ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལྷུག་རྩོམ།

རྫོང་མགོ་གྲམ་པ་ནས་ནགས་ཚལ་དྲན་པ།

སྤེལ་དུས 2017-08-28 ཡོང་ཁུངས། 《གླིང་སྣེའི་ཁ་བ།》 རྩོམ་པ་པོ། མཛེས་སེ།
          ཕ་ཡུལ་རྫོང་མགོ་རུ་ལོག་ཐེངས་རེར།   ངས་ཐོག་མར་གྲམ་པ་དེ་དྲན་གྱིན་ཡོད། རྫོང་མགོའི་གྲམ་པར་བསླེབས་དུས།   ངས་ཐོག་མར་ནགས་ཚལ་དེ་དྲན་གྱིན་ཡོད།   རྫོང་མགོ་རུ་སྔོན་ཆད་ནགས་ཚལ་ཡོད་མེད་ངས་མི་ཤེས།    འོན་ཏེ་རྫོང་མགོ་རུ་སྔོན་ཆད་གྲམ་པ་དེ་འདྲ་ཆེན་པོ་ཞིག་མེད་པ་ངས་གསལ་བོར་ཤེས།  ངའི་དྲན་པའི་ཁྲོད་དུ།   རྫོང་མགོ་ནི་རྩྭ་ཆུ་འཛོམས་ཤིང་ཞིང་ས་ཆེ་ལ།    ཞིང་ཕྱུགས་གཉིས་ཀ་གཉེར་བའི་གྲོང་སྡེ་ཞིག་རེད།   ཐར་ཐོར་དུ་འདུག་པའི་དུད་ཁྱིམ་དག་གི་མཐའ་འཁོར་དུ་ལོ་ཏོག་དང་ལྗོན་ཤིང་གིས་ཁེབས་ཡོད་ལ།   ཤང་ཤང་བཞུར་བའི་གྲམ་ཆུ་དྭངས་མོའི་འགྲམ་གཉིས་སུ་སྤང་རྩྭ་དང་མེ་ཏོག་གིས་བརྒྱན་པ་དང་།  འོམ་བུའི་ཚལ་དུ་རི་བོང་དང་བྱ་དེ་ཕོ་སོགས་བག་ཡངས་ཀྱིས་རྒྱུ།  མི་རྒན་དག་གིས་ཞིང་ནང་དུ་ངལ་རྩོལ་བྱེད་པའི་སྐབས་སུ།  བྱིས་པ་རྣམས་ཀྱིས་ཆུ་འགྲམ་དུ་ར་ལུག་དང་རྟ་བོར།   བ་ལང་སོགས་འཚོ་ཞོར་དུ་རི་སྐྱེས་སྔོ་ཚོད་འཐུ་བ་དང་རྩེད་འཇོར་རོལ་གྱིན་མཆིས།    མི་ལོ་མང་བོ་ཞིག་ཤེས་མེད་ཚོར་མེད་དུ་བཞུད་ཟིན།  ད་ལྟའི་རྫོང་མགོ་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ།   གྲམ་པ་ནས་བྱང་ཕྱོགས་སུ་ལྟ་དུས།  ལུང་ཕུའི་ཨ་མྱེས་བྲག་དཀར་གྱིས་སྔ་མོ་ནས་གངས་དཀར་གྱི་ཕྱིང་ཞྭ་ཕུད་ཟིན་ལ།   ལུང་མདོའི་རྨ་ཆུ་སྔོན་མོའང་ལུས་ཟུངས་ཟད་པའི་ནད་པ་ཇི་བཞིན་འཕྲེད་ལ་ཉལ་འདུག   གྲོང་སྡེའི་མདུན་རི་དང་རྒྱབ་རི་ཡིས་སློག་པ་དོར་པས་ཁོག་སྟོད་གཅེར་བུ་དང་ཁོག་སྨད་བྲག་འཕྲང་དུ་གྱུར།   