ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལྷུག་རྩོམ།

དོན་ངོ་མ་ང་ཚོའི་རིག་གནས་ལ་དར་འཕེལ་བྱུང་ཡོད་དམ།

སྤེལ་དུས 2014-11-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། མང་མཁར་བློ་ཕུན།

   སློབ་ཆུང་ལོ་རིམ་ལྔ་པའི་སྐབས་སུ་ཁོ་བོར་ནང་ཤེས་ཡོན་གྱི་བྱང་ཚད་མཐོ་ལ་ཕྱི་རོལ་བྱ་དངོས་གསར་པའི་མཐོང་རྒྱ་དང་ཐོས་རྒྱ་ཤིན་ཏུ་ཆེ་བའི་འཛིན་བདག་དྲིན་ཅན་ཞིག་ཡོད། ཁོང་གིས་རྒྱུན་དུ་ང་ཚོར་དུས་རབས་ཉེར་གཅིག་པ་ནི་ཆ་འཕྲིན་འབར་གས་བྱེད་པའི་དུས་རབས་ཞིག་རེད། ཡིག་ངོ་ཆོད་ཙམ་གྱིས་ཤེས་ཡོན་པ་ཞིག་ཏུ་བརྩི་མི་རུང་བར་གལ་ཏེ་ཁྱོད་ཀྱིས་གློག་ཀླད་བཀོལ་མི་ཤེས་ཚེ་ཁྱོད་ནི་སྔར་བཞིན་ཡིག་རྨོངས་པ་ཐབས་ཆག་ཅིག་ལས་གཞན་གང་ཡང་མ་རེད་ཟེར་མྱོང་། དེ་དུས་བྱིས་བློ་འབའ་ཞིག་གིས་འབགས་ཅིང་གནས་ལུགས་གང་ལའང་གོ་ཚོར་ཆེར་མེད་པའི་བྱིས་པ་སྣབས་ལུད་ཅན་ངའི་སྣང་ངོར་ཐོག་དང་པོརཆ་འཕྲིན་འབར་གས་བྱེད་པཞེས་པའི་ཚིག་དེ་ཐོས་མ་ཐག་ཡི་གེའི་རོ་ཏོ་མང་པོ་བར་སྣང་དུ་འབར་མདེལ་དང་མཉམ་དུ་འབར་གས་བྱེད་པའི་རྣམ་པ་བཅོས་མ་ཞིག་ཡིད་ཁམས་སུ་ཤར་ཞིང་དེ་ནི་ཅི་འདྲའི་རྟོགས་དཀའ་ལ་སྐྱི་གཡའ་བ་ཞིག་རེད་ཨང་སྙམ་དུ་བསམས།  ཤེས་མེད་ཀྱི་བྱིས་པའི་འཆར་སྒོ་ནི་དངོས་གནས་དགོད་བྲོ་ལ་ཕྱིར་དྲན་ཀློང་ནས་དྲོད་ཁོལ་སྐྱེད་བྱེད་ཅིག་ཀྱང་རེད་ཨང་།  

ད་ནི་ང་རང་ན་སོ་དར་ལ་བབས་པའི་གཞོན་པ་ཞིག་ཏུ་འཚར་ཡོད་ལ་ཉིན་མོའི་ཐུན་གསུམ་ཀློག་ཀླད་དམ་ལག་ཐོགས་ཁ་པར་དང་མི་བྲལ་བར་ཡི་གེའི་ཆ་འཕྲིན་དང་སྐད་ཀྱི་གསར་འཕྲིན་ཁག་ལ་འདབ་ལྡན་རྒུམ་བུར་རྔམ་པ་བཞིན་མིག་རིག་རིག་གིས་ལྡིར་ཏེ་ཅི་ཞིག་ཐོབ་པར་རེ་དུས་ད་གཟོདཆ་འཕྲིན་འབར་གསབྱེད་པའི་དུས་རབས་ཞེས་དགེ་རྒན་དམ་པ་དེའི་གསུང་ལ་ངེས་ཤེས་གཏིང་ཟབ་ཅིག་རྙེད་སོང་ལ་དངོས་གནས་བཤད་ན། འདི་ནི་བྱིས་དུས་སུ་རང་གིས་བསམ་པ་བཞིན་ཆེས་འཇིགས་སུ་རུང་བ་ཞིག་ཀྱང་ཡིན་འདུག་གོ།  

