ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྒྲུང་གཏམ།

ལོ་དེ་ལ།

སྤེལ་དུས 2017-08-28 ཡོང་ཁུངས། མཆོད་མེ་རྩོམ་རིག་དྲ་བ། རྩོམ་པ་པོ། ལྷ་བྱམས་རྒྱལ།
 གཅིག     
          ལོ་དེ་ལ། ཁོ་ལོ་བཅུ་དགུར་སོན་ཙམ་ཡིན།        
          མར་ནང་གྲོང་འདབས་སུ།  དབྱིབས་གྲུ་བཞི་དང་། ཟུར་གསུམ།  ནར་མོ་སོགས་ཀྱི་རིས་སུ་བགོས་ཡོད་པའི་ལོ་ཏོག་གི་ཞིང་ས་དེ་དག་ལྗང་ཏིག་ཏིག་ཏུ་སྣང་། ཞིང་གི་རྣང་མའི་བར་ནས།  ཁོས་ཞ་སྨྱུག་གིས་འགྱིག་སེར་བོའི་ཕྱི་ཐུམ་ཅན་གྱི་ཟིན་བྲིས་འབྲི་དེབ་ཏུ་བུ་མོ་ཞིག་གི་གཟུགས་བརྙན་སྐྱ་རིས་སུ་འགོད་བཞིན་བསྡད། ཁོས་སྨིན་མ་གཞོགས་གཅིག་ཏུ་བསྡུས་ནས་ཧ་ཅང་གཟབ་ནན་གྱིས་རི་མོ་དེ་འབྲི་ཞིང་། དབྱར་ཁའི་ཚ་གདུག་གིས་ཟ་འགྲམ་ནས་རྔུལ་ཆུའི་དོག་པ་རེ་འཛུམ་ཡོང་། ཁོར་རི་མོ་འབྲི་བའི་འཇོན་ནུས་དཔེ་མེད་ཅིག་ལྡན་པས། ཇ་ཡུན་ཙམ་གྱི་རིང་ལ་རི་མོ་ལེགས་འགྲུབ་བྱུང་བ་དང་། རི་མོའི་ནང་གི་གཞོན་ནུ་མ་དེས་བརྩེ་གདུང་ཟབ་མོས་ཁོར་བལྟས་འདུག དེ་ནི་གྲོང་ཚོའི་ནང་གི་བུ་མོ་གསལ་སྒྲོན་རེད། ཡིན་ན་ཡང་། ཁོས་དེ་ལྟར་རི་མོ་བྲི་བཞིན་ལོ་དེ་ལ་མར་ནང་གྲོང་འདབས་ཀྱི་ཞིང་ཁུག་ནས་གྲོང་ཚོའི་ནང་གི་བུ་མོ་གསལ་སྒྲོན་ལ་སྒུག་ཀྱང་།  ཁོ་མོ་དུས་ཆད་བཏབ་པ་བཞིན་བསླེབ་མ་བྱུང་བས།  འབྲི་དེབ་དེ་སྙིང་ཁར་བཞག་ནས་རྒྱ་གར་ཞྭ་མོ་ཚི་དྲེགས་ཀྱིས་ཟིན་ཡོད་པ་དེ་གདོང་ལ་བཀབ་ཅིང་རྩྭ་འཇག་མ་དང་དང་ལྡུམ་བུའི་ཚོགས་རྫོང་མཐུག་པོར་སྐྱེས་པའི་ཁུད་དུ་ཀན་རྐྱལ་དུ་ཉལ་ནས་བསྡད།     
          ཚང་ཚིང་དུ་སྐྱེས་པའི་སྐྱེས་དངོས་དེ་དག་གི་གསེང་ནས་སྔོ་དྲི་འགོག་མེད་དུ་འཐིབས་ཡོང་སྟེ་ཁོའི་སྣོམ་བྱེད་ཀྱི་བུ་གུར་འཚང་ཡོང་བ་དང་། མཚམས་ཤིག་ལ་མེ་ཏོག་གི་རྩི་བཅུད་གཞིབས་པར་བྲེལ་བའི་གསེར་སྦྲང་ཞིག་གིས་སིར་སྒྲ་སྒྲོག་བཞིན་ཐད་འཕུར་གནམ་གྲུ་ཞིག་དང་མཚུངས་བར་ཁོའི་གཡས་གཡོན་གང་རུང་ནས་ཕར་འཕུར་ཚུར་འཕུར་བྱེད། ཕྱི་གསལ་ནང་གསལ་གྱི་གཤོག་ཟུང་ཕན་ཚུན་གཙུབ་ཅིང་བརྡབས་པའི་སྒྲ་དེ་ཡིས་ཁོར་གཉིད་ཀྱི་སྣང་བ་ལྡབ་ལྡིབ་ཅིག་འགོག་མེད་དུ་བཀུག་ཡོང་ལ། དེ་ནི་སེམས་ཟེར་བའི་འདུ་ཤེས་ཀྱི་ས་ཆེན་དུ་གཏི་མུག་ཟེར་བའི་ས་སྲོད་ཀྱི་གྲིབ་སོས་རིམ་གྱིས་བསྒྲིབས་ཡོང་བ་དང་མཚུངས། ཡིན་ན་ཡང་། སྲིན་འབུ་ཞིག་རྐང་ལག་ཀྲབ་ཀྲབ་ངང་ཁོའི་དཔུང་བའི་ཤ་རྗེན་དུ་འགོས་ཡོང་ནས་གཉིད་ལ་བར་ཆད་བཏང་། དེར་མ་ཟད། སྐེད་པའི་འོག་ཏུ་ཡང་སེམས་ཅན་གང་ཞིག་བྲེལ་འཚུབ་ཀྱིས་ཀྲིག་ཀྲིག་འགུལ་པ་དང་།  ཁོའི་ཤ་ཁྲག་གདོས་བཅས་ཀྱི་གཟུགས་ཕུང་གཏོས་ཆེ་བ་དེས་རྩྭ་གསེང་གི་འཇིག་རྟེན་དེའི་སེམས་ཅན་དག་གི་རྒྱུན་ལྡན་གྱི་འཚོ་བར་དཀྲོགས་དཀྲུགས་ཆེན་པོ་ཞིག་བཏང་ཡོད་པ་ངེས་གཏན་རེད། ཟ་ཟིའི་ངང་དེ་ལྟར་མར་ནང་གྲོང་ཚོའི་ཞིང་ཁུག་དེ་ནས་གཏི་མུག་གཉིད་ཀྱི་དབང་དུ་འགྲོ་བའི་ལོ་དེ་ལ། ཁོས་ཡོ་གཟུར་མེད་པར་རང་གི་དཔུང་བའི་ཤ་རྗེན་དུ་རྐང་ལག་ཀྲབ་ཀྲབ་ཀྱིས་འགོས་ཡོང་བའི་སྲིན་འབུ་མ་རུང་བ་དེ་ཐལ་ལྕག་གཅིག་གིས་རང་སོར་དུ་གཅིར་ནས་བསད་ཅིང་། ཉམས་ཆུང་གི་ཚེ་སྲོག་དེ་དེ་ལྟར་ལྔ་ལམ་དུ་བཏང་བར་འགྱོད་བཤགས་ཀྱི་སེམས་ཅི་ཡང་སྐྱེས་རྒྱུ་མ་བྱུང་། དེ་ལས་ལྡོག་སྟེ་རྩྭ་གསེང་དུ་འཐིབས་ཡོང་བའི་ཚ་སྨིག་གིས་ཁོ་ཀློང་ཀློང་བོར་བཏང་བ་དང་། ལོ་དེ་ལ་ཁོ་དེ་ལྟར་རྩྭ་གསེང་དུ་ཀན་རྐྱལ་དུ་ཉལ་ནས་གྲོང་ཚོའི་ནང་གི་བུ་མོ་གསལ་སྒྲོན་གྲོ་ཞིང་གྲུ་བཞི་མ་དེ་ལ་ཡུར་མ་ཡུར་དུ་ཡོང་བར་སྒུག      
          སྔོན་ཏག་ཏག་ལ། ཁོས་རྒྱ་གར་ཞྭ་མོ་དེ་མགོ་ལ་གཟུར་གྱོན་གྱིས་མར་ནང་གྲོང་ཚོའི་འདབས་ཀྱི་ཚེར་ཕུང་ཁུག་བརྒྱུད་ནས་མར་ཡོང་སྐབས།  ཨ་མ་རི་མོར་འཕྲད་བྱུང་།  རྒན་མོ་དེས་ཡུར་རྩྭ་སླེ་བོ་གང་རྒྱབ་ཏུ་འཁུར་ནས་རྔུལ་ནག་ཁྲོམ་ཁྲོམ་གྱིས་ཚེར་ཕུང་ཁུག་གི་ལམ་ཕྲན་ལུག་གི་རྒྱུ་མ་ལྟ་བུ་དེ་དེད་ནས་དབུགས་ཧལ་ཧལ་གྱིས་ཡར་ཡོང་བ་དང་། ཁོ་གཉིས་དེ་ལྟར་ལམ་འཕྲད་བྱུང་རྗེས་ཁོར་ལམ་གཟུར་བའི་ཟོལ་གྱིས་འགྲམ་ལོགས་ཀྱི་གད་ཁ་ཅུང་མཐོ་ས་ཞིག་སྟེགས་སུ་བྱས་ཏེ་སླེ་བོའི་ཞབས་དེར་བཞག་པ་དང་། གདོང་གི་གཉེར་མའི་གསེབ་ཀྱི་རྔུལ་ནག་རས་ལྭའི་ཕུ་ཐུང་གིས་ཕར་འབྱིད་བཞིན་ཁོ་ལ་འཛུམ་འཚེར་འཚེར་གྱིས་“ཨ་ཞི་ལི།  ཁྱོད་ཉིན་གུང་ཙད་པའི་ནང་དུ་གང་ཞིག་ལ་འགྲོ་བཞིན་ཡོད་དམ”ཞེས་སྐད་ཆ་དབྱངས་ལ་འགུག་པ་ལྟ་བུ་ཞིག་གིས་དྲིས་བྱུང་།     
          “ང་རྟ་རྒན་གྱི་རྟོད་ཁ་གསོར་དུ་འགྲོ་བཞིན་ཡོད”ཁོས་དེ་ལྟར་བཤད་ནས་རྒན་མོ་དེ་དང་ཅུང་རིང་དུ་བཀྱེད་དེ་བསྐྱོད་པ་དང་། དེ་མ་ཐག་རྡོག་འོག་ནས་མཆོངས་རྩལ་ཅན་གྱི་སྲིན་འབུ་མང་པོ་ཞིག་འདྲོགས་ནས་ཐོལ་གྱིས་མཆོངས་ལྡིང་དང་བཅས་ཕྱོགས་ཕྱོགས་སུ་འཐོར་སོང་།      
          “ཨ་ཞི་ལི།  ཁྱོད་ནམ་ཞིག་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་བཅའ་རུ་འགྲོ་རྒྱུ་ཡིན་ནམ”ཨ་མ་རི་མོའི་གདོང་གི་འཛུམ་གཉེར་མ་ཡལ་བར་ཁོ་ལ་དེ་ལྟར་ཡང་བསྐྱར་དབྱངས་ལ་འགུག་པ་ལྟ་བུའི་ངག་གིས་བཤད་བྱུང་།    
          ཁོ་གད་པ་ཆུང་ཆུང་དེ་ནས་མར་ལྟིག་སྒྲ་དང་བཅས་ཏེ་ལྡིང་བ་དང་། དེ་ནས་རྩྭ་གསེང་ལ་དམིགས་ས་ཅི་ཡང་མེད་པར་རྡོག་ཐོ་ཞིག་གཡུགས་པ་ན། དེ་གར་དེ་བས་ཀྱང་མང་བའི་མཆོངས་རྩལ་ཅན་གྱི་སྲིན་འབུ་མང་པོ་ཞིག་འདྲོགས་ནས་ཕྱོགས་ཕྱོགས་སུ་འཐོར་སོང་། ཁོས་རྒན་མོ་དེར་མུ་མཐུད་དུ་ཁ་ཡ་མ་བྱས། སྐད་ཆ་དེ་རིགས་ཐོས་དུས་ཁོའི་སེམས་ནང་དུ་མིང་མེད་པའི་ཁོང་ཁྲོ་ཞིག་ལངས་སྲིད། ལོ་དེ་ལ་གྲོང་ཚོའི་ནང་གི་མི་སུར་འཕྲད་ན་ཡང་ཁོ་ལ་དེ་ལྟར་འདྲི། མ་གཞིར་ཁོ་ཚོའི་སེམས་སུ་ཁོ་དེ་ལྟར་མར་ནང་གྲོང་ཚོར་སྡོད་པ་ནི་གནས་སྐབས་ཙམ་གྱི་ཡུན་ཏེ། ཡུན་རིང་མི་འགོར་བར་ཁོ་ལུང་བ་འདིའི་ཕྱི་རོལ་ཏུ་བསྐྱོད་ནས་སྲིད་གཞུང་གི་ལས་བྱེད་པ་ཞིག་ཏུ་འགྱུར་ངེས་རེད་བསམས་ཡོད་པ་འདྲ།  ཡིན་ན་ཡང་ཁོ་ཟི་ལིང་གི་འབྲིང་རིམ་སློབ་གྲྭ་དེའི་མཛེས་རྩལ་ཆེད་ལས་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཟླ་ཕོགས་ལེན་ཐུབ་པའི་ལས་ཀ་ཅི་ཡང་རེག་མ་བྱུང་ལ། ལོ་དེ་ལ་ན་སོའི་ལྗོན་རྐང་ཡང་དེ་ལྟར་ཕྲ་བས་ཁོ་རང་ཉིད་སྐྱེས་ས་སྐྱེས་ཡུལ་དེ་ནས་དེ་ལྟར་ལས་མེད་སོས་དལ་གྱིས་སྡོད་པ་ལས་ས་ཆ་གཞན་གང་ཞིག་ལ་འགྲོ་དགོས་པ་གཏན་ནས་མི་ཤེས། ལོ་དེའི་ཁོ་ནི་སྨིག་ལོང་ནང་གི་ཕྲུ་གུ་མགོ་འཁོར་ཞིག་དང་འདྲ། དེར་མ་ཟད་སེམས་ཀྱི་རྫ་མགོར་སངས་མཐའ་མེད་པའི་ཅི་ཞིག་འཐིབས་ནས་རང་གི་མདུན་ལམ་ཡང་གསལ་བོར་མི་མཐོང་། ཡིན་ན་ཡང་། མར་ནང་གྲོང་ཚོའི་མི་རྣམས་ཀྱིས་ལོ་དེར་ཁོ་ལ་ “ཁྱོད་ནམ་ཞིག་ལ་འགྲོ་རྒྱུ་ཡིན་ནམ” ཞེས་ཡང་ཡང་འདྲི།    
  ཁོས་འཛུམ་འཚེར་འཚེར་བྱེད་པའི་རྒན་མོ་དེར་ལན་ཅི་ཡང་མ་བཏབ་པར་ལྗང་མདོག་གི་རླབས་རིས་འཕྱུར་བའི་ཞིང་ཁུག་ཏུ་བསྐྱོད།      
          “ཨ་ཞི་ལི།  རྐང་འོག་ལ་གཟབ་གཟབ་བྱོས་ཨང་།  སྦྲུལ་གྱི་སྟེང་སྤོ་ཡོང་།” ཨ་མ་རི་མོས་དེ་ལྟར་ཁོའི་རྒྱབ་གཟུགས་ལ་ཕྱོགས་ནས་སྐད་ཆ་དབྱངས་སུ་བཀུག་སྟེ་བཤད་བྱུང་།     
          ལོ་དེ་ལ། ཁོ་དང་གསལ་སྒྲོན་གྲོ་ཞིང་གི་རྣང་མའི་བར་ནས་ཐང་ཉལ1བྱས་པའི་དོན་དེ་ཉིན་ཁ་ཤས་ཀྱི་རྗེས་ནས་གྲོང་ཚོའི་ནང་རླུང་ལྟར་ཁྱབ་སོང་། ཡིན་ན་ཡང་དབྱར་ཀའི་ཉིན་གུང་དེར་མར་ནང་ཞིང་ཁུག་ཏུ་མི་གཅིག་ཀྱང་མཐོང་རྒྱུ་མེད་པས། དེ་ཕྱི་ལ་བསྒྲགས་མཁན་སུ་ཡིན་ནམ།  གྲོང་ཚོའི་མདུན་རི་གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་དེ་ནི་ནག་ཡོར་སེར་ཚུར་བལྟས་ཡོད་པའི་ཟོལ་གྱིས་གནས་ན་ཡང་། དེས་ནི་གྲོང་མི་ག་གེ་མོ་ཞིག་གི་རྣ་རྩར་ལོ་དེའི་མར་ནང་ཞིང་ཁུག་ཏུ་བྱུང་བའི་གསང་བ་དེ་ཤུབ་བུར་བརྗོད་མེད་པ་ཏན་ཏན་ཡིན།  དེ་བས། ཁོས་ཁོ་དང་གསལ་སྒྲོན་ཐང་ཉལ་བྱས་པའི་དོན་དེ་ཕྱི་ལ་སྒྲོག་མཁན་ནི་ཚེར་ཕུང་ཁུག་ནས་ལམ་འཕྲད་བྱུང་བའི་ཨ་མ་རི་མོ་ཡིན་པ་རིགས་འདེད་བྱས།    
          “ཨ་མ་རི་མོས་དངོས་སུ་མཐོང་མེད་ཀྱང་། ངེད་གཉིས་སྔ་ཕྱིར་ཞིང་ཁུག་ཏུ་བསྐྱོད་པ་དང་འཕྲད་ཡོད་པས།  རིགས་འདེད་བྱས་ནས་སྒྲོག་པ་ཡིན་སྲིད” ཉིན་ཁ་ཤས་ཀྱི་རྗེས་ནས་གསལ་སྒྲོན་དང་ཁོ་གཉིས་ཡང་བསྐྱར་ཐང་ཉལ་བྱེད་དུས་ཁོས་དེ་ལྟར་གསལ་སྒྲོན་ལ་རང་གི་དྲན་ཕྱོགས་བཤད།           
          ཡིན་ན་ཡང་། གསལ་སྒྲོན་གྱིས་ཨ་མ་རི་མོ་ཡིན་མི་སྲིད་ཟེར།  ཁོ་མོ་ཡུར་མ་ཡུར་དུ་ཡོང་བའི་ལམ་དུ་ཁོ་ནང་བཞིན་ཨ་མ་རི་མོར་འཕྲད་མ་བྱུང་ཟེར།  དེ་ལས་ལྡོག་སྟེ་གསལ་སྒྲོན་གྱིས་གཅིག་བྱས་ན་དོན་དེ་ཕྱི་རུ་བསྒྲགས་མཁན་ནི་མདུན་རི་གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་དེ་ཡིན་ཀྱང་སྲིད་ཟེར། ལབ་ཙེ་དེ་ནི་མར་ནང་གྲོང་ཚོའི་གཞི་བདག་གངས་དཀར་གཡུ་སྒྲོན་མའི་བཞུགས་མཁར་ཡིན་ཞིང་། ཡུལ་མི་རྣམས་ཀྱིས་དུས་ཆེན་དང་ཉི་བཟང་སྐར་བཟང་དག་ཏུ་ཤིང་གིས་བཟོས་པའི་མདའ་མདུང་གྲི་གསུམ་སོགས་མཚོན་ཆའི་རིགས་དང་། ལྗོན་ཤིང་གི་ཡལ་ཀ  དེ་མིན་མཆོད་རྫས་སྣ་ཚོགས་འཁུར་ནས་ལབ་ཙེ་དེ་བསྟོད་པར་འགྲོ་ཞིང་།  རྒྱང་ནས་བལྟས་ཚེ་ལབ་ཙེ་དེ་ནི་བོད་ཆས་སྤྲས་པའི་བུད་མེད་ཅིག་དང་མཚུངས་པར་རི་བོའི་མཐོ་ས་ནས་ནག་ཡོར་སེ་འགྲེངས་ཏེ་དུས་དང་རྣམ་པ་ཀུན་ཏུ་མར་ནང་ལུང་ཁོག་གི་བདེ་སྡུག་ཡོད་ཚད་སྤྱན་འོག་ཏུ་བསྡུས་ནས་སྲུང་ཡོད།  གང་ལྟར་ཀྱང་།  ཁོས་གསལ་སྒྲོན་ལ་“གངས་དཀར་གཡུ་སྒྲོན་མས་དོན་དེ་ལྟ་བུ་ཞིག་ལ་ཐེ་གཏོགས་བྱེད་པ་ནི་མི་འོས་” ཞེས་ཀུ་རེ་དང་སྦྲགས་ནས་བཤད།              
          “ཡུལ་ལྷ་གཞི་བདག་ལ་ཕོག་ཐུག་གཏོང་བའི་སྐད་ཆ་དེ་འདྲ་ལབ་མི་རུང་ཨང”གསལ་སྒྲོན་གྱིས་དེ་མ་ཐག་ཁོའི་ཁ་ཐལ་མོས་བཀག་བྱུང་།   
