ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལྷུག་རྩོམ།

བོད་ཀྱི་གདོད་མའི་ལྷ་སྒྲུང་གི་ཚན་རིག་རང་བཞིན་སྐོར་ཅུང་ཟད་བརྗོད་པ།

སྤེལ་དུས 2009-04-29 ཡོང་ཁུངས། 《སྤང་རྒྱན་མེ་ཏོག》 རྩོམ་པ་པོ། དགྲ་ལྷ། འབྲུག་མོས་ཞུ་དག་བྱས།

ལོ་རྒྱུས་རྒྱུས་རིང་ཡོད་པའི་གནའ་བོའི་མི་རིགས་ཤིག་ཡིན་ཕྱིན་དེ་ལ་ངོ་མཚར་གཟི་འོད་འཕྲོ་བའི་གནའ་བོའི་ལྷ་སྒྲུང་གི་ནོར་བུ་གང་མང་ཡོད། དེ་དག་ལ་མི་རིགས་སོ་སོའི་ཁྱད་ཆོས་མངོན་པར་གསལ་བ་དང་། དུས་རབས་ཀྱི་ཁྱད་རྟགས་རྣམས་པར་གསལ་བ་མ་ཟད། ལོ་རྒྱུས་ཀྱི་རྟགས་ཐམ་གསལ་གསལ་རྗེན་རྗེན་དུ་འཁོད་ཡོད་ཙ་ན། རྩོམ་རིག་ལོ་རྒྱུས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། ལྷ་སྒྲུང་དེ་དག་གི་རིན་ཐང་ཡང་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་བྱུང་སྔ་བའི་རྩོམ་རིག་གི་བརྩམས་བྱ་དེ་དག་ལས། འདས་པའི་དུས་ཀྱི་གནའ་བོའི་བློ་གྲོས་ཀྱི་མཐུ་དང་། འཇེམ་ཐང་གི་རྩལ་ནི་ཧ་ལས་དགོས་པ་ཞིག་ཡིན་པ་གསལ་རྟོགས་ཐུབ།

བོད་ཀྱི་གདོད་མའི་ལྷ་སྒྲུང་ལ་གནའ་དུས་བོད་མིའི་འདུ་ཤེས་འཛིན་སྟངས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་དང་། ས་མཐོའི་ཉམས་འགྱུར་གྱིས་ཡོངས་སུ་ཕྱུག་ཅིང་། བོད་གདོད་མའི་སྤྱི་ཚོགས་ཀྱི་གནའ་སྟངས་དང་། ཤེས་རིག་གི་འཕེལ་ཚུལ། གནའ་མིའི་བསམ་སྤྱོད་ཀྱི་ཁྱད་པར། ཡུལ་གོམས་གཤིས་ལུགས་རིན་ཐང་དང་ཀུན་སྤྱོད། མཛེས་དཔྱོད་ཀྱི་ལྟ་ཚུལ་ཀུན་ཇི་བཞིན་མངོན་ཐུབ་པས། དཔྱོད་ལྡན་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འདྲེན་པའི་ཁྱད་ཡོན་མངའ།

ལྷག་པར་དུ་རང་རེ་བོད་ཀྱི་གདོད་མའི་ལྷ་སྒྲུང་ལ་མི་རིགས་གཞན་ཀུན་གྱི་ལྷ་སྒྲུང་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་མངོན་གསལ་ཅན་ཞིག་ཡོད་པ་སྟེ། དེ་ནི་ལྷ་སྒྲུང་དེ་དག་ལ་ལྡན་པའི་ཚན་རིག་གི་རང་བཞིན་ཡིན། གངས་ལྗོངས་གདོད་མའི་ལྷ་སྒྲུང་ལ་ཚན་རིག་གི་རང་བཞིན་ལྡན་པ་འདི་འདྲ་འཛམ་གླིང་ལྷ་སྒྲུང་གི་དགའ་ཚལ་གཞན་གང་དུའང་མཐོང་བ་ཆེས་དཀོན་ནོ།