སྔོན་ཆད་གང་སར་མཐོང་ཐུབ་པའི་སྡོང་རྒན་དེ་དག་ཀྱང་གློ་བུར་དུ་ཡལ་ཟིན།   གལ་ཏེ་ཚེ་འདས་གནའ་མི་ཞིག་སླར་གསོན་ནས་རང་གི་ཕ་ཡུལ་རྫོང་མགོར་བསླེབས་ཚེ།   ཁོའི་མིག་མདུན་གྱི་གྲོང་སྡེ་དེ་ནི་རང་ཉིད་འཚོ་གཞེས་སྐབས་ཀྱི་སྐྱིད་པའི་ཕ་ཡུལ་དེ་རེད་ཟེར་ན་རྩ་བ་ནས་ཡིད་ཆེས་མི་སྲིད།

          རྫོང་མགོ་རུ་སྔོན་ཆད་ནགས་ཚལ་ཡོད་ངེས།   འོན་ཀྱང་རྫོང་མགོའི་ནགས་ཚལ་ནི་གྲོང་མིའི་བརྙས་བཅོས་མ་བཟོད་པར་བཙན་བྱོལ་དུ་བྲོས་སོང་བ་འདྲ།   ཡང་ན།  རྫོང་མགོའི་ནགས་ཚལ་ནི་རྫ་རི་ལུང་སྟོང་འགྲིམ་རྒྱུར་དགའ་བའི་ཆོས་པ་ཞིག་ཡིན་པ་འདྲ།   གང་ལྟར་ཀྱང་རྫོང་མགོ་རུ་ནགས་ཚལ་ཡོད་ན།  ཞེང་ལ་གོམ་པ་ལྔ་བཅུ་མི་ལོངས་པའི་གྲམ་ཆུང་ཞིག་མཚན་ཞག་གཅིག་གི་རིང་ལ་གོམ་པ་ལྔ་བརྒྱ་ལས་ལྷག་པའི་གྲམ་པ་དེ་འདྲ་ཆེན་པོ་ཞིག་ཏུ་འགྱུར་དོན་མེད།

          དེ་ནི་སྟོན་ཁའི་མཚན་མོ་ཞིག་སྟེ།   གློག་དམར་དང་འབྲུག་སྒྲས་བར་སྣང་དུ་འཚང་ཁ་བྱེད་ཅིང་།  ཆར་བས་ས་གཞིར་རྡོག་པས་བརྫིས་སོང་།   ཕྱི་ཉིན་ནམ་ལངས་དུས།  ང་དང་ན་ཟླ་ཚོས་རྩེད་ར་བསྒྲིགས་མྱོང་བ་དང་ཕྱུགས་ཟོག་འཚོས་མྱོང་བའི་སྤང་དང་འོམ་བུའི་ཚལ་སོགས་ནི་འཁྲུལ་སྣང་བཞིན་དུ་གར་སོང་མི་ཤེས་ལ།   གཡུལ་ཁར་སྤུངས་པའི་གྲོ་ནས་སྲན་གསུམ་གྱི་འབྲུ་རིགས་ཀྱང་གར་སོང་མི་ཤེས།   འདྲུད་འཐེན་འཁོར་ལོ་དང་ཤིང་རྟ་འཁོར་ལོ་དག་ཀྱང་གར་སོང་ཆ་་མེད་དུ་གྱུར།   རྫོང་མགོ་ཟེར་བའི་གྲོང་སྡེ་དེའི་ཕྱེད་ཀ་ཆུ་ལོག་གིས་ཁུར་ཅིང་རྡོ་བས་གཡོགས་འདུག   དུས་དེ་ནས་བཟུང་།   ང"རྡོ་ཀན་ཚོར་ཕ་མ་མེད་པར་འཕེལ་བ་ཨ་མཚར"ཞེས་པའི་བྱིས་པའི་ངག་གི་རོལ་རྩེད་དེར་གཞི་ནས་ཡིད་ཆེས་སྐྱེས་སོང་།

          དེ་ནི་དབྱར་ཁའི་ཕྱི་དྲོ་ཞིག་སྟེ།   སྤྲིན་ནག་དང་གློག་དམར་སྨྱོས་ཟིན་ལ་འབྲུག་སྒྲ་དང་ཆར་བའང་སྨྱོས་ཟིན།   དེར་མཐུད་ནས་ཆུ་ལོག་ཀྱང་སྨྱོས་པར་གྱུར་ཏེ།   ལུང་བ་འུར་གྱིས་ཁེངས་ཤིང་ཆུའི་རླབས་དགུང་ལ་འཕྱོ།  འདམ་དྲིས་གང་སར་ཁྱབ།   དྲག་ཆར་འབབ་མཚམས་བཞག་ནས་དུས་ཚོད་གཅིག་ཙམ་སོང་བ་ན།  གཏམ་ངན་ནི་གཅིག་རྗེས་གཅིག་གིས་བརྙེགས་ནས་རྣ་རྩར་འབྱོར་འོངས་པ་ནི།   ཆུ་ལོག་གིས་ཕྱུགས་རྫི་བུད་མེད་ཅིག་གི་ཚེ་སྲོག་ཕྲོགས་པ་དང་།   ར་ལུག་བ་ལང་སོགས་ཕྱུགས་རིགས་དྲུག་བརྒྱ་ལྷག་རྨ་ཆུར་བཏབ་པར་མ་ཟད།

          ཞིང་ཁའི་ལོ་ཏོག་ཕལ་ཆེར་འདམ་གྱིས་ཁྱུར་མིད་བཏང་སོང་ཟེར།   འདི་ནི་ཞི་བདེའི་དུས་སྐབས་སུ་བྱུང་བའི་མི་ཤི་རྟ་འགྱེལ་གྱི་དམག་འཁྲུག་ངོ་མ་ཞིག་ཅིས་མ་ཡིན།  དེ་ནི་རྩོམ་འདི་མ་བྲིས་སྔོན་གྱི་ཉིན་དྲུག་པའི་ཉིན་གུང་སྟེ།  ཡུལ་ཕྱོགས་གཅིག་གི་ཡིན་ལ་ད་ལྟ་ཟི་ལིང་དུ་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་ཞིག་ངའི་ཤག་ཏུ་བསླེབས། ངས་ཕ་ཡུལ་གྱི་གནས་ཚུལ་དྲིས་པ་ལ།   ཁོས་ནི་ཧ་ཅང་ཡིད་ཕངས་པའི་ཉམས་ཀྱིས་བཤད་རྒྱུར།   "སྟོན་འབྲུ་སྔ་མོ་ནས་བསྡུས་ཟིན་པ་དང་།   ད་ནི་གྲོང་མི་རྣམས་ཀྱིས་སིལ་ཏོག་དང་གཡེར་མ་སོགས་འཐོག་བཞིན་པའི་སྒང་རེད།   གཏམ་ངན་ཞིག་ཡོད་པ་ནི་ཉིན་འགའི་སྔོན་ལ་ཕ་ཡུལ་དུ་དྲག་ཆར་ཐེངས་ཤིག་བབས་ནས་ཞིང་ས་མང་བོ་རྡོ་དང་འདམ་གྱིས་བརྫིས་ཤིང་།   ཆུ་འདྲེན་པའི་རྐ་ནི་མེད་བརླག་ཏུ་བཏང་།  འགྲིམ་འགྲུལ་གྱི་ལམ་ཡང་རྐེད་ནས་བཅད།  རྩྭ་ར་དང་སྡོང་ར་མི་ཉུང་བ་ཞིག་ཤྭ་འོད་ཀྱིས་བསྣུབས་པས།   གྲམ་པ་ནི་སྔར་ལས་ཀྱང་ཇེ་ཆེར་སོང་འདུག"ཟེར།  