ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལྷུག་རྩོམ།

དར་གོས་ཚོང་ལམ་བརྒྱུད་པའི་ཟིན་ཐོ།

སྤེལ་དུས 2013-09-10 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ཤ་གོ་རྒྱལ།

        ད་ལོའི་དབྱར་གནང་གི་སྐབས་སུ་བདག་དང་སློབ་གྲོགས་འགའ་དར་གོས་ཚོང་ལམ་བརྒྱུད་ནས་ཡུལ་སྐོར་བརྟག་དཔྱད་དུ་ཕྱིན་པ་ཡིན། ང་ཚོ་ཟི་ལིང་དང་གྱེས་ཏེ་ཆུ་ཚོད་ལྔ་ལྷག་ལ་རླངས་འཁོར་དུ་བསྡད་ནས་སོང་མཐར་དཔའ་རིས་མཆོད་རྟེན་ཐང་དགོན་པར་བསླེབས། དགོན་པ་དེ་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕག་སྟེ་སྤྱི་ལོ1647ལོར་སྟོང་སྐོར་མདོ་རྒྱུད་རྒྱ་མཚོས་ཕྱག་བཏབ་པ་ཡིན་ལ། ཀརྨ་རོལ་པའི་རྡོ་རྗེས་ཀླུ་གདུག་པ་ཅན་ཞིག་དམ་ལ་བཏགས་ཏེ་གནས་དེར་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པས་མཆོད་རྟེན་ཐང་ཞེས་ཐོགས་པར་བཤད། ང་བརྒྱད་ལོའི་སྔོན་དུ་དགོན་པ་དེར་ཚོགས་ཆེན་འདུ་ཁང་གཙོ་བྱས་པའི་དུས་འཁོར་ལྷ་ཁང་དང་ལྷ་མོའི་ཕོ་བྲང་། ཐུགས་རྗེ་ཆེན་པོའི་ལྷ་ཁང་། སེང་གདོང་མའི་ལྷ་ཁང་། ཀླུ་མ་དྲོས་པའི་ལྷ་ཁང་། གནས་བདག་ལྷ་ཁང་སོགས་བཟོ་བཀོད་ཁྱད་དུ་འཕགས་པའི་ལྷ་ཁང་དང་འདུ་ཁང་བཅོ་ལྔ་ཡོད་པར་མ་ཟད། བཀའ་འགྱུར་དང་བསྟན་འགྱུར། གསེར་བྲིས་ཀྱི་དཔེ་རྒྱུན་དཀོན་པོ་སོགས་དཔེ་ཆ་པོ་ཏི་སྟོང་ཕྲག་མང་བོ་བཞུགས་མོད། འོན་ཀྱང་རིན་ཐང་བྲལ་བའི་རིག་རྫས་དེ་དག་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་རྩ་མེད་དུ་བཏང་། སྤྱི་ལོl980ལོར་དགོན་པ་དེའི་ཆོས་སྒོ་ཡང་བསྐྱར་ཕྱེ་བ་རེད།

