ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

ལེགས་བཤད་སྦྲང་རྩིའི་སྙིང་པོ།

སྤེལ་དུས 2011-11-08 ཡོང་ཁུངས། ༢༠༡༡ལོའི་《སྦྲང་ཆར》འདོན་ཐེངས་གཉིས་པ། རྩོམ་པ་པོ། བིས་པ་ངག་དབང་མི་ཕམ་ཟླ་བ།

ལེགས་བཤད་སྦྲང་རྩིའི་སྙིང་པོ།
ཁག་གཉིས
         ཨོ་སྭསྟི་སིདྡྷྱཾ།  གུར་ཀུམ་ཚོས་ཀྱི་བཀྲུས་པའི་འཛམ་བུའི་གསེར་གྱི་རི། །

ཉི་མ་སྟོང་གི་འོད་ཟེར་འཐུང་བས་རབ་མྱོས་པ། །

དབང་སྔོན་ཐོར་ཚུགས་ཡོན་པོར་བཅིངས་ཏེ་འགྱིང་བ་བཞིན། །

མངོན་དགའ་སྐྱོད་པའི་དཔལ་དེ་སྙིང་ལ་རོལ་གྱུར་ཅིག །

རིག་པ་ཡོངས་འདུའི་མེ་ཏོག་རྣམ་རྒྱས་པའི། །

ཡོན་ཏན་སྐྱེད་མོས་ཚལ་དུ་སེམས་ཅན་གྱི། །

རྒྱུད་ཀུན་བྱེད་པོ་བླ་མ་ལྷག་པའི་ལྷ། །

དགྱེས་པའི་འཛུམ་ཞལ་སྟོན་ལ་རིངས་པར་གུས། །

སྐྱེས་ཐོབ་ཤེར་རབ་ཨ་མྲའི་མྱུ་གུ་ཞིག །

ལུང་རིགས་འོ་མས་བཅུས་པའི་སྐལ་བཟང་གིས། །

ལེགས་བཤད་འབྲས་བུ་ཞིམ་པོ་ཉམས་མྱོང་བ། །

དགའ་སྟོན་དུས་ལ་བབས་པས་འདོད་དགུར་སྤྱོད། །

སུ་དག་འཁོར་བའི་མཐའ་ལ་ཡིད་སྐྱོ་ནས། །

བྱང་ཆུབ་སྙིང་པོའི་ལྡིང་ཁང་བསྟེན་འདོད་པ། །

དེ་དག་བློ་གྲོས་གཅིག་པའི་འདུན་མ་ལ། །

བསམ་གཏན་རྣམ་པར་ཚུགས་པའི་འདུན་མ་ལ། །

བསམ་གཏན་རྣམ་པར་ཚུགས་པའི་སྤྲོ་བ་སྐྱེད། །

མ་ནོར་ལམ་སྟོན་དམ་པའི་མགོན་དང་བཅས། །

མུ་མཐའ་བྲལ་བའི་གསུང་རབ་འདོད་དགུར་མཇལ། །

མེ་ཏོག་ཟས་ཅན་སྦྲང་རྩི་གཞིབ་པ་ལྟར། །

མི་ཚེ་ཆོས་ཀྱིས་དོན་ཡོད་བྱ་བར་རིགས། །

བདེ་ལེགས་ཀུན་འབྱུང་བག་ཡོད་བདུད་རྩིའི་ཆུས། །

ཉེས་སྤྱོད་དྲི་མ་འཁྲུད་པའི་ཆོ་ག་མཁན། །

ཉི་མས་ཕྱེ་བའི་པདྨ་དཀར་པོ་དང་། །

བཞིན་རས་དྭངས་པའི་འཛུམ་བག་སོ་སོར་སྡེབ། །

བརྗེ་བ་རྣམ་གསུམ་ཚོན་གྱིས་ཁ་བསྒྱུར་ཅིང་། །

བཅས་མཚམས་དྲན་ཤེས་བརྟན་པའི་ཟུངས་བཏབ་པ། །

ཚུལ་ཁྲིམས་གཙང་མའི་གོས་ཅན་དེ་དག་གི།

དྲུང་ན་ཕྱོར་པོ་མང་ཞིག་གཅེར་བུར་སོང་། །

ཟབ་མོ་སྟོང་བའི་མཁའ་ལ་རྙོབ་པ་དང་། །