   ཀློག་ཀླད་དང་ཁ་པར་ཐོན་པས། དྲ་རྒྱ་དང་ཆ་འཕྲིན་ཡོད་པས། འཇིག་རྟེན་འདི་ནི་སྔར་གྱི་རྒྱང་ཐག་ཆེས་རིང་བའི་ཐ་སྙད་དེ་དང་བསླབ་གཞིའི་སྒང་གི་ཆ་མེད་ཀྱི་ཟླུམ་གཟུགས་དེ་ཁོ་ན་མིན་པར་དྲ་ཐོག་གི་སྣེ་མོ་ན་ཁེན་ཞིང་བཤེར་ཆས་ཀྱི་མདུན་ངོས་སུ་གསལ་བའི་གར་སྟེགས་གྲུ་བཞི་ཞིག་ཏུ་སྔ་མོ་ནས་གྱུར་ཟིན་འདུག་ལ། རྒྱལ་ཁབ་དང་མི་རིགས་སོ་སོས་གར་སྟེགས་དེའི་ཐོག་ནས་འཛམ་གླིང་སྐྱེ་བོ་ཡོངས་ལ་རང་རང་གི་གཏམ་རྒྱུད་འབྲི་ཞིང་གཏམ་རྒྱུད་བརྗོད། རང་རང་གི་འཕེལ་རྒྱས་གླེང་ཞིང་ཆགས་སྡང་མོལ།  དྲ་རྒྱ་ནི་སྒྱུ་མའི་ཤེལ་སྒོ་ཞིག་ལྟར་རྒྱལ་ཁབ་ཁག་དང་མི་རིགས་སོ་སོའི་ཆབ་སྲིད་ཀྱི་གནས་བབ་དང་དཔལ་འབྱོར་གྱི་ཆུ་ཚད། རིག་གནས་ཀྱི་འཕེལ་རྒྱས་སོགས་སྐད་ཅིག་ལ་སྦར་མཐིལ་དུ་ལོན་པར་ནུས་ལ་དེ་དག་ཕན་ཚུན་གཤིབ་སྡུར་ཁྲོད་ནས་བཟང་ངན་ལ་ཆ་རྒྱུས་ཡོང་ལ་དེའི་མ་འོང་པའི་ཚེ་སྲོག་གི་རྒྱུ་བ་ལའང་རོབ་ཙམ་གདེང་སྤོབས་དང་ཚོད་བགམ་ཀྱང་ནུས་སོ། 

   བདག་ཅག་ཁ་བ་རི་པའི་ཕ་མེས་ཡང་མེས་ཚོས་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཁྲོད་བསྐྲུན་པའི་རིག་གཞུང་འདི་དང་། ཡང་སྒོས་དེའི་ཉིང་ཁུར་གྱུར་པ། འདས་མ་ད་གསུམ་དང་དགའ་སྐྱོ་ཆགས་སྡང་གི་བརྩེ་བའི་ཤིང་རྟ་འམ་སྲོག་གི་ཀ་བ་གྱུར་པའི་སྐད་ཡིག་འདིར་མ་ཤི་ཚེ་རིང་གི་གདམ་ངག་ཅིག་ཐོབ་པ་ལྟར་མི་ལོ་དུ་མའི་ཡར་སྔོན་དུ་རྩིས་འཕྲུལ་གྱི་འགྲུལ་བཞུད་རིང་མོའི་གྲལ་དུ་ཚུད་ཐུབ་པ་བྱུང་ཞིང་། དོན་དེས་མི་བུ་སྒལ་ཚིགས་ཅན་ག་ཚོད་ཀྱི་ཡིད་ཀྱི་དགའ་བའི་སྤུ་ལོང་བར་མེད་དུ་གཡོ་བར་བྱས་ཡོད་ཨང་། འོན་ཀྱང་དེ་ནི་བོད་ཡིག་རང་ངོས་ཀྱི་རྒྱུད་ལ་ཡོད་པའི་གསོན་ཤུགས་དེར་ཁོར་ཡུག་རང་ག་བ་ཞིག་གིས་བཀག་རྒྱ་ཐེབས་མ་ཐུབ་པ་ཙམ་ལས་མིའི་རིགས་མདུན་ནས་མདུན་དུ་གོམ་སྟབས་ཆེན་པོས་བསྐྱོད་བཞིན་པའི་དེ་རིང་། ང་ཚོས་རིག་གཞུང་གི་ས་བོན་དེ་དག་ལ་དུས་རབས་གསར་པའི་ཆུ་ལུད་ཇི་ཙམ་དྲངས་ཡོད་པ་རང་ཁ་ཚུར་ལ་སྐོར་ཏེ་འདྲི་འོས་པའི་གནས་སོ། 