        དེའི་ཕྱིའི་ཉིན་ང་ཚོ་ཝུའུ་ཝེ་སྟེ་ལིང་ཀྲིག་ལ་བསླེབས། དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་ལིང་ཇུ་སྡེ་བཞི་རུ་གྲགས་པའི་གནས་མཆོག་ཅིག་ཡིན། སྤྱི་ལོ1247ལོར་གནས་དེ་རུ་ས་སྐྱ་པརྐིཏ་དང་ཧོར་གོ་དན་རྒྱལ་པོ་གཉིས་ཀྱི་ཞལ་འཛོམས་པ་དང་། ས་པཎ་སྐུ་གཤེགས་རྗེས་གོ་དན་རྒྱལ་པོས་ཁོང་ལ་རྗེས་དྲན་བྱ་ཆེད་མཐོ་ཚད་ལ་སྨིས35.28ཡོད་པའི་སྐུ་གདུང་མཆོད་རྟེན་ཞིག་བཞེངས་པ་རེད། ལང་ཇུ་སྡེ་བཞི་རུ་གྲགས་པའི་སྡེ་བཞི་ནི་ཤར་སྤྲུལ་བའི་སྡེ་དང་ནུབ་པད་མའི་སྡེ། བྱང་རྒྱ་མཚོའི་སྡེ། ལྷོ་དབང་གི་སྡེ་བཅས་ཡིན་ལ། སྡེ་བཞི་བོ་རེ་རེ་ལ་ཤིན་ཏུ་སྙན་པའི་གཏམ་རྒྱུད་རེ་ཡོད། ཤར་སྤྲུལ་བའི་སྡེ་ཞེས་པའི་མིང་ཐོགས་ཚུལ་ནི་བཤད་རྒྱུན་དུ་ཉིན་ཞིག་གོ་དན་གྱིས་སྒྱུ་མ་མཁན་གྱི་འཕྲུལ་ལ་བརྟེན་ནས་ལྷ་ཁང་དང་གཙུག་ལག་ཁང་སྤྲུལ་ཏེ་ས་པཎ་ལ་ཉམས་སད་བླངས་མོད། ས་པཎ་གྱིས་རང་གི་མཐུ་ནུས་ལ་བརྟེན་ནས་ལྷ་ཁང་དང་གཙུག་ལག་ཁང་ལ་བྱིན་གྱིས་རླབས་པ་ན་སྒྱུ་མ་མཁན་གྱིས་འཕྲུལ་བཤིག་མ་ཐུབ་པར་ལུས་པས་མིང་ལའང་དེ་ལྟར་ཐོགས། བྱང་རྒྱ་མཚོའི་སྡེ་ནི་སྐབས་ཤིག་ལ་གོ་དན་ལ་བཅོས་ཐབས་མེད་པའི་ནད་ཅིག་བྱུང་བ་ས་པཎ་ལ་བསྟན་པས། ས་པཎ་གྱིས་བརྟགས་ཚེ་རྒོ་དན་རྒྱལ་པོ་ས་དེ་ན་ཀླུ་གདུག་པ་ཅན་ཞིག་ཡོད་པ་དེར་འགལ་འཛོལ་ཤོར་ནས་ཀླུ་ནད་བྱུང་བ་མཁྱེན་བྱུང་། དེ་ནས་ས་པཎ་གྱིས་ཐབས་སྣ་ཚོགས་ཀྱིས་ཀླུ་གདུག་པ་ཅན་དེ་དམ་ལ་བཏགས་ཏེ། གོ་དན་རྒྱལ་པོའི་ནད་སངས་དྲག་ཏུ་བཏང་། དེར་རྒྱལ་པོ་སེམས་གཏིང་ནསདང་པ་སྐྱེས་པ་དང་ས་པཎ་གྱི་སྙན་གྲགས་ཀྱང་ཇེ་ཆེར་སོང་། རྗེས་སུ་ཁོང་གིས་གནས་ངེ་རུ་ཆོས་གསུངས་ཤིང་དགོན་པ་བསྐྱངས་པ་ན་མིང་དེ་ལྟར་བྱུང་བར་གྲགས། ཡིད་ཕངས་པ་ཞིག་ལ་དུས་ཚོད་ཀྱི་དབང་གིས་ལྷོ་དབང་གི་སྡེ་དང་ནུབ་པད་མའི་སྡེ་གཉིས་ལ་མཇལ་མ་ཐུབ།

 

          ཉིན་གསུམ་པར་ང་ཚོ་ཀྲང་ཡེ(བོད་ཀྱི་ལོ་རྒྱུས་སྟེང་ཀྭ་ཇུ་རུ་གྲགས)ཏ་ཧྥོ་ཟི་བརྒྱུད་དེ་རྟ་རྨིག་དགོན་པར་བསླེབས། རྟ་རྨིག་དགོན་པ་ནི་ཀན་སུའུ་ཞིང་ཆེན་ནུབ་རྒྱུད་དེ་ཤ་ར་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་ཆགས་འདུག་དགོན་པ་དེ་ཐོག་མར་མཚམས་པ་ཞིག་གེ་མཚམས་ཁང་གི་ཤུལ་ཡིན་ལ། རྗེས་སུ་རྒྱལ་རབས་རིམ་བྱོན་གྱི་སྐབས་སུ་བྲག་ངོས་སུ་བྲག་ཕུག་བརྐོས་ཏེ་གཞི་རྒྱ་ཇེ་ཆེར་གྱུར། ད་ལྟ་ཁྱོན་བསྡོམས་བྲག་ཕུག་བདུན་ཅུ་ལྷག་དང་མཆོད་རྟེན་ཆེ་ཆུང་བརྒྱ་ལྷག་ཡོད། དགོན་པ་དེའི་མིང་ཐོགས་ཚུལ་ནི་ཡུལ་དེའི་དམངས་ཁྲོད་དུ་གཏམ་རྒྱུད་སྙན་མོ་ཞིཀ་ཡོད་དེ། ཉིན་ཞིག་གླིང་གེ་སར་རྒྱལ་པོ་རྟ་རྐྱང་རྒོད་གཡེར་བར་བཅིབས་ཏེ་བགྲོད་སྐབས། རི་སྟོད་ན་བུན་གྱིས་གཡོགས་ཤིང་རི་སྨད་སྤང་ངང་མེ་ཏོག་གིས་བརྒྱན་པ། ཆུ་རྒྱུན་ལྷུང་ལྷུང་དུ་འབབ་པའི་ས་ཆ་ཡིད་དུ་འོང་བ་ཞིག་མཐོང་བས་ཡིད་སེམས་དབང་མེད་དུ་བཀུག་བྱུང་། དེ་ནས་མི་རྟ་གཉིས་ཀ་ཕྱིར་ལྷ་ཡུལ་དུ་འཕུར་སྐབས་རྟའི་རྨིག་རྗེས་ས་ལ་བཞག་པས། མིང་ལ་རྟ་རྨིག་ཏུ་ཐོགས་པ་རེད། ཡུལ་དེའི་ཤར་ཕྱོགས་སུ་སྨིས་ཉིས་བརྒྱ་སོང་བའི་མཚམས་ན་གེ་སར་རྒྱལ་པོའི་ལྷ་ཁང་ཞིག་ཡོད་ལ། དེའི་ནང་དུ་གླིང་རྗེ་གེ་སར་རྒྱལ་པོ་དང་སྐྱ་ལོ་སེང་ལྕམ་འབྲུག་མོ། སྤྱི་དཔོན་རོང་ཚ་ཁྲ་རྒན། འབུམ་པའི་རྒྱ་ཚཞལ་དཀར། སྟག་རོང་དཔོན་པོ་ཁྲོ་ཐུང་། ཚ་ཞང་འདམ་མ་བྱང་ཁྲ། ཨ་དོམ་སོགས་གཙོ་བྱས་པའི་གླིང་གི་དཔའ་རྟུལ་སུམ་ཅུའི་སྐུ་བརྙན་བཞེངས་ཡོད་པ་དང་། དེ་དག་གི་གདོང་གི་རྣམ་འགྱུར་དང་ལུས་ཀྱི་ཁྲབ་རྨོག ལག་གི་མཚོན་ཆ། འོག་གི་བཅིབས་རྟ་སོགས་བཞེངས་པ་གསོན་ཉམས་ལྡན་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་ཐོན་འདུག