          ཁོས་རྒྱ་གར་ཞྭ་མོ་ཚི་དྲེགས་ཀྱིས་ཟིན་པ་དེ་གདོང་ལ་བཀབ་ནས་ཉལ་ཏེ་ཁོ་མོར་བསྒུགས་པའི་ཉིན་དེར་ཡང་གསལ་སྒྲོན་གྱིས་སྐད་ཆ་དེ་འདྲ་ཞིག་ལབ་མྱོང་།  དེར་བརྟེན་ཁོ་མོས་ཁོ་གཉིས་ཞིང་རྣང་མའི་བར་ནས་ཐང་ཉལ་བྱས་པའི་དོན་དེ་ཕྱི་ལ་བསྒྲགས་མཁན་གངས་དཀར་གཡུ་སྒྲོན་མའི་སྤྲུལ་གཟུགས་འཛིན་པའི་ལབ་ཙེ་དེ་ཡིན་ཟེར་པར་ཡང་རིགས་འདེད་བྱེད་རྒྱུ་ཡོད།   
          ལོ་དེ་ལ། མར་ནང་གྲོང་ཚོའི་མི་རྣམས་ཕལ་ཆེར་རིགས་འདེད་བྱེད་པར་གོམས་ཡོད་པ་འདྲ། ཁོ་ཚོས་ཁོ་སློབ་གྲྭ་ནས་མཐར་ཕྱིན་པ་ན། རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་སྲིད་པ་རིགས་འདེད་བྱེད་ཅིང་། གསལ་སྒྲོན་དང་ཁོ་གཉིས་སྔ་ཕྱིར་ཞིང་ཁུག་ཏུ་བསྐྱོད་པ་མཐོང་ཚེ། རིགས་འདེད་ཀྱིས་དེ་གཉིས་ཞིང་རྣང་མའི་བར་ནས་ཐང་ཉལ་བྱས་སོང་ཞེས་བསྒྲགས། མ་གཞིར་དངོས་གནས་དེ་འདྲ་ཞིག་ཡིན་ནམ།   
          ཉིན་དེར། ཁོས་རི་མོ་དེ་བྲིས་རྗེས་རྩྭ་གསེང་ནས་དེ་ལྟར་ཉལ་ཏེ་དུས་ཚོད་རིང་ཙམ་ཕྱིན་ཡོད་ལས་ཆེ། མཚམས་ཤིག་ལ་གཉིད་ཟ་ཟི་ཞིག་ཁུག་པ་དང་། དེའི་རིང་ལ་རྨི་ལམ་ཡང་རབ་རིབ་ཅིག་བཏང་ཡོད་ཚོད་ཡིན་མོད་ད་ལྟ་ཅི་ཡིན་འདི་ཡིན་ལ་གསལ་ཁ་མེད། དེ་ནས་གསལ་སྒྲོན་གྱིས་ཁོ་གཉིད་ལས་དཀྲོགས།  ཁོས་མིག་ལ་སྲུབས་ཀ་ཞིག་འབྱེད་དུས་གསལ་སྒྲོན་གྱིས་ཁོའི་གདོང་དུ་བཀབ་པའི་རྒྱ་གར་ཞྭ་མོ་དེ་ཡར་བཀྱགས་ཤིང་ཁོའི་འགྲམ་དུ་པུས་བཙུགས་སུ་མར་སྒུར་ཏེ་མིག་རིག་རིག་གིས་ཁོའི་གདོང་ལ་ཞིབ་ལྟ་བྱེད་བཞིན་འདུག   
          ཁོས་མིག་འབྱེད་མ་ཟུམ་གྱིས་ཡར་བལྟས་ནས་བསྡད། གསལ་སྒྲོན་གྱིས་དཀར་ནག་གི་མིག་ཟུང་དྭངས་མོ་དེ་ལྷེམ་ཙམ་ལྷེམ་ཙམ་བྱེད་བཞིན་ཁོ་ལ་བལྟས་ནས་བསྡད། དེ་ལྟར་རེ་ཞིག་འགོར་རྗེས་ཁོས་ཁོ་མོ་ཤུགས་ཀྱིས་མར་འཐེན།   
          “འདི་ནས་གངས་དཀར་གཡུ་སྒྲོན་མའི་ལབ་ཙེ་ཡང་མཐོང་ཡོང་བས། ཡུལ་ལྷ་གཞི་བདག་ལ་ཕོག་ཐུག་གཏོང་བའི་ལས་འདི་འདྲ་བྱ་མི་རུང་ཨང་།”གསལ་སྒྲོན་གྱིས་དེ་ལྟར་ཁོའི་ལག་པ་ཕར་འབུད་བཞིན་བཤད་པ་དང་། དེ་ནས་“ཁྱོད་འདི་ལྟར་རྩྭ་གསེང་དུ་གཉིད་ན་སྦྲུལ་ཁ་ནང་དུ་འཛུལ་བར་མི་ཞེད་དམ”ཟེར།   
          “ཧི་ཧི། ང་སྦྲུལ་བཞིན་ཁྱོད་ཀྱི་ཚང་ནང་དུ་འཛུལ་བར་མི་ཞེད་དམ”ཁོས་དེ་ལྟར་གསལ་སྒྲོན་ཡང་བསྐྱར་མར་འཐེན་བཞིན་བཤད།   
          ལོ་དེ་ལ། ཁོ་དང་གསལ་སྒྲོན་གཉིས་ཞིང་རྣང་མའི་བར་ནས་ཐོག་དང་པོར་ཐང་ཉལ་བྱེད་དུས། ཁོ་མོས་ལབ་པ་ནང་བཞིན་སྦྲུལ་ཁོའི་ཁ་ནང་དུ་འཛུལ་རྒྱུ་མ་བྱུང་ཡང་ཁོ་སྦྲུལ་བཞིན་ཁོ་མོའི་ཚང་ནང་དུ་འཛུལ། རྩྭ་གསེང་གི་སེམས་ཅན་ཕྲ་མོ་དེ་དག་གི་འཇིག་རྟེན་ལ་དཀྲོགས་དཀྲུགས་དེ་བས་ཀྱང་ཆེན་པོ་ཞིག་ཐེབས་ཡོད་ཚོད་རེད་ཨང་། གསལ་སྒྲོན་གྱིས་ཁོའི་ཤ་གནད་འབུར་དུ་ཐོན་པའི་དཔུང་བའི་ཐོག་ཏུ་སེན་རྗེས་མངོན་པར་གསལ་བ་མང་པོ་ཞིག་ཕབ་སོང་བ་དང་།  ཁོ་གཉིས་ཅི་ཞིག་གི་རྩེ་མོ་ནས་མར་ལྷུང་རྗེས་ཁོ་མོས་ཁོའི་དཔུང་བའི་སེན་རྗེས་དེ་དག་ལ་བྱིལ་བྱིལ་བྱེད་བཞིན“གྲོག་མ་འདི་ངས་གཅིར་བ་ཡིན་ནམ”ཟེར། ཁོས་སྣང་མེད་ངང་རང་གི་དཔུང་བར་འབྱར་ཡོད་པའི་གྲོག་མ་དེའི་ཕུང་བོར་ཕུ་བཏབ་ནས་སར་གཡུགས་པ་དང་“དེ་ངས་གཅིར་བ་ཡིན”ཞེས་བཤད།      
          “སྲོག་ཆགས་གྲོག་མ་ཡིན་ཡང་རྣམ་ཤེས་ཡོད་པས།  ཁྱོད་ཀྱིས་དེ་ལྟར་སྲོག་གཅོད་པའི་སྡིག་ལས་བྱེད་མི་རུང་།” གསལ་སྒྲོན་གྱིས་ཁོར་དེ་ལྟར་སློབ་གསོ་རྒྱག་ཅིང་། དེ་ནས་ལོགས་སུ་གཡུགས་ཡོད་པའི་ཁོའི་འབྲི་དེབ་ཏུ་བྲིས་ཡོད་པའི་རང་གི་གཟུགས་རིས་དེར་ལྟ་བཞིན “འདི་སུ་ཡིན་ནམ” ཞེས་དྲིས་བྱུང་།              
          “དེ་ཁྱོད་ཡིན” ཁོས་སྟོད་གོས་གྱོན་བཞིན་དེ་ལྟར་བཤད།             
          “ང་འདི་འདྲའི་མཛེས་མ་ཞིག་ཡིན་ནམ”གསལ་སྒྲོན་གྱིས་རས་ལྭ་སྲབ་མོ་ལུས་ཐོག་ཏུ་བཀབ་ཅིང་ཀན་རྐྱལ་དུ་ཉལ་ནས་དེ་ལྟར་རི་མོར་ལྟ་ཞིང་རང་གི་གདོང་ལ་ལག་པས་རེག་རེག་བྱེད།               
          “ང་ལ་ཁྱོད་ཀྱི་སྨིན་མ་འདི་དེ་བཞིན་དུ་འབྲི་བའི་ལག་རྩལ་མི་འདུག” ཁོ་མར་སྒུར་ནས་གསལ་སྒྲོན་གྱི་སྨིན་མའི་རྩེ་མོར་ལག་པས་སེམས་ཆུང་གིས་རེག་ཙམ་བྱས། གསལ་སྒྲོན་གྱི་སྨིན་མ་ནི་མིག་ཟུང་དྭངས་མོ་དེའི་སྟེང་ཕྱོགས་སུ་བྱ་ཡིས་གཤོག་ཟུང་བརྐྱངས་བ་བཞིན་ཕྲ་ཞིང་དཀྱུས་རིང་བར་ལྡེམ་མེར་གཡོ། ཁོས་རང་ལ་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལྟ་བུའི་ལག་རྩལ་མེད་པས། ཁོ་མོའི་སྨིན་མ་དེའི་མཛེས་ཉམས་ཇི་བཞིན་དུ་མ་འཁྱོངས་བར་ཞེ་ཕངས་བྱུང་།                
          “ཁྱོད་ཅི་འདྲའི་ལག་བདེ་ཞིག་རེད་ཨང།” ཡིན་ན་ཡང་གསལ་སྒྲོན་གྱིས་དེ་ལྟར་ཟེར།           
          ཉིན་ཁ་ཤས་ཀྱི་རྗེས་ནས། གསལ་སྒྲོན་དང་ཁོ་གཉིས་ཐང་ཉལ་བྱས་པའི་དོན་དེ་མར་ནང་གྲོང་ཚོའི་སྐྱེས་ཕོ་མོ་ཀུན་གྱིས་ཕན་ཚུན་ལ་ཤུབ་བུར་བརྗོད་ནས་ཀུན་གྱིས་གོ་འདུག  ཁོས་གསལ་སྒྲོན་ལ་དོན་དེ་ཕྱི་རུ་བསྒྲགས་མཁན་ནི་ཨ་མ་རི་མོ་ཡིན་ཞེས་རིགས་འདེད་བྱས་ན་ཡང་། ཁོ་མོས་མོས་མཐུན་མི་བྱེད།  སྐད་ཆ་དེ་དག་བཤད་དུས་ནི་ཉིན་ཁ་ཤས་ཀྱི་རྗེས་ཡིན་ཏེ་ཁོ་དང་གསལ་སྒྲོན་ཡང་བསྐྱར་ཐང་ཉལ་བྱེད་དུས་ཡིན། ཐེངས་དེར་གསལ་སྒྲོན་གྱིས་རས་ལྭའི་སྐ་རགས་ཀྱི་མདུད་པ་དམ་དུ་བསྡམས་ནས་ཞིང་གི་རྣང་མར་རྒྱབ་བསྙེས་ཀྱིས་འདུག་ཅིང་། ད་ནི་ཁྱོད་དང་ཐང་ཉལ་མི་བྱེད་ཁོ་ཐག་ཡིན། མི་ཁའི་དུག་གི་མཚོན་ཆ་དེ་བཟོད་ཐུབ་མི་འདུག་ཟེར། དེ་ལྟར་བཤད་རྗེས་གསལ་སྒྲོན་གྱིས་ཁོ་ལ་ཡང་བསྐྱར་སྦྲུལ་གླེང་བྱུང་། ཁོ་མོས་ཐེངས་དེར་སྦྲུལ་ཁོའི་ཁ་ནང་དུ་འཛུལ་འགྲོ་ཞེས་མི་བཤད་པར་དེ་ལས་ལྡོག་སྟེ་ཁོ་མོས་རྨི་ལམ་དུ་སྦྲུལ་ཆེན་པོ་ཞིག་རྨིས་ཤིང་། སྦྲུལ་དེ་རང་གི་གཟུགས་པོའི་ནང་དུ་འཛུལ་བ་རྨིས་བྱུང་ཟེར།     
          “གཟུགས་པོའི་སྟོད་ནས་འཛུལ་སོང་ངམ་སྨད་ནས་འཛུལ་སོང་།”ཁོས་དེ་ལྟར་ཀུ་རེ་རྩེད་མཚར་བཤད།          
          གསལ་སྒྲོན་ནི་མར་ནང་གྲོང་ཚོའི་མཛེས་མ་རྩེ་གྲ་དེ་ཡིན། ཡིན་ན་ཡང་ཁོ་ནི་མར་ནང་གྲོང་ཚོའི་ཕོ་གསར་རྫིག་ཤོས་དེ་མིན། ལོ་དེ་ལ་གསལ་སྒྲོན་ཁོ་དང་ཐང་ཉལ་བྱེད་དོན་ནི་ཁོས་ཁོ་མོར་“ང་མི་འགྱངས་བར་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་སྲིད་པས།  ཁྱོད་ཟླ་ཕོགས་ལེན་མཁན་གྱི་ཆུང་མ་བྱེད་མི་འདོད་དམ”ཞེས་མགོ་སྐོར་གྱི་སྐད་ཆ་སླུ་བྲིད་ཅན་དེ་བཤད་པས་ཡིན།        
          དེ་ལ་གསལ་སྒྲོན་གྱིས“ང་ལ་བསོད་ནམས་དེ་འདྲ་ཞིག་ཨེ་ཡོད་དམ”ཟེར།        
          ཁོས་“ཡོད”ཅེས་བཤད།       
          དེ་ནས་གསལ་སྒྲོན་ཁུ་སིམ་མེར་གྱུར་བ་དང་། རས་ལྭ་སྲབ་མོའི་སྐ་རགས་ཀྱི་མདུད་ཁུག་ལ་འཆང་བའི་ལག་པ་དབང་མེད་དུ་ལྷོད་ཙམ་བྱས་ཤིང་། སླར་ཡང་དམ་དུ་བསྡམས་ཙམ་བྱས་ནས་“ཁྱོད་ཀྱིས་ཁྲེལ་མེད་བྱས་ན་གངས་དཀར་གཡུ་སྒྲོན་མས་བལྟས་ཡོད་པ་འདི་རེད་ཨང”ཟེར།         
          ཁོས་ཁོ་མོའི་སྐ་རགས་བཤིགས་བཞིན་“བལྟས་ཡོད་ན་ཅི་རེད”ཅེས་དྲིས།      
          “ཁྱོད་ཀྱིས་ང་ལ་རྗེས་མ་ཁྲེལ་མེད་བྱས་ན། གཞི་བདག་གིས་རང་དགར་བསྐྱུར་མི་སྲིད”གསལ་སྒྲོན་གྱིས་ལོ་དེར་ཁོ་ལ་ཚིག་ཐག་ཆོད་པོས་དེ་ལྟར་ཐ་ཚིག་བསྒྲགས། 

གཉིས།
          ཁོས་ལོ་དེར་གསལ་སྒྲོན་ལ་ཁྲེལ་མེད་བྱས།         
          སྟོན་ལོ་སེར་བོ་རླུང་གིས་ཤོག་སྒྲ་དང་བཅས་སྤུར་ཏེ་ས་རུ་ཟགས་པའི་དུས་ཚིགས་དེར། མེ་ཏོག་གི་ནམ་ཟླའི་རྐང་རྗེས་སྔ་མོ་ནས་ཡལ་ཅིང་།  རྒྱང་རིང་གི་རི་སུལ་གྱི་རྩྭ་མགོ་སེར་བོར་གྱུར་ནས་སེར་ལམ་ལམ་བྱེད། གྲོང་ཚོའི་ཁོ་ར་ཁོར་ཡུག་ཀུན་ནས་གཡོགས་ཡོད་པའི་ཡུལ་སྡོང་གི་ཡལ་ཀ་དག་ལས་ལོ་མ་ལེབ་མོ་དེ་ཚོ་མཚམས་ཚིགས་མེད་པར་རེ་རེ་བཞིན་ག་ལེར་ས་རུ་འཐོར་ཡོང་བཞིན་འདུག་ལ།  དེ་ནི་ཆོས་ཐམས་ཅད་མི་རྟག་པའོ་ཟེར་བའི་འཛིན་མེད་གཟུགས་མེད་ཀྱི་གནས་ལུགས་དེ་གཟུགས་ཅན་དུ་སྤྲུལ་བའི་སྣང་བརྙན་དང་མཚུངས། ལོ་མ་སེར་པོ་དེ་དག་ས་རུ་ཟགས་རྗེས།  སླར་ཡང་རླུང་གིས་སྒུལ་ཏེ་ས་ཐོག་ནས་འཕྱོ་ཙམ་འཕྱོ་ཙམ་བྱེད། དེ་ནི་བྱ་གཤོག་ཐོགས་ཤིག་བར་སྣང་ནས་ས་ལ་ལྷུང་རྗེས་ཡང་བསྐྱར་མཐོ་རུ་འཕུར་འདོད་པའི་བཟོ་ལྟ་ཡིན་ངེས་ཤིང་།   ངང་ཚུལ་དེ་ནི་ཁོས་རང་གི་ལས་དབང་དང་ཤིན་ཏུ་འདྲ་པོ་ཡོད་པར་བསམས། ཁོས་སེར་བོར་གྱུར་བའི་སྟོན་ལོ་དེ་དག་ས་རུ་ཟགས་ཀྱང་ད་དུང་སྙིང་སྟོབས་ལ་ཉམས་པ་མེད་པར་མཐོ་སར་འཕུར་འདོད་བྱེད་པའི་ཧུར་བརྩོན་དེ་ལ་སེམས་ཀྱིས་བལྟས་ནས་ཡུན་རིང་སོང་རྗེས། རང་ཉིད་ཅིས་ཀྱང་མར་ནང་གྲོང་ཚོ་ནས་རྒྱང་དུ་གྱེས་དགོས་བའི་ཆོད་སེམས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་།        
          ཁོ་གྱེས་པའི་ཉིན་དེའི་ཞོགས་པར། མར་ནང་གྲོང་ཚོའི་མདུན་རི་གངས་དཀར་གཡུ་སྒྲོན་སྒང་གི་རྩེ་མོར་བ་མོ་ལྷུང་ནས་སྐྱ་སང་སང་ཏུ་སྣང་། ཁོས་རྡོག་ཁྲེས་སྟབས་བདེ་ཞིག་རྒྱབ་ཏུ་འཁུར་ནས་གྲོང་འདབས་ཀྱི་ཚེར་ཕུང་ཁུག་བརྒྱུད་ཅིང་དེ་ནས་ལུང་མདོའི་ཕྱོགས་སུ་འཐེན་ཡོད་པའི་ས་ལམ་སྐྱ་བོ་དེར་ཞུགས་ཏེ་ནུབ་ཕྱོགས་སུ་བསྐྱོད།         
          དེ་ལྟར་གྱེས་དུས། ཁོའི་དྲིན་ཆེན་ཕ་མ་རྣམ་གཉིས་དང་སྲིང་མོ་དག་གིས་ཁོ་ལ་གར་འགྲོ་གར་འདུག་གི་སྐད་ཆ་གསལ་བོ་ཞིག་དྲིས་མ་བྱུང་། ཕལ་ཆེར་ཁོ་ཚོ་ཁོ་འདི་ལྟར་གྱེས་འགྲོ་བར་སྔ་མོ་ནས་གོམས་ཡོད་པ་འདྲ། ལོ་བཅུ་ཕྲག་ཙམ་གྱི་རིང་ལ། ཁོ་འདི་ལྟར་མར་ནང་གྲོང་ཚོའི་ཕ་མ་སྤུན་མཆེད་དང་ཡང་དང་ཡང་དུ་གྱེས་ནས་སྔ་རྗེས་སུ་ཡུལ་ཚོའི་སློབ་ཆུང་དང་། རྫོང་མཁར་གྱི་སློབ་འབྲིང་། དེ་མིན་ཐག་རིང་གི་ཟི་ལིང་གྲོང་ཁྱེར་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭ་དེར་བསྐྱོད།  ལོ་དེ་དག་ཏུ། ཁོ་སློབ་གྲྭའི་གུང་གསེང་གི་སྐབས་སུ་མར་ནང་གྲོང་ཚོར་ལོག་ཡོང་དུས། ཡུལ་མི་རྣམས་ཀྱིས་“ནམ་ཡོང་བ་ཡིན་ནམ”ཞེས་འདྲི་བ་དང་། དེ་ནས་“ནམ་ཕྱིར་ལོག་དགོས”ཞེས་འདྲི་སྲིད། ཉམས་ཚུལ་དེ་ནི་ཁོ་ལ་དུས་ནམ་ཡང་ཕྱི་རོལ་ཅིག་ཏུ་ལོག་མལ་ཅིག་ཡོད་པ་དང་འདྲ་ལ། ཁོ་ཚོ་ཡང་ཁོའི་ནང་མི་དག་དང་འདྲ་བར་ལོ་དེ་དག་ཏུ་ཁོ་ཡང་ཡང་ལོག་ཡོང་ནས་ཡང་ཡང་གྱེས་འགྲོ་བར་གོམས་ཡོད་སྲིད།          