སྐད་ཆ་དེ་ཐོས་འཕྲལ་ངའི་ངག་ནས་དབང་མེད་དུ"ད་ནི་རྫོང་མགོ་ཟེར་བའི་གྲོང་སྡེ་འདི་སའི་གོ་ལའི་སྟེང་ནས་ཤུལ་མེད་དུ་ཡལ་བའི་དུས་དེར་བསླེབ་རྒྱུར་རིང་བོ་མི་འགོར་བ་འདྲ"ཞེས་ཤོར།    ངོ་མ།   དེ་འདྲའི་ཆག་སྒོ་ཆེན་པོ་ཞིག་ཏག་ཏག་ལ་རྫོང་མགོ་ནས་བྱུང་དགོས་དོན་གང་ཡིན་ནམ།

          ད་ལྟའི་སྤྱི་ཚོགས་སུ། མི་མང་བོ་ཞིག་གིས་དུས་རྒྱུན་དུ་ལེ་བདའི་ཚུལ་གྱིས།  རང་བྱུང་ཁམས་འདིས་ང་ཚོ་འཇོམ་ཀྱིན་ཡོད་ཟེར།  ངའི་བསམ་པར།   རྒྱུ་རྐྱེན་ཅི་ཡང་མེད་པར་ཕ་རོལ་གཞོམ་མཁན་ཞིག་སྲིད་ན་ཡོད་མི་དཔེ།   མ་གཞིར།  རང་བྱུང་ཁམས་ཀྱིས་ང་ཚོ་དོན་མེད་དུ་འཇོམས་མི་སྲིད།  ང་ཚོས་ཀྱང་རང་ཉིད་ཤིག་གིས་ཟོས་ན་མ་གཏོགས་ཤིག་ལ་ཤ་འཁོན་མི་སློག་པ་མིན་ནམ།  ང་ཚོ་ནི་ཤིག་གི་སའི་གོ་ལ་ཡིན་ཞིང་སའི་གོ་ལའི་སྟེང་གི་ཤིག་ཀྱང་ཡིན།  ང་ཚོ་སྟེ་བགྲང་གིས་མི་མང་བའི་ཤིག་ཚོགས་ཀྱིས་སའི་གོ་ལ་ཇི་ལྟར་འཆས་ཀྱང་དེས་ང་ཚོ་རྩ་མེད་དུ་བཏང་མ་མྱོང་།  སའི་གོ་ལས་ང་ཚོ་རང་བྱུང་ཆོས་ཉིད་ལྟར་རྒས་ནས་འཆི་རུ་འཇུག་གིན་ཡོད།  འོན་ཀྱང་ང་ཚོའི་ལུས་སྟེང་དུ་རྒས་ནས་ཤི་བའི་ཤིག་ག་ཚོད་ཡོད་དམ།

          ངས་འདི་སྙམ་དུ་སེམས་ཏེ།   རྫོང་མགོའི་ཆག་སྒོ་དེ་དག་ནི་ལྷ་ཀླུ་གཉན་གསུམ་མ་རངས་པས་མིན་ལ།  ཡུལ་ལྷ་གནས་བདག་རྣམས་ཁྲོས་པས་ཀྱང་ག་ལ་ཡིན།   དེ་ནི་དམིགས་བསལ་གྱི་ས་གཤིས་དང་ཁོར་ཡུག་ལ་འབྲེལ་བ་ཡོད་པ་ལས་གཞན།  གཙོ་བོ་ནི་དུས་ཡུན་རིང་བོའི་ནང་དུ་ལུང་ཁོག་དེར་ཆགས་པའི་གྲོང་སྡེ་དག་གི་མི་གྲངས་ཇེ་མང་དུ་འཕེལ་པའམ་ཕྱི་རོལ་ནས་མི་མང་བོ་ལུང་ཁོག་འདི་རུ་ཁྱིམ་གཞིས་སྤོས་པའི་རྐྱེན་གྱིས།   མང་ཚོགས་ཀྱིས་ཁ་རྒྱབ་ཀྱི་ཆེད་དུ་མིག་མདུན་ཁོ་ན་བསམས་ནས་ས་རྐོ་རྡོ་སློག་བྱས་པ།    