        ཉིན་བཞི་བར་ང་ཚོ་དར་གོས་ཚོང་ལམ་གྱི་འགག་སྒོ་གཅ་ཡུས་ཀོན་བརྒྱུད་དེ་གནའ་བོའི་ཤེས་རིག་བང་མཛོད་ཏུན་ཧོང་ལ་སླེབས། འབྲེལ་ཡོད་ཡིག་ཆ་ལས་མཚམས་སྦྱོར་བྱས་པ་ལྟར་ན། ཅ་ཡུས་ཀོན་ནི་མིང་རྒྱལ་རབས་ཧོང་ཝུའུ་ཁྲི་ལོ་ལྔ་བ་སྟེ་སྤྱི་ལོ1372ལོར་་བསྒྲུན་པ་དང་། རང་རྒྱལ་གྱི་ལེ་དབར་ཁྲི་ལྡན་གྱི་ལྕགས་རི་རིང་བོའི་མརྒོ་ཚུགས་ས་ཡིན་པར་མ་ཟད། ད་ལྟའི་བར་དུ་ཉར་ཚགས་བྱས་པ་ཆེས་བཟང་ཞིང་གཏོར་སྐྱོན་བཟོས་་པ་ཆེས་ཆུང་བའི་གནའ་བོའི་བཟོ་བཀོད་ཅིག་ཀྱང་ཡིན་པ་རེད། ཏུན་ཧོང་གི་མོ་ཀོ་ཁུའོ་བྲག་ཕུག་ལ་སངས་རྒྱས་སྟོང་སྐུ་བྲག་ཕུག་ཀྱང་ཟེརཞ ཆིན་སྔོན་མ་ཅེན་ཡོན་ཁྲི་ལོ་གཉིས་པ་སྟེ་སྤྱི་ལོ366ལོར་བཞེང་མགོ་ཚུགས་ཤིང་། དེའི་རྗེས་ཀྱི་རྒྱལ་ཁབ་བཅུ་དྲུག་གི་དུས་སྐབས་དང་། སའེ་དང་ཐང་རྒྱལ་རབས། བོད་བཙན་པོའི་དུས་སྐབས། སུང་དང་མི་ཉག ཡོན་རྒྱལ་རབས་སོགས་ཀྱི་དུས་སུ་མུ་མཐུད་དུ་བྲག་ཕུག་བརྐོ་བ་དང་ལྡེབས་རིས་འབྲི་བ། སྐུ་བརྙན་བཞེངས་པ་སོགས་བྱས་པས། ད་ལྟ་ཁྱོན་བསྡོམས་བྲག་ཕུག7.15དང་། ལྡེབས་རིས་སྨིས་གྲུ་བཞི་མ45000 སྐུ་བརྙན2400བཅས་ཡོད་པ་རེད། དུས་སྐབས་སོ་སོར་བརྐོས་པའི་བྲག་ཕུག་དང་སྐུ་རྟེན། ལྡེབས་རིས་སོགས་མི་འདྲ་བས། རྒྱལ་རབས་རེ་རེ་དང་མི་རིགས་སོ་སོའི་རི་་གནས་ཀྱི་ཁྱད་ཆོས་གསལ་བོར་མངོན་ཡོད། ང་ཚོས་བརྟག་ངཔྱད་བྱས་བྲག་ཕུག་ལས་རེ་གཉིས་མཚམས་སྦྱོར་བྱས་ན། འཛམ་གླིང་ན་མིང་དུ་གྲགས་པའི་བྲག་ཕུག་ཨང་བཅུ་བདུན་པ་ནི་མི་ཉག་ཀིས་དབང་སྒྱུར་སྐབས་དེར་བཞུགས་པའི་གྲྭ་བཙུན་རྣམས་དམག་འཁྲུག་གི་འཇིགས་པ་ལས་འབྱོལ་ཆེད་གནའ་དཔེ་རྣམས་བྲག་ཕུག་ཏུ་སྦས་ནས་བྲོས་བྱོལ་དུ་ཕྱིན་ཅིང་། ཕྱིས་སུ་བྲག་ཕུག་ལ་བདག་གཉེར་བྱེད་མཁན་གྱི་ཏའོ་ལུགས་པ་ཝང་གིས་ཤེས་ཏེ། གནའ་དཔེ་རྣམས་དབྱིན་ཇི་རྒྱལ་ཁབ་ཀྱི་ཉེན་དཔྱོད་པ་སི་ཐན་དབྱིན་དང་ཧྥ་རིན་སེ་རྒྱལ་ཁབ་ཀྱི་པོ་ཞི་ཧོ་སོགས་ལ་བཙོངས་པས། དེང་སང་ཡོ་རོབ་གླིང་གི་རྒྱལ་ཁབ་དུ་མར་ཁྱབ་འདུག

