཟོ་བ་བཅོ་ལྔ། སློབ་མ་བརྒྱད་ཅུ་ལྷག་བཞུགས་པ་ལ་འཛིན་གྲྭ་གསུམ་དུ་དབྱེ་ཡོད། ཁྲིད་བྱ་གཙོ་བོ་བོད་ཡིག་དང་རྒྱ་ཡིག དབྱིན་ཡིགཡིག་གཟུགས། ད་དུང་སྐར་རྩིས་བཅས་ཡིན་པར་གསུངས།(37) དགོན་པའི་སློབ་ཆུང་གི་འཕེལ་རིམ་གྱིས་དགོན་སྡེའི་སློབ་གསོའི་སྒྲིག་གཞི་དེ་འཐུས་ཚང་མིན་པ་ནས་འཐུས་ཚང་ཅན་དང་། ཚད་ལྡན་མིན་པ་ནས་ཚད་ལྡན་ཅན་གྱི་ཕྱོགས་སུ་འཕེལ་བའི་གོམ་སྟབས་མཚོན་ལ། ད་དུང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་དགོན་སྡེའི་སློབ་གསོའི་དུས་བསྟུན་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱང་མཚོན་ཐུབ། ཡིན་ན་ཡང་སློབ་ཆུང་འདི་ནི་ཕྱིའི་སློབ་རའི་འཛུགས་སྐྲུན་དང་། ནང་གི་སློབ་ཁྲིད་བྱེད་ལུགས་སོགས་ཀྱི་ཐད་ནས་སློབ་ཆུང་གི་ཚད་ཐིག་འདང་ཡོད་པས། ཁོ་བོས་གོང་དུ་སློབ་ཆུང་གསར་འཛུགས་ཞེས་བྲིས་མོད། འོན་ཀྱང་སློབ་ཆུང་འདིར་འབྲེལ་ཡོད་ལས་ཁུངས་དང་གོང་རིམ་གྱི་ཆོག་མཆན་ཐོབ་མེད་པས། འཇམ་མགོན་སྡེ་ཁྲི་རིན་པོ་ཆེ་གཙོས་དགོན་པའི་དོ་དམ་མི་སྣས་སློབ་གྲྭའི་ཆོག་མཆན་ཐད་འབད་འབུངས་བྱེད་བཞིན་པའི་སྐབས་སོ། །
          ཤིས་ཚང་དགོན་པ་འདི་ཉིད་ཉམས་པ་ནས་སླར་གསོས་སྒོས་རིམ་པར་དགོན་པའི་གཞི་གསུམ་གྱི་ཕྱག་ལེན་དང་། རྩོད་ཡིག་གཏན་ཕབ། རིགས་གྲྭའི་ཚོགས་གླེང་དང་དབྱར་གནས་ཚོགས་གླེང་། གྲྭ་ཚང་དུས་བཟང་སོགས་གསར་འཛུགས་གནང་བར་མ་ཟད། སྒོས་སུ་འཇམ་མགོན་སྡེ་ཁྲི་རིན་པོ་ཆེས་ཐུགས་ཁུར་བླ་མེད་འོག སློབ་ཆུང་གི་ཁྲིད་ཐབས་རང་བཞིན་གསར་འཛུགས་གནང་བ་སོགས་ནི།གཅིག་ནས་བོར་གྱུར་(38) པའི་བོད་ཀྱི་ཡང་སྤྲུལ་ངོས་འཛིན་པའི་ལམ་ལུགས་རིག་གནས་ཀྱིས་ས་གནས་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་ཐོན་པའི་ནུས་པ་མཚོན་ཐུབ་ལ།གཉིས་ནས་འདི་ནི་སྤྱི་ཚོགས་འཕེལ་བའི་ཁ་ཕྱོགས་དང་མཐུན་ཞིང་། ཐུན་མིན་གྱི་ཡུལ་དུས་དང་ས་བབ་ཁྱད་ཆོས་ཀྱིས་བསྐྲུན་པའི་ས་གནས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་དགོས་ན། ཐུན་མིན་གྱི་སློབ་གསོའི་ལམ་ལུགས་དང་ཐུན་མིན་གྱི་སྒྲིག་འཛུགས་ལྡན་པའི་དགོན་སྡེའི་སློབ་གསོར་བརྟེན་དགོས་པ་ཤུགས་ནས་རྟོགས་ཐུབ་པར་སྙམ་མོ། །
          གཉིས། ཤིས་ཚང་དགོན་གྱི་དཔལ་འབྱོར་གྱི་འཕེལ་འགྱུར།
          1.དགོན་པས་སྨན་ཁང་གཉེར་བ། ཤིས་ཚང་དགོན་པའི་བོད་སྨན་ཁང་ནི་འཇམ་མགོན་སྡེ་ཁྲི་རིན་པོ་ཆེས་གཟིགས་སྐྱོང་འོག སྤྱི་ལོ་1987ལོར་དགོན་པའི་དོ་དམ་ཚོགས་པས་འབྲེལ་ཡོད་གོང་རིམ་ལས་ཁུངས་ལ་“དགོན་པ་རང་ཁ་རང་གསོའི་”ལམ་ཁར་ཕྱོགས་པར་རྒྱབ་སྐྱོར་བྱེད་པར་ཡར་ཞུ་དང་། རྒྱ་ཆེའི་གཞི་རིམ་གྱི་ནད་པའི་རེ་འདོད་སྐོང་ཆེད་ས་གནས་ཀྱི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་གནང་འོག་ཤིས་ཚང་དགོན་པའི་བོད་སྨན་སྒོ་བསྟེན་ཁང་བསྐྱར་དུ་དགོན་པའི་གླིང་སྨད་དུ་འཛུགས་ཐུབ་པ་བྱུང་ཞིང་། སྤྱི་ལོ་2004ལོར་རྫོང་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