རྒྱ་ཆེའི་མཚོ་ལ་མཆོངས་པ་ཀུན་དོར་ལ། །

ཐོག་མ་ཁོ་ནར་གྲུ་འདི་ཚགས་བཙུགས་ཏེ། །

ངེས་ལེགས་ནོར་བུའི་གླིང་དུ་ཆ་བར་འོས། །

ནམ་ཞིག་གྲིབ་མ་གཉིས་པའི་གྲོགས་ཀྱིས་ཀྱང་། །

སྨྲ་བ་བཅད་པའི་དཀའ་ཐུབ་ཡུན་རིང་བོར། །

ཏིང་འཛིན་བདེ་ལ་གཡུར་དུ་ཟ་བའི་སྤྱན། །

ཟིམ་བུར་ལྟ་བའི་དྲང་སྲོང་གཅིག་ཏུ་སྨོན། །

བྱིང་རྒོད་རྙོག་པ་དྭངས་པའི་སྐད་ཅིག་ལ། །

ཡོན་ཏན་མ་ལུས་འཆར་བའི་ཆུ་གཙང་ཞིག །

ཀུན་གཞིའི་མཐིལ་དུ་འཁྱིལ་བའི་ངོ་མཚར་ལ། །

རྒྱལ་བ་ཀུན་ཀྱང་དགྱེས་བཞད་མཛད་པ་སྙམ། །

རིགས་པའི་གསང་ཚིག་བྱེ་མ་རེག་ཆོད་དུ། །

བདར་བའི་ཤེས་རབ་མཚོན་ཆ་རྣོན་པོ་ཡིས། །

ཉེས་བརྒྱའི་རྩ་བ་བྲེག་པའི་དཔའ་བོ་དེས། །

སྲིད་གསུམ་མགོ་བོ་ཡུད་ཀྱིས་རྡོག་པས་གནོན། །

ལོག་པར་ལྟ་བའི་གཤིན་རྗེ་འཇིགས་རུང་བ། །

དགེ་བའི་སྲོག་ཆགས་མ་ལུས་ཁྱུར་མིད་དུ། །

ཟ་བྱེད་གཡུལ་ལས་རྣམ་རྒྱལ་འཆི་མེད་ཀྱི། །

རིག་འཛིན་སྒྲུབ་པ་ཡང་དག་ལྟ་བའི་གནད། །

གང་ཤར་རྟོག་པའི་པིར་གྱིས་བྲིས་པ་ལ། །

སྣ་ཚོགས་ལས་ཀྱི་ཚོན་མདངས་བཀྲ་བ་ཞིག །

མ་བཅོས་རང་བབས་ཉིད་དུ་མི་འཛིན་པར། །

བདེ་ཆེན་སེམས་ཀྱི་རི་མོ་གཅིག་པུར་བལྟ། །

རི་བོང་རྭ་ཡིས་ཕུགས་པའི་ཟུག་རྔུ་དང་། །

ནམ་མཁའི་པདྨོར་ཉལ་བའི་བདེ་བ་གཉིས། །

མོ་གཤམ་བུ་ལ་ཁྱད་པར་མ་མཆིས་པའི། །

གུ་ཡངས་འབྱམས་སུ་ཀླས་པས་ཁོང་འཛུམ་འཆོར། །

ཡུལ་དབང་རྣམ་ཤེས་ཚོགས་པའི་སུམ་མདོ་ན། །

སྣང་བ་ཅི་ཡང་འཆར་བའི་བུན་ལོང་པོ། །

བསླུ་བྲིད་སྒྱུ་མའི་ལྟད་མོ་འབའ་ཞིག་པར། །

སྔར་འདྲིས་གྲོགས་པོ་བཞིན་དུ་ངོ་ཡང་ཤེས། །

མི་ཡིས་ཚིག་པ་ཕྱིར་ཞིང་བསྲོས་པ་ཡིས། །

གདུང་བ་སེལ་ལ་མཚར་དུ་རྩི་བྱེད་ན། །

སྣང་བས་སྣང་བ་འཁྲུད་པའི་བྱི་དོར་གྱིས། །

དག་པ་གཉིས་ལྡན་ཀུན་དགའ་སྐྱེད་པའི་ཕུལ། །

བདེ་སོགས་བདག་པོའི་ཕྱོགས་ཀྱི་ཟུར་ཕུད་ལ། །

ལི་ཁྲིའི་འོད་ཀྱི་རྩེ་དགའ་ལྷུར་ལེན་པས། །

འཇིག་རྟེན་མཐའ་དག་ལྟ་བའི་མིག་ཕྱེད་པ། །