 

        བྲག་ཕུག་ཨང་ཉིས་བརྒྱ་སོ་བདུན་པ་ནི་བོད་ཀྱི་བཙན་པོའི་དུས་སུ་བརྐོས་ཤིང་། ལྡེབས་རིས་སྟེང་དུ་བོད་ཀྱི་བཙན་པོ་ཞིག་གིས་རྐང་རྗེན་དུ་སངས་རྒྱས་ལ་མཆོད་པ་འབུལ་བཞིན་ཡོད་པ་ཞིག་བཀོད་འདུག་བྲག་ཕུག་ཨང་སུམ་བརྒྱ་པ་ནི་ཐང་རྒྱལ་རབས་ཀྱི་དུས་སྐབས་སུ་བརྐོས་པ་ཞིག་རེད། དེའི་ནང་དུ་སྟོན་པའི་སྐུ་བརྙན་སོགས་བརྐོས་ཡོད་པ་ངང་། སྐུ་བརྙན་དེ་དག་ཐང་རྒྱལ་རབས་ཀྱི་བརྐོས་རིས་སྒྱུ་རྩལ་ལྟར་བཞེངས་ཡོད། བྲག་ཕུག་ཨང་ང་ལྔའི་ནང་དུ་སུང་བྱང་མའི་སྐབས་སུ་བཞེངས་པའི་མཐོ་ཚད་ལ་སྨིས1.l2ཅན་གྱི་གསང་སྔགས་རྡོ་རྗེ་ཐེག་པའི་སྐུ་བརྙན་ཞིག་ཡོད། མའོ་ཀོ་ཁུའོ་བྲག་ཕུག་ཏུ་སུང་བྱང་མའི་སྐབས་སུ་བརྐོས་པའི་སྐུ་བརྙན་ཞིག་ཡོད། མའོ་ཀོ་ཁུའོ་བྲག་ཕུག་ཏུ་སུང་བྱང་མའི་སྐབས་སི་བྲཀོས་པའི་སྐུ་བརྙན་མཐོང་རྒྱུ་ཧ་ཅང་བཀོན་ན་ཡང་། འདི་ནི་གས་སྐྱོན་མ་བྱུང་བར་ཉར་ཚགས་བྱས་པ་ཆེས་ལེགས་པའི་འདྲ་སྐུ་ཞིག་ཡིན།

        ཏུན་ཧོང་ནི་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་གནའ་བོའི་ཤེས་རིག་གི་བང་མཛོད་ཅིག་ཡིན་པར་མ་ཟད། ཞིབ་འཇུག་དང་རྒྱུས་ལོན་བྱེད་པའི་རྒྱུ་ཆ་རིན་ཐང་བྲལ་བ་ཞིག་ཀྱང་ཡིན་ནོ། །