་སྒོ་བསྟེན་ཁང་དེ་དགོན་པའི་བོད་སྨན་ཁང་དུ་བསྒྱུར། བོད་སྨན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་3000ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1834ཡོད། ད་ལྟ་སྨན་བཟོ་ཁང་ལ་མི་བཅུ་གསུམ་དང་། སྒོ་བསྟེན་ཁང་དང་ཤག་འདུག་སྡེ་ཁག་ལ་མི་བདུན། ཆེད་ལས་མཁས་པ་གཉིས་བཅས་བསྡོམས་པས་ཆེད་ལས་བོད་སྨན་ཡིན་པའི་གྲྭ་པ་ལས་བཟོ་བ་ཉི་ཤུ་ལྷག་ཡོད།(39)
          སྤྱི་ལོ་2019ལོར་སྨན་ཁང་ལ་ཁོངས་གཏོགས་སྨན་བཟོ་ཁང་གཅིག་དང་སྒོ་བསྟེན་ཁང་གཉིས་ཡོད་པ་སྟེ། སྒོ་བསྟེན་ཁང་དང་པོ་ནི་དགོན་པའི་སྨན་ཁང་དུ་ཡོད་ལ། སྒོ་བསྟེན་ཁང་གཉིས་པ་རྫོང་ཁུལ་དུ་ཡོད། ད་ལོ་དགོན་པའི་བོད་སྨན་ཁང་གི་ལས་བཟོ་བ་སྤྱིའི་འབད་འབུངས་འོག་རིལ་དཀར་དང་། བཙོ་བཀྲུ་ཟླ་ཤེལ། ཟླ་ཤེལ་སོ་བདུན། འོལ་སེ་ཉེར་ལྔ། ད་ལིས་བཅུ་དྲུག་སོགས་རྩ་ཆེའི་སྨན་སྣ་ཉི་ཤུ་ལྷག་རང་བཟོ་བྱེད་ཐུབ་པ་བྱུང་ཡོད་ལ། སྐྱབས་རྗེ་སྡེ་ཁྲི་རིན་པོ་ཆེ་མཆོག་གིས་“སྨན་ཁང་གིས་ངེས་པར་དུ་དམངས་ལ་ཞབས་འདེགས་ཞུས་ཏེ་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ནད་པ་དབུལ་པོ་སོགས་ལ་བལྟ་སྐྱོང་གང་ལེགས་བྱེད་དགོས་ཤིང་། སྨན་རིན་དམའ་མོར་བཏང་ནས་མང་ཚོགས་ཀྱི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་གཏོང་དགོས་”ཞེས་པའི་དགོངས་དོན་གཙིགས་སུ་བཟུང་ནས་སྒར་གྲོང་གཉིས་ལ་ཞབས་འདེགས་ཞུ་ཅི་ཐུབ་ལ་འབད་བཞིན་ཡོད་(40) པས། དགོན་པའི་སྨན་ཁང་ནི་གཉིས་ཕན་རང་བཞིན་ལྡན་པའི་ལྟེ་གནས་ཤིག་སྟེ། གཅིག་ནས་ནད་པ་ཐམས་ཅད་དང་སྒོས་སུ་ས་གནས་ཀྱི་ཁྱིམ་ཚང་འབྱོར་པ་ཞན་པའི་ནད་པར་སྨན་རིན་གོང་སླ་བར་གནང་ནས་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་དང་དབུལ་ཕོངས་ས་ཁུལ་གྱི་རྣམ་པ་བཅོས་བསྒྱུར་བགྱི་བར་མཐུན་རྐྱེན་སྦྱར་དང་སྦྱོར་བཞིན་པའི་ཞབས་ཞུའི་ལྟེ་གནས་ཤིག་ཡིན་ལ། གཉིས་ནས་མིའི་རིགས་ཐུན་མོང་ལ་དབང་བའི་གསོ་བ་རིག་པའི་གཞུང་ལུགས་སློབ་གཉེར་དང་། ནད་རིགས་བརྟག་ཐབས། ཐུན་མིན་བཅོས་ཐབས། ད་དུང་སྨན་བཟོ་སོགས་ཀྱི་ལག་རྩལ་མ་ཉམས་རྒྱུན་འཛིན་སྒོས་སྤྱི་ཚོགས་གོང་འཕེལ་དང་འབངས་ལ་བདེ་སྐྱིད་ལྡན་པར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་གྱིན་པའི་ལྟེ་གནས་ཤིག་ཡིན་པ་མིག་མཐོང་ལག་ཟིན་ཏུ་སྣང་ངོ་། །
          2.དགོན་པའི་ཆེད་གཉེར་ཚོང་ཁང་གི་སྐོར། དགོན་པའི་ཚོང་ཁང་ནི་དང་ཐོག་དུས་ནམ་ཞིག་ཏུ་གཉེར་བའི་སྐོར་གྱི་རྒྱུ་ཆ་ལག་སོན་མ་བྱུང་མོད། འོན་ཀྱང་ཐོག་དང་པོར་ཨ་ཁུ་དོན་གྲུབ་ཛཾ་བྷ་ལ་ཡིས་ཤིང་རྟའི་ནང་དུ་ཚོང་ཟོག་བཤམས་ནས་བཙོང་པ་ཡིན་(41) ཚུལ་གསུངས་ཤིང་། དེ་ནི་དེང་གི་ཤིས་ཚང་དགོན་པའི་ཚོང་ཁང་གི་རུ་མ་ལྟ་བུ་ཡིན་པ་ཤེས་ཐུབ། དེ་ནས་ཨ་ཁུ་སྐལ་བཟང་ཤེས་རབ་སོགས་ཀྱིས་དགོན་པའི་དཔལ་འབྱོར་འཕེལ་རྒྱས་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་བརྩོན་གནང་བས། ཚོང་ཁང་གི་རུ་མ་དེ་རྒྱ་བསྐྱེད་སྒོས་རིམ་གྱིས་དགོན་པའི་ཆེད་གཉེར་ཚོང་ཁང་དུ་གནང་ནས་གཉེར་བ་ཡིན་འདུག དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པར་དེང་གི་སྒར་རྙིང་དགོན་པའི་མགྲོན་ཁང་གི་ཤུལ་ཏེ། མ་ངེ་ལྟེ་བའི་སློབ་ཆུང་གི་མར་ཕྱོགས་གཡོན་འགྲམ་དུ་དགོན་པའི་ཡན་ལག་ཚོང་ཁང་ཞིག་གཉེར་མྱོང་ཞིང་། དེའི་རྗེས་སུ་དགོན་པའི་གླིང་གི་དེང་གི་རྒན་གསོ་ཁང་གི་ཤུལ་དུ་གཅིག་ཐོག་ཅན་གྱི་ཚོང་ཁང་ཞིག་གཉེར་ལ། སྤྱི་ལོ་2015ལོར་དེ་ཉིད་རྒྱ་བསྐྱེད་ཀྱིས་དེང་གི་དགོན་པའི་རྒན་གསོ་ཁང་གི་ཁ་གཏད་ཀྱི་ལྷོ་ཕྱོགས་ལམ་འགྲམ་གྱི་ཉིས་ཐོག་ཅན་ཞིག་འཛུགས་སྐྲུན་བྱས་ཏེ། ལོ་དེའི་ཟླ་8པའི་ཚེས་15ཉིན་འཛུགས་སྐྲུན་ལེགས་གྲུབ་ཀྱིས་གཅིག་ཐོག་ཚོང་ཁང་གི་སྒོ་དངོས་སུ་ཕྱེས་པའི་ཉིས་ཐོག་ནི་ཟ་ཁང་ཡིན་པ་མི་སྒེར་ལ་གླས་ཡོད་པ་དང་། ཚོང་ཁང་དགོན་པ་རང་གིས་བདག་དམ་གྱིས་གཉེར་བཞིན་པར་གསུངས།(42)  སྤྱི་ལོ་2020ལོ་ནས་ཤིས་ཚང་དགོན་པའི་ཕ་བོང་སྟག་དམར་གཏེར་ཆུ་ཚད་ཡོད་ཀུང་སིས་སྟག་དམར་གཏེར་ཆུ་ཁྲོམ་རར་དངོས་སུ་བཀྲམ་ཐུབ་པ་བྱུང་བས། འདི་ལས་ཤིས་ཚང་དགོན་གྱིས་ས་གནས་ཀྱི་ཐོན་ཁུངས་ཚོང་རྫས་ཅན་དུ་བསྒྱུར་བར་སྣེ་ཁྲིད་ཀྱིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་གྱིན་པ་མཚོན་ཐུབ་ལ། སྒོས་སུ་དགོན་པའི་ཚོང་ཁང་གི་བྱུང་འཕེལ་ལོ་རྒྱུས་ལས་དགོན་པ་གང་ནི་རང་ཁ་རང་གསོའི་ལམ་ཁར་གོམ་པ་ཇི་ལྟར་སྤོས་པའི་རྗེས་ཤུལ་ཡང་མཐོང་ཐུབ་ལ། འདིས་ནི་དགོན་པའི་དཔལ་འབྱོར་རིག་གནས་ཀྱང་སྣ་གཅིག་ཅན་ནས་སྣ་མང་ཅན་དང་། དགོན་པའི་དཔལ་འབྱོར་གྱི་དམིགས་ཡུལ་ཀྱང་ཁེ་གཉེར་ཅན་རྐྱང་པ་ཞིག་མ་ཡིན་པར་ཞབས་ཞུ་རང་བཞིན་དང་དམངས་ཕན་རང་བཞིན། སྣེ་ཁྲིད་རང་བཞིན། དམིགས་སྟོན་རང་བཞིན་བཅས་ཀྱི་ཕྱོགས་སུ་སྤེལ་བའི་ལོ་རྒྱུས་ཀྱི་དོན་སྙིང་མཚོན་ཐུབ་པར་སྙམ།
          3.དགོན་པས་མགྲོན་ཁང་དང་པོ་དང་གཉིས་པ་གཉེར་བ། དེང་གི་ཤིས་ཚང་དགོན་པའི་མགྲོན་ཁང་དང་པོ་འཛུགས་སྐྲུན་མ་བྱས་པའི་སྔོན་ལ་མགྲོན་ཁང་ཆུང་ཆུང་ཞིག་གཉེར་མྱོང་ཚུལ་བཤད་མོད། འོན་ཀྱང་དུས་ནམ་ཞིག་ཏུ་གཉེར་བའི་འབྲེལ་ཡོད་ཡིག་ཆ་ལག་སོན་མ་བྱུང་། ཤིས་ཚང་དགོན་པའི་མགྲོན་ཁང་དང་པོ་ནི་ཀླུ་ཆུ་རྫོང་གི་རླངས་འཁོར་ས་ཚིགས་རྙིང་པའི་ཡར་འགྲམ་གྱི་ནུབ་ཕྱོགས་སུ་ཆགས་ཤིང་། མགྲོན་ཁང་འདི་ནི་དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་འཛུགས་སྐྲུན་བྱས་ཤིང་། སྤྱི་ལོ་2012ལོར་འབྲེལ་ཡོད་ཚོང་གཉེར་ཡིག་ཆ་ཐོ་འགོད་བྱས་ཏེ། 2013ལོར་འཛུགས་སྐྲུན་ཡོངས་སུ་ལེགས་གྲུབ་ཀྱིས་སྒོ་ཕྱེས་ལ། བསྡོམས་པས་མགྲོན་པོ་འདུག་སའི་ཁང་མིག་21ཡོད།
          ཤིས་ཚང་དགོན་པའི་མགྲོན་ཁང་གཉིས་པ་ནི་ཀླུ་ཆུ་རྫོང་ཀླུ་མདོ་ནུབ་ལམ་གྱི་དཔའ་སྒུར་ཟམ་ཁའི་ནུབ་ཕྱོགས་ཀྱི་སྨི་200ཙམ་གྱི་སར་ཆགས་ཤིང་། 2015ལོའི་ལོ་མཇུག་ལ་དྲུག་ཐོག་ཅན་གྱི་མགྲོན་ཁང་གི་འཛུགས་སྐྲུན་ཕལ་ཆེར་ལེགས་གྲུབ་བྱུང་ཞིང་། 2016ལོའི་ཟླ་6པར་དངོས་སུ་སྒོ་ཕྱེ་བའི་མཛད་སྒོ་སྤེལ།འདིར་བསྡོམས་པས་མགྲོན་པོ་འདུག་སའི་ཁང་མིག་65ཡོད།