   ཉིན་འདི་དག་ཏུ་ང་རང་གནས་སའི་གྲོང་ཁྱེར་འདི་རུ་བྱུང་བའམ་དྲ་ཐོག་ན་ཁྱབ་ཀྱིན་པ། འུ་ཅག་དང་འབྲེལ་བ་ཆེ་ཞིང་ཆེས་གལ་ཆེན་དུ་མཐོང་བའི་གསར་འགྱུར་ལས་འདིར་འགའ་ཞིག་དྲངས་ན། ༡ ཀྲུང་གོ་མི་དམངས་སློབ་ཆེན་དུ་རྒྱལ་སྤྱིའི་ནང་བསྟན་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་འཚོགས་པ་དང་རྒྱ་བོད་ཤེས་ཡོན་པ་དང་མཁན་སྤྲུལ ༢༠༠ ལྷག་འཛོམས་ནས་རྒྱ་ཡིག་གི་ལམ་ནས་རྒྱ་བོད་ནང་བསྟན་གཞུང་ལུགས་སྐོར་ནས་བགྲོ་གླེང་མཛད་པ་དང་ཞོར་དུབྱང་ཆུབ་ལམ་རིམ་ཆེན་མོའི་མཆན་འགྲེལ་བཞི་སྦྲགསརྒྱ་བསྒྱུར་མ་འགྲེམ་སྤེལ་མཛད། ༢ ཉིན་འགའི་སྔོན་དུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་བཏང་པའི་འཁྲབ་ཚན་ནང་བོད་ཡིག་བརྡ་ལོག་དོན་ལོག་ཁྱུ་གཅིག་སྤེལ་བར་དྲ་གྲོགས་ཚོས་ངོ་རྒོལ་བྱས། ༤ ཧོ་ལན་ཌི་རུ་བོད་ཡིག་སློབ་གཉེར་འཛིན་གྲྭ་ཐོག་མ་གསར་འཛུགས་བྱས་ཡོད་པ།  ༥ རྔ་བ་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གིས་རྔ་བ་ཁུལ་གྱི་དགེ་རྒན་ལ་བོད་ཡིག་མཁོ་མེད་ཀྱི་གཏམ་བཤད་སྤེལ་བ་དྲ་ཐོག་ཏུ་ཁྱབས་པར་བོད་རིགས་དྲ་དམངས་ཚོས་ངོ་རྒོལ་དང་འདྲི་རྩད་བྱས་པ། ༦ བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཞིག་ཁ་ན་ཏ་རུ་བོད་ཀྱི་རིག་གནས་དྲིལ་སྒྲོག་ཏུ་བསྐྱོད་པ། ༧ སྤྱི་ཚོགས་ཐོག་ནས་པར་དུ་བླངས་པའི་བོད་ཡིག་སྒོ་བྱང་དང་བརྡ་ཁྱབ་ཡིག་ནོར་ཅན་མང་པོ་གཅིག་རྗེས་གཉིས་མཐུད་དུ་དྲ་ཐོག་ཏུ་ཁྱབ་པ། ༨ མཁན་བསོད་དར་རྒྱས་མཆོག་སླར་ཡང་ཨ་རིར་ནང་ཆོས་སྐོར་གྱི་གཏམ་བཤད་གནང་བར་ཕེབས་འཆར་ཡོད་པ། ༩ བོད་རིགས་བུ་མོ་ཞིག་གིས་ནང་སའི་བོད་ལྗོངས་འཛིན་གྲྭར་ལོ་ངོ་བརྒྱད་ལྷག་བསྡད་པའི་དུས་ཡུན་ནང་ཕ་མ་སྤུན་མཆེད་བྲལ་བ་དང་ཕ་མེས་ཀྱི་རིག་གཞུང་གཏིང་ཟབ་སྦྱོང་བསྐལ་མ་བྱུང་བའི་གདུང་བ་ཡི་གེར་ཕབ་པ་དྲ་ཐོག་ཏུ་ཁྱབ་ཡོད་པ་བཅས་སོ།   

   གོང་གི་གསར་འགྱུར་དེ་དག་ནི་བོད་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་རྒྱུ་སྐར་ཕྲེང་བའི་ཁྲོད་ཀྱི་འོད་ཀྱི་ཆ་རྡུལ་ཙམ་ཡིན་རུང་དེ་དག་ལ་བློ་རྣལ་དུ་ཕབ་སྟེ་ཞིབ་འདང་རེ་རྒྱབ་ཚེ་གོ་རྒྱུ་ཤིན་ཏུ་ཆེན་པོ་ཞིག་ལྡན་ཡོད་པ་སྟེ། བོད་ཀྱི་རིག་གཞུང་གཞན་སྐད་དུ་བསྒྱུར་ཏེ་སྤེལ་བ་དང་འཛམ་གླིང་ཅན་དུ་འགྱུར་བའི་གནས་སྐབས་འདི་དག་ཏུ་དེའི་གཞུང་ལུགས་ཀྱི་རྩ་བའི་རྨང་གཞི་དང་བརྡ་སྤྲོད་པའི་མ་ལག་ཏུ་གྱུར་པའི་ཡི་གེ་དེ་ནི་རང་གི་ཕ་ཡུལ་དུ་བརྡ་ལོག་དང་དོན་ལོག་འབའ་ཞིག་གིས་འབག་ནས་ཡོད་པ་དེ་རེད། དེ་ནི་རི་བོའི་གཏོས་ལ་སྒྲུན་པའི་ཟུར་ཟ་ཞིག་ཅི་ལ་མིན།  

   ཉིན་ཤས་སྔོན་འདི་གའི་སློབ་ཆེན་ཞིག་ཏུ་ཕྱི་རྒྱལ་ནས་ཡོང་བའི་བུད་མེད་ཅིག་གིས་བོད་ཀྱི་གངས་སྐོར་རིག་གནས་དང་དེ་ལས་འཕྲོས་པའི་བར་དོའི་རྣམ་གཞག་སྐོར་ནས་རིག་གཞུང་འཆད་ཁྲིད་ཅིག་གནང་སོང་། རིག་གཞུང་འཆད་ཁྲིད་དེའི་ནང་དོན་ཕལ་མོ་ཆེ་བོད་མིའི་གངས་སྐོར་རིག་གནས་ཀྱི་མཐོང་ཐོས་འབའ་ཞིག་རེད་འདུག་པས་ང་ཚོའི་རྒྱུན་གཏན་གྱི་འཚོ་བའི་སྣང་ཚུལ་རང་ག་བ་དག་རེད།  ཚོགས་ཞུགས་པ་ཕལ་མོ་ཆེ་ནི་བོད་རིགས་སློབ་མ་རེད་འདུག་ལ་འཆད་ཁྲིད་དེ་ཡང་རང་བཞིན་གྱིས་ཕྱི་གླིང་བ་ཞིག་གིས་བོད་པའི་ན་གཞོན་ཚོར་བོད་ཀྱི་རྒྱུན་ཤེས་སློབ་ཁྲིད་བྱས་པ་ལྟ་བུར་གྱུར་བ་རེད།  

   ང་ཚོས་དུས་རྒྱུན་དུ་མགོ་བོ་དགྱེ་དགྱེ་དང་ལྟོ་བ་ལྡིར་ལྡིར་བྱེད་པ་ལ་བག་མི་ཚ་བའི་ང་རྒྱལ་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་འདི་ཕྱོགས་མཚམས་ངེས་མེད་དུ་དར་ཞིང་རྒྱས་པ་ལ་དགའ་ཚོར་དང་ཡིད་ཆེས་ཀྱིས་བརྟས་ཅིང་བོད་ཀྱི་རིག་གནས་ཀྱི་གསོན་ཤུགས་ལ་གདེང་སྤོབས་ཀྱིས་ཁེངས་ཡོད་རུང་དོན་ངོ་མ་རིག་གཞུང་འདི་དག་གནས་གང་དུ་དར་སྲིད་པ་དང་། ཇི་ལྟར་དར་སྲིད་པ། འུ་ཚོར་མཐར་ཐུག་འབྲས་རྟགས་གང་ཞིག་འབྱུང་ངེས་པ་ལ་ལན་གསལ་པོ་ཞིག་གདབ་ཐུབ་མཁན་མི་འདུག དོན་དངོས་ཐོག་ཏག་ཏག་གོང་གི་གསར་འགྱུར་དེ་དག་བར་སྡུར་བ་རེ་བཏང་ན་འུ་ཚོར་དྲི་བ་དེ་དག་གི་དྲི་ལན་ཡང་དག་ཞིག་ཐོབ་རྒྱུར་ཐེ་ཚོམ་མི་འདུག་ཏེ།   བླ་སྤྲུལ་མཁན་པོ་ཚོའི་ལོ་ཙཱ་དང་དཀྱེལ་ཡངས་ལས་ང་ཚོའི་ཤེས་རིག་འཛམ་གླིང་ལ་བསྐྱོད་བཞིན་ཡོད། འོན་ཀྱང་ང་ཚོའི་ཡུལ་མི་ཚོ་ད་དུང་ཡང་ཕ་མེས་ཡང་མེས་ཀྱི་སྐད་ཡིག་དེ་བུ་རབས་ཚ་རྒྱུད་ལ་བེད་སྤྱོད་ཡོད་མེད་སྐོར་གྱིདྲི་བརཁེན་ནས་གནད་མ་གྲོལ། ལན་མ་ཐོབ་པར་ལུས་འདུག་གོ། 

  ཁ་བྱང་ཕྱི་མོ། དོན་ངོ་མ་ང་ཚོའི་རིག་གནས་ལ་དར་འཕེལ་བྱུང་ཡོད་དམ།

(རྩོམ་འགན་པ། ལྷ་དབང)