          ཡིན་ན་ཡང་། ལོ་དེར་ཁོ་འབྲིང་རིམ་སློབ་གྲྭ་དེ་ནས་མཐར་ཕྱིན་པ་དང་། ཕོགས་ཡོད་པའི་ལས་ཀ་འོས་མོ་ཅི་ཡང་རེག་མ་བྱུང་བས། ཁོས་རང་ཉིད་གང་ཞིག་ཏུ་འགྲོ་དགོས་པ་གཏན་ནས་མི་ཤེས། ཁོ་སྨུག་ལོང་ནང་གི་ཕྲུ་གུ་མགོ་འཁོར་ཞིག་དང་འདྲ། དེར་མ་ཟད་སེམས་ཀྱི་རྫ་མགོར་སངས་མཐའ་མེད་པའི་ཅི་ཞིག་འཐིབས་ནས་རང་གི་མདུན་ལམ་ཡང་གསལ་བོར་མི་མཐོང་། ཁོའི་རྨོངས་འཐོམ་འདི་ཕལ་ཆེར་སྐབས་དེར་མར་ནང་གྲོང་ཚོའི་མི་སུས་ཀྱང་རྟོགས་མི་སྲིད། ཁོ་ཚོས་དེ་ལས་ལྡོག་སྟེ་ཁོ་སློབ་མཐར་ཕྱིན་པའི་སྐད་ཆ་ཐོས་རྗེས་“ཨ་ཞི་ལི།  ཁྱོད་ནམ་ཞིག་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་བཅའ་རུ་འགྲོ་རྒྱུ་ཡིན་ནམ”ཞེས་ས་གང་ནས་འཕྲད་ཀྱང་དེ་ལྟར་འདྲི། ཁོས་མཚམས་རེར་གསལ་སྒྲོན་ལ་རང་གི་མི་ཚེའི་གནས་སྐབས་དེའི་རྨོངས་འཐོམ་གླེང་འདོད་ཀྱང་། ཁོ་མོས་ཁོ་ལ་“ཁྱོད་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་ན། ང་ཡང་ཁྱོད་དང་ལྷན་དུ་རྫོང་མཁར་ནས་སྡོད་དགོས་པ་རེད་དམ”ཞེས་དྲིས་ཡོང་བས། ཁོས་“ཁྱོད་ཀྱང་ང་ནང་བཞིན་གྲོང་ཁྱེར་གྱི་མི་རུ་འགྱུར་འགྲོ་བ་རེད” ཅེས་སྐད་ཆ་སླུ་བྲིད་ཅན་དེ་རིགས་ཁོ་ན་བཤད་པ་ལས་ཐབས་གཞན་མ་བྱུང་།         
          དེར་བརྟེན། མར་ནང་གྲོང་དང་གྱེས་ཁའི་ཞོགས་པ་དེར། ཁོས་སུ་ལ་ཡང་གྱེས་ཕྱག་ཞུས་མེད་ཅིང་། ཁོར་སྐྱེལ་མ་བྱེད་མཁན་ཡང་མེད། གྱེས་ཁའི་ཉིན་གཅིག་གི་སྔོན་དུ། ཁོ་གསལ་སྒྲོན་དང་ལམ་འཕྲད་ཐེངས་གཅིག་བྱུང་བ་དང་། ཁོ་མོས་ཁོ་ལ་“ཁྱོད་ཀྱིས་སང་ཉིན་ཉིན་གུང་ཚེར་ཕུང་ཁུག་ནས་ང་ལ་སྒུག་སྡོད་དང་། ང་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད”ཟེར།         
          ཡིན་ན་ཡང་། ཁོ་ཉིན་དེར་དབྱར་ཁའི་ཉིན་མོ་དེ་དག་བཞིན་དུས་ཆད་བཏབ་པ་ལྟར་ཁོ་གཉིས་ལྷན་དུ་ཐང་ཉལ་བྱེད་སའི་ཚེར་ཕུང་ཁུག་གི་ཞིང་ཁུག་དེར་བསྐྱོད་མེད། དེ་ལས་ལྡོག་སྟེ་ཁོས་རྡོག་ཁྲེས་སྟབས་བདེ་ཞིག་ཁུར་ནས་དེ་ལྟར་མར་ནང་གྲོང་དང་གྱེས།            
          ལོ་དེར། ཁོས་དེ་ལྟར་གསལ་སྒྲོན་ལ་ཁྲེལ་མེད་བྱས། ཁོས་མར་ནང་ལུང་མདོ་ནས་ཕྱིར་རང་གི་ལྟེ་ཁྲག་འཕོ་སའི་ཕ་ས་གོར་མོ་དེར་མིག་ལྟ་བྱེད་དུས། གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་དེ་ནི་བོད་ལྭ་གྱོན་པའི་བུད་མེད་ཅིག་ཐོ་ཡོར་སེ་འགྲེང་ནས་རྒྱང་ལྟ་བྱེད་པའི་ཉམས་གྱིས་ཁོ་ལ་མིག་སྐྱེལ་བྱེད་བཞིན་འདུག ཁོས་ལོ་དེར་གསལ་སྒྲོན་ལ་ཁྲེལ་མེད་བྱས་པས། གསལ་སྒྲོན་གྱིས་བཤད་པ་ནང་བཞིན་མར་ནང་ལུང་བའི་གཞི་བདག་དེས་ཁོ་རང་དགར་བསྐྱུར་མི་སྲིད་པ་ཁོ་ཐག་ཡིན་པ་འདྲ།         
          ཡིན་ན་ཡང་། ཁོས་ལོ་དེར་གསལ་སྒྲོན་ལ་མངལ་འཁོར་ཡོད་པ་གཏན་ནས་མི་ཤེས།           
          ཉིན་དེར་ཁོ་གསལ་སྒྲོན་ལ་ལམ་འཕྲད་བྱུང་དུས་ཁོ་མོར་རྣམ་ཀུན་དང་མི་འདྲ་བའི་རྣམ་འགྱུར་ཅི་ཡང་མི་འདུག་ལ།  ཁོ་མོས་ཁོ་ལ་“ཁྱོད་ཀྱིས་སང་ཉིན་ཉིན་གུང་ཚེར་ཕུང་ཁུག་ནས་ང་ལ་སྒུག་སྡོད་དང་། ང་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད”ཟེར། དེ་ཡང་ཁོའི་སེམས་སུ་ཁོ་མོས་ཡར་སྔོན་ནང་བཞིན་ཁོ་ལ་ཁྱོད་དོན་དམ་དུ་ནམ་ཞིག་ལ་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་ངེས་སམ་ཞེས་གཏིང་འདྲི་བྱེད་འདོད་ཡིན་ངེས་རེད་བསམས་པ་ལས། གཞན་སེམས་སུ་ཅི་ཡང་དྲན་རྒྱུ་མ་བྱུང་། ཁོ་མོས་དེ་ལྟར་བཤད་རྗེས་ད་དུང་ཅི་ཞིག་བཤད་རྩིས་བྱེད་ཀྱང་། སྲང་མདོ་ནས་གྲོང་ཚོའི་ནང་གི་ཕོ་གསར་རྫིག་ཤོས་རབ་བརྟན་གྱིས་རྟ་རྒན་ཞིག་གི་ཐུར་སྣེ་ནས་ཁྲིད་དེ་ཡར་བསླེབས་བྱུང་བ་དང་། དེ་མཐོང་བ་ན་གསལ་སྒྲོན་གྱིས་མགྱོགས་མྱུར་ངང་ཆུ་ཟོ་འཁུར་ཏེ་བུད་སོང་། ཁོས་གསལ་སྒྲོན་ཕར་བསྐྱོད་པའི་རྒྱབ་གཟུགས་ལ་མིག་སྐྱེལ་བྱེད་སྐབས།  ཆུ་ཡི་ཟེགས་མ་མང་པོ་ཞིག་ཁོ་མོའི་ཟོ་ཁ་ནས་འཕྱོ་སྟེ་ས་རུ་ཟགས་ཡོང་བ་མཐོང་།          
          གང་ལྟར་ཀྱང་། ལོ་དེར་ཁོས་དེ་ལྟར་གསལ་སྒྲོན་ལ་ཁྲེལ་མེད་བྱས་ནས་མར་ནང་གྲོང་ཚོ་དང་རྒྱང་དུ་གྱེས།                                                
གསུམ།         
          མཐོ་ས་ནས་བལྟས་ན།  ས་ཆེན་པོ་འདིའི་ཕྱོགས་ཐམས་ཅད་རི་རྒྱུད་ཀྱི་སྟར་པ་རེ་རེས་འཕྲེད་གཞུང་གང་རུང་དུ་གཏུབས་ཤིང་བཅད་ཡོད་པ་དང་། དེ་ནི་ལྷ་ཟེར་བའི་འཇིག་རྟེན་བྱེད་པོ་སུ་ཞིག་གིས་ཐར་དུ་གཅལ་བའི་ས་གཞི་འདི་ལྟེབས་གཉེར་བཟོས་ནས་ནམ་ཞིག་ལ་ཨམ་ཕྲག་ཏུ་བཅུག་ནས་འཁྱེར་འགྲོ་རྩིས་ཀྱི་བཟོ་ལྟ་མངོན་འདུག རི་རྒྱུད་ཀྱི་བར་སྟོང་དེ་དག་ནི་གངས་ཅན་བོད་པའི་ཕ་ས་སྟེ་མདོ་དབུས་མཐོ་སྒང་གི་ཕྱིའི་སྣོད་ཀྱི་བཀོད་པ་རེད། ཁོ་བྱེས་སུ་འཁྱམས་པའི་ལོ་ཟླ་དེ་དག་ཏུ། མདོ་དབུས་མཐོ་སྒང་གི་ཤར་མཐའི་རི་ཀླུང་དེ་དག་གངས་དཀར་སེམས་ཀྱི་ཡོལ་ངོར་ཡང་ཡང་འཆར་ཡོང་།    སུ་རུ་དང་སྤེན་མ་སོགས་སྐྱེས་དངོས་དམའ་མོ་དག་སྐྱེས་ཡོད་པའི་རི་སུལ་དེ་དག་དང་། དབྱར་ལ་སྤང་ལྗང་གུ་དང་དགུན་ལ་ཁ་བ་དཀར་པོས་གཡོགས་པའི་རི་ཡི་རྩེ་མོ་དེ་དག ད་དུང་གནས་དེའི་རྡོ་བ་དང་། ལབ་ཙེ།  གནག་ཕྱུག དེ་མིན་གྲོ་ཞིང་།  རླུང་ཁ་ན་ག་ལེར་གཡོ་བཞིན་པའི་ཡུལ་སྡོང་དང་ཡུལ་ཁྱིམ་གྱི་ཁང་ཀླད་དུ་བཙུགས་ཡོད་པའི་དར་ལྕོག་དེ་དག  དེ་ནི་ཅི་འདྲའི་ལྷོད་འཇགས་ཀྱི་ཞིང་ཁམས་ཤིག་རེད་ཨང་།        
          མཐོ་ས་ནས་བལྟས་ན། གངས་དཀར་གཡུ་སྒྲོན་མའི་སྒང་རྒྱུད་དེ་ནི་མར་ནང་གྲོང་ཚོའི་ལྷོ་ཕྱོགས་སུ་ཤར་ནས་ནུབ་ལ་འཐེན་འདུག་པ་དང་།  རི་རྒྱུད་དེ་ནི་བུད་མེད་ཅིག་ཙོག་པུར་བསྡད་དེ་ནུབ་ལ་རྒྱང་ལྟ་བྱེད་བཞིན་ཡོད་པའི་རྣམ་པ་ཞིག་ཡོད་ཅིང་། རི་ཡི་རྩེ་མོའི་གངས་དཀར་གཡུ་སྒྲོན་མའི་བཞུགས་མཁར་དུ་གྲགས་པའི་ལབ་ཙེ་དེ་ཡང་ཐག་རིང་ནས་བལྟས་ན་བོད་ལྭ་གྱོན་པའི་བུད་མེད་ཅིག་ཐོ་ཡོར་སེ་འགྲེང་ནས་རྒྱང་ལྟ་བྱེད་པ་དང་མཚུངས། མ་གཞིར། མར་ནང་གྲོང་ཚོའི་མདུན་རི་དེར་ངག་རྒྱུན་ཞེ་སྨྲེང་བ་ཞིག་ཡོད་དེ། དེ་ནི་ཡུལ་འདིའི་མི་རབས་ནས་མི་རབས་སུ་བརྒྱུད་ཡོང་བའི་ངག་རྒྱུན་ཞིག་ཡིན། དེ་ཡང་གངས་དཀར་གཡུ་སྒྲོན་མ་ནི་སྔོན་ཆད་ཡུལ་ཁམས་འདིའི་མི་ཚང་ཕྱུག་པོ་ཞིག་གི་སྲས་མོ་ཡིན་པ་དང་། དེ་དུས་གྲོང་ཚོའི་ནང་གི་ཕོ་གསར་ཚགས་བཟང་རྒྱུ་ནོར་གྱིས་དབུལ་བ་ཞིག་ལ་སེམས་པ་ཤོར་ནས་ལྐོག་ཏུ་ཕོ་གསར་དེ་དང་མཛའ་འབྲེལ་བྱུང་།  ཕྱིས་སུ་ཕོ་གསར་དེ་ཡུལ་འདིའི་དཔོན་པོ་ཞིག་གི་ལག་གཡོག་བྱས་ནས་སྟོད་ཉི་མ་ལྷ་སར་བསྐྱོད་པ་དང་། འགྲོ་ཁར་ཁོས་གངས་དཀར་གཡུ་སྒྲོན་མ་ལ་དུས་མི་འགྱངས་པར་ཕྱིར་ལོག་ངེས་པའི་དམ་བརྟན་པོ་བཅས་ཤིང་ཚིག་གསུམ་མནའ་ཡིས་བསྒགས་ཏེ་བསྐྱོད། ཡིན་ན་ཡང་། ལོ་གསུམ་གྱི་རྗེས་ནས་དཔོན་པོ་འཁོར་དང་བཅས་པ་ཕྱིར་ལོག་ན་ཡང་མོ་རང་གི་སྙིང་ཁོངས་ཀྱི་མི་དེ་ཕྱིར་ལོག་རྒྱུ་མ་བྱུང་། དཔོན་ཚང་གི་བཤད་སྒྲོས་ལ་ཕོ་གསར་དེ་ནག་ཆུའི་བྱང་ཐང་ནས་སྔོན་ལ་ལམ་ལ་སོ་ལྟ་བྱེད་དུ་མངགས་རྗེས་ཕྱིར་འཁོར་ཡོང་རྒྱུ་མ་བྱུང་ཟེར། གང་ལྟར་ཀྱང་ཁོ་མོའི་ཉིན་མཚན་ཀུན་ཏུ་སྒུག་པའི་ཕོ་གསར་དེ་ཕྱིར་ལོག་རྒྱུ་མ་བྱུང་། དེ་ནས་བཟུང་གངས་དཀར་གཡུ་སྒྲོན་མ་ཟེར་བའི་དཔོན་ཚང་གི་སྲས་མོ་དེ་གྲོང་ཚོའི་མདུན་རིའི་རྩེ་ལ་འགོས་ནས་དུས་རྒྱུན་དུ་ཐོད་པར་ལག་པ་བཞག་ནས་ཉི་མ་ནུབ་སའི་ཕྱོགས་སུ་རྒྱང་ལྟ་ཡང་ཡང་བྱས་ཤིང་། སེམས་ནང་གི་ཕོ་གསར་དེ་ཕྱིར་ལོག་ཡོང་བར་སྒུག ཡིན་ན་ཡང་ཕོ་གསར་དེ་དུས་གཏན་དུ་ལོག་ཡོང་རྒྱུ་མ་བྱུང་། ཕྱིས་སུ་གངས་དཀར་གཡུ་སྒྲོན་མ་ཡང་རི་ཡི་རྩེ་མོ་དེ་ནས་ཙག་གིས་ཕྱིད་པ་དང་། དེ་ནས་མི་རྣམས་ཀྱིས་གནས་དེར་ལབ་ཙེ་བརྩིགས་ཤིང་གངས་དཀར་གཡུ་སྒྲོན་མ་གཞི་བདག་ཏུ་བཀུར།  དེས་ཀྱང་དུས་ནམ་ཡང་དེ་ལྟར་ཐོ་ཡོར་སེར་འགྲེང་ནས་རང་གི་སྙིང་ཉེ་བའི་མི་དེར་སྒུག་བསྡད་ཡོད་སྐད།         
          ལོ་དེར། ཁོ་རྒྱང་དུ་གྱེས་རྗེས་གསལ་སྒྲོན་གྱིས་སྡེ་འདབས་ཀྱི་ཚེར་ཕུང་ཁུག་ནས་ཁོ་ཕྱིར་ལོག་ཡོང་བར་རེ་ལྟོས་ཆེན་པོ་བཅངས་ནས་བསྡད།        
          དང་ཐོག་ཁོ་མོ་ལྕི་བ་འཐུ་རུ་འགྲོ་བར་ཁ་གཡར་ནས་རྒྱབ་ཏུ་སླེ་བོ་ཁུར་ཅིང་ལག་ཏུ་ལྕགས་ཚེབ་ཐོགས་ནས་ཚེར་ཕུང་ཁུག་ཏུ་བསྐྱོད་དེ་ལུང་མདོའི་ཕྱོགས་སུ་འཐེན་པའི་ས་ལམ་སྐྱ་བོ་དེའི་ཕྱོགས་སུ་མིག་གིས་ཡང་ཡང་ལྟ། མཚམས་རེར་ས་ལམ་དེ་རུ་གཟུགས་བརྙན་ནག་རིས་རེ་འགུལ་བཞིན་ཡར་ཡོང་བ་མཐོང་ཚེ། དབང་མེད་དུ་སེམས་སྤྲོ་བས་བརྟས་ནས་མདུན་ཕྱོགས་སུ་རིང་ཙམ་བསྐྱོད། ཡིན་ན་ཡང་གཟུགས་བརྙན་དེ་རིམ་གྱིས་ཉེ་བར་བཅར་བ་དང་། དེ་ཁོ་མ་ཡིན་པ་མཐོང་བ་ན། གསལ་སྒྲོན་གྱི་སེམས་པ་འཁྱག་ནས་མིག་ནང་དུ་འཁྱིལ་བའི་མཆི་མ་ཡང་ས་ལ་ཟགས་སོང་། ཁོ་མོས་རང་གི་ཆེ་རུ་འབུར་ཡོང་བའི་ལྟེ་ཞབས་དེར་རེག་ཙམ་རེག་ཙམ་བྱེད་ཅིང་།  ནུབ་ཁའི་ཉི་འོད་ཀྱི་ཟེར་མའི་འོག་ནས་ནུབ་ཀྱི་ལུང་མདོའི་ཕྱོགས་སུ་ཡང་དང་ཡང་དུ་བལྟས། དེ་ལྟར་རེ་སྒུག་ཆེན་པོའི་ཁེངས་བའི་ཉིན་མོ་དེ་དག་ཏུ་མར་ནང་གྲོང་དུ་དགུན་གྱི་དུས་ཚོད་ཀྱང་བསླེབས་སོང་། ཁ་བ་ཡང་བབས་བྱུང་། ཁ་བས་ཡུལ་གྲུ་འདིའི་ཁོ་ར་ཁོར་ཡུག་ཀུན་ཡོངས་སུ་གཡོགས་ན་ཡང་གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་དེ་སྔར་བཞིན་དཀར་མདོག་གི་འཇིག་རྟེན་དེ་རུ་ནག་ཡོར་སེར་གནས་ཡོད་པ་མཐོང་ཐུབ། བཤད་རྒྱུན་དུ་ལབ་ཙེ་དེ་དུས་ནམ་ཡང་ཁ་བས་གཡོགས་མི་ཐུབ་ཟེར། དེ་ནི་དེའི་ནང་དུ་བཞུགས་ཡོད་པའི་གངས་དཀར་གཡུ་སྒྲོན་མའི་རྣམ་ཤེས་ད་དུང་གཞན་དུ་ཕྱིན་མེད་པར་སྔར་མལ་ནས་རང་གི་མཛའ་བོར་སྒུག་བསྡད་ཡོད་པས།  ལབ་ཙེ་ལ་མི་ཡི་ལུས་དྲོད་ཞུགས་ཡོད་ཅིང་། ཁ་བ་ཐོག་ཏུ་བབས་ཀྱང་དེ་མ་ཐག་ཞུ་འགྲོ་ཟེར།          