ཕྱུགས་ཟོག་ལ་བརྟེན་ནས་ཕྱུག་པོར་སྒྱུར་འདོད་ཀྱིས་ར་ལུག་མང་དུ་གསོས་ནས་རྩྭ་ས་གཏོར་བརླག་བཏང་བ།    ཁང་ཁྱིམ་གསར་སྐྲུན་གྱི་དོན་དུ་ལྗོན་པ་རྫོགས་མེད་བཅད་པ།   ཐབ་ཀྱི་མེ་ཁ་གསོ་བར་རྩི་ཤིང་རྩ་བ་ནས་བཀོག་པ་སོགས་ཀྱི་དབང་གིས།  ཡུལ་དེའི་ས་ཡི་བཅུད་གཡང་ནི་ཉམས།   སྐྱེ་ཁམས་ཁོར་ཡུག་ནི་བརླགས།  ས་ཆུ་སྲུང་འཛིན་གྱི་ནུས་པ་ནི་ཤོར་ཏེ།  རང་བྱུང་ཁམས་ཆེན་པོས་འཁོན་ལན་བསློགས་པས་ལོས་ཡིན།   ངས་ནགས་ཚལ་དྲན་གྱིན་ཡོད།   རྒྱུ་མཚན་ནི་དེས་ཆར་ཆུའི་བཞུར་རྒྱུན་སྙོམ་སྦྱོར་བྱེད་ཐུབ་པར་མ་ཟད།   ལྟག་ཆུ་སྐྱིལ་གསོ་དང་ས་རླན་འཛིན་པ།   སྔོ་ཤུན་སྲུང་སྐྱོང་དང་ས་ཆུ་སྲུང་འཛིན་བྱེད་པ།  མཁའ་རླུང་དྭངས་གཙང་དུ་སྒྱུར་བ་སོགས་ཀྱི་ནུས་པ་འདོན་གྱིན་ཡོད་པས།  ནགས་ཚལ་ནི་འགྲོ་བ་སེམས་ཅན་ཡོངས་ལ་ཕན་བདེ་སྐྲུན་མཁན་གྱི་ཡིད་བཞིན་ནོར་བུ་དང་མཚུང་ལ།   ང་ཚོའི་མ་ཡུལ་སྟེ་སའི་གོ་ལ་འདིའི་སློག་པའི་ཐོག་གི་སྤུ་རྫོང་མཐུག་པོ་དེ་ཡིན་ནོ། །

          ང་ཚོས་ཤེས་གསལ་ལྟར།   སའི་གོ་ལ་འདི་དང་པོ་ཆུ་ཡིས་དབང་བསྒྱུར་པ་དང།   བར་དུ་རྩི་ཤིང་གིས་དབང་བསྒྱུར་པ་སྟེ།  ནགས་ཚལ་གྱིས་གོ་ལ་ཟླུམ་པོ་འདི་ཡོངས་སུ་ཁེབས་མྱོང་།   འོན་ཀྱང་ཉེ་བའི་ལོ་བརྒྱ་ཙམ་གྱི་རིང་ལ།  སའི་གོ་ལའི་སྟེང་གི་ནགས་ཚལ་ལས་མང་ཤོས་འཇིག་སོང་།   ད་ལྟ།   གོ་ལ་ནི་ས་རྡོ་དང་བྱེ་རྡུལ་གྱི་ལག་འོག་ཏུ་ཚུད་ཅིང་།   འགྲོ་བ་སེམས་ཅན་ཀུན་ཉམ་ཐག་གི་གནས་སུ་ལྷུང་།  འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར་པ་དང་།   རང་བྱུང་གི་གནོད་པ་ཇེ་མང་ནས་ཇེ་མང་དུ་སོང་བའི་རྐྱེན་གྱིས།   འགྲོ་བ་མིའི་རིགས་ནི་གཉིད་ལས་སད་པ་བཞིན་ནགས་ཚལ་གྱི་རིན་ཐང་ག་འདྲ་ཡིན་པ་ད་གཟོད་རྟོགས་ཤིང་།   རང་གི་འཚོ་གནས་དང་འབྲེལ་བའི་གནད་དོན་ལ་བསམ་བློ་གཏོང་མགོ་བརྩམས་པ་དེ་ནི་དངོས་གནས་དགའ་འོས་པ་ཞིག་རེད།  འབྲེལ་ཡོད་ཀྱི་དཔྱད་གཞི་ལས་རྒྱུས་ལོན་བྱུང་བ་ལྟར་ན།  སྤྱི་ལོ1991ལོའི་ཟླ9པར།   རྒྱལ་ཁབ130ལྷག་ནས་ཕེབས་པའི་མཁས་པ2500ཡིས་ཧྥ་རན་སེའི་རྒྱལ་ས་ཕ་རི་སི་རུ《ཕ་རི་སིའི་བསྒྲགས་གཏམ》སྤེལ་ཏེ།  འཛམ་གླིང་ཡོངས་ཀྱིས་སའི་གོ་ལར་ལྗང་མདོག་གི་ན་བཟའ་ཡང་བསྐྱར་མནབ་ཏུ་འཇུག་རྒྱུའི་འབོད་སྐུལ་བཏང་།  སྤྱི་ལོ1992ལོར།   འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དབུ་འཛིན་ལྷན་དུ་འཛོམས་པའི"འཛམ་གླིང་གི་ཁོར་ཡུག་དང་འཕེལ་རྒྱས་ཚོགས་ཆེན"ཞེས་པའི་སྟེང་དུ།  ནགས་ཚལ་ནི་ཚོགས་ཆེན་སྟེང་གི་བརྗོད་གཞི་གཙོ་བོར་གྱུར།  སྐབས་དེ་ནས་བཟུང།    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བཞག་དེ་རྒྱལ་ཁབ་བམ་ས་ཆ་སོ་སོ་དང་མི་རིགས་སོ་སོའི་མི་དམངས་ཀྱིས་གཙིགས་སུ་འཛིན་བཞིན་ཡོད།    ད་ལྟ།  ང་ལ་སེམས་འདུན་ཆུང་ཆུང་ཞིག་ཡོད་དེ།    མི་རིང་བའི་དུས་ཤིག་ན།  རྫོང་མགོའི་ལུང་ཁོག་ཀུན་ཏུ་ཤིང་སྡོང་བཙུགས་ནས་ནགས་ཚལ་གྱིས་ཁེབས་ཤིང་།   རྡོ་མང་བའི་གྲམ་པ་དེའང་སྔོན་ཆད་བཞིན་དུ་སྤང་རྩྭ་དང་འོམ་བུས་ཡོངས་སུ་བརྒྱན་པ་དང་།   དྭངས་གཙང་ཆུ་བོའི་འགྲམ་གཉིས་ནི་སླར་ཡང་བྱ་བྱིའུ་འབའ་འབུ་དང་རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་སྣ་ཚོགས་ཀྱི་གླིང་ག་ཞིག་ཏུ་འགྱུར་ཐུབ་པ་དེ་ཡིན།   མདང་དགོང་ཡང་ཆར་བ་བབས་སོང་།   སྒེའུ་ཁུང་ཕྱི་རོལ་གྱི་འབྲུག་སྒྲ་ལ་ཉན་ཞོར་དུ། ངའི་མིག་ལམ་དུ་སྐྱ་མདོག་གི་རྫོང་མགོ་དང་རྫོང་མགོའི་གྲམ་པ་ཆེན་པོ་དེ་ཤར་བྱུང་།   (2006ལོའི་ཟླ9པའི་ཚེས1ཉིན་ཆབ་ཆ་རུ།)