དེ་ཡང་རང་རེ་བོད་ཀྱི་ལྷ་སྒྲུང་ལ་བརྗོད་བྱ་དོན་གྱི་སྒོ་ནས་སྤྱིར་རིགས་སུ་དབྱེ་ཆོག་པ་སྟེ། སྲིད་པ་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། ནང་བཅུད་ཀྱི་སེམས་ཅན་གྲོལ་ཚུལ་གཉིས་སོ། ནང་བཅུད་ཀྱི་སེམས་ཅན་བྱུང་ཚུལ་ཐད་སྤྲེའུ་དང་བྲག་སྲིན་གཉིས་ལས་བོད་མི་བྱུང་ཚུལ་བཀོད་ཡོད་ཅིང་། བྲག་སྲིན་བྱ་བ་ཡང་བྲག་འོག་ཏུ་གནས་བཅའ་བའི་སྤྲ་མོ་ཡིན་ཚུལ་འགྲེལ་བཤད་ཁ་གསལ་གནང་ཡོད། མིའི་རིགས་ཀྱི་འབྱུང་ཁུངས་ཐད་ཀྱི་གསང་བ་རྣམས་འདི་འདྲ་གནད་ལ་འཁེལ་བའི་ངང་བཤད་པ་ནི་འཛམ་གླིང་ལྷ་སྒྲུང་གཞན་གྱི་ཁྲོད་དུ་རྙེད་དཀའ་སྟེ། ནུབ་ཕྱོགས་པས་འཇིག་རྟེན་གྱི་བྱེད་པོས་འདམ་བག་གིས་ཡཱ་ཏང་ཟེར་བའི་སྐྱེས་པ་ཞིག་བཟོས་རྗེས་དེའི་རྩིབས་མ་ཞིག་བཀོག་ནས་ཤཱ་ཝ་ཟེར་བའི་བུད་མེ་གཅིག་བཟོས་པ་ལས་འགྲོབ་མིའི་རིགས་བྱུང་བར་འཆད་ལ། རྒྱ་མི་རིགས་ཀྱི་ལྷ་མོ་ཉུས་དབའ་ཧྲེ་ཞེས་པ་གཅིག་པུར་སྡོད་སྐབས་ཁེར་རྐྱང་གི་སྐྱོ་སྣང་བྱུང་སྟེ་འདམ་བག་གི་མི་འགའ་བཟོས་པར་ཕུ་བཏབ་ནས་མིར་གྱུར་ཞིང་། དེ་དག་ལས་འགྲོ་བ་མི་ཡི་རིགས་མཆེད་པར་སྨྲ་བས། ཤོད་རྒྱུད་འདི་དག་དང་བསྡུར་ན་རང་རེ་བོད་ཀྱི་ལྷུ་སྒྲུང་ལ་ཚན་རིག་གི་རང་བཞིན་ཅི་འདྲ་མངའ་བ་གསལ་རྟོགས་ཐུབ་སྟེ། སྤྲེའུ་ཕྲུག་དེ་དག་ཡུན་རིང་གི་ངལ་རྩོལ་བྱས་པ་བརྒྱུད་མཐར་མི་རུ་འགྱུར་ཚུལ་གསལ་བར་བསྟན་ཡོད་པའི་ཕྱིར་རོ།

བོན་པོ་རྣམས་ཀྱིས་ངག་རྒྱུན་དུ། སྲིད་པ་ཀློང་གི་སྒོ་ང་ལས་སྣང་སྲིད་ཐམས་ཅད་གྲོལ་བར་བཤད་དེ་འབྱུང་བ་སྣ་ལྔའི་སྙིང་པོ་ལས་སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལས་ལྷ་བྲག་དཀར་པོ་ཆགས། ནང་གི་སྒོང་ཆུ་ལས་དུང་མཚོ་དཀར་མོ་འཁྱིལ། བར་གྱི་སྒོ་ངའི་ངར་ཆ་ལས། རིགས་དྲུག་སེམས་ཅན་ཐམས་ཅད་གྲོལ་ཞེས་གསུངས་ཡོད་པས་མཐར་གཏུགས་ན་ཐོག་མར་ཕྱི་སྣོད་ཀྱི་འཇིག་རྟེན་འདི་འབྱུང་བ་སྣ་ལྔ་རྒྱུ་རུ་བྱས་པ་ལས་ཆགས་ཤིང་། དེ་རྗེས་ནང་བཅུད་ཀྱི་སེམས་ཅན་རྣམས་ཟང་འབྱུང་བའི་བྱེད་ལས་ལ་བརྟེན་ནས་རིམ་བཞིན་བྱུང་བར་བཤད་པ་ནི་བབས་ཆགས་པའི་དངོས་གཙོའི་ལྟ་བ་རྣལ་མ་ཞིག་ཡིན།

ལྷོ་པ་ཁུལ་དང་། རྔ་པ་ཁུལ་དུ་གཅེན་གཅུང་གཉིས་གཉེན་སྡེབ་པ་ལས་མི་བྱུང་ཚུལ་བཤད་པའི་ལྷ་སྒྲུང་དེ་མིའི་རིགས་ཀྱི་ཆེས་ཐོག་མའི་འབྱུང་ཁུངས་རྩད་ཞིབ་བྱས་པ་ཞིག་མིན་ནའང་རང་བྱུང་གི་གནོད་འཚེ་རབ་དང་རིམ་པའི་འོག་དུས་ཡུན་ཤིན་ཏུ་རིང་པོའི་ནང་འགྲོ་བ་མིའི་རིགས་ཀྱིས་དཀའ་སྡུག་དང་འཇིག་ཉེན་གང་འདྲ་ཞིག་བརྒྱུད་ཡོད་མེད་གཟུགས་བརྙན་གྱི་ཐོག་ནས་བསྟན་ཡོད་ཅིང་དེ་ནི་ལོ་རྒྱུས་དངོས་ཀྱི་མེ་ལོང་ལ་བལྟས་པ་དང་མཚུངས་པའི་རང་བཞིན་མཆིས་པ་ཡིན།

སྐར་མ་སྤུན་བདུན་ཞེས་པའི་ལྷ་སྒྲུང་ལ་ངག་ནས་ངག་ཏུ་བརྒྱུད་པའི་གོ་རིམ་ནང་གཞན་འགྱུར་གྱི་རང་བཞིན་ཆེ་ཙམ་བྱུང་ཡོད་ཀྱང་ལྷ་སྒྲུང་ཧྲིལ་པོས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སོང་བ་དང་སྦྲགས། མི་རྣམས་ཀྱི་རྣམ་རིག་ཇེ་བཀྲར་གྱུར་ཏེ་གདོད་མའི་བྲག་ཁུང་དུ་སྡོད་པ་ནས་ཕྱིས་སྦྲ་གུར་ཕུབ་པ་དང་། རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ་ས་རྡོའི་ཁང་བཟང་བསྐྲུན་ནས་གཏན་སྡོད་བྱས་པའི་རྣམ་པ་མཚོན་ཡོད་པས། ལྷ་སྒྲུང་དེ་དག་གི་ཀློག་པ་པོར་སྟོང་བསམ་ནས་སྟོང་དབྱིངས་སུ་རྒྱུ་བའི་སྣང་བ་ཡེ་ནས་མི་སྟེར་བར་མིའི་རིགས་འཕེལ་རྒྱས་འགྲོ་བའི་ལམ་གྱི་རིམ་པ་གནད་ལ་འཁེལ་བའི་ངང་མཚོན་ཡོད་པས། འཚོ་བ་དངོས་ཀྱི་དྲི་བསུང་ལམ་ལམ་དུ་འཐུལ་བར་བྱེད།

གཞན་ཡང་ནས་སོན་བྱུང་ཚུལ་གྱི་ལྷ་སྒྲུང་དེས་གདོད་མའི་དུས་ནས་བཟའ་ཆས་ཀུན་རང་ཆོས་སུ་མངའ་བའམ་འཇིག་རྟེན་གྱི་བྱེད་པོས་བྱམས་དང་བརྩེ་བས་འགྲོ་བ་མི་ལ་གནང་བ་སོགས་དོན་དངོས་དང་ཡེ་ནས་མི་མཐུན་པའི་ལྟ་ཚུལ་ཅི་ཡང་བསྟན་མེད་པར། ནས་སོན་ནི་མི་རྣམས་ཀྱིས་རང་བྱུང་ཁས་ལ་ངོས་འཛིན་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་དངོས་ནང་འཚོ་གནས་ཀྱི་དགོས་མཁོ་ལྟར་ཤེས་རྟོགས་བྱུང་བ་དང་ནས་སོན་གྱི་ཆེད་དུ་སྤྱད་པའི་ཁྲག་དྲི་བྲོ་བའི་དཀའ་སྡུག་རྣམས་གཟུགས་བརྙན་གྱི་རང་བཞིན་ཐོག་ནས་མཚོན་ཡོད་པས་ཀློག་པ་པོར་ངལ་རྩོལ་ལ་དགའ་ཞེ་དང་ངལ་རྩོམ་གྱི་འབྲས་བུར་དད་ཞེན་གཅེས་སྣང་སྐྱེ་བའི་ནུས་པ་ཡོད།

ཕྱི་སྣོད་ཀྱི་འཇིག་རྟེན་བྱུང་ཚུལ་ཐད་བོན་ལུགས་ཀྱི་སྲིད་པ་ཀློང་གི་སྒོ་ང་ལས་བྱུང་བར་སྨྲ་བའི་བོན་ལུགས་ལ་བབས་ཆགས་ཀྱི་དངོས་གཙོའི་རང་བཞིན་ལྡན་ཞིང་སྲིད་པ་ཆགས་གླུ་རུ་གནམ་དང་ས། ཉི་མ། ཟླ་བ། སྐར་མ། ནགས་ཚལ། རི་བོ། ལམ་བུ་སོགས་ཇི་ལྟར་བྱུང་ཚུལ་ལ་ཡོངས་སུ་ཚན་རིག་དང་མཐུན་པའི་འགྲེལ་བཤད་བྱེད་ཐུབ་མེད་ནའང་། དངོས་པོ་དེ་དག་རྒྱུ་མེད་རྐྱེན་མེད་དམ། རང་བཞིན་ལྷུན་གྲུབ་ཏུ་བྱུང་བའི་བབ་ཅོལ་ཅི་ཡང་མི་སྨྲ་བར་འཆར་སྒོ་ཡངས་ལ་སྒྱུ་རྩལ་གྱི་ཐབས་འཕྲུལ་རྨད་དུ་བྱུང་བའི་ལམ་དངོས་པོ་དེ་དག་འབྱུང་བར་ངེས་པར་དུ་རྒྱུ་རྐྱེན་ཞིག་ལ་བལྟོས་དགོས་པ་ཤེས་རྟོགས་ཐུབ་སྟེ། རྒྱུ་རྐྱེན་གང་རུང་ཞིག་རྩད་ཞིབ་ཀྱིས་བསྟན་པའི་བློ་རིག་ནི་ངོ་མ་ཧ་ལས་དགོས་པ་ཞིག་རེད།

རྒྱ་མཚོ་སྐམ་སར་གྱུར་བ་ཡི་ཤོད་རྒྱུན་འདི་ནི་བོད་རིགས་ཁས་བླུན་ཀུན་ལ་རླུང་ལྟར་གྲགས་པའི་ལྷ་སྒྲུང་ཞིག་ཡིན་ཞིང་། མཚོ་བོད་ས་མཐོ་འདི་ཉིད་རྒྱ་མཚོ་བསྐམ་ནས་ཆགས་པའི་ཤོད་རྒྱུད་འདི་ལ་དེང་གི་ས་གཤིས་རིག་པས་ར་སྤྲོད་བདེན་དཔང་གང་ལེགས་བྱས་ཡོད་པ་ལས་ཀྱང་། བོད་མའི་ལྷ་སྒྲུང་ལ་ཚན་རིག་གི་རང་བཞིན་ཇི་འདྲ་ཡོད་མེད་དཔྱོད་ལྡན་ཀུན་གྱིས་མཁྱེན་ཚོད་དུ་གདའ་ཉི་མ་དགུ་ཞེས་པའི་ལྷ་སྒྲུང་ནང་དགུང་དྲིན་ཆེན་ཉི་མ་དང་། རྩི་ཤིང་ལོ་ཏོག དེ་འདྲ་ནང་བཞིན་འགྲོ་བ་སེམས་ཅན་བར་གྱི་འབྲེལ་བ་གཟུགས་བརྙན་གྱི་སྒོ་ནས་མཐོང་ཐུབ་ལ། དྲང་ལྡོག་གཉིས་ཀྱི་ཐད་ནས་སྣོད་བཅུད་ཧྲིལ་པོའི་རྟེན་ཅིང་འབྲེལ་བར་གནས་པའི་གནས་ལུགས་ཟབ་མོ་གསལ་རྟོགས་ཐུབ་ཅིང་དེ་རྣམས་ངག་ཐོག་རྩོམ་རིག་གི་རྣམ་པའི་ཐད་ནས་ཕྱི་རབས་པར་གཅིག་རྗེས་གཉིས་མཐུད་ཀྱིས་བརྒྱུད་བསྒྲགས་བྱས་ཡོད།

མདོར་ན་བོད་གདོད་མའི་ལྷ་སྒྲུང་ནི་མིའི་རིགས་ཀྱི་བློ་རིག་ནར་མ་སོན་པའི་སྐབས་སུ་བྱུང་ནའང་རང་རེའི་མེས་པོ་རྣམས་ཀྱིས་འཆར་ཡན་དང་རྩེད་འཆར་གྱི་ལམ་ནས་ལྷ་སྒྲུངཁོ་ན་བཤད་པ་ཙམ་མ་ཡིན་པར་ལག་ལེན་དངོས་ལས་བྱུང་བའི་མྱོང་བ་གསེར་བཙོ་མ་ལྟ་བུ་རྣམས་ཕ་གཏམ་བུ་འཇགས་ཀྱི་ཚུལ་དུ་གསུངས་ཡོད་པས། འཛམ་གླིང་རྩོམ་རིག་དགའ་ཚལ་ནང་གི་མི་རིགས་གཞན་གྱི་ལྷ་སྒྲུང་རྣམས་དང་བསྡུར་ན་ཚན་རིག་གི་རང་བཞིན་ཆེས་ཆེར་ལྡན་པས། བོད་གདོད་མའི་ལྷ་སྒྲུང་ནི་བོད་རིགས་ཀྱི་དམངས་ཁྲོད་རྩོམ་རིག་ནང་གི་ངོ་མཚར་ཁྱད་དུ་འཕགས་པའི་ནོར་བུ་གཟི་འོད་འབར་བ་ཞིག་ཡིན་ནོ། །