          ཡིན་ན་ཡང་། ལོ་དེར་གསལ་སྒྲོན་མར་ནང་གྲོང་འདབས་ཀྱི་ཚེར་ཕུང་ཁུག་ནས་ཁ་བའི་ནང་དུ་འགྲེང་སྟེ་ཁོར་སྒུག་དུས། ཁ་བས་དེ་མ་ཐག་ཁོ་མོའི་བོད་ལྭ་ཡོངས་སུ་བཀླུབས་བྱུང་བ་དང་། ཁོ་མོའི་མིག་ཟུང་གི་རྫི་མའི་ཐོག་ཏུ་ཡང་ཁ་བའི་འདབ་མ་བབས་བྱུང་།    
          “ཁྱོད་ཀྱིས་ད་དུང་འདི་ལྟར་སྒུག་ན། ད་ནི་གངས་དཀར་གཡུ་སྒྲོན་མ་ནང་བཞིན་ཙག་གིས་ཕྱིད་ངེས”གསལ་སྒྲོན་གྱི་ཨ་མ་བཟང་མོས་སེམས་ཀྱིས་མ་བཟོད་པར་ཚེར་ཕུང་ཁུག་ཏུ་ཡོང་ནས་རང་གི་བུ་མོ་ཁ་བའི་ནང་ནས་ཡར་འཐེན་པ་དང་། ཁོ་མོའི་ལུས་ཐོག་གི་ཁ་བ་དཀྲུགས་དཀྲུགས་བྱས།                
          “ཨ་མ། ཁོས་དངོས་གནས་ང་ལ་ཁྲེལ་མེད་བྱས་པ་ཡིན་ནམ”གསལ་སྒྲོན་གྱིས་སྐྱོ་སྣང་དང་བཅས་བཤད།   
          “ངའི་བུ་མོ་ལས་ཅི་འདྲའི་སྡུག་ཨང་།  གནའ་མི་ཚོའི་བཤད་སྲོལ་ཞིག་ལ་ཡུལ་ལྷའི་ཁྲེགས་ཀྱིས་མར་ནང་གྲོང་ཚོའི་སྐྱེས་པ་ཚོ་ས་ཐག་རིང་དུ་བསྐྱོད་ན་ཕྱིར་ལོག་ཐུབ་མེད་ཟེར། ང་ཚོའི་གཞི་བདག་གངས་དཀར་གཡུ་སྒྲོན་མའི་མཛའ་བོ་ཡང་ཕྱིར་ལོག་མ་བྱུང་བར་སྐད།  བུ་མོ་གཅེས་ཕྲུག་མ། ད་མི་དེར་ཞེ་མ་འཁྲེང་།  མངལ་ཁ་ཡང་གང་བཞིན་པ་འདི་རེད”ཨ་མ་བཟང་མོས་ཀྱང་སེམས་སྡུག་དང་བཅས་རང་གི་བུ་མོའི་ལག་པ་ནས་འཇུས་ཏེ་ཕྱིར་ཁྲིད།  གསལ་སྒྲོན་གྱི་ལག་པ་འཁྱག་པ་རྡོ་ལྟར་དྲོད་ཁོལ་ཅི་ཡང་མི་འདུག                
          “ཨ་མ། ཁོ་ཕྱིར་ལོག་རྒྱུ་བྱུང་ན་རྒྱལ་ཁབ་ཀྱི་ལས་བྱེད་པ་མིན་ཡང་ངས་ལེ་བདའ་ཅི་ཡང་བྱེད་མི་སྲིད། ད་ནི་ངས་གྲོང་ཚོའི་ནང་གི་མི་ཁ་དེ་བཟོད་ཐུབ་པ་མི་འདུག་ཨང” གསལ་སྒྲོན་གྱིས་དེ་ལྟར་བཤད་བཞིན་རང་གི་ཨ་མའི་ཕྱི་ལ་འབྲངས་ཏེ་གྲོང་ཚོའི་ནང་དུ་ལོག  ལོ་དེ་ལ། ཁ་བའི་ནང་དུ་ཁོ་མོའི་རྐང་རྗེས་འཐེན་བྱུང་ན་ཡང་།  ལྷབ་ལྷུབ་ཏུ་བབས་ཡོང་བའི་ཁ་བས་ཡུད་ཙམ་མ་འགོར་བར་རྐང་རྗེས་དེ་ཤུལ་མེད་དུ་བསུབས་སོང་།         
          གསལ་སྒྲོན་གྱི་མངལ་ཁ་གང་ནས་ཕྲུ་གུ་བཙའ་བའི་ཉིན་མོ་དེར། ཁོ་སྟོད་ཕྱོགས་མངའ་རིས་ཀྱི་གངས་རི་བརྒལ་ནས་རྒྱ་གར་ལ་འབྲོ་བཞིན་ཡོད། མར་ནང་གྲོང་གི་མི་རྣམས་ཀྱིས་ཁོ་ལ་“ཨ་ཞི་ལི།  ཁྱོད་ནམ་ཞིག་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་བཅའ་རུ་འགྲོ་རྒྱུ་ཡིན་ནམ”ཞེས་འདྲི། ལོ་དེ་ལ། ཕོགས་ཡོད་པའི་ལས་གྲལ་ཅིག་ཏུ་ཚུད་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན། སློབ་མཐར་ཕྱིན་རྗེས་ཁོ་ལ་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་བའི་ཐབས་ཤིག་གཏན་ནས་མ་བྱུང་བས། མར་ནང་གྲོང་ཚོ་དང་གྱེས་རྗེས་ཀྱི་ཟླ་བ་ཁ་ཤས་ཀྱི་རྗེས་ནས་ཁོ་དེ་ལྟར་རྒྱལ་མཚམས་བརྒལ་ཏེ་རྒྱུས་མེད་ཀྱི་རྒྱ་གར་ཡུལ་ཏུ་བསྐྱོད། དེ་ནི་རང་གི་ལས་དབང་ལ་བྲོས་བྱོལ་བྱེད་པ་ཞིག་ཡིན་ནམ།
          ལོ་ངོ་སྟོང་གི་རིང་དུ། བོད་པ་ཚོ་གངས་རི་བརྒལ་ནས་རྒྱ་གར་དུ་ཡང་ཡང་བསྐྱོད་མྱོང་།  དང་ཐོག་སྲོང་བཙན་སྒམ་པོའི་རིང་ལ་བོད་ཕྲུག་བློ་རྣོ་བ་བཅུ་དྲུག་ཕར་བསྐྱོད་ན་ཡང་།  ཚུར་ཐོན་མི་སམྦྷོ་ཊ་གཅིག་པུ་ལས་ལོག་རྒྱུ་མ་བྱུང་སྐད།  གངས་རི་བརྒལ་སྐབས། ཁོས་ཁ་བ་ཟད་ནས་ས་ནག་ཕྱིར་མངོན་ཡོད་པའི་གངས་ལམ་ཕྲ་མོ་དེ་དེད་ནས་བསྐྱོད་ཅིང་མི་ཅི་འདྲ་མང་པོ་ཞིག་གིས་ལམ་ཕྲན་འདི་བརྒྱུད་དེ་སྟོད་རྒྱ་གར་དུ་ཕྱིན་པ་ཡིན་ནམ་སྙམ་པ་དང་། ཡང་སེམས་སུ་རང་ཉིད་ནམ་ཞིག་ལ་གངས་ལམ་ཕྲ་མོ་འདི་བརྒྱུད་ནས་ཕྱིར་ལོག་ཡོང་ཐུབ་བམ་སྙམ། གངས་རིའི་ཉག་ཁ་དེ་ནས་ཁོ་དང་འགྲོ་རོགས་ཀུན་གྱིས་རླུང་རྟ་སྤུར་ནས་གསོལ་འདེབས་བྱས། ཉག་ཁ་དེའི་ཕར་ནང་ནི་ཆ་མེད་རྒྱུས་མེད་ཀྱི་མི་ཡུལ་ཡིན་པ་དང་། རང་གིས་རྒྱབ་ཏུ་བསྐྱུར་བའི་ཚུར་ནང་གི་ས་ཆེན་པོ་དེ་ནི་གངས་ཅན་བོད་པའི་ཕ་ས་རེད། གངས་རིའི་ཕ་རོལ་ཏུ་ཁོར་ལས་དབང་ཅི་འདྲ་ཞིག་གིས་སྒུག་ཡོད་དམ།        
          “མགྱོགས་ཙམ་བྱོས། ད་ནི་ཁ་བ་འབབ་རྒྱུ་ཡིན་པ་འདྲ། ཁ་བ་བརྒྱབ་ན་ལམ་ནོར་ཐེབས་ཉེན་ཡོད་པས་ཚང་མ་མགྱོགས་ཙམ་བྱོས”ལམ་པས་དེ་ལྟར་སྐུལ་བ་དང་། ཁོ་དང་འགྲོ་རོགས་ཚང་མ་དེ་མ་ཐག་གངས་རིའི་ཉག་ཁ་དེ་བརྒལ་ནས་ཕར་ཕྱོགས་སུ་བསྐྱོད།
         མཚམས་ཤིག་ལ་ཁ་བ་དངོས་གནས་བབས་བྱུང་། ཁོས་ཕྱི་མིག་ལྟ་དུས་ཁ་བའི་ངོས་སུ་ལུས་པའི་རང་གི་རྐང་རྗེས་དེ་ཟིམ་ཟིམ་འཇོ་ཡོང་བའི་ཁ་བའི་འདབ་མས་བསུབས་ཏེ་ཤུལ་མེད་དུ་བཟོ་བཞིན་པ་མཐོང་།    

བཞི།          
          དུས་མཐའི་སྐྱབས་མགོན་མར་ནང་སྤྲུལ་བའི་སྐུ་རིན་པོ་ཆེ་ཡི་<<འཁྲུངས་རབས་དུང་གི་སྒྲ་དབྱངས>>སུ། ཁོང་གི་ཡུམ་གྱི་མཚན་མོའི་རྨི་ལམ་དུ་ཤར་ཕྱོགས་ནས་འོད་ཆེན་པོ་ཞིག་བྱེ་བ་ཕྲག་བརྒྱར་བཀྱེས་ཡོང་བ་དང་ནམ་མཁའི་ལྷ་དང་ལྷ་མོ་འོད་ཀྱི་སྣང་བའི་ཀློང་ནས་རིམ་གྱིས་མངོན་ཏེ་ཆོས་ཀྱི་གསུངས་དབྱངས་སྙན་མོ་མཚམས་མེད་དུ་སྒྲོག མཚམས་ཤིག་ལ་ཀླུ་དཀར་པོ་རི་རབ་ཀྱི་གཏོས་དང་མཉམ་པ་ཞིག་འོད་ཀྱི་གཏིང་རིམ་ཞིག་ནས་ལྡེམ་གྱིས་འཁྱུག་པའི་འགྲོས་ཀྱིས་ཐོན་ཡོང་སྟེ། ཡུམ་གྱི་མཐའ་ལ་གཡས་བསྐོར་ལན་གསུམ་བརྒྱབ་པ་དང་། མཐའ་མར་འོད་ཟེར་སྟོང་གི་ཉག་མ་དང་བསྡོངས་ནས་ཡུམ་གྱི་ལྟེ་ཞབས་སུ་འཐིམས་པ་རྨིས་སོང་ཞེས་འཁོད་ཡོད། ཁོང་འཁྲུངས་བའི་ཉིན་མོ་དེར་ཡང་། མར་ནང་གྲོང་གི་མི་རྣམས་ལ་མཐོང་སྣང་མི་འདྲ་བ་རེ་བསྐྱེད་པ་དང་། ཁ་ཅིག་གིས་དགུན་གྱི་ནམ་ཟླ་དེར་ཤར་མཐའ་ནས་འབྲུག་སྒྲ་ཆེན་པོ་ཞིག་གྲགས་པ་ཐོས་སོང་སྐད། ཡང་ཁ་ཅིག་གིས་ཁ་བས་གྲོང་ཚོ་ཡོངས་སུ་གཡོགས་ཡོད་ན་ཡང་། ཁོང་འཁྲུངས་སའི་གཞིས་ཁྱིམ་གྱི་ཁང་ཀླད་དུ་ཁ་བ་ཞུ་ནས་རླངས་པ་ཡང་ཐོལ་ལི་ལི་འཕྱུར་ཡོང་བ་མཐོང་སོང་སྐད།  ཁ་ཅིག་གིས་ནམ་མཁའ་ནས་མེ་ཏོག་གི་འདབ་མ་ལྷབ་ལྷུབ་ཏུ་འཐོར་ཡོང་ཟེར། གང་ལྟར་ཀྱང་། ལོ་དེར་གསལ་སྒྲོན་གྱིས་ཕྲུ་གུ་སྐྱེས་པའི་ཉིན་མོ་དེ་ལོ་དུ་མའི་རྗེས་སུ་མར་ནང་སྤྲུལ་བའི་སྐུ་ཡི《འཁྲུངས་རབས་དུང་གི་སྒྲ་དབྱངས》སུ་འདི་ལྟར་འཁོད་ཡོད་པས། ཉིན་མོ་དེ་ནི་ཉིན་མོ་རང་ག་བ་ཞིག་ཡིན་མི་སྲིད།         
          ཡིན་ན་ཡང་། མོ་ལོ་བཅོ་བརྒྱད་ལ་སོན་ཙམ་གྱི་བུ་མོ་གསལ་སྒྲོན་གྱིས་ལོ་དེར་ཁྱམས་སྨད་ཀྱི་གཞོགས་ཁང་ཆུང་ཆུང་དེ་ནས་ཕྲུ་གུ་བཙའ་དུས། ཕྱིས་སུ་འཁྲུངས་རབས་སུ་འཁོད་ཡོད་པའི་ཐུན་མིན་གྱི་རྟགས་དང་ལྟས་དེ་དག་མཐོང་བའི་གོ་སྐབས་མ་བྱུང་། གསུང་རབ་ཏུ། མི་ཞིག་འཇིག་རྟེན་མི་ཡུལ་དུ་ཡོང་རྗེས་སྐྱེས་རྒ་ན་འཆིའི་སྡུག་བསྔལ་ལས་གཡོལ་ཐབས་མེད་ཟེར། ལོ་དེར་གསལ་སྒྲོན་གྱིས་ཕྲུ་གུ་བཙའ་བའི་སྡུག་བསྔལ་དེ་ནི་འཆི་བའི་འགག་སྒོ་ཐེངས་གཅིག་འགྲིམ་པ་ལྟར་ན་ཟུག་བཟོད་བླགས་མེད་པ་ཞིག་གི་དབང་དུ་གྱུར།        
          གསལ་སྒྲོན་གྱི་ཨ་མ་བཟང་མོ་དང་བུད་མེད་རེ་གཉིས་ཀྱིས་ཁོ་མོའི་མཐའ་ནས་བསྐོར་ཏེ་རང་རང་གི་ཉམས་མྱོང་ལྟར་གསལ་སྒྲོན་ལ་ཇི་ལྟར་ཤུགས་རྒྱག་དགོས་པ་སོགས་གསལ་འདེབས་བྱེད།                 
          “ཨ་མ། ངས་ན་ཟུག་བཟོད་ཐུབ་པ་མི་འདུག” དུས་ཚོད་ཁ་ཤས་ལ་ཤུགས་བརྒྱབ་ཀྱང་ངལ་བ་འབྲས་མེད་དུ་གྱུར་བའི་གསལ་སྒྲོན་གྱི་ཁ་ངོ་དང་གཟུགས་པོ་ཚང་མ་རྔུལ་ཆུས་ཡོངས་སུ་བརླན་འདུག དེ་བས་ཁོ་མོར་གཞི་ནས་ངུ་སྐད་ཤོར་ཅིང་། མིག་ཆུ་ཡང་ཕྲེང་ཐག་ཆད་པའི་མུ་ཏིག་གི་དོག་པ་བཞིན་མཁུར་ཚོས་བརྒྱུད་ནས་སྔས་མགོར་ཟགས་སོང་།                 
          “གཅེས་ཕྲུག་མ།  ཕྲུ་གུ་བཙའ་རྒྱུ་ལས་སླ་བོ་དེ་འདྲ་ཞིག་གང་ནས་ཡིན་ཨང་། ཤུགས་རྒྱོབ་དང་། ད་མགྱོགས་པོ་འདུག” ཨ་མ་བཟང་མོས་རང་གི་བུ་མོར་དེ་ལྟར་སྙིང་ཕུར་བརྡབས།            
          “ཁོས་ང་སྡུག་འདི་འདྲར་གཏད་པས།  རྗེས་མ་འཕྲད་ན་སོ་བཏབ་ནས་ཤ་ཁམ་གང་ཡིན་རུང་ཚུར་ལེན་དགོས།”གསལ་སྒྲོན་གྱིས་ཨམ་གཙིགས་བསྡམས་ནས་དེ་ལྟར་ཞེ་སྡང་གིས་བཤད།                
          “ཧོ་ཧོ་ཡ། གོ་ཐོས་ཡིན་ན་མི་དེ་སྟོད་རྒྱ་གར་ཡུལ་དུ་བྲོས་སོང་ཟེར། ད་ཁྱོད་ལ་མཆུ་ཏོ་རིང་པོ་དེ་འདྲ་ཞིག་ཡོད་དགོས་རྒྱུ་རེད་ཡ”གསལ་སྒྲོན་གྱི་ཨ་ནེས་སྐྲའི་ལན་བུ་རྒྱབ་ལ་གཡུགས་ནས་དེ་ལྟར་གད་མོ་ཤོར་སོང་།                    
          “ཨ་མ་་་་་”གསལ་སྒྲོན་གྱི་མིག་ཆུ་དང་རྔུལ་ནག་མཉམ་དུ་བཞུར་ནས་ཁོ་མོར་རང་ཉིད་བརླན་གཤེར་དེའི་ནང་དུ་སྦངས་ནས་ནུབ་འགྲོ་བའི་སྐྲག་དངངས་སྐྱེས་བྱུང་། ཁོ་མོར་དེ་ལྟར་སྐད་ཤོར་བ་དང་སེམས་ཀྱི་ཞེ་སྡང་དང་ལུས་ཀྱི་ན་ཟུག་གཉིས་ཀྱིས་མནར་ནས་ཨེན་ཙམ་མིན་ན་བརྒྱལ་ལ་ཁད་ཅིག་བྱས།           
          ཁོ་རྒྱ་གར་ཏུ་བྲོས་སོང་བའི་སྐད་ཆ་དེ་གསལ་སྒྲོན་གྱིས་ཕྲུ་གུ་བཙའ་བའི་ཉི་མ་དེར་གཞི་ནས་དེ་ལྟར་ཐོས་བ་རེད། ཨ་ནེས་སྣང་མེད་ཀྱིས་བཤད་པའི་སྐད་ཆ་དེ་ཐོས་རྗེས་མལ་སའི་ནང་ནས་གསལ་སྒྲོན་གྱི་ལུས་སྟོབས་རིམ་གྱིས་ཟད་པ་དང་།  ད་ནི་ཤུགས་རྒྱག་པའི་ནུས་པ་མེད་སོང་།  ཁོ་མོ་སད་ནག་གིས་བཅོམ་པའི་མེ་ཏོག་ཅིག་དང་འདྲ་བར་འདབ་ལོ་ཚང་མ་རིམ་གྱིས་རྙིད་པར་འགྱུར་བའི་བཟོ་ལྟ་མངོན་ཡོང་། ཡིན་ན་ཡང་ཕྱིས་ཀྱི་སྤྲུལ་སྐུའི《འཁྲུངས་རབས་དུང་གི་སྒྲ་དབྱངས》སུ་འདིའི་སྐོར་ཅི་ཡང་འཁོད་མི་འདུག                
          “ཨ་མ། ང་འདི་ལྟར་ཤི་རྒྱུ་ཡིན་པ་འདྲ།”ཨ་མའི་ལག་པར་དམ་པོར་འཇུས་ཡོད་པའི་གསལ་སྒྲོན་གྱི་ལག་པའི་མཛུབ་མོ་དག་རིམ་གྱིས་ལྷོད་པར་གྱུར་ཅིང་། ཁོ་མོས་དབུགས་ལྷེམ་ལྷེམ་ངང་མིག་འབྱེད་མ་ཟུམ་གྱིས་དེ་ལྟར་བཤད། དུས་དེར་གསལ་སྒྲོན་གྱི་མཐའ་བསྐོར་ཡོད་པའི་བུད་མེད་དེ་དག་གཞི་ནས་དངངས་འཚབ་སྐྱེས་བྱུང་། ཁོ་ཚོས་གསལ་སྒྲོན་ཕྱི་དྲོ་ཞིག་གི་རིང་ལ་དེ་ལྟར་ན་ཟུག་གིས་མནར་བ་དེ་སྔོན་ཆད་སོ་སོས་ཕྲུ་གུ་སྐྱེས་དུས་བརྒྱུད་མྱོང་བའི་ན་ཟུག་དེ་རིགས་ཡིན་པར་རིགས་འདེད་བྱས་ཤིང་། ད་དུང་མཚམས་རེར་ན་ཟུག་གིས་བརྒྱལ་ལ་ཁད་བྱེད་པའི་གསལ་སྒྲོན་ལ་ཀུ་རེ་རྩེད་མཚར་ཀྱང་བཤད། ཡིན་ན་ཡང་། གསལ་སྒྲོན་དེ་ལྟར་རིམ་བཞིན་འདབ་མ་རྙིངས་བཞིན་པའི་མེ་ཏོག་ཅིག་དང་འདྲ་བ་མཐོང་རྗེས། ཉམས་མྱོང་ཅན་གྱི་བུད་མེད་དེ་ཚོ་གཞི་ནས་དངངས་འཚབ་ལངས་སོང་།          