ཉི་མའི་གཉེན་གྱི་གོ་འཕང་དེ་ལྟར་སྒྲུབས། །

སྐྱེས་སྦྱངས་སྤོས་དཀར་འཁྲི་ཤིང་བཞད་པ་ཡི། །

ཡལ་འདབ་ལ་ཟོས་ཚད་མ་གཉིས་འཐུང་དབང་། །

རང་ཉམས་སྦྲེགས་པའི་དྲི་ལེན་ལྕགས་ཀྱུ་རུ། །

སོང་བའི་བུང་བ་འགྲན་པའི་རྔ་ཆེན་རྡུང་། །

སོས་ཀ་ནགས་ཀྱི་བུ་མོའི་མགུལ་བ་ལ། །

མངོན་དགས་འཁྱུང་པའི་ཁུ་བྱུག་གཞོན་ནུ་དེ། །

གསུང་སྙན་གྲེ་འགྱུར་རོལ་མོས་ཕྱོགས་ཀུན་གྱིས། །

ལུས་སྐྱེས་སྤུ་ལོ་གཡོ་བའི་འཛུམ་དཀར་སྟོན། །

འདིར་འབད་བསོད་ནམས་རིན་ཆེན་གཏེར་གྱི་བུམ་པ་ནས། །

ཕུན་ཚོགས་སྲིད་ཞིའི་དཔལ་གྱི་འདོད་པ་ཀུན་འཇོ་བས། །

རེ་བ་མ་ལུས་ཅིག་ཆར་རྫོགས་འདི་ཡ་མཚན་ཞེས། །

འགྲོ་ཀུན་སྐྱིད་པའི་རྒྱང་གླུ་ཅི་ཡང་ལེན་པར་རྩོམ། །

རང་གི་དོན་ལ་ནམ་ཡང་མི་ཕངས་པར། །

གཞན་འབའ་ཞིག་ཏུ་སྙིང་ཉེ་གང་གི་ན། །

བསམ་པ་ལྷག་པའི་ཡོན་ཏན་མཐའ་ཡས་པ། །

དེ་རིང་ཉིད་ལ་མངོན་དུ་འགྱུར་བར་ཤོག །

ཅེས་ལེགས་བཤད་སྦྲང་རྩེའི་སྙིང་པོ་ཞེས་བྱ་བ་འདི་ནི། མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་ཀྱི་རྣམ་ཐར་གཙང་མ་ཚུལ་བཞིན་སྐྱོང་བའི་ཆོས་སྡེ་ཆེན་པོ་དགོན་ལུང་ཕྱོགས་ནས། རིགས་པའི་གཞུང་ལ་བློ་འོད་རྣམ་པར་འཕྲོ་བའི་དཔྱོད་ལྡན་སངས་རྒྱས་བསྟན་འཛིན་གྱིས། བཟང་གོས་ཀྱི་གླེགས་བུ་ཁྱད་མཚར་ཟུང་དང་ལྷ་རྫས་བཅས་འཕྲིན་ཡིག་གི་ལམ་ནས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། འཛམ་གླིང་མཁས་གྲུབ་ཀུན་གྱི་གཙུག་རྒྱན་རྗེ་བཙུན་བླ་མ་༧ཐུའུ་བཀྭན་རྡོ་རྗེ་འཆང་ཆེན་པོའི་བཀའ་དྲིན་ལས་བསྟན་པ་ཡོངས་རྫོགས་ཀྱི་མན་ངག་ཟབ་མོའི་གནད་ལ་བློ་ཁ་ཕྱོགས་པའི་དགེ་སློང་ཆོས་སྨྲ་བ་༧ངག་དབང་མི་ཕམ་ཟླ་བའམ། །མིང་གཞན་དབྱངས་ཅན་དགའ་བའི་བློ་གྲོས་ཞེས་བགྱི་བས། རབ་བྱུང་བཅུ་གསུམ་པའི་ཤིང་བྱི་ཆོ་འཕྲུལ་གྱི་ཟླ་བ་ལ་རོང་བོ་ཐོས་བསམ་གླིང་གི་རང་གནས་གཙུག་ལག་ཁང་ནས་སུག་བྲིས་སུ་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །