ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

བསླབ་བྱ་ཤེལ་དཀར་ཕྲེང་བ།

སྤེལ་དུས 2009-07-07 ཡོང་ཁུངས། རྩོམ་པ་པོ། དགེ་བཤེས་བསྐལ་བཟང་དར་རྒྱས།ལྷག་ཚེས་སྒྲིག

ཀྱེ་ཀྱེ་བྱམས་ལྡན་གྲོགས་པོ་དག ། འདི་ན་གྲོས་འདེབས་ནེའུ་གསེང་དུ། །

དོན་གྱི་པད་མོའི་ཕྲེང་བ་བསྟར། ། དགོས་འདོད་སྦྲང་རྩི་ཅི་བཞེད་ལོངས། །

ཕྱི་མའི་དོན་རྣམས་མི་བསམ་པར། ། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་དང༌། །

ལྟོ་རྒྱབ་ཁོ་ནའི་བློ་ཅན་དེ། ། ལུག་གི་གོ་འཕང་ཅན་དུ་ངེས། །

ཅིའི་ཕྱིར་ཞེ་ན་ད་ལྟ་འདིར། ། སྐོམ་དང་ཟས་ལ་གཉེར་བ་དང༌། །

གཞན་སྡང་རང་ཕྱོགས་བརྩེ་བ་ཙམ། ། དུད་འགྲོས་ཀྱང་ནི་ཤེས་པས་སོ། །

ཟག་ཕུང་འཇའ་འོད་འཐིམ་པ་སོགས། ། སྐྱེས་བུ་དམ་པའི་རྣམ་པར་ཐར། །

མཐོང་ཐོས་མངོན་དུ་གྱུར་བ་ལ། ། ཡི་རངས་དད་འདུན་མི་བྱེད་པར། །

སྙིགས་མའི་རང་འཚང་མི་དགེའི་ལས། ། ཆི་ཁྲེ་/རླངས་འཁོར་/ལྕགས་བྱ་ལ་སོགས་ཀྱིས། །

མཚོན་ཆའི་ཆར་བ་འབེབ་པ་ལ། ། ཡ་མཚན་བྱེད་རྣམས་ལྟས་ངན་ཡིན། །

མ་སོགས་གཉེན་དང་བཤེས་ཀྱི་ཚུལ་གནས་མི་དགེའི་གྲོས་འདེབས་བདུད་་ཡིས། །

སྙིང་བརྩེའི་ཟོལ་གྱིས་འཁོར་བར་བསྐུར་བའི་ཐག་པས་མགུལ་ནས་འཐེན་པའི་ཚེ། །

རང་དབང་ཐུབ་པའི་སྟོབས་ཤེད་གཡག་པོའི་སྐེ་མཇིང་རྗེས་སུ་རབ་ཞུགས་ཏེ། །

བོན་གྱི་བློ་སྣ་རང་གིས་ཟུངས་ཤིག་སྙིང་འདྲའི་བྱམས་འདུན་གྲོགས་དག་ཀྱེ། །

སྔོན་མ་སྔོན་མའི་སྐྱེ་བའི་རབས། ། ལམ་ཐག་རིང་ནས་བགྲོད་བྱས་ཏེ། །

ལེགས་བྱས་གྲུ་གཟིངས་རབ་ཞུགས་ནས། ། དལ་འབྱོར་རིན་ཆེན་གླིང་ཕྱིན་ཚེ། །

རང་གཞན་དོན་རྣམས་འགྲུབ་པ་ཡི། །དགེ་སྦྱོར་རིན་ཆེན་མི་ལེན་པར། །

ཚེ་འདིའི་སྤྱོད་པ་ས་རྡོ་ལས། ། བརྩོན་པ་དག་ནི་བྱིས་པ་ཡིན། །

དགེ་འདུན་འདུས་ཚོགས་འགྲིམ་པ་ལ། ། ཕོགས་འགྱེད་ཁོ་ནར་རེ་བྱེད་དེ། །

གཏོར་སྐམ་ཟས་སུ་འཚོལ་བྱེད་པའི། ། ཁྭ་ཏ་དག་གི་རྣམ་ཐར་ཡིན། །

དཀའ་སྤྱད་ངལ་བ་སྣ་ཚོགས་ཀྱིས། ། སྡེ་སྣོད་གསུམ་ལ་བློ་སྦྱངས་ཏེ། །

བསླབ་གསུམ་ཉམས་ལེན་ཕུལ་ཕྱིན་ན། ། གྲྭ་བའི་ཡོང་སྒོ་དེ་ཡིན་མོད། །

མུག་བསྐལ་དུས་ཀྱི་རྩམ་པ་བཞིན། ། སྙིགས་མའི་ངངཚུལ་ཆེར་བདོ་བའི། །

ད་སྐབས་ལས་དཀར་སྤྱོད་པ་རྣམས། ། ལྷག་པར་འགྱུར་ཆེ་རྒྱལ་བས་གསུངས། །

དགེ་ལེགས་ཀུན་གྱི་རྩ་བ་བླ་མ་དེ། ། མིག་སྙིང་སྲོག་དང་འདྲ་བར་གཅེས་བཟུང་སྟེ། །

ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །ལེགས་དགུའི་རྟེན་འབྲེལ་འགོ་ནས་ཚུགས་དེ་དགོས། །