          མདོར་ན། ཤིས་ཚང་དགོན་པའི་ལས་སྣ་པས་གང་ནུས་ཅི་ཐུབ་ཀྱིས་དཔལ་འབྱོར་རང་སྐྱ་འཕེལ་བའི་ཕྱོགས་སུ་འབད་བརྩོན་བྱས་དང་བྱེད་བཞིན་པ་དང་། དེ་བསྟུན་གྱི་གྲུབ་འབྲས་ཀྱང་གང་ལ་གང་འཚམ་ཞིག་ཐོབ་ཡོད་པ་མིག་མཐོང་ལག་ཟིན་ཡིན་ལ། དགོན་སྡེ་དཔལ་འབྱོར་རང་སྐྱ་འཕེལ་བའི་ཕྱོགས་སུ་འཕེལ་བ་འདིས་ས་གནས་ཀྱི་ཆབ་དཔལ་རིག་གསུམ་གོང་དུ་འཕེལ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་གྱིན་པར་མ་ཟད། དགོན་པའི་བཟོ་སྐྲུན་རིག་གནས་དང་དངོས་པོའི་རིག་གནས་སོགས་འཕེལ་བའི་མཐུན་རྐྱེན་དུ་གྱུར་ཡོད་པའང་རྟོགས་ཐུབ། དེ་བཞིན་དགོན་སྡེའི་སློབ་གསོས་ཕྲག་ཏུ་ཁུར་བའི་སྤྱི་ཚོགས་དང་། ས་གནས། རྒྱལ་ཁབ་དང་ཚོ་ཤོག་སོགས་ཀྱི་ས་གནས་རིག་གནས་རྒྱུན་འཛིན་གྱི་ཞོར་དུ་སྤྱི་ཚོགས་དང་རྒྱལ་ཁབ་སྔོན་ཐོན་ཅན་དང་དཔལ་ཡོན་ཅན་དང་། ས་གནས་དང་ཚོ་ཤོག་ཡར་ཐོན་ཅན་དུ་འཕེལ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་གྱིན་པའང་རྟོགས་ཐུབ།
          གསུམ་པ། དགོན་སྡེའི་རིག་གནས་འགྱུར་ལྡོག་གི་དགེ་མཚན་སྐོར།
          བོད་ཀྱི་གྲུབ་མཐའ་སོ་སོའི་དགོན་པའི་ནང་དུ་བཞེངས་པའི་ལྷ་ཁང་དང་གླེགས་བམ་པོ་ཏི་མང་པོ། ཆོས་སྒྲུབ་པ་པོའམ་གྲྭ་པའི་གྱོན་ཆས། ཆོས་སྤྱོད་ཀྱི་འདོན་ཆོག་དང་ཆོ་ག་ཕྱག་ལེན། ཆོས་ཐོག་དང་སྒྲུབ་མཆོད། དགོན་པའི་དཔལ་འབྱོར་ལམ་ལུགས། དགོན་པའི་ལས་སྣ་པའི་སྒྲིག་གཞི། ཆོས་གཞུང་ལ་སློབ་གཉེར་དང་ཉམས་ལེན་བྱེད་སྟངས། དགོན་པའི་གྲྭ་ཤག་བཟོ་ཚུལ་སོགས་ཡོད་ཚད་ནི་དགོན་སྡེའི་རིག་གནས་སུ་འདུ་(43) མོད། འོན་ཀྱང་དཔྱད་རྩོམ་འདིའི་དཔྱད་གཞི་གཙོ་བོ་ཤིས་ཚང་དགོན་པའི་སློབ་གསོ་དང་དགོན་པའི་དཔལ་འབྱོར་གཉིས་ཀྱི་འཕེལ་འགྱུར་ཡིན། དེ་ལའང་དགེ་སྐྱོན་གཉིས་ཀྱི་ཆ་ལྡན་པ་སྨྲས་མི་འཚལ་མོད། ཕྲན་གྱིས་གཤམ་དུ་སྐབས་སུ་བབ་པའི་དགེ་མཚན་གྱི་ཆ་ནས་ཅུང་ཟད་གླེང་བར་བྱ་བ་ལ།
          གཅིག དགོན་སྡེའི་སློབ་གསོ་འཕེལ་བའི་དགེ་མཚན། 
          དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཤིས་ཚང་དགོན་པའི་སློབ་གསོ་འཕེལ་འགྱུར་བྱུང་དང་འབྱུང་བཞིན་པ་ནི་སུས་ཀྱང་འགོག་ཐབས་མེད་པའི་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་ཡིན་པས། ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་དགོན་ཕྲན་དག་གཅིག་བསྡུས་ཀྱིས་ཤིས་ཚང་དགོན་པ་ཕྱག་འདེབས་མཛད་པ་ནས་བཟུང་། དགོན་པའི་ཚོགས་ཆོས་རའི་འདོན་སྒྲིག་དང་། གཞུང་བཀའ་པོད་ལྔར་ཐོས་བསམ་བྱེད་ཚུལ་སོགས་སློབ་གསོའི་ལམ་ལུགས་འཐུས་ཚང་མིན་པ་ནས་འཐུས་ཚང་ཅན་དུ་འཕེལ་བ་དང་། ད་དུང་སྐྱབས་རྗེ་བླ་མ་སྡེ་པ་གསེར་ཁྲི་རིན་པོ་ཆེ་ཚང་ནས་སྤྱི་ལོ་1985ལོ་ནས་དགོན་པར་སློབ་ཆུང་གསར་འཛུགས་ཀྱི་གཞི་བརྩམས་ཏེ། སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་གྲྭ་པ་ཆུང་ཆུང་ཚོ་ལའང་རྒྱ་ཡིག་དང་། གྲངས་རིག ཡིག་གཟུགས་སོགས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བསྐྲུན་པ་ནི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་འགྲོ་ལུགས་སོགས་ལ་བསྟུན་ཞིང་། འདི་ནི་དགོན་སྡེའི་སློབ་གསོ་མ་ཉམས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལམ་ཕྱོགས་གསར་པ་ཞིག་ཡིན་ལ། བོད་ཀྱི་རིག་གནས་ཀྱི་སྲོག་སྙིང་དུ་གྱུར་པའི་བསམ་པའི་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་ཐུན་མིན་མངོན་ཚུལ་ཞིག་ཡིན། ཡང་ས་གནས་རིག་གནས་རྒྱུན་འཛིན་དར་སྤེལ་དུ་གཏོང་བ་ནི་ཆེ་ས་ནས་མིའི་རིགས་དང་འཛམ་གླིང་། ཡང་ན་རང་རེའི་རྒྱལ་ཁབ་ཀྱི་རིག་གནས་སྲུང་སྐྱོང་ལ་དངོས་བརྒྱུད་གང་རུང་ནས་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་གྱིན་པ་དང་། ཆུང་ས་ནས་ས་གནས་ཤིག་དང་ཡུལ་ཁམས་ཤིག་གི་རིག་གནས་རྒྱུན་འཛིན་དར་སྤེལ་གྱིས་སྤྱི་ཚོགས་ཡར་ཐོན་དུ་འབད་པའི་མངོན་ཚུལ་ཞིག་ཀྱང་ཡིན། དེར་བརྟེན་རིག་གནས་ལོངས་སྤྱོད་ཁྲོད་རྒྱུན་འཛིན་བྱེད་པ་ནི་རྒྱལ་ཁབ་དང་། མི་རིགས། ས་ཁུལ་དང་མི་སྒེར་སུ་ཡིན་རུང་། དེ་ནི་དཔལ་ཡོན་ལྡན་པ་དང་རིག་གནས་ཅན་གྱི་སྔོན་ཐོན་དུ་འཕེལ་བའི་དགོས་མཁོ་ཉག་ཅིག་ཡིན་པས།དགོན་སྡེའི་རིག་གནས་ཀྱང་དེ་ལས་མ་འདས་ཤིང་། ཀྲུང་ཧྭའི་རིག་གནས་ཀྱང་དེ་ལས་མ་འདས་པས། དགོན་སྡེའི་སློབ་གསོ་འཕེལ་རྒྱས་ཀྱིས་ས་གནས་དང་། རྒྱལ་ཁབ་དཔལ་ཡོན་ཅན། སྔོན་ཐོན་ཅན། རིག་གནས་ཅན། ཕུགས་བསམ་ཅན་བཅས་སུ་འགྱུར་བར་དངོས་བརྒྱུད་གང་རུང་ནས་ནུས་པ་ཐོན་གྱིན་པ་རྟོགས་ཐུབ་བོ། །
          གཉིས། དགོན་སྡེའི་དཔལ་འབྱོར་འཕེལ་བའི་དགེ་མཚན།
          རིག་གནས་ནི་དུས་དང་རྣམ་པ་ཀུན་ཏུ་འཕེལ་འགྱུར་དུ་འགྲོ་བ་ཞིག་ཡིན་ཞིང་། ཤིས་ཚང་དགོན་པའི་རིག་གནས་ཀྱང་དེ་ལས་མ་འདས་པས། སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་བསྟུན་ནས་དགོན་པའི་དཔལ་འབྱོར་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་སྟེ། དུས་རབས་ཉི་ཤུ་པའི་དུས་འགོ་ནས་རིམ་པར་དགོན་པའི་སྨན་ཁང་དང་། ཚོང་ཁང་། དགོན་པའི་མགྲོན་ཁང་དང་པོ་དང་གཉིས་པ་སོགས་དཔལ་འབྱོར་ཁེ་གཉེར་གྱི་ལྟེ་གནས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་རྒྱ་ཇེ་ཆེ་དང་འཐུས་ཇེ་ཚང་དུ་བཏང་སྟེ་དགོན་པ་རང་ཁ་རང་གསོ་དང་དཔལ་འབྱོར་རང་སྐྱ་འཕེལ་བའི་ལམ་ཁར་བསྐྱོད་པ་ནི་སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་མཐུན་ལ། རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་ཡང་མཐུན་པའི་འཕེལ་སྟངས་ཤིག་ཡིན་པ་དང་། དགོན་པས་དཔལ་འབྱོར་རང་སྐྱ་ཐུབ་པ་ནི་ཕྱོགས་ཡོངས་ནས་དགོན་སྡེའི་རིག་གནས་འཛིན་སྐྱོང་དང་དར་སྤེལ་དུ་གཏོང་བར་ཕན་པར་མ་ཟད། དགོན་པའི་སྨན་ཁང་ལྟ་བུར་མཚོན་ན་གཅིག་ནས་བོད་ལུགས་གསོ་རིག་རྒྱུད་འཛིན་དང་། གཉིས་ནས་དགོན་པའི་སྨན་རིན་