          ཉིན་མོ་དེ་མ་གཞི་ནས་ཉིན་མོ་རང་ག་བ་ཞིག་མ་ཡིན་པ་འདྲ་སྟེ། གསལ་སྒྲོན་དེ་མ་ཐག་ཤིང་རྟ་འཁོར་ལོའི་འཁོར་སྒམ་དུ་བཞག་ནས་ཡུལ་ཚོའི་སྨན་ཁང་དུ་འཁྱེར། ཕྱིས་སུ་གྲོང་མི་རྣམས་ཀྱིས་ཕྱིར་དྲན་བྱས་པ་ལྟར་ན། མར་ནང་གྲོང་ཚོའི་ནང་སྔོན་ཆད་སྦྲུམ་མ་ཞིག་དེ་ལྟར་སྨན་ཁང་དུ་འཁྱེར་བ་ཐེངས་དང་པོ་ཡིན་ཟེར། གང་ལྟར་ཀྱང་།           གསལ་སྒྲོན་གྱི་ཕ་རྒན་བློ་བཟང་གིས་གདོང་པ་ནག་རོག་གེར་དྲེལ་སྔོ་ལྡང་དེར་སྒ་བརྟད། སྲབ་བསྐོན། གློ་འཐེན་པ་དང་། དེ་ནས་ཤིང་རྟ་འཁོར་ལོ་བརྒྱབ་རྗེས་འཁོར་སྒམ་ནང་དུ་རྩྭ་སྐྱ་བཏིང་བ་དང་། དེའི་སྒང་ལ་གདན་བཏིང་། གསལ་སྒྲོན་སྐབས་དེར་ཡར་ལངས་ནས་གོམ་པ་སྤོ་བའི་ལུས་སྟོབས་ཀྱང་མེད་པས།  ཁོ་མོ་མི་ཀུན་གྱིས་གདན་ཁུད་དུ་བཀྱགས་ནས་གཞིས་ཁྱིམ་གྱི་ཕྱིར་ཐོན་ཡོང་སྟེ་འཁོར་སྒམ་དུ་བཞག            
          ཁ་བའི་འབབ་ཞོད་ཇེ་ཆེར་གྱུར་འདུག ཁ་བ་ནི་བྱེའུའི་གཤོག་སྒྲོ་བཞིན་ལྷབ་བ་ལྷུབ་བེར་སྐྱ་མོག་གེར་ཡོད་པའི་བར་སྣང་གི་བྲང་ཁོག་དོག་མོའི་པང་བ་ལས་མར་ལྷུང་ཡོང་ནས། གསལ་སྒྲོན་གྱི་ལུས་ཐོག་ཏུ་གཡོགས་པའི་འགྱིག་ཤོག་གི་ཐོག་ཏུ་ཟགས་པ་དང་། དེ་མ་ཐག་དེ་གར་ཁ་བའི་བང་རིམ་ཞིག་ཆགས་མགོ་བརྩམས་སོང་། ངང་ཚུལ་དེ་ནི་ལོ་དེར་སྤྲུལ་སྐུ་འཁྲུངས་དུས་མི་ཁ་ཅིག་གི་མཐོང་སྣང་དུ་བྱུང་བའི་གཞིས་ཁྱིམ་གྱི་ཀླད་དུ་ཁ་བ་ཞུ་ནས་རླངས་བ་ཐིལ་ལི་ལི་བྱེད་ཟེར་པ་ལྟར་མ་ཡིན་ཏེ། མ་མཐའ་ཡང་གསལ་སྒྲོན་གྱི་ཨ་མ་བཟང་མོས་དེ་ལྟར་མཐོང་མ་བྱུང་། ཁོ་མོས་རང་གི་བུ་མོའི་ལུས་ཐོག་ཏུ་ལྷུང་ཡོང་བའི་ཁ་བ་དེ་དག་ཕར་ཕྱག་ཙམ་ཕྱག་ཙམ་བྱས།            
          ཁོའི་ཕ་རྒན་སྙན་གྲགས་ཁ་བ་བབས་པའི་ཉིན་དེར་ཚེར་ཕུང་ཁུག་གི་འདབས་རོལ་གྱི་དཀྱོགས་ལམ་དེ་ནས་གཞི་ནས་གསལ་སྒྲོན་དྲུད་འགྲོ་བའི་ཤིང་རྟ་འཁོར་ལོའི་རྗེས་ཟིན། ཁ་བའི་འདུ་འཛིའི་ཀློང་ནས་ཁོས་གསལ་སྒྲོན་གྱི་ཕ་བློ་བཟང་དང་མ་བཟང་མོ། དེ་མིན་གསལ་སྒྲོན་གྱི་ཕུ་བོ་འབྲུག་བྱམས་བཅས་ཀྱི་རྒྱབ་གཟུགས་མཐོང་། ཁོའི་ཕ་རྒན་དབུགས་ཧལ་ཧལ་གྱིས་ཤིང་རྟ་འཁོར་ལོའི་རྗེས་ཟིན་དུས་ཨེན་ཙམ་མིན་ན་རྡོག་འདྲེད་ཤོར་ནས་ཐང་ལ་བརྡབས།                 
          “ངས་གོ་མ་ཐག་ལམ་སེང་ཐོན་ཡོང་པ་ཡིན”སྙན་གྲགས་ཀྱིས་དེ་ལྟར་གསལ་སྒྲོན་གྱི་ཁྱིམ་མི་ཚོར་བཤད།               
          “ཁྱོད་ཀྱིས་གོ་བ་ལས་ཁྱོད་ཀྱི་ཐན་ཕྲུག་དེས་གོ་ན་རབ་རེད”གསལ་སྒྲོན་གྱི་ཕ་བློ་བཟང་གིས་དེ་ལྟར་གདོང་བ་ནག་རོག་གེར་ལན་བཏབ།               
          “ད་ཐན་ཕྲུག་བརྒྱ་ཡིན་རུང་ངའི་ཐན་ཕྲུག་རེད།  བུ་ལོན་ཅི་ཡོད་ན་ངས་གསབ་ཆོག” ཁོའི་ཕ་རྒན་གྱིས་དེ་ལྟར་དགོངས་དག་ལྟ་བུ་ཞིག་ཞུས།         
          “ཁྱོད་ཀྱིས་གསབ་ཐུབ་བམ། གསབ་ཐུབ་ན་ཁྱོད་ངའི་བུ་མོའི་མག་པར་འདུག་རྒྱུ་ཡིན་ནམ”བློ་བཟང་གི་སྐད་མགོ་ཇེ་མཐོར་གྱུར་སོང་།                  
          “བློ་བཟང་།  སྐད་ཆ་ཡོད་ན་ཡག་པོར་བཤད་ཆོག  སྙིང་འཕྱས་དེ་འདྲ་མ་གཏོང” ཁོའི་ཕ་རྒན་གྱི་སྐད་མགོ་ཡང་ཇེ་མཐོར་གྱུར་སོང་།            
          “ངས་སྙིང་འཕྱས་བཏང་བ་ཡིན།  ཁྱོད་ཀྱིས་ཅི་བྱའམ།  ཁྱོད་ཀྱི་ཁྱི་ཕྲུག་དེ་སྡུག་ཤི་རྒྱོབ་ཤོག གལ་ཏེ་མ་ཤི་བར་ནམ་ཞིག་ལ་ངའི་མདུན་དུ་ཡོང་ན་ངས་དེའི་ཤུན་ལྤགས་ཚ་མོར་བཤུ་ངེས།  ཁྱོད་ཀྱིས་ཅི་བྱའམ”གསལ་སྒྲོན་ཕ་རྒན་གྱིས་དྲེལ་རྒན་སྔོ་ལྡང་གི་སྲབ་མདའ་བུ་འབྲུག་བྱམས་ཀྱི་ལག་ཏུ་བཞག་ནས་ཚུར་ངར་ཤུགས་ཀྱིས་ཤོར་ཡོང་ནས་བཤད་པ་དང་། ཁོའི་སྨིན་མ་སྟུག་པོ་དེའི་སྣེ་མོ་ཡང་ཡར་འཕྱོ་ཙམ་འཕྱོ་ཙམ་བྱེད་ཅིང་། ཁ་ཆུའི་ཟེགས་མ་མང་པོ་ཞིག་སྙན་གྲགས་ཀྱི་གདོང་དུ་འཐོར་ཡོང་།                    
          “ཨ་རོགས་བློ་བཟང་། ངའི་བུ་ཡང་ཅི་བཤད་ཀྱང་ཤ་ལས་མཆེད་པའི་བུ་ཕྲུག་ཡིན། དེས་མི་ཚད་ད་ལྟ་མི་ཡུལ་ས་མཐའ་ཞིག་ན་སྐྱིད་སྡུག་ཆ་མེད་དུ་ཡོད།  ཁྱོད་ཀྱིས་ད་དུང་དེ་ལྟར་དམོད་བོར་དང་། ངས་རང་དགར་མི་བསྐྱུར” ཁོའི་ཕ་རྒན་ཡང་ཁོང་ཁྲོ་ལངས་བྱུང་།          
          ཉིན་དེར། གསལ་སྒྲོན་ཤིང་རྟའི་འཁོར་སྒམ་དུ་ཟུག་གཟེར་གྱིས་མནར་ནས་རྣམ་ཤེས་ལུས་ཀྱིས་མི་ལྕོག་པའི་སྐབས་སུ་རང་གི་ཕ་རྒན་དང་ཁོའི་ཕ་རྒན་གཉིས་དེ་ལྟར་ཛ་དྲག་ཆེན་པོའི་ཁ་འཛིང་གི་དབང་དུ་གྱུར་བ་ཐོས། ཁོ་མོ་ཡར་ལངས་འདོད་ཀྱང་ལུས་ཤུགས་ཅི་ཡང་མི་འདུག སྐད་རྒྱག་བསམས་ཀྱང་ངག་ནས་སྒྲ་ཅི་ཡང་ཐོན་མ་ཐུབ།                 
          “ཁྱོད་ཐལ་བ་འགམ་དུ་ཡོང་ངམ། ཨ། ད་དུང་རྗེས་དེད་ནས་ཤོག་དང་ངའི་སྐེད་ཀྱི་གློ་གྲིས་ཁྱོད་ངོ་ཤེས་འདུག་མི་ཤེས”གསལ་སྒྲོན་གྱི་ཕ་རྒན་བློ་བཟང་གིས་ཁོའི་ཕ་རྒན་སྙན་གྲགས་ལ་ཕུད་རྒྱག་ཅིག་བྱས་པ་ན། དེ་ཁ་བའི་ནང་དུ་རྐང་འདྲེད་ཤོར་ནས་ཀན་རྐྱལ་དུ་བརྡབས་སོང་།           
          “ཨ་ཕ། ཁྱོད་མནའ་བཅད་གཉིས་འདི་ལྟར་འཛིང་རེས་བྱས་ན་གྲོང་མིའི་གོ་ན་ངོ་མི་ཚའམ།”བུ་འབྲུག་བྱམས་དེ་མ་ཐག་ཚུར་རྒྱུགས་ཡོང་ནས་བར་གཤོལ་བའི་སྐད་ཆ་དེ་འདྲ་བཤད་པ་དང་། ཁོས་ཨ་ཁུ་སྙན་གྲགས་ས་ནས་ཡར་བསྐྱོར་བཞིན་“ཨ་ཁུ་སྙན་གྲགས། ད་ཁྱོད་ཕྱིར་རྒྱུགས། ངའི་སྲིང་མོ་སྐྱེས་ཁག་པོར་འཕྲད་ཡོད་དུས།  མགྱོགས་ཙམ་འགྲོ་རྒྱུ་གལ་ཆེ”ཟེར།          
          སྐད་ཆ་དེ་འདྲ་ཐོས་སྐབས། ཁོའི་ཕ་རྒན་སྙན་གྲགས་གཞི་ནས་སྐད་ཆ་མེད་པར་གྱུར་སོང་པ་དང་རང་སོར་ནས་ཐོ་ཡོར་བཞིན་འགྲེང་ནས་བསྡད། རེད་ཨང་། བུ་མོ་གསལ་སྒྲོན་འཆི་གསོན་གྱི་གནད་འགག་ལ་འཕྲད་དུས། ཁོ་གཉིས་དེ་ལྟར་ཁ་བའི་ནང་ནས་འཛིང་རེས་བྱེད་པ་ནི་ཅི་འདྲའི་མི་འོས་པ་ཞིག་རེད་ཨང་།           
          ཁ་བའི་འབབ་ཞོད་ཇེ་ཆུང་ལ་འགྲོ་བའི་བཟོ་ལྟ་ཅི་ཡང་མི་འདུག མར་ནང་གྲོང་ཚོའི་མི་ཁ་ཤས་ཀྱི་མཐོང་སྣང་དུ་ཤར་བའི་ནམ་མཁའ་ནས་མེ་ཏོག་གི་འདབ་མ་འཐོར་ཡོང་ཟེར་བ་དེ་ནི་མ་གཞིར་ཁ་བའི་འདབ་མ་འདི་དག་ལ་འཁྲུལ་བ་ཡིན་ནམ། གསལ་སྒྲོན་གྱི་ཨ་མ་བཟང་མོས་འགྱིག་ཤོག་ཡར་བཀྱགས་ཏེ་ནང་དུ་དབུགས་ལྷེམ་ལྷེམ་བྱེད་བཞིན་ཡོད་པའི་གསལ་སྒྲོན་ལ་མིག་གིས་ལྟ་དུས། མིག་ཆུའི་དོག་པས་གསལ་སྒྲོན་གྱི་གདོང་བ་ཡོངས་སུ་བརླན་ཡོད་པ་མཐོང་བ་དང་། ཁོ་མོས་རང་གི་རྩུབ་རེག་ཅན་གྱི་ལག་པས་བུ་མོའི་མིག་ཆུ་འབྱིད་བཞིན་“ངའི་གཅེས་ཕྲུག་མ།  ཧུར་ཐག་བྱོས་དང་།  སྨན་ཁང་ལ་བསླེབ་ན་སྐྱོན་ཡོད་མི་སྲིད”ཅེས་སེམས་ཤུགས་སྤྲད།       
          “ངའི་བུ་མོར་བདེ་སྡུག་རེ་བྱུང་ཚེ། ངས་སྙན་གྲགས་ཁྱོད་ཀྱི་ཐན་ཕྲུག་དེ་རང་དགར་མི་བསྐྱུར་ཁོ་ཐག་ཡིན”ལོ་དེར་ཁོའི་ཕ་རྒན་ཁ་བའི་ནང་ནས་འགྲེང་སྟེ་གསལ་སྒྲོན་དྲུད་འགྲོ་བའི་ཤིང་རྟ་འཁོར་ལོར་མིག་སྐྱེལ་བྱེད་དུས། གསལ་སྒྲོན་གྱི་ཕ་རྒན་བློ་བཟང་ཁ་ཕྱིར་འཁོར་ནས་ཁོའི་ཕྱོགས་སུ་སྡིགས་མཛུབ་བཙུགས་དེ་དེ་ལྟར་བཤད་པ་ཐོས།                                                       
            ལྔ།           
          ལོ་དེར། གསལ་སྒྲོན་ཡུལ་ཚོའི་སྨན་ཁང་ནས་དེ་མ་ཐག་མྱུར་སྐྱོབ་རླངས་འཁོར་དུ་བཞག་ནས་རྫོང་སྨན་ཁང་དུ་སྐྱེལ། ཡུལ་ཚོའི་སྨན་ཁང་གི་སྨན་པས་ཕ་རྒན་བློ་བཟང་ལ་“ཁྱོད་ཀྱི་བུ་མོའི་གཟུགས་པོ་སྐྱོ་བོ་འདི་འདྲ་ཇི་ལྟར་ཆགས་པ་རེད་དམ། མངལ་འཁོར་ཡོད་དུས་བཟའ་བཏུང་གི་འཚོ་བཅུད་མཁོ་བ་མི་ཤེས་སམ”ཞེས་གཤེ་གཤེ་བཏང་བྱུང་བ་དང་“ད་ནི་ཕྲུ་གུ་གཤག་ནས་ལེན་རྒྱུ་ལས་ཐབས་མི་འདུག  རྫོང་སྨན་ཁང་དུ་མྱུར་དུ་སྐྱོལ”ཟེར།               
          “ཁོ་མོ་སེམས་སྡུག་གིས་འདི་འདྲར་གྱུར་པ་རེད་ཨང”ཨ་མ་བཟང་མོས་འགྲམ་ནས་དེ་ལྟར་སྐད་ཤུགས་ཆུང་ངུས་ཆིག་ལབ་ལྟ་བུ་ཞིག་བརྒྱབ་པ་དང་། དེ་ནས་གསལ་སྒྲོན་གྱི་ཐོད་པའི་སྐྲ་ལོ་དེ་དག་གཞོགས་གཉིས་སུ་བྱིལ་བྱིལ་བྱས། རང་གི་མིག་ཆུ་ཡང་དབང་མེད་དུ་བུ་མོའི་གདོང་དུ་འཐོར་བ་མཐོང་བྱུང་།        
          ལོ་དེར། རྫོང་མི་དམངས་སྨན་ཁང་དུ་གསལ་སྒྲོན་གྱི་ལྟེ་ཞབས་སུ་རྨ་ཁ་ཆེན་པོ་ཞིག་གཤགས་རྗེས་སྨན་པ་ཚོས་ཕྲུ་གུ་དམར་འབྱར་ཞིག་བཏོན་ཡོང་བ་དང་། གཤག་བཅོས་ཁང་གི་ཕྱི་ལོགས་ཀྱི་ཁང་བའི་བར་ཁྱམས་སུ་ཡོད་པའི་ཕ་བློ་བཟང་དང་མ་བཟང་མོ།  བུ་འབྲུག་བྱམས་བཅས་ཀྱིས་ཕྲུ་གུ་ཞིག་གི་ཐོག་མའི་ངུ་སྐད་དེ་སྨན་ཁང་གི་བར་སྟོང་དག་ཏུ་གྲགས་ཡོང་བ་ཐོས།         
          ལོ་ཁ་ཤས་ཀྱི་རྗེས་ནས། ཕྲུ་གུ་དེ་མདོ་སྨད་མར་ནང་ཡུལ་ཕྱོགས་ཀྱི་སྐྱབས་མགོན་གཅིག་པུ་སྟེ་དུས་ཀྱི་དབང་གིས་ཀུན་གྱི་མགོན་དུ་བྱོན་པའི་སྤྲུལ་བའི་སྐུ་མར་ནང་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་བྱུང་།          
          ཁོང་གི<<འཁྲུངས་རབས་དུང་གི་སྒྲ་དབྱངས>>སུ། ཉིན་དེར་གསལ་སྒྲོན་གྱིས་རྫོང་སྨན་ཁང་དུ་སྤྲུལ་སྐུ་བལྟམས་པའི་ངང་ཚུལ་འདི་ལྟར་འཁོད་ཡོད་དེ། ཁོང་གིས་ཀྱང་བདག་ཅག་གི་མཉམ་མེད་སྟོན་པ་གང་དེ་དང་ཐོག་མི་ཡུལ་དུ་བལྟམས་པའི་ངང་ཚུལ་ལྷུར་བཞེས་ཀྱིས་ཡུམ་གྱི་རྩིབས་མའི་བར་ནས་ཐོན་སོང་ཟེར། གང་ལྟར་ཀྱང་ལས་དང་བསོད་ནམས་ཀྱི་དབང་གིས་བུ་མོ་གསལ་སྒྲོན་གྱིས་ལོ་དེར་སྟོན་པའི་ཡུམ་སྒྱུ་འཕྲུལ་མ་བཞིན་བཙས་མ་ཐག་པའི་ཕྲུ་གུ་དམར་འབྱར་དེ་བཞག་ནས་ཕྱི་མའི་འཕྲང་རིམ་འགྲིམ་དགོས་མ་བྱུང་།  ཁོ་མོ་སྨན་ཁང་དུ་བདུན་ཕྲག་གཅིག་ལ་བསྡད་པ་དང་། དེའི་རིང་ལ་འགྱིག་གི་སྦུ་གུའི་ནང་ནས་འཚོ་བཅུད་ཀྱིས་ཁེངས་བའི་སྨན་ཆུ་དྭངས་མོ་དེ་ཁོ་མོའི་ཚེ་སྲོག་གི་འདབ་མ་རྙིད་པར་འགྱུར་བཞིན་པའི་མེ་ཏོག་གི་རྩ་ལམ་དུ་བཞུར་ཏེ། ཡར་སྔོན་གྱི་བཀྲག་མདངས་ཀྱང་སླར་སོས་ཙམ་བྱུང་སོང་།            
          གསལ་སྒྲོན་སྨན་ཁང་དུ་སྡོད་པའི་སྐབས་སུ། ཁོའི་ནང་མི་སུ་ཡང་ཁམས་བདེ་འདྲི་རུ་མ་ཡོང་། ཉིན་དེར་ཁ་བའི་ནང་གི་ཁ་འཛིང་ལག་འཛིང་དེའི་རྗེས་ནས་མ་གཞིར་མནའ་བཅད་ཡིན་པའི་ཁྱིམ་ཚང་དེ་གཉིས་གྱོད་ཡར་གྱུར།  བུ་ཆུང་དྲན་པའི་གདུང་བའི་གཟིར་བའི་ཁོའི་ཨ་མ་ཐར་མོས་རང་གི་ཁྱོ་ག་སྙན་གྲགས་ཀྱི་ངག་ནས་བློ་བཟང་གིས་རང་གི་བུ་ལ་དེ་ལྟར་དམོད་མོ་བོར་བ་ཐོས་རྗེས་“མི་ངན་དེའི་ཁ་ཐལ་བས་ཆོད”ཟེར་བ་དང་། དེ་ནས་“སྐལ་བ་འགྱུར་ན།  དོན་འདི་འདྲ་ཡང་ང་ཚོར་ངན་ཁག་འགེལ་ཡོང་། ད་ནས་བཟུང་དེ་ཚང་དགྲ་ཡི་གྱོད་ཡར་མི་འཛིན་རུང་གཉེན་གྱི་དཔུང་ཡར་མི་འགྱུར་བར་ཤོག”ཅེས་ཁོང་ཁྲོ་ཆེན་པོས་སླ་ང་དང་ཐོམ་བུར་ཁྲོག་སྒྲ་སྒྲོག་བཞིན་བཤད་བྱུང་།         
          གསལ་སྒྲོན་གྱིས་རྫོང་སྨན་ཁང་ནས་ཕྲུ་གུ་བཙའ་བའི་ཉིན་མོ་དེར། ཁོ་སྟོད་ཕྱོགས་མངའ་རིས་ཀྱི་ས་མཐའ་ཞིག་ནས་གངས་རི་བརྒལ་ཏེ་རྒྱ་གར་ཏུ་འབྲོ་བཞིན་ཡོད། ས་མཚམས་ནས་གོམ་པ་ཕར་སྤོས་པ་ཙམ་གྱིས། ཁོ་རང་གངས་དཀར་གཡུ་སྒྲོན་མས་ཇི་ལྟར་སྒུག་ཀྱང་ཕྱིར་ལོག་རྒྱུ་མེད་པའི་མི་དེ་ནང་བཞིན་དུ་གྱུར་སོང་། མ་གཞིར་མར་ནང་གྲོང་ཚོའི་ཕྱི་རོལ་ཏུ་ཐོན་ནས་རྒྱང་ལ་གྱེས་མཁན་གྱི་མི་དག་གི་ལས་དབང་ནི།  སྔ་མོ་སྔ་མོ་ཞིག་ནས་བཟུང་དེ་ལྟར་ཡུལ་དེའི་གཞི་བདག་གི་བརྩེ་དུང་གི་གཏམ་རྒྱུད་དེའི་ཐག་བཅད་ཚར་ཡོད་པ་ཡིན་ནམ། དེ་ནི་གསལ་སྒྲོན་གྱི་ཨ་མ་བཟང་མོས་ལབ་པའི་ཁྲེགས་ཟེར་བ་དེ་ཡིན་ནམ། ལོ་དེར་ཁོ་དེ་ལྟར་རྒྱལ་མཚམས་བརྒལ་ནས་ཕར་བསྐྱོད་དུས། རང་ཉིད་དུས་ནམ་ཞིག་ལ་གངས་ལམ་བརྒྱུད་ནས་ཕྱིར་ལོག་ཐུབ་བམ་སྙམ་པ་དང་། མདུན་ཕྱོགས་སུ་མིག་གིས་ལྟ་དུས་གོམ་པ་ཁ་ཤས་ཀྱི་མཚམས་ན་འགུལ་བཞིན་པའི་འགྲོ་རོགས་དག་གི་རྒྱབ་གཟུགས་ཙམ་ལས་ཡོད་ཚད་དེ་ལྟར་སྨིག་ལོང་གིས་བཏུམས་ནས་རབ་རིབ་ཏུ་གྱུར་འདུག རེད་ཨང་། ལོ་དེ་དག་ལ་ཁོ་ནི་སྨིག་ལོང་ནང་གི་ཕྲུ་གུ་མགོ་འཁོར་ཞིག་དང་འདྲ།  རབ་རིབ་ཀྱི་སྨིག་ལོང་དེ་ཁོའི་སེམས་གྱི་རྫ་མགོར་འཐིབས་ནས་སངས་མཐའ་མེད། ཁོས་རང་གིས་དེ་ལྟར་ས་མཚམས་ཀྱི་གངས་རི་བརྒལ་ནས་རྒྱུས་མེད་གཞན་ཡུལ་སྙེགས་པ་དེ་ཡང་ཡང་དག་ཅིག་ཡིན་མིན་ལ་ཐག་གཅོད་རང་བཞིན་གྱི་བསྡོམས་ཚིག་ཅི་ཡང་འགོད་མ་ཐུབ།    
          ཉིན་དེར། ཁོས་གངས་ལམ་གྱི་ཉག་ཀ་དེ་བརྒལ་སྐབས། ཕྱི་མིག་གི་ལམ་ནས་རང་གི་ཕ་མ་རྣམ་གཉིས་དང་ཕུ་ནུ་སྤུན་མཆེད་དག་གི་ངོ་གདོང་ཞེ་ལ་འཁྲེང་བྱུང་།  ལོ་ངོ་བཅུ་ཕྲག་ཙམ་གྱི་རིང་ལ། ཁོ་ཕ་མ་སྤུན་མཆེད་དང་ཡང་ཡང་གྱེས་ནས་མར་ནང་ལུང་བའི་ཕྱི་རོལ་གྱི་སློབ་གྲྭ་དེ་དག་ཏུ་བསྐྱོད། ཁོ་ཚོ་ཡང་ཁོ་དེ་ལྟར་ཡང་ཡང་གྱེས་པར་གོམས་ཡོད། འོན་ཀྱང་།  ཁོ་དེ་ལྟར་བོས་ན་རྣ་ཡིས་མི་གོ་བ་དང་བལྟས་ན་མིག་གིས་མི་རིག་པའི་རྒྱུས་མེད་ཀྱི་མི་ཡི་ལུང་པ་ས་ཐག་དེ་འདྲ་རིང་པོ་ཞིག་ཏུ་གྱེས་འགྲོ་བ་ཁོ་ཚོའི་བསམ་པའི་རྒྱ་ལ་ཡང་འཆར་ཡོད་མི་སྲིད། ཁོ་དེ་ལྟར་ཡང་ཡང་གྱེས་ནས་ཡང་ཡང་ལོག་ཡོང་པས། ཁོ་ཚོས་ཐེངས་དེར་ཡང་ཁོ་གྱེས་ཐེངས་སྔོན་མ་ནང་བཞིན་ཕྱིར་ལོག་ཡོང་ངེས་པར་རིགས་འདེད་བྱས་ཡོད་ངེས། ཐ་ན་རིགས་འདེད་ཀྱང་བྱས་མེད་ལས་ཆེ་སྟེ་ངང་ཚུལ་དེ་འདྲར་གོམས་ཡོད་པས་རིགས་འདེད་ཀྱང་བྱེད་མི་དགོས་པ་འདྲ།     
          དོན་དམ་དུ་འཇིག་རྟེན་འཚོ་བའི་ནང་གི་དོན་མང་པོ་ཞིག་ནི་རིགས་འདེད་ཀྱིས་རྟོགས་ཐུབ་པ་ཞིག་ཡིན་ནམ།   
          མར་ནང་ལུང་བ་ནས་ཐོན་ཁའི་ཉིན་མོ་དེའི་ཞོགས་པར། ཁོས་ཞོགས་པའི་ཉི་ཟེར་ཁོ་ཚང་གི་གཞིས་ཀའི་གྲུ་ཟུར་གྱི་ཁང་ཀླད་དུ་རྩེང་ཡོད་པའི་དར་ལྕོག་དེའི་ཐོག་འཕྲོས་ཡོད་པ་མཐོང་ཞིང་། དར་ལྕེ་ཟད་པོ་དེ་འགུལ་ཙམ་ཡང་མི་བྱེད། ཁོའི་ཨ་མ་ཐར་མོས་ཁྱམས་ར་ན་ཚ་བསུར་ཕུད་ཅིང་ཁ་ནས་མ་ཎི་འདོན་མཚམས་བཞག་སྟེ་ཕྱི་སྒོར་ཐོན་བཞིན་པའི་ཁོའི་རྒྱབ་གཟུགས་ལ་ཕྱོགས་ནས་“དོན་དག་མེད་ན་ཕྱིར་སྔ་ཙམ་ལོག་ཤོག”ཅེས་བཤད་བྱུང་། ཚ་བསུར་གྱི་བསུང་ངད་ཅིག་མཁའ་དབུགས་ཁྲོད་ཁྱབ་ཡོང་བ་དང་གོམས་འདྲིས་སུ་གྱུར་བའི་དྲི་མ་དེ་ལོ་ངོ་དུ་མའི་རྗེས་ནས་ཁོའི་ས་མཐའ་ནས་མིག་ཟུང་བཙུམ་ཏེ་སྣོམ་ཙམ་བྱས་ཀྱང་ད་དུང་ཡང་སྣོམ་བྱེད་ཀྱི་དབང་བོས་ཚོར་ཐུབ་པ་འདྲ། ཁོ་ཕྱི་ལ་ཐོན་དུས་སྒོ་ཁའི་ཁྱི་ཁུང་ནང་ཀུམ་ཀུམ་གྱིས་ཉལ་ཡོད་པའི་ཁྱི་རྒན་དེས་ཀྱང་མགོ་བོ་མགྱོགས་ཙམ་ཡང་མི་བྱེད། དེ་ལྟར་སྣོད་བཅུད་ཡོད་ཚད་རྟེན་འབྲེལ་གྱིས་བསྡེབས་པའི་རྒྱུན་ལྡན་གྱི་སྟོན་མཇུག་གི་ཞོགས་པ་དེ་ལ། ཁོ་ཡུལ་སྡོང་གི་ཡལ་ཀ་ནས་ཟགས་ཡོང་བའི་ལོ་མ་སྐམ་པ་དེ་དག་གི་ཐོག་སྤོ་བཞིན་མར་ནང་ལུང་བ་དང་གྱེས། ཉིན་དེར་གངས་ལམ་བརྒལ་སྐབས་ཁོ་དབང་མེད་དུ་རང་གི་ཕ་མ་སྤུན་མཆེད་དག་ལ་ཞེ་འཁྲེང་བྱུང་། མི་ཚེ་འདིར། ཁོ་ཚོ་དང་ཁྱིམ་ཚང་གཅིག་གི་སྐྱེས་བ་བླངས་ན་ཡང་། ཁོ་དེ་ལྟར་ཁོ་ཚོ་དང་བརྩེ་མེད་ཀྱིས་བྲལ་ནས་ཐག་རིང་མི་ཡུལ་དུ་གྱེས་སོང་། ཁོ་ནི་ཅི་འདྲའི་མི་ཁྲེལ་མེད་ཅིག་རེད་ཨང་།    
          གངས་ལམ་བརྒལ་བའི་ཉིན་དེར། ཁ་བའི་འདུ་འཛིའི་ཀློང་ནས་ཁོས་ད་དུང་གྲོང་ཚོའི་ནང་གི་བུ་མོ་གསལ་སྒྲོན་ཡིད་ལ་དྲན་བྱུང་། བུ་མོ་གསལ་སྒྲོན་ལ་མ་བཅོས་ལྷུན་གྱིས་གྲུབ་པའི་སྨིན་མ་པིར་གྱིས་བྲིས་པ་ལྟ་བུ་ཞིག་ཡོད་ཅིང་། ཡིད་འོང་གི་སྨིན་མ་དེ་ཁོས་ཇི་ལྟར་བྲིས་ཀྱང་རི་མོར་འཁྱོངས་མ་ཐུབ། ཁོ་མོས་མིག་གིས་ཡོན་པོར་ལྟ་བའི་འཛུམ་པའི་བཞིན་རས་དེ་ཡིད་ལ་དྲན་ཡོང་དུས་སེམས་སུ་སུ་ཞིག་གིས་སྦར་བགྲད་བྱེད་པ་ནང་བཞིན་ན་ཟུག་བཏང་ཡོང་། ཁོ་གཉིས་མཉམ་དུ་བཤིབས་པའི་ཟླ་བ་གཉིས་ཀྱི་རིང་ལ། གསལ་སྒྲོན་གྱིས་གྲོང་ཚོའི་ནང་གི་མི་ཁ་དེ་འདྲ་མང་པོ་ཞིག་རྒྱབ་ཏུ་བསྐྱུར་ནས་ཁོ་དང་མཉམ་དུ་མར་ནང་ཞིང་ཁུག་ནས་ཡང་ཡང་འཛོམས་པ་དང་། ཁོ་མོས་ངལ་རྩོལ་གྱིས་རྩུབ་རག་ཅན་དུ་བསྒྱུར་བའི་ལག་སོར་གྱིས་མཚམས་རེར་ཁོའི་སྐྲ་ལོ་རིང་པོ་དེ་གཞོགས་གཉིས་སུ་ཤད་པ་དང་། དེ་ནས་དགོད་པའི་སོ་ཕྲེང་དཀར་པོ་ཕྱི་རུ་ངོམས་བཞིན་“གྲོང་ཚོའི་ནང་དུ་ཁྱོད་མ་གཏོགས་སྐྲ་ལོ་རིང་པོ་འདི་འདྲ་ཞིག་འཇོག་པའི་མི་ཞིག་ཡོད་དམ” ཟེར།       
          “ཡིན་ན་ཡང་། ང་ཁྱོད་ཀྱི་སྐྲ་ལོ་རིང་པོ་འདིར་དགའ་པོ་འདུག” གསལ་སྒྲོན་གྱིས་དེ་ལྟར་ཟེར།       
          “ཁྱོད་ངའི་སྐྲ་ལོར་དགའ་བ་མ་རེད། ང་ལས་བྱེད་པར་འགྱུར་རྒྱུ་དེར་དགའ་པོ་ཡོད་པ་རེད”ཁོས་དེ་ལྟར་ཁོ་མོར་ཟུར་ཟ་བྱས་མྱོང་།       
          “དང་ཐོག་དེ་འདྲ་ཡིན་ཡང་། ད་ནི་ཁྱོད་ཞིང་ལས་བ་ཡིན་ཡང་ང་དགའ་པོ་ཡོད”གསལ་སྒྲོན་ཁོར་དམ་པོར་འཐམ་ནས་དེ་ལྟར་བཤད་པ་དང་། “ཡིན་ན་ཡང་།  ཁྱོད་ལས་བྱེད་པར་གྱུར་ཚེ། ང་ལས་བྱེད་པའི་ཆུང་མར་འགྱུར་ངེས་ལ། དེ་དུས་ངེད་གཉིས་ལ་མི་ཁ་གཏོང་མཁན་གྱི་གྲོང་མི་དེ་དག་མིག་སེར་གྱིས་འཆི་ལ་ཁད་བྱེད་ངེས”གསལ་སྒྲོན་གད་མོ་དགོད་པ་དང་སྐད་ཆ་དེ་ནི་རང་གིས་རང་ལ་ལབ་བཞིན་ཡོད་པ་དང་མཚུངས། ལོ་དེ་ལ། གསལ་སྒྲོན་གྱིས་སྐྲ་ལོ་རིང་པོར་བསྐྱུར་བའི་ཁོ་དང་ལྷན་དུ་གྲོང་ཚོའི་ནང་གི་སྲོལ་རྒྱུན་དང་འགལ་བའི་ལས་དེ་འདྲ་བསྒྲུབས་ཤིང་། མར་ནང་གྲོང་འདབས་ཀྱི་ཞིང་ཁུག་ནས་ཁོ་དང་ཐང་ཉལ་ཡང་ཡང་བྱས། དེ་བས་གྲོང་ཚོའི་ནང་དུ་ཁོ་གཉིས་ཀྱི་མི་ཁ་རླུང་ལྟར་གཡུགས་ཤིང་། རླུང་ཇི་ལྟར་ཤུགས་ཆེ་ན་ཁོ་གཉིས་ཀྱི་བརྩེ་དུང་གི་དར་ལྕོག་དེ་ལྟར་ལྷབ་ལྷུབ་ཏུ་བསྐྱོད།     
          ལོ་དེ་ལ། ཁོ་མར་ནང་གྲོང་ཚོ་ནས་རྨས་ཕོག་པའི་བྱ་གཤོག་ཐོགས་ཤིག་དང་མཚུངས་པར་ལུས་སྐབས། གསལ་སྒྲོན་གྱི་ཞི་འཇམ་དང་། གསལ་སྒྲོན་གྱི་བརྩེ་དུང་གིས་ཁོའི་རྨ་ཁ་ལ་བྱིལ་བྱིལ་ཡང་བྱས་མྱོང་། ཡིན་ན་ཡང་། ཁོས་དེ་ལྟར་མར་ནང་གྲོང་ཚོའི་མཛེས་མ་རྩེ་གྲ་དེར་ཁྲེལ་མེད་བྱས། གངས་ལམ་བརྒལ་སྐབས། ཁོ་གསལ་སྒྲོན་ལ་ཡང་སེམས་པ་འཁྲེང་ཙམ་བྱུང་། ཁོ་ནི་མི་ཅི་འདྲའི་ཁྲེལ་མེད་ཅིག་རེད་ཨང་།    
          གང་ལྟར་ཀྱང་། གསལ་སྒྲོན་གྱིས་ཕྲུ་གུ་བཙའ་བའི་ཉིན་མོ་དེར་ཁོས་སྟོད་ཕྱོགས་མངའ་རིས་ཀྱི་ས་མཚམས་ཤིག་ནས་གངས་ལམ་བརྒལ་བཞིན་ཡོད་ཅིང་། སེམས་ནང་དུ་རང་གིས་རང་ལ་ལེ་བདའ་བྱེད་བཞིན་ཡོད། 

དྲུག    
          གསལ་སྒྲོན་གྱིས་རྫོང་སྨན་ཁང་ནས་ཕྲུ་གུ་བོད་ལྭའི་རུམ་ལ་བཅུག་ནས་ཁྱིམ་དུ་ལོག་རྗེས། ཉིན་ཞིག་ཕྲུ་གུ་རློ་ནུ་དེ་སློག་པ་དྲོན་མོའི་རུམ་དུ་བཅུག་ནས་སྡེ་བའི་གོང་སྟོད་ཀྱི་འཕྲེད་ལམ་དེ་དེད་ནས་ལུང་བའི་ཕུ་རུ་ཆགས་ཡོད་པའི་མར་ནང་དགོན་པ་སྙེགས་ནས་སོང་། ཁོ་མོ་ཕྲུ་གུར་མིང་ཞིག་སློང་བར་བསྐྱོད།  གྲོང་སྟོད་ཀྱི་ལམ་མགོ་དེ་ནས་གསལ་སྒྲོན་གྲོང་ཚོའི་ནང་གི་ཕོ་གསར་རྫིག་ཤོས་རབ་བརྟན་ལ་འཕྲད། ཕོ་གསར་དེ་ཁོ་ཚང་གི་རྟ་ཕོ་རྐྱང་དམར་དེར་བཞོན་ནས་དགོན་པའི་འཕྲེད་ལམ་དེ་ནས་མར་རྟ་ལ་ཡོབ་སྒུལ་གྱིས་གོམ་པ་འཁྱེར་ནས་བསླེབས་ཡོང་བ་དང་། ཁོ་ཡོང་ཤུལ་གྱི་ལམ་དུ་ས་རྡུལ་སྐྱ་བོ་ཞིག་ལིང་ལོང་དུ་འཕྱུར་ཡོང་། 
          དེ་ལ་གསལ་སྒྲོན་གྱིས་ལག་རས་ཀྱི་སྣེ་མོས་རང་གི་ཁ་གཅོད་བཞིན་ལམ་གཟུར་ནས་བསྐྱོད། ཁོ་གཉིས་དེ་ལྟར་ལམ་འཕྲད་བྱུང་རྗེས། ཕོ་གསར་རབ་བརྟན་གྱིས་རྟ་ཁ་གཅུ་བཞིན་གསལ་སྒྲོན་མ་བུ་གཉིས་ལ་བསྐོར་བ་གཅིག་བརྒྱབ་པ་དང་། དེ་ནས་རྟ་ཁ་བསྒག་སྟེ་རྟ་གོང་ནས་གཟུར་འདུག་ཅིག་བྱས་ཤིང“གསལ་སྒྲོན། ཁྱོད་ཀྱི་ལས་བྱེད་ཁྱོ་ག་གང་ལ་བུད་སོང་ངམ”ཞེས་འདྲི་ཞིང་གད་མོ་དགོད ། དགུན་གྱི་ཉི་འོད་ཀྱི་འོག་ཏུ་ཁོའི་ཡ་སོའི་ཐོག་ཤན་ཡོད་པའི་གསེར་སོ་དེར་གསེར་འོད་ལམ་ལམ་འཁྱུག  རྟ་རྐྱང་དམར་གྱིས་ལག་འདྲེད་བྱེད་ཅིང་སྣ་ཕུ་འདེབས་པ་དང་སྣ་ཁུང་ནས་རླངས་པ་སྐྱ་བོ་ཞིག་མཁའ་དབུགས་ཁྲོད་ཐོན་ཡོང་ལ།  རྟ་དེས་མགོ་བོ་ཐོལ་གྱིས་ཡར་གཡུགས་ཙམ་བྱས་ཤིང་ཨེན་ཙམ་མིན་ན་གསལ་སྒྲོན་གྱི་པང་གི་ཕྲུ་གུར་ཐོགས་བྱུང་།         
           གསལ་སྒྲོན་དེ་མ་ཐག་ཕྱི་སྣུར་དང་བཅས་“རབ་བརྟན།  ངའི་ཁྱོ་ག་གང་ལ་སོང་མིན་ཁྱོད་ལ་ཇུས་གཏོགས་མེད”ཅེས་བཤད་པ་དང་། དེ་ནས་མུ་མཐུད་དུ་ལམ་དུ་ཞུགས་ནས་མདུན་དུ་བསྐྱོད།          