བཤེས་གཉེན་གླ་བའི་འདུ་ཤེས་ཀྱིས། ། བོན་གྱི་རྩི་བོ་ལེན་བྱེད་པའི། །

སྣོད་དང་མི་ལྡན་སྐལ་ངན་དེ། ། རྔོན་པ་ལས་ཀྱང་སྡིག་པ་ཆེ། །

རྒྱ་གར་འཕགས་ཡུལ་པཎ་ཆེན་རྣམས། ། ཐོག་མར་ཚེ་དང་ཤེས་རབ་བསྒྲུབས། །

དེ་ནས་ཆོས་ལ་འཇུག་པ་ཡི། ། རྨད་དུ་བྱུང་བའི་རྣམ་ཐར་བཞིན། །

ཚུལ་བཞིན་བྱེད་པའི་སྐལ་བཟང་ཚོས། །མ་གྲོ་དག་ཀྱང་འབད་བྱས་ན། །

ཆོས་ལྡན་བྱ་བླ་ན་མེད་པཐར་ཕྱིན་པ། ། རྟེན་འབྲེལ་འགྲིག་པའི་གནད་ཅིག་ཡོད། །

རྣམ་འབྱེད་ཤེས་རབ་མིག་ཡོད་ན། ། འདི་སྣང་གཡང་སར་མི་འཆོང་བར། །

འདི་ཕྱིར་བདེ་བའི་ལམ་དཀར་པོ། ། དགེ་བཅུའི་དཔལ་ལ་སྤྱོད་པར་འཚལ། །

མུན་སྒོམ་བྱེད་པའི་བླུན་པོ་འགའ། ། ཐོས་པའི་བློ་མིག་མི་དགོས་པར། །

དོན་གྱི་རི་མོ་མཐོང་སྐད་དེ། ། བློ་ལྡན་སུ་ཞིག་ཡིད་ཆེས་འགྱུར། །

ས་བཅུའི་བྱང་འཕགས་བཅུ་ཀས་ཀྱང༌། ། སངས་རྒྱས་དུ་མར་བོན་ཉན་ན། །

འཆིང་བ་ཀུན་ལྡན་རང་འདྲ་ཚོས། ། ཐོས་བསམ་བྱེད་པ་ཅིས་མི་དགོས། །

བསླབ་གཞིའི་ས་ལ་མ་བརྟེན་པའི། ། བླ་མེད་སྔགས་ཀྱི་གསས་མཁར་དེ། །

རི་བོང་རྭ་ཡི་སྤུན་ཟླའམ། ། ཡང་ན་སྒྱུ་མའི་རྟ་གླང་ཡིན། །

སྟོན་པ་མཆོག་གིས་བདག་ཅག་ཁོ་ནར་བརྩེ་བའི་ཐུགས་ཀྱིས་གཤང་ལྕི་འདོར་ཚུལ་ཡན་ཆད་ཀྱི། །

དུཿཁའི་དངོས་རྒྱུ་ཉེས་པ་གང་གིས་ཀྱང་ནི་བརྫི་མེད་ཐབས་མཆོག་སོ་ཐར་བསླབ་པ་ཞེས། །

ཡང་ཡང་ལེགས་པར་གསུངས་ཀྱང་གསེར་ལ་བོང་བུའི་འདུ་ཤེས་བསྐྱེད་དེ་གཙིགས་མེད་འདོར་བྱེད་པ། །

འདི་ལ་བསམ་ན་སྙིང་ནས་མཆི་མ་དཀུ་བས་གྲོགས་དག་སོ་ཐར་བསླབ་པར་གཙོ་བོར་ཟུངས། །

སྔོན་གོམས་གཤོག་དྲུག་རྒྱས་པ་ཡི། །སྐྱེས་ཆེན་བྱ་ཡི་རྒྱལ་པོ་ཁྱུང༌། །

ཟབ་གསང་སྔགས་ཀྱི་སྤྱོད་པའི་མཁར། ། ཐོགས་ལྷུང་མེད་པར་འཕུར་བ་ལ། །

བླུན་པོ་འགའ་ཞིག་དེ་མཐོང་ནས། ། ཟོལ་སྤྱོད་རྒོད་ཀྱི་འདབ་ཐོགས་ཏེ། །

སྔགས་སྤྱོད་གཡང་སར་མཆོང་བ་དེ། ། མཁར་སྐྱོང་རྒན་པོའི་རྣམ་ཐར་ཡིན། །

ཐོས་དང་བསམ་པས་རྒྱུད་སྦྱངས་ཏེ། ། གཞུང་ལུགས་ཀུན་ལ་མ་རྨོངས་ཤིང༌། །

སྒོ་གསུམ་ཉེས་སྤྱོད་སྤངས་པའི་གཞི། ། སྔགས་ཀྱི་དོན་རྣམས་རྟོགས་བྱེད་པ། །

སྐས་གདང་མས་ནས་འཛེགས་བྱས་ཏེ། ། རིམ་གྱིས་ཐོག་ཁར་འགྲོད་པ་ན། །

གཡང་སར་མེད་པར་མྱུར་བྱོན་དཔེས། ། བསྟན་ལ་འཇུག་པའི་རིམ་པ་མཚོན། །

སྙིགས་དུས་སྐྱེ་བོ་ངན་རྣམས་ཀྱིས། ། ལོག་སྨྲ་དྲི་བཞོན་གསར་པ་ཡི། །

ལེགས་སྤྱོད་སྒྲོན་མེ་བསད་དོགས་ནས། ། གྲོས་འདེབས་ཤེལ་ཁང་འདི་ཕུལ་ལོ། །

ཞེས་པ་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་པ་ཞིག་ཡིན་ཕྱིན། དེའི་ཧྲིལ་བོའི་བརྟུན་པ་སྐྱེད་ཡུལ་ནི་འདི་སྣང་བྲེལ་ཟིང་གི་ལས་

རྣམས་མ་ཡིན་པར་གཞན་དོན་དུ་གཞུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་རང་དོན་དུ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་རྩེ་གཅིག་ཏུ་འབུངས་དགོས་ཚུལ་གོ་བདེའི་ཚིག་གི་ཕྲེང་བ་བསྟར་ལ་བརྒྱུས་སོ།