ལྟོས་བཅས་ཀྱི་གོང་སླ་བ་དེས་ས་གནས་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་དབུལ་ཕོངས་ཀྱི་ཞ་མོ་ཕུད་དེ་འབྱོར་ཕྱུག་གི་ལམ་ཁར་སྙེག་པར་ཕན་པ་རེད། དགོན་པའི་ཚོང་ཁང་གིས་ས་གནས་མང་ཚོགས་དང་གྲྭ་བཙུན་གྱི་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད་ལ། དགོན་པའི་མགྲོན་ཁང་གིས་ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་ཡུལ་སྐོར་བ་དང་བཅས་པའི་ལས་རིགས་འདྲ་མིན་གྱི་མགྲོན་པོར་སྟབས་བདེ་དང་ཞུབས་ཞུ་གང་ལེགས་སྒྲུབ་ཀྱིན་པས། དགོན་སྡེའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་རྒྱས་འགྲོ་བར་ཡང་ཕན་ནུས་རྒྱ་ཆེར་འདོན་བཞིན་པ་ཤུགས་ནས་རྟོགས་ཐུབ་པ་དང་། འདིས་ནི་རིག་གནས་དང་མི་སྒེར་གྱི་འབྲེལ་བ་དང་། རིག་གནས་དར་སྤེལ་དང་སྤྱི་ཚོགས་གོང་འཕེལ་གྱི་འབྲེལ་བ། ད་དུང་རིག་གནས་ཕུན་སུམ་ཚོགས་པ་དང་རྒྱལ་ཁབ་སྔོན་ཐོན་གྱི་འབྲེལ་བ་སོགས་ཀྱང་ཤུགས་ནས་མཚོན་ཐུབ་པར་མ་ཟད། ས་གནས་ཀྱི་རིག་གནས་དར་སྤེལ་དང་ཀྲུང་གོའི་རྨི་ལམ་མངོན་འགྱུར་གྱི་འབྲེལ་བ་ཡང་མཚོན་ཐུབ་པར་སྙམ་མོ། །
          དཔྱད་གཞིའི་ཡིག་ཆ།
①ས་ར་བསྟན་འཛིན་ཆོས་གྲགས་ཀྱིས་སྒྱུར་སྒྲིག་བྱས། 《རིག་གནས་རིག་པ་སྤྱི་བཤད》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་41
②③罗桑开珠:《藏族文化通论》[M],北京:中国藏学出版社, 2018年,前言第2页; 前言第2页。
④ཆོས་སྡེ་ཆེན་པོ་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་ངམ་ཤེར་ཕྱིན་གླིང་ཞེས་པར་མཚན་འབོད་སྟངས་མི་འདྲ་འགའ་བྱུང་ཡོད་པ་སྟེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་དུ་“ཤིས་ཚང་སྒར་གསར་དགོན་”ཞེས་དང་། ཆ་རིས་སྐལ་བཟང་ཐོགས་མེད་ཀྱི་《ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་གྱི་གདན་རབས་དཀར་ཆག་》ཏུ། “ཤིས་ཚང་དགོན་གསར་”ཞེས་པ། མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་དུ་“ཤིས་ཚང་དགོན་”དང་ “ཤིས་ཚང་དགོན་གསར” “ཆོས་འཁོར་དགོན་གསར་”ཞེས་པ། ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་འཇམ་དབྱངས་རྒྱ་མཚོའི་《དགེ་བའི་བཤེས་གཉེན་ཆེན་པོ་ཁྱ་དགེ་ངག་དབང་རབ་གསལ་མཆོག་གི་རྣམ་ཐར་》དུ། “ཤིས་ཚང་དགོན་གསར་དགའ་ལྡན་ཆོས་འཁོར་གླིང་”དང་། “ཤིས་ཚང་དགོན་པ་”ཞེས་པ་བཅས་བྱུང་ཡོད། ཁོ་བོས་དཔྱད་རྩོམ་འདིར་“ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དང་། ཤིས་ཚང་དགོན་”ཞེས་པའི་མཚན་གང་སོར་འཇོག་བྱས་ཡོད།
⑤མ་ངེ་དཔོན་སློབ་བློ་བཟང་རྒྱལ་མཚན་ངམ་ཨ་གསལ་དཔོན་སློབ་བློ་བཟང་རྒྱལ་མཚན་ནི་ཨ་གསལ་སྐུ་འཕྲེང་གཉིས་པ་ཡིན། ཨ་གསལ་གྱི་ནང་ཆེན་གྱིས་བསྒྲིགས་པའི་《ཨ་གསལ་སྤྲུལ་བའི་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས》 ནང་ཁུལ་ཡིག་ཆ། ཤོག་ངོས་3
⑥བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་586
⑦ཨ་གསལ་གྱི་ནང་ཆེན་གྱིས་བསྒྲིགས་པའི་《ཨ་གསལ་སྤྲུལ་བའི་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས》 ནང་ཁུལ་ཡིག་ཆ། ཤོག་ངོས་4-7
⑧⑨བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་586; 586
⑩ཐུའུ་བཀྭན་ཧོ་ཐོག་ཐུ་བློ་བཟང་བཤད་སྒྲུབ་དབང་ཕྱུག་རྒྱ་མཚོ། 《རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་ཉི་མ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་གསང་གསུམ་བཀྲ་ཤིས་རྒྱན་གྱི་རི་མོ་ཞེས་བྱ་བ་བཞུགས་སོ》[M] སྣ་རིང་བླ་བྲང་དགོན་པའི་ཤིང་དཔར། ཤོག་ངོས་52
⑪རྗེ་འཇམ་དབྱངས་རྒྱ་མཚོས་མཛད་པའི་《དགེ་བའི་བཤེས་གཉེན་ཆེན་པོ་ཁྱ་དགེ་ངག་དབང་རབ་གསལ་མཆོག་གི་རྣམ་ཐར་བཞུགས་སོ》ཞེས་པ་ལས་བཏུས། སྣ་ཐུང་།
⑫2020ལོའི་ཟླ་7ཚེས་15ཉིན། ཤིས་ཚང་དགོན་པའི་གྲྭ་པ་ག་གེ་མོ་དང་ཆེ་གེ་མོ་སོགས་ལ་བཀའ་འདྲི་བྱས་པ་སོགས་ལས་བཏུས།
⑬གཞུང་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་འམ་ཡོངས་གྲགས་སུ་ཚུལ་ཁྲིམས་རྒྱལ་པོའི་ལོ་རྒྱུས་མདོར་བསྡུས་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་དབང་རིམ་བྱོན་གྱི་མཚམས་སྦྱོར་མདོར་དྲིལ་ལས་བཏུས།
⑭ཐང་སྐོར་གྱི་གཞུང་པ་དགེ་བཤེས་སྐལ་བཟང་ཐབས་མཁས་མཆོག་གི་ལོ་རྒྱུས་མདོར་བསྡུས་ནི། 《སྒོ་མང་ཆོས་འབྱུང་》དུ་བྱུང་བར་ངག་རྒྱུན་གྱིས་ཟུར་བརྒྱན་ཏེ་བཏུས།
⑮⑯ཨ་ཁུ་ཆོས་ལྡན་གྱི་རྣམ་ཐར་མདོར་བསྡུས་ནི། 2020ལོའི་ཟླ་ལྔ་པར། ཤིས་ཚང་དགོན་པའི་གྲྭ་པ་ག་གེ་མོ་དང་ཆེ་གེ་མོ་སོགས་ལ་བཀའ་འདྲི་བྱས་པ་དང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་སོགས་ལས་བཏུས།
⑰2020ལོའི་ཟླ་7ཚེས་17ཉིན། ཤིས་ཚང་དགོན་པའི་གྲྭ་པ་ག་གེ་མོ་དང་ཆེ་གེ་མོ་སོགས་ལ་བཀའ་འདྲི་བྱས་པ་ལས་བཏུས།
⑱ཨ་ཁུ་བློ་བཟང་གི་རྣམ་ཐར་མདོར་བསྡུས་ནི། 2020ལོའི་ཟླ་7ཚེས་པར་ཤིས་ཚང་དགོན་པའི་གྲྭ་པ་ག་གེ་མོས་འབྲེལ་ཡོད་རྒྱུ་ཆ་གནང་བ་ལས་བཏུས།
⑲2020ལོའི་ཟླ་5ཚེས་པར། ཤིས་ཚང་དགོན་པའི་གྲྭ་པ་ག་གེ་མོར་བཀའ་འདྲི་བྱས་པ་ལས་བཏུས།
⑳བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇམ་དབྱངས་རྒྱ་མཚོའི་གསུང་བཤད་ལས་བཏུས།
(21)ཨ་གསལ་སྤྲུལ་པའི་སྐུ་ནི། ཀུན་མཁྱེན་འཇམ་དབྱངས་བཞེད་པ་ཡབ་སྲས་སྐུ་འཕྲེང་རིམ་བྱོན་གྱིས་ཡང་སྤྲུལ་འཁྲུལ་མེད་ཐུགས་ཐག་བཅད་པ་སྟེ། ཨ་གསལ་སྤྲུལ་པའི་སྐུ་འཕྲེང་དང་པོ་ཨ་གསལ་བཟང་པོ་བཀྲ་ཤིས་དང་། སྐུ་འཕྲེང་གཉིས་པ་ཨ་གསལ་དཔོན་སློབ་བློ་བཟང་རྒྱལ་མཚན། སྐུ་འཕྲེང་གསུམ་པ་བློ་བཟང་། སྐུ་འཕྲེང་བཞི་པ་སྒ་བུ་ཞབས་དྲུང་། སྐུ་འཕྲེང་ལྔ་པ་རྗེ་བློ་བཟང་ལུང་རྟོགས་རྒྱ་མཚོ་ཚང་ཡིན་ལ། རྗེ་འདི་བ་ནི་རང་དགོན་གྱི་གདན་རབས་ཉེར་གཉིས་པ་ཡིན། སྐུ་འཕྲེང་དྲུག་པ་ཨ་གསལ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། སྐུ་འཕྲེང་བདུན་པ་བློ་བཟང་འཇམ་དབྱངས་རྒྱ་མཚོ་ཚང་བཅས་ཡིན་པ་དང་། ཨ་གསལ་སྤྲུལ་པའི་སྐུ་བློ་བཟང་འཇམ་དབྱངས་རྒྱ་མཚོ་ནི་1983ལོར་བསང་ཆུ་རྫོང་ཁོ་ཚེ་ལྷ་སྡེར་ཡབ་སངས་རྒྱས་དང་ཡུམ་ཏཱ་རེ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། 2020ལོ་སྟེ་དགུང་ལོ་སུམ་ཅུ་སོ་བརྒྱད་བཞེས་ཡོད། ད་ལྟ་སྡེ་ཁྲི་རིན་པོ་ཆེའི་སྐུ་གཡོག་ཞབས་ཞུའི་མཛད་འཕྲིན་གྱི་ཕྱག་ལས་སྐྱོང་བཞིན་པའི་སྒང་ངོ་། །
(22)ཧོར་སྤྲུལ་པའི་སྐུ་ནི། ཧོར་སྤྲུལ་པའི་སྐུ་སྐུ་འཕྲེང་བརྒྱད་པ་བློ་བཟང་ཤེས་རབ་རྒྱ་མཚོ་སྟེ། 1984ལོར་ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་ནང་གསེས་རྫས་ཚ་འབྲོག་ནས་སྐུ་འཁྲུངས། ད་ལྟ་རང་དགོན་དུ་མཛད་འཕྲིན་གྱི་ཕྱག་ལས་སྐྱོང་བཞིན་པའི་སྒང་ངོ་། །
(23)ཀོའུ་དགེ་སྤྲུལ་པའི་སྐུ་ནི། ཆོས་འཁོར་ཚོ་པ་བཅུ་གཉིས་ཀྱི་ནང་གསེས་དཔོན་སྐོར་སྡེ་པར་སྐུ་འཁྲུངས། ད་ལྟ་ཤིས་ཚང་དགོན་བཤད་སྒྲུབ་ཆོས་འཁོར་གླིང་དུ་བསླབ་པ་སློབ་གཉེར་ལ་འབད་བཞིན་པའི་སྐབས་སོ། །
(24)罗桑开珠:《藏族文化通论》[M],北京,中国藏学出版社,2018年,第264页。
(25)罗桑开珠:《藏族文化通论》[M],北京,中国藏学出版社,2018年,第11页。
(26)(27)(28)(29)ཆ་རིས་སྐལ་བཟང་ཐོགས་མེད། 《ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་གྱི་གདན་རབས་དཀར་ཆག》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་186-187; 187; 187; 188
(30)罗桑开珠:《藏族文化通论》[M],北京,中国藏学出版社,2018年,第12页。
(31)(32)ཆ་རིས་སྐལ་བཟང་ཐོགས་མེད། 《ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་གྱི་གདན་རབས་དཀར་ཆག 》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་192; 192
(33)2019ལོའི་ཟླ་1ཚེས་13ཉིན་གྱི་ཕྱི་དྲོ། ཤིས་ཚང་དགོན་པའི་གྲྭ་པ་ག་གེ་མོའི་གྲྭ་ཤག་ཏུ་ཁོང་ལ་བཅར་འདྲི་བྱས་པའི་རྒྱུ་ཆ་དག་སྒྲིག་བྱས།
(34)(35)2019ལོའི་ཟླ་3ཚེས་16ཉིན་གྱི་ཕྱི་དྲོ། ཤིས་ཚང་དགོན་པའི་གྲྭ་བ་ཆེ་གེ་མོའི་གྲྭ་ཤག་ཏུ་ཁོང་ལ་བཅར་འདྲི་བྱས་པའི་རྒྱུ་ཆ་དག་སྒྲིག་བྱས།
(36)2019ལོའི་ཟླ་5ཚེས་6ཉིན་གྱི་ཕྱི་དྲོ། ཤིས་ཚང་དགོན་པའི་གྲྭ་བ་ཆེ་གེ་མོའི་གྲྭ་ཤག་ཏུ་ཁོང་ལ་བཅར་འདྲི་བྱས་པའི་རྒྱུ་ཆ་དག་སྒྲིག་བྱས།
(37)罗桑开珠:《藏族文化通论》[M],北京,中国藏学出版社,2018年,第270页。
(38)ཆོས་འཁོར་སྒར་གསར་དགོན་པའི་སྨན་ཁང་གི་ངོ་སྤྲོད་ཡི་གེ་ལས་བཤུས།
(39)2019ལོའི་ཟླ་5ཚེས་3ཉིན་གྱི་སྔ་དྲོ། ཤིས་ཚང་དགོན་པའི་གྲྭ་པ་ཆེ་གེ་མོའི་གྲྭ་ཤག་ཏུ་ཁོང་ལ་བཅར་འདྲི་བྱས་པའི་རྒྱུ་ཆ་དག་སྒྲིག་བྱས།
(40)2019ལོའི་ཟླ་5ཚེས་3ཉིན་གྱི་སྔ་དྲོ། ཤིས་ཚང་དགོན་པའི་གྲྭ་པ་ཆེ་གེ་མོའི་གྲྭ་ཤག་ཏུ་ཁོང་ལ་བཅར་འདྲི་བྱས་པའི་རྒྱུ་ཆ་དག་སྒྲིག་བྱས།
(41)2019ལོའི་ཟླ་5ཚེས་2ཉིན་གྱི་ཕྱི་དྲོ། ཤིས་ཚང་དགོན་པའི་གྲྭ་པ་ཆེ་གེ་མོའི་གྲྭ་ཤག་ཏུ་ཁོང་ལ་བཅར་འདྲི་བྱས་པའི་རྒྱུ་ཆ་དག་སྒྲིག་བྱས།
(42)ལྷུན་གྲུབ་རྡོ་རྗེ། 《མདོ་སྨད་དགེ་ལུགས་པའི་དགོན་སྡེའི་རིག་གནས་འགྱུར་ལྡོག་ལ་དཔྱད་པ་དལ་འགྲོའི་ཟེགས་མ》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་25