          སྔོན་ཆད། གསལ་སྒྲོན་ནི་གྲོང་ཚོའི་ནང་གི་མཛེས་མ་རྩེ་གྲ་དེ་ཡིན། རབ་བརྟན་ནི་གྲོང་ཚོའི་ནང་གི་ཕོ་གསར་རྫིག་ཤོས་དེ་ཡིན། དེ་དུས་གྲོང་མི་རྣམས་ཀྱིས་ཁོ་གཉིས་ནི་ནམ་མཁའི་ལྷ་དང་ལྷ་མོ་མི་ཡུལ་དུ་བྱོན་པ་དང་འདྲ་ཟེར་བ་དང་། ཁོ་གཉིས་ནི་ཨ་འགྲིག་ཆ་འགྲིག་རེད་ཟེར་ཅིང་། མི་འགྱངས་པར་ཕོ་མོ་གཞོན་ནུ་དེ་གཉིས་ལྷན་དུ་བཤིབས་ངེས་པར་རིགས་འདེད་བྱེད། ཡིན་ན་ཡང་། འཇིག་རྟེན་འདིའི་དོན་བྱ་ཡོད་ཚད་རིགས་འདེད་ཇི་བཞིན་འབྱུང་བའི་ངེས་པ་མེད་པ་འདྲ། ལོ་དེ་དག་ལ།  རབ་བརྟན་གྱི་སེམས་སུ་ཡང་གསལ་སྒྲོན་ནི་རང་གི་མ་འོངས་པའི་ལས་ཀྱི་ཐོད་པའི་ཁ་ཡིག་ཏུ་བབས་པའི་ཆུང་མ་དེ་ཡིན་པར་འཆར་ཡན་ཡང་ཡང་བྱས་མྱོང་། འོན་ཀྱང་རིགས་འདེད་དེ་ཡོད་ཚད་ཕྱིས་སུ་ཁོ་འབྲིང་རིམ་སློབ་གྲྭ་དེ་ནས་མཐར་ཕྱིན་ཏེ་ཕྱིར་མར་ནང་ལུང་བར་ལོག་རྗེས་ཀྱི་དབྱར་ལྗོངས་དེར་རྨེག་མེད་དུ་བཏང་སོང་། ཁོས་གསལ་སྒྲོན་ལ་“ཁྱོད་ལས་བྱེད་པའི་ཆུང་མ་བྱེད་མི་འདོད་དམ”ཞེས་སླུ་བྲིད་ཅན་གྱི་སྐད་ཆ་བཤད་ཅིང་། ལག་སོར་གྱིས་རང་གི་སྐྲ་ལོ་རིང་པོ་དེ་གཞོགས་གཉིས་སུ་ཤད་ཙམ་ཤད་ཙམ་བྱས།           
          ཕྱིས་སུ་གསལ་སྒྲོན་ཁོ་དང་ལྷན་དུ་མར་ནང་གྲོང་འདབས་ཀྱི་ཚེར་ཕུང་ཁུག་ནས་ཐང་ཉལ་ཡང་ཡང་བྱས།          
          རབ་བརྟན་གྱིས་ཉིན་དེར་ཡང་བསྐྱར་རྟ་ཕོ་རྐྱང་དམར་ལ་ཡོབ་སྒུལ་བྱས་ཏེ་གསལ་སྒྲོན་གྱི་ཕྱི་རྗེས་སུ་ཡར་སྙེག་ཙམ་བྱས་པ་དང་། “ཕྲུ་གུ་ཐང་ལ་དེ་ང་ལ་སྟོན་ཙམ་བྱོས་དང་། ག་རེ”ཟེར་བཞིན་རྟ་གོང་ནས་མར་སྒུར་ཏེ་ལག་པ་བསྲིངས་ཡོང་ནས་གསལ་སྒྲོན་གྱི་རུམ་ཁ་འབྱེད་རྩིས་བྱས།         
          གསལ་སྒྲོན་གྱིས་ཞེ་སྡང་གིས་རབ་བརྟན་གྱི་ལག་པ་ཕར་ཕུད་པ་དང་། “རབ་བརྟན།  ཁྱོད་ཀྱིས་མི་ལ་བརྙས་བཅོས་མ་བྱེད་ཨང”ཟེར་བཞིན་མུ་མཐུད་དུ་ལམ་དུ་བསྐྱོད།         
          རབ་བརྟན་གྱིས “གསལ་སྒྲོན།  ཁྱོད་ད་ལྟ་བློ་འགྱོད་ཆེན་པོ་སྐྱེས་བཞིན་ཡོད་རྒྱུ་རེད་ལ”ཞེས་མུ་མཐུད་དུ་ཟུར་ཟ་བྱེད།               
          “ང་ལ་འགྱོད་པ་རྟ་རྔ་ཙམ་ཡང་མི་སྐྱེས། དེ་ལས་ལྡོག་སྟེ་ངས་རང་གི་ཕྲུ་གུའི་ཕ་ཁྱོད་མིན་པ་དེར་ལས་མཁྱེན་གནམ་མཁྱེན་ཞུ་བཞིན་ཡོད”གསལ་སྒྲོན་གྱིས་དེ་ལྟར་ཞུམ་མེད་དུ་རབ་བརྟན་ལ་ཁ་རྡུང་བཏང་།                  
          “ཕེ། གསལ་སྒྲོན། ང་ཁྱོད་ལྟ་བུའི་ཁྱི་མོ་ཞིག་གི་ཁྱོ་ག་མ་བྱས་པ་དེ་ཡང་གངས་དཀར་གཡུ་སྒྲོན་མས་བསྐྱབས་པ་རེད”རབ་བརྟན་གྱིས་ཞེ་སྡང་གིས་རྟ་ཡི་གྲུག་མདོར་ལྕག་གིས་ཚ་ཐག་ཆོད་པ་གཅིག་གཞུས་པ་དང་།  རྟ་ཕོ་རྐྱང་དམར་དེ་མདུན་དུ་ཐོལ་གྱིས་མཆོངས་རྒྱུགས་ཤིག་གིས་ཐག་ཚད་ཙམ་དུ་ཤོར་སོང་། དེ་ནས་རབ་བརྟན་གྱིས་རྟ་ཁ་ཕྱིར་གཅུས་ཏེ་མར་ཡོང་བ་དང་། བོད་ལྭའི་རུམ་ནས་རྒྱང་ཤེལ་ཞིག་བཏོན་ཡོང་སྟེ།  དེ་མིག་ཁར་བཞག་ནས་གསལ་སྒྲོན་ཡར་ཡོང་བར་ལྟ་བཞིན་“ཁྱོད་གཉིས་ཁྱི་ཁྱི་མོ་ཐང་ཉལ་བྱེད་དུས།  ངས་གངས་དཀར་གཡུ་སྒྲོན་སྒང་ནས་འདི་ལྟར་བལྟས་ཏེ་མཐོང་ཡོད། ཧ་ཧ་ཧ” ཁོས་དེ་ལྟར་ཧབ་དགོད་ཅིག་བརྒྱབ་པ་དང་། དེ་ནས་རྟ་ལ་ལྕག་གིས་སྐུལ་ཏེ་གསལ་སྒྲོན་གྱི་ཉེ་ས་ནས་རྡུལ་འཚུབ་སེ་གྲོང་ཚོའི་ཕྱོགས་སུ་རྒྱུགས་སོང་།           
          ལོ་དེར། གསལ་སྒྲོན་གྱིས་མ་ཁར་སོ་བཏབ་ཅིང་རང་གི་པང་གི་ཕྲུ་གུ་ཤུགས་ཀྱིས་བསྡམས་ཙམ་བྱས།  ཁོ་མོས་གཞི་ནས་དང་ཐོག་ཁོ་དང་ལྷན་དུ་མར་ནང་ཞིང་ཁུག་ནས་ཐང་ཉལ་བྱེད་དུས། གསང་བ་དེ་ཕྱི་ལ་སྒྲོག་མཁན་ནི་ཁོས་རིགས་འདེད་བྱས་པ་ནང་བཞིན་ཨ་མ་རི་མོ་མ་ཡིན་ལ། ཁོ་མོའི་སེམས་སུ་དྲན་པ་བཞིན་གངས་དཀར་གཡུ་སྒྲོན་མའི་སྒང་གི་ལབ་ཙེ་དེ་ཡང་མ་ཡིན་པ་རྟོགས། ལོ་དེའི་དབྱར་ཀར་ཁོ་དང་ཁོ་མོ་གཉིས་མར་ནང་གྲོང་འདབས་ཀྱི་ཞིང་གི་རྣང་མའི་བར་ནས་ཐང་ཉལ་བྱེད་དུས། རབ་བརྟན་ཟེར་བའི་གྲོང་ཚོའི་ནང་གི་ཕོ་གསར་རྫིག་ཤོས་དེ་གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་ཡི་ཕག་ཏུ་ཡིབ་ནས་ལག་ཏུ་རྒྱང་ཤེལ་བཟུང་སྟེ་ཁོ་གཉིས་ལ་ལྐོག་ལྟ་བྱེད་བཞིན་ཡོད་སྲིད། གསལ་སྒྲོན་གྱི་གདོང་པ་ཡང་ཚ་ལམ་ལམ་དུ་གྱུར། 
          དེ་ལྟར་ལུང་པའི་ཕུ་བསྙེགས་ནས་ཡུད་ཙམ་འགྲོ་དུས་གསལ་སྒྲོན་གྱིས་མར་ནང་ཐུབ་བསྟན་དར་རྒྱས་གླིང་གི་གསེར་གྱི་རྒྱ་ཕིབས་དེ་མཐོང་། 
          ཉིན་དེར་ནར་ནང་དགོན་གྱི་གྲྭ་བ་བགྲེས་སོང་མཁྱེན་རབ་ཀྱིས་གསལ་སྒྲོན་གྱི་ཕྲུ་གུའི་མིང་ལ་“འོད་ཟེར་རྡོ་རྗེ” ཞེས་བཏགས་སོང་།          
          གྲྭ་ཤག་གི་ནང་དུ་ལྕགས་ཐབ་བཙུགས་ནས་ཨོང་བ་སྐམ་པོའི་མེ་ལྕེ་འུར་འུར་དུ་འབར་བཞིན་ཡོད་པས་དྲོད་ལམ་ལམ་བྱེད་ཅིང་། གསལ་སྒྲོན་ལ་རྔུལ་ཆུ་ཡང་ཐོན་བྱུང་། ཁོ་མོས་སློག་པའི་ཕྲག་ཞྭ་ཕུད་ནས་རུམ་ནས་ཕྲུ་གུ་ཕྱིར་བླངས་བ་ན། ཕྲུ་གུས་སྐད་བཏོན་ནས་ངུ་སྐད་སྒྲོག་བྱུང་།          
          “ཧ་ཧ་ཧ།  ཕྲུ་གུ་ངའི་མདུན་དུ་འཁྱེར་ཤོག་དང་།” ཚ་ཐབ་ཐོག་དཀྱིལ་ཀྲུང་དུ་བཞུགས་པའི་ཨ་ཁུ་མཁྱེན་རབ་བྱམས་བརྩེ་ཆེན་པོས་གད་མོ་ལྷུག་པོར་དགོད་པ་དང་ལག་གི་ཕྲེང་བ་གསོམ་པའི་མདུན་ཅོག་ཚི་སྟུག་མ་དེའི་ཐོག་བཞག་ཅིང་། ཆོས་དཔེ་མཐུག་པོ་དེ་སྐྱོར་མཚམས་བཞག་སྟེ་གམ་གྱི་བན་ཕྲུག་ལ་ལག་བརྡ་བྱས།           
          བན་ཕྲུག་གིས་གསལ་སྒྲོན་གྱི་པང་ནས་ཕྲུ་གུ་རློ་ནུ་དེ་སེམས་ཆུང་གིས་ཡར་བཀྱགས་ཏེ་ཨ་ཁུ་མཁྱེན་རབ་ཀྱི་ཉེ་སར་བཅར། “སེམས་ཆུང་བྱོས་ཨང་།  སྙིང་རེ་རྗེ་ཨང་།  མི་ཟེར་བ་དེ་འདི་ལྟར་རེད།  ཆུང་ཆུང་འབུ་འདྲ་པོ་འདི་འདྲ་ཞིག་ནས་ཆེན་པོ་མི་རུ་ཆགས་དགོས་པ་རེད། ཕ་མ་ཟེར་བ་འདི་འདྲ་དྲིན་ཆེན་རེད་ཨང” ཨ་ཁུ་མཁྱེན་རབ་ཀྱིས་ཕྲུ་གུ་རློ་ནུ་དེར་ཞལ་འཛུམ་ལྷུག་ལྷུག་གིས་ལྟ་ཞིང་དེ་ནས་མདུན་ཅོག་སྒང་གི་ཕྲེང་བ་དེ་ཡར་བླངས་ནས་ཕྲུ་གུའི་ཐོད་པར་རེག་ཙམ་རེག་ཙམ་བྱས། ཡང་ངག་ནས་“བུ་ཆུང་ཚེ་རིང་ལོ་བརྒྱ་ཤོག  བཀྲ་ཤིས་དོན་གྲུབ་ཤོག  ལྷ་བླ་མའི་ཐུགས་རྗེས་གཟིགས་པར་ཤོག”ཅེས་གསོལ་འདེབས་དང་ཁ་གཡང་སྒྲོག            
          སྐབས་དེར། གསལ་སྒྲོན་ལ་ཨེན་ཙམ་མིན་ན་མིག་ཆུ་ཤོར་སོང་།  རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ཁོ་མོ་འཇིག་རྟེན་འཁོར་བའི་ཟིང་ཟིང་དང་རིང་དུ་བྲལ་བའི་གྲྭ་ཤག་འདིར་བསླེབས་པ་དང་། བརྩེ་བའི་འཛུམ་ཞལ་ལྷུག་པོར་མངོན་པའི་གྲྭ་རྒན་ལོ་ལོན་དེས་རང་གི་བུ་ཆུང་ལ་དེ་ལྟར་བྱམས་བརྩེ་བ་ཆེན་པོས་ཁ་གཡང་འབོད་པ་མཐོང་བ་ན། སེམས་ཀྱི་གཏིང་མཐའ་ཞིག་ནས་སྐྱོམ་འགུལ་ཆེན་པོ་ཞིག་ཐེབས་པ་དང་། མ་ཁར་སོ་བཏབ་ནས་བསྲན་ཙམ་མ་བྱས་པ་ཡིན་ན་མིག་ཀོང་ནང་འཁྱིལ་བའི་མཆི་མའི་དོག་པ་སིལ་བར་འཐོར་ལ་ཁད་བྱས་སོང་།               
          “ཅི་འདྲའི་ཕྲུ་གུ་སྙིང་རྗེ་མོ་ཞིག་རེད་ཨང་།  འདིའི་སྐྱེས་བ་སྔོན་ན་གྲྭ་བ་ཞིག་ཡིན་པ་འདྲ།  ལྟོས་དང་།  ངའི་ཕྲེང་བ་ལ་ལག་པ་འཆང་ཡོང་ཀི” གྲྭ་རྒན་མཁྱེན་རབ་ཀྱིས་གསལ་སྒྲོན་གྱི་ཕྲུ་གུ་ལ་རྩེད་མོ་རྩེད་ཅིང་།  ཕྲུ་གུ་རློ་ནུ་དེ་ཡང་ངུ་མཚམས་བཞག་ནས་གྲྭ་རྒན་གྱིས་ཁོས་མིག་མདུན་དུ་ཕར་གཡུགས་ཚུར་གཡུགས་བྱེད་པའི་ཕྲེང་བའི་ཕྱོགས་སུ་ལག་པ་བསྲིངས་ཙམ་བྱེད།                    
          “ཕྲུ་གུའི་མིང་ལ་འོད་ཟེར་རྡོ་རྗེ་རུ་བཏགས་པ་ཡིན”གྲྭ་རྒན་མཁྱེན་རབ་ཀྱིས་དེ་ལྟར་ཕྲུ་གུར་མིང་བཏགས་བྱུང་བ་དང་“ངས་ད་སོ་མ་འདོན་མཚམས་བྱས་པའི་ཆོས་དཔེའི་ནང་། འོད་ཟེར་བྱེ་བ་ཕྲག་བརྒྱར་བཀྱེས་པའི་སྐུ།། མི་འགྱུར་རྡོ་རྗེ་བཞིན་དུ་བརྟན་པར་ཤོག། ཅེས་འཁོད་ཡོད་པས།  ཁྱོད་ཀྱི་ཕྲུ་གུའི་མིང་ལ་འོད་ཟེར་རྡོ་རྗེ་ཞེས་བཏགས་པ་ཡིན”ཟེར།           
          ཕྱིས་སུ།  མར་ནང་སྤྲུལ་བའི་སྐུ་ཡི<<འཁྲུངས་རབས་དུང་གི་སྒྲ་དབྱངས>>སུ་ཉིན་དེའི་བྱུང་བ་འདི་ལྟར་འཁོད་ཡོད་དེ། འཁྲུངས་ནས་བདུན་ཕྲག་ཁ་ཤས་སོང་རྗེས་ཡུམ་གྱིས་པང་དུ་བཏབ་སྟེ་མར་ནང་ཐུབ་བསྟན་དར་རྒྱས་གླིང་དུ་ཁྲུས་གསོལ་དང་མཚན་ཞུར་བསྐྱོད་དུས།  སྐྱེ་བ་སྔོན་མའི་བག་ཆགས་དེ་མ་ཐག་སད་པ་དང་། སྔོན་གནས་རྗེས་དྲན་གྱི་ཚུལ་དུ་རང་གི་སྐུ་ཚེ་སྔོན་མའི་ཞབས་གཡོག་གྲྭ་རྒན་མཁྱེན་རབ་ངོ་ཤེས་ནས་ངུ་མཚམས་བཅད་ཅིང་ཕྱག་ཕྲེང་ལ་འཆང་ནས་མ་ལྷོད། དེ་བས་ལས་འབྲས་རྣམ་པར་སྨིན་པའི་མཐུ་ཡིས་མཚན་ལ་ཡང་ཡུམ་གྱི་མངལ་དུ་འཁོར་སྐབས་འོད་ཟེར་བྱེ་བ་ཕྲག་བརྒྱར་བཀྱེས་པའི་རྨི་ལམ་བཏང་བ་བཞིན་འོད་ཟེར་རྡོ་རྗེ་རུ་གསོལ་བ་དང་།  གྲིབ་སེལ་གྱི་ཁྲུས་བགྱིད་ཅིང་གསུང་རབ་དབུ་རུ་བཞག་སྟེ་བྱིན་གྱིས་བརླབས། དེ་མིན་ཡུམ་ལ་ཕྲུ་གུར་གཙང་སྦྲ་དང་བདག་སྐྱོང་གངས་ལེགས་བྱེད་དགོས་པའི་ཁ་ཏ་གནང་། ཞེས་འཁོད་ཡོད།           
          ཉིན་དེར། གསལ་སྒྲོན་གྱིས་ཨ་ཁུ་མཁྱེན་རབ་ལ་ཕྱག་གསུམ་འཚལ་ཅིང་གྱེས་ཕྱག་ཞུ་དུས།  ལོ་བདུན་ཅུར་སོན་ལ་ཉེ་བའི་གྲྭ་རྒན་དེས་ཁོ་མོར་“གསལ་སྒྲོན།  ཕྲུ་གུའི་ཕ་ཡི་གནས་ཚུལ་ངའི་གོ་ཐོས་བྱུང་ཡོད། སེམས་པ་མ་སྐྱོ།  ད་ནི་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ལ་བདག་སྐྱོང་ཡག་པོ་བྱོས་དང་།  སྐྱེ་བ་སྔོན་མའི་ལན་ཆགས་སེལ་འགྲོ་ངེས” ཟེར།           
          གསལ་སྒྲོན་གྱིས་དེ་ལྟར་བཤད་པ་ཐོས་རྗེས་ཕྱིར་ཐོན་མཚམས་བཞག་ནས“ཨ་ཁུ།  ཁྱེད་ལ་སྐུ་ངལ་བཟོ་དགོས་བྱུང་སོང་།  ཕྲུ་གུའི་ཕ་ཕྱིར་ལ་འཁོར་མིན་དེར་མོ་ལུང་ཞིག་བསྐྱོན་རོགས”ཞེས་ཞུ་བ་ཕུལ།            
          ལོ་དེར།  མར་ནང་དགོན་པའི་ཨ་ཁུ་མཁྱེན་རབ་ཀྱིས་ཕྱག་གི་ཕྲེང་བ་དེ་མཛུབ་བར་ནས་ཡར་སྙུག་མར་སྙུག་མང་ཙམ་བྱས།  ཡང་ཕྲེང་བ་རུབ་རུབ་བཟོས་ནས་ཐོད་པར་བཞག་སྟེ་ངག་ནས་གསོལ་འདེབས་མང་ཙམ་བྱས། ཕྲེང་རྡོག་དེ་དག་ལ་སྨིན་མ་སྡུད་བཞིན་ཡུད་ཙམ་ལ་གཟིགས།  དེ་ནས་མོ་ལུང་དུ་ཁོ་རང་དུས་ནམ་ཞིག་ལ་ཕྱིར་འཁོར་ནས་ཕ་བུ་ལྷན་འཛོམས་བྱུང་ངེས་པ་བབས་འདུག་ཟེར།  སྐད་ཆ་དེ་ཐོས་དུས་གསལ་སྒྲོན་གྱི་ཡིད་དུ་སྤྲོ་བའི་ཚོར་བ་དྲོན་མོ་ཞིག་རྒྱས་ཡོང་།  ཡིན་ན་ཡང་ཨ་ཁུ་མཁྱེན་རབ་ཀྱིས་ཐོད་པར་གཉེར་མདུད་ཟབ་མོ་ཞིག་བརྒྱབ་སྟེ་མོ་ལུང་ལ་གཟིགས་བཞིན་“སྒུག་ཐག་ཅུང་རིང་པོ་ཡོད་ས་རེད་ཨང”ཟེར།
                
           བདུན།
          ཕྱིས་སུ། ཐང་ལ་འོད་ཟེར་རྡོ་རྗེ་མར་ནང་གྲོང་ཚོ་ནས་རིམ་གྱིས་འཚར་ལོངས་བྱུང་། ཐང་ལ་ཟེར་བ་ནི་མར་ནང་གྲོང་ཚོའི་ཡུལ་སྐད་དུ་ཕ་སུ་ཡིན་མི་ཤེས་པའི་ཕྲུ་གུའི་འབོད་མིང་རེད། མར་ནང་གྲོང་ཚོའི་མི་རྣམས་ཀྱིས་འོད་ཟེར་རྡོ་རྗེའི་མིང་གི་མདུན་དུ་ཐང་ལ་ཞེས་སྦྱར་ནས་ཁོ་ཕྲུ་གུ་གཞན་དང་མི་འདྲ་བའི་ནང་དོན་མཚོན་པར་བྱེད། འོན་ཀྱང་འབོད་མིང་དེ་འོད་ཟེར་རྡོ་རྗེའི་ཉེ་འབྲེལ་གྱི་མདུན་ནས་ནམ་ཡང་འབོད་མི་སྲིད་ཅིང་།  ལྷག་པར་དུ་བུ་མོ་གསལ་སྒྲོན་གྱི་གོ་ས་ནས་འབོད་མི་སྲིད།  དེ་ནི་མར་ནང་གྲོང་གི་མི་རྣམས་ཀྱིས་ཕན་ཚུན་ལ་སྐད་ཆ་ཤབ་ཤུབ་བརྗོད་སྐབས་བེད་སྤྱོད་བྱེད་པའི་ཐ་སྙད་ཅིག་ཡིན་པ་དང་།  ཐ་སྙད་དེའི་ནང་དུ་མཐོང་ཆུང་དང་ཁྱད་གསོད་ཀྱི་ནང་དོན་ཞིག་ཆུ་ནང་དུ་ཚྭ་བཞིན་འདྲེས་ཡོད།  གསལ་སྒྲོན་གྱིས་ལོ་དེ་དག་ཏུ་རང་གི་བུ་ཆུང་ལ་མར་ནང་གྲོང་གི་མི་རྣམས་ཀྱིས་དེ་ལྟར་འབོད་པ་ཐོས་ཚེ།  ཚོར་སྣང་དུ་ཚྭ་ཆུ་ཁམ་གང་བཏུངས་བ་བཞིན་སེམས་ཁམས་སྐྱིད་པོ་ཞིག་གཏན་ནས་བྱུང་མ་མྱོང་།   
          ཡིན་ན་ཡང་། བསམ་མེད་ཀྱི་ཕྲུ་གུ་འོད་ཟེར་རྡོ་རྗེས་གནས་ཚུལ་དེ་རིགས་གཏན་ནས་ཧ་མི་གོ ཁོ་རང་གསལ་སྒྲོན་གྱི་ནང་མི་ཀུན་གྱི་གཅེས་སྐྱོང་འོག་ནས་རིམ་གྱིས་གོག་ནུར་གྱིས་བགྲོད་ཅིང་། དེ་ནས་ཡར་ལངས་ཏེ་འཁྱའ་མ་འཁྱོར་གྱིས་གོམ་པ་ཡང་སྤོ་ཐུབ་སོང་།  གསལ་སྒྲོན་གྱི་ཕ་རྒན་བློ་བཟང་རང་གི་ཚ་བོ་དེ་ལ་ཞེ་འདང་ཧ་ཅང་ཆེ། ཁོས་གདོང་གི་སྨ་ར་རྩུབ་མོས་ཕྲུ་གུའི་འགྲམ་པར་གཙུབ་བཞིན་“ངའི་ཚ་བོ། ངའི་ཚ་བོ”ཞེས་རྣམ་ཀུན་པང་དུ་བཏབ་ནས་མར་ནང་གྲོང་ཚོའི་སྲང་ལམ་ནས་ཡར་འགྲོ་མར་འགྲོ་བྱེད། ལོ་དེ་དག་ལ་མར་ནང་གྲོང་ཚོའི་མི་རྣམས་ཀྱིས་ཨ་ཁུ་བློ་བཟང་དང་ཁོའི་ཚ་བོ་ཐང་ལ་འོད་ཟེར་རྡོ་རྗེ་གཉིས་དེ་ལྟར་བདེ་སྐྱིད་ཀྱིས་འགྲོ་བ་མཐོང་བ་དང་།  མཚམས་ཤིག་ལ་ཕྲུ་གུ་དེས་གོམ་ཁ་ཐུབ་ནས་མར་ནང་གྲོང་ཚོའི་སྲང་མདོ་ནས་ཡར་རྒྱུག་མར་རྒྱུག་བྱེད་པ་མཐོང་བ་ན།  གཞི་ནས་ལོ་ཟླ་ཟེར་བའི་གཟུགས་མེད་ཀྱི་དུས་ཚོད་དེ་ཤེས་མེད་ཚོར་མེད་དུ་རྒྱང་ལ་བྱེར་ཚར་བ་རྟོགས།        
          “ཐང་ལ་དེ་ཡང་ཆེན་པོ་དེ་འདྲ་ཆགས་འདུག་པས།  ལོ་འདི་ཇི་ལྟར་ཤོར་བ་ཡང་མི་ཤེས་ཨང་།”གྲོང་ཚོའི་མ་ཎི་ཁང་གི་མདུན་དུ་ཉི་མར་ལྡེ་བའི་རྒད་པོ་རྒད་མོ་དེ་དག་གིས་དེ་ལྟར་ཟེར། རེད་ཨང་། ལོ་ཟླ་ཟེར་བའི་དུས་ཚོད་དེ་ད་ནི་ཁོ་ཚོའི་སྐྲ་དཀར་དུ་ལྷུང་ཞིང་ཁོ་ཚོའི་རྒས་གཉེར་དུ་བབས་འདུག ལོ་ཟླ་ཟེར་བའི་དུས་ཚོད་དེ་ཁོ་ཚོའི་ལག་ཏུ་མཚམས་མེད་དུ་འཁོར་བའི་མ་ཎི་འཁོར་ལོ་དང་མཚུངས་བར་ཏོག་ཙམ་ཡང་མི་སྡོད་པར་མདུན་དུ་འགྲོ་བཞིན་འདུག   
          “ཐང་ལ་དེ་སྙན་གྲགས་ཚང་གི་མི་རྒྱུད་དང་ཅི་འདྲའི་འདྲ་ཨང་།”ཨ་མ་རི་མོས་ཁ་ནས་མ་ཎི་འདོན་མཚམས་བཞག་སྟེ་དེ་ལྟར་སྐད་ཤུགས་ཆུང་ངུས་བཤད།      
          “དེར་ཐང་ལ་ཟེར་རྒྱུ་ཅི་ཡོད། ཕ་རྒྱ་གར་ཆོས་ཀྱི་ཞིང་ཁམས་ན་ཡོད”རྒད་པོ་རྒན་མོ་དེ་དག་གིས་ཨ་མ་ཐར་མོ་ནམ་ཞིག་ལ་ཁོ་ཚོའི་འགྲམ་དུ་བསླེབས་པ་མ་རྟོགས་ཤིང་། སྐད་དེ་གོ་དུས་ཐར་མོ་སྔ་མོ་ནས་ཁོ་ཚོའི་ཉེ་འགྲམ་དུ་འགྲེང་འདུག་པར་གཞི་ནས་དོ་སྣང་བྱུང་། ཁོ་ཚང་གི་ཁྱི་རྒན་རྒྱ་ལི་དེ་ཡང་སྒྱིད་ལུག་གིས་ཁོ་མོའི་འགྲམ་དུ་ཙོག་པུར་བསྡད་ཡོད་པ་མཐོང་།    
          མར་ནང་གྲོང་ཚོའི་མ་ཎི་ཁང་གི་མདུན་དུ་ཉི་མར་ལྡེ་མཁན་གྱི་མི་དེ་དག་དེ་མ་ཐག་དལ་ཅག་གེར་གྱུར་སོང་།       
          “ཐར་མོ།  བུའི་སྐད་ཆ་འདྲ་གོ་སོང་ངམ།  དངོས་གནས་བསོད་ནམས་ཆེན་པོ་རེད་ཨང་།”ཨ་མ་རི་མོས་སྐད་མགོ་ཅུང་མཐོ་རུ་བཏང་བ་དང་། དེ་ནས་སྐད་ཆ་དབྱངས་སུ་བཀུག་སྟེ་ཡིད་སྨོན་གྱི་གདངས་ཤིག་འདྲེས་ནས་ཚིག་མགོ་དེ་ལྟར་བསྒྱུར་བ་དང་“ང་ཚོ་བསོད་ནམས་དམན་པ་དག་གིས་ནི་སྟོད་རྒྱ་གར་ཆོས་ཀྱི་ཞིང་ཁམས་འགྲིམ་རྒྱུ་ཕར་ཞོག  ལྷ་སའི་ཇོ་བའི་གསེར་ཞལ་ཡང་མཇལ་བའི་སྐལ་བ་མེད”ཟེར།      
          “ཁེ་ཉིན་རྒྱ་གར་ནས་ཡོང་བའི་ཚོང་བ་ཞིག་གིས་ངའི་བུ་རྒྱ་གར་རྡོ་རྗེ་གདན་ན་ཆོས་མཇལ་ཞུ་བཞིན་ཡོད་པ་མཐོང་བྱུང་ཟེར་ཀི”ཨ་མ་ཐར་མོས་དེ་ལྟར་རྫུན་བཤད་པ་དང་།  སྐད་ཆ་དེས་ཉི་མར་ལྡེ་བའི་རྒད་པོ་རྒན་མོ་དེ་དག་གི་ཁྲོད་དུ་དེ་མ་ཐག་སྐྱོམ་འགུལ་མི་ཆུང་བ་ཞིག་ཐེབས་སོང་བ་དང་།  ཀུན་གྱིས་ཕྲེང་བ་ཐོད་པར་བཞག་ནས་གསོལ་འདེབས་བྱེད་བཞིན་“བསོད་ནམས་ཆེ་ཨང་།  བསོད་ནམས་ཆེ”ཟེར།        
          དེ་དུས་ཐང་ལ་འོད་ཟེར་རྡོ་རྗེས་ཕྲུ་གུ་ཁ་ཤས་ཀྱི་སྣེ་ཁྲིད་དེ་མར་ནང་གྲོང་ཚོའི་སྲང་མདོ་ནས་ཡར་དབུགས་ཧལ་ཧལ་དང་འུར་ཆིལ་ཆིལ་གྱིས་རྒྱུགས་ཡོང་བ་དང་།  རྒན་རྒོན་དག་གི་ཉེ་འགྲམ་དུ་བསླེབས་རྗེས་མགྲིན་གཅིག་ཏུ་“རྒྱ་ལོ་རྒྱ་ལོ་ཚེས་ལ་ཁད།           ཚོད་མ་ཀུན་ཏུར་ཟ་ལ་ཁད། རྒད་པོ་རྒན་མོ་ཤི་ལ་ཁད”ཅེས་སྒྲོག  ངང་ཚུལ་དེ་འདྲ་མཐོང་སྐབས་ཉི་མར་ལྡེ་བའི་ལོ་ཟླའི་ཁུར་གྱིས་མནོན་པའི་རྒད་པོ་རྒན་མོ་དེ་དག་གིས་ཞལ་འཛུམ་ལྷུག་པོར་གྲོལ་བཞིན་“འོད་ཟེར་རྡོ་རྗེ་ད་ནི་ཉིན་རེ་ནས་ཉིན་རེར་པྲ་ཆལ་དུ་འགྱུར་བཞིན་འདུག་ཨང་།”ཟེར། ཨ་མ་ཐར་མོ་ཉེ་སར་ཡོད་པས་ཁོ་ཚོ་སུས་ཀྱང་འོད་ཟེར་རྡོ་རྗེའི་མིང་གི་མདུན་དུ་ཐང་ལ་ཞེས་འབོད་མཁན་མ་བྱུང་།       
          “འོད་ཟེར་རྡོ་རྗེ། ལོ་ལོན་ཚོར་དེ་ལྟར་བཤད་ན་བསོད་ནམས་ཟད་འགྲོ་བ་རེད”ཨ་མ་ཐར་མོས་དེ་ལྟར་རང་གི་ཚ་བོ་དེ་ཚུར་འཐེན་པ་དང་རྐུབ་ལ་ཐལ་ལྕག་གིས་གཅིག་གཞུས། ཡིན་ན་ཡང་།  ཕྲུ་གུ་དེས་འཕག་འཚག་རྒྱག་བཞིན་ཁོ་མོའི་གདོང་ལ་མཆིལ་མ་ཞིག་བཏབ་པ་དང་། “ཐར་མོ་ཁ་ཆེ་མ”ཞེས་སྡིག་དམོད་བྱས་བྱུང་།           
          ལོ་དེར། ཐང་ལ་འོད་ཟེར་རྡོ་རྗེ་ལོ་ལྔར་སོན་ཡོད།  ཕྲུ་གུ་དེ་ནར་སོན་པ་དང་བསྟུན་ནས་རིམ་གྱིས་མར་ནང་གྲོང་གི་ཕྲུ་གུ་ཆེས་པྲ་ཆལ་དང་ཆེས་མ་རབས་ཅན་ཏུ་གྱུར།  གསལ་སྒྲོན་ཁྱིམ་ཚང་གང་བོའི་གཅེས་སྐྱོང་ཐོབ་པས་ཕྲུ་གུ་དེ་སུ་ལ་ཡང་མི་ཞེད་པའི་རྒོད་པོ་ཐུར་མེད་ཅིག་ཏུ་གྱུར་བ་དང་།  མཚམས་རེར་ཨ་ཁུ་བློ་བཟང་གིས་གདོང་བ་ནག་རོག་གེར་བསྒྱུར་བ་དང་། སྨིན་མ་སྟུག་པོ་དེ་ཡར་འཛིང་ཙམ་བྱེད་བཞིན་ཕྲུ་གུར་སྐད་འདྲག་གིས་ཞེད་སྣང་སྐུལ་ན་ཡང་།  ཐང་ལ་འོད་ཟེར་རྡོ་རྗེའི་ངུ་སྐད་ཐོས་རྗེས་དེ་མ་ཐག་གདོང་ལ་འཛུམ་གཉེར་བསྡུས་ནས་“ཨ་མྱེས་ཀྱིས་ཁྱོད་ལ་ཀུ་རེས་རྩེས་པ་ཡིན”ཞེས་ངུ་ཁ་ལེན་ཅི་ཐུབ་བྱེད། ཚུལ་དེ་འདྲ་མཐོང་ཚེ་གསལ་སྒྲོན་གྱིས་རང་གི་ཕ་རྒན་ལ་“ཨ་ཕ།  ཁྱོད་ཀྱིས་ཁོ་གཅེས་ལངས་སུ་མ་གཏོང་ཨང”ཞེས་བཤད་ན་ཡང་།  ཨ་ཁུ་བློ་བརྟན་གྱིས་“ཆུང་དུས་ཇི་ལྟར་པྲ་ཆལ་ཡིན་ན། ཆེན་པོ་ཆགས་ན་དེ་ལྟར་བུ་རབས་ཤིག་འཁྱོངས་ངེས”ཟེར།   
          ལོ་དེར།  ཁོའི་ཨ་མ་ཐར་མོས་རང་གི་ཚ་བོས་རང་ལ་དེ་ལྟར་སྡིགས་དམོད་བྱེད་པ་ཐོས་རྗེས། ཡང་བསྐྱར་ཕྲུ་གུ་དེའི་རྐུབ་ལ་ཐལ་ལྕག་ཚ་ཐག་ཆོད་པ་གཅིག་གཞུས་སོང་།  ཕྲུ་གུ་དེས་ནི་དེ་མ་ཐག་སྐད་ཤུགས་ཆེན་པོས་ངུ་སྐད་བཏོན་བྱུང་བ་དང་། བཤད་སྲོལ་ཞིག་ལ་སྲན་མ་མ་ཆོད་པར་ཡོས་ཟེར་བ་ལྟར་ཕར་ཕྱིན་ཏེ་ཨ་མ་ཐར་མོའི་འགྲམ་ན་ཙོག་པུར་སྡོད་པའི་ཁྱི་རྒན་རྒྱ་ལི་དེར་ཤུགས་ཀྱིས་རྡོག་ཐོ་ཞིག་གཞུས་སོང་།   
          བོད་ལ་གཏམ་དཔེ་ཞིག་ཡོད་པར“ཁྱི་རྒྱལ་པོ་གཉིས་ལ་བློ་མ་གཏོད”ཅེས་བཤད་ཡོད། དེ་ནི་བདེན་པའི་ལེགས་བཤད་ཅིག་ཅིས་ཀྱང་ཡིན་ངེས། ཉིན་དེར་རྣམ་ཀུན་མགོ་སྒུར་སྒུར་དང་ལྕེ་ནར་ནར་གྱིས་ཨ་མ་ཐར་མོའི་ཕྱི་རྗེས་སུ་འབྲངས་ནས་འགྲོ་བའི་ཁྱི་རྒན་ཧོན་ལོག་དེ་གློ་བུར་དུ་ཁྲོས་ཏེ་ཐང་ལ་འོད་ཟེར་རྡོ་རྗེ་ཡི་ལུས་ཐོག་ཏུ་མཆོངས་ནས་ཕྲུ་གུ་དེ་སྡེར་འོག་དང་མཆེ་འོག་ཏུ་དྲངས་སོང་།  ཕྱིས་ཀྱི་སྤྲུལ་སྐུའི<<འཁྲུངས་རབས་དུང་གི་སྒྲ་དབྱངས>>སུ་ཉིན་དེའི་བྱུང་བ་འདི་ལྟར་འཁོད་ཡོད་དེ། ཁོང་ཆུང་ངུའི་སྐབས་ནས་བཟུང་སོ་སྐྱེས་ཕལ་བའི་བརྟུལ་ཞུགས་ལས་ཡོངས་སུ་འདའ་ཞིང་ཀུན་དང་མི་མཐུན་པའི་སྤྱོད་ལམ་ངོ་མཚར་ཅན་མང་པོ་བསྟན་མྱོང་ཡོད། དེ་ཡང་ཉིན་ཞིག་འབྲོག་ཁྱི་ལ་བོ་ཞིག་གི་ཁ་ལ་ཤོར་ནས་མཆེ་བར་ནས་ཧྲག་ལྡོད་བྱས་པ་དང་སྡེར་མོ་རྣོན་པོས་ཇི་ལྟར་སྣོག་ཀྱང་།  མི་འགྱུར་རྡོ་རྗེ་སྐུ་ལ་རྨ་ཤུལ་སོགས་གནོད་སྐྱོན་སྤུ་ཙམ་ཡང་མ་བྱུང་བས། དེར་ཡོད་ཀུན་ཧ་ལས་ངོ་མཚར་བར་བྱས་སོང་སྐད། ཅེས་ཟེར། ཉིན་དེར། མ་ཎི་ཁང་གི་མདུན་དུ་ཉི་མར་ལྡེ་བཞིན་ཡོད་པའི་བགྲེས་སོང་དེ་དག་གིས་ཚུལ་དེ་འདྲ་མཐོང་བ་ན། ཧ་ལས་ངོ་མཚར་རྒྱུ་ཕར་ཞོག  ཀུན་པོས་འཚབ་འཚུབ་ཀྱིས་ལག་ལ་གང་ཐོབ་ཀྱིས་ཁྱི་རྒན་སྨྱོན་པ་དེར་རྒྱག་ཅི་ཐུབ་བྱས་པ་དང་། ཁ་ཤས་ཤིག་གིས་ལག་གི་ཕྲེང་བ་དང་མ་ཎི་འཁོར་ལོས་ཀྱང་ཁྱི་རྒན་དེར་བརྒྱབ། ཨ་མ་ཐར་མོ་ནི་དངངས་འཚབ་དང་བཅས་ཁྱི་རྒན་ལ་རྡོག་ཐོས་རྒྱག་བཞིན་འོད་ཟེར་རྡོ་རྗེ་ཚུར་ཡང་ཡང་འཐེན།   
          དེ་ལྟར་ཅང་མ་འགོར་བར་ཁྱི་རྒན་ཧོན་ལོག་དེས་གཞི་ནས་ཉི་མ་དོན་གྲུབ་ཁ་ནང་ནས་ལྷོད་ཅིང་རྔ་མ་རྐུབ་ལ་འཇུག་བཞིན་ཕར་བྲོས་སོང་།  ལས་ཡག་པ་ཞིག་ནི་ཁྱི་རྒན་དེའི་ཁ་ནང་གི་སོ་ལྷུང་ནས་རེ་གཉིས་ཙམ་ལས་མེད་པས། འོད་ཟེར་རྡོ་རྗེ་ལ་ཕྱིས་སུ་ཁོང་གི་འཁྲུངས་རབས་སུ་འཁོད་པ་ནང་བཞིན་རྨ་ཤུལ་ཅི་ཡང་བཟོས་མི་འདུག  དེ་ལས་ལྡོག་སྟེ་སྡེར་ཤུལ་ཞིག་ཁོའི་ལག་པའི་ཕྱི་ངོས་སུ་ཕབ་འདུག་པ་དང་། དེ་ནས་ཁྲག་ཅུང་ཙམ་འཛུམ་ཡོང་།    
          ལོ་དེར། ཕྲུ་གུ་ཁ་ཤས་བྱ་འཕུར་བ་ནང་བཞིན་ཨ་ཁུ་བློ་བཟང་ཚང་དུ་རྒྱུགས་ནས་“འོད་ཟེར་རྡོ་རྗེ་ཁྱི་ཡི་ཁ་ནང་དུ་ཤོར་སོང་།”ཞེས་བརྡ་སྤྲད།  ཡང་ཕྲུ་གུ་ཁ་ཤས་གློག་འཁྱུག་པ་ནང་བཞིན་ཨ་ཁུ་སྙན་གྲགས་ཚང་དུ་རྒྱུགས་ནས་“ཁྱོད་ཚང་གི་ཁྱི་ཡིས་ཕྲུ་གུ་ཞིག་འཆོས་སོང་།”ཞེས་བརྡ་སྤྲད།  

བརྒྱད།    
          ཕྱིས་ཀྱི་སྤྲུལ་སྐུའི<<འཁྲུངས་རབས་དུང་གི་སྒྲ་དབྱངས>>སུ་མི་ཚང་གཉིས་ཀྱི་བར་དུ་ཉིན་དེར་ཁོང་ཁྱི་ཡི་སྡེར་འོག་ཏུ་ཤོར་བ་རྒྱུ་རྐྱེན་དུ་བྱས་ནས་ཛ་དྲག་གི་རྩོད་གླེང་ཤོར་བའི་སྐོར་གྱི་གནས་ཚུལ་ཅི་ཡང་འཁོད་མི་འདུག ཉིན་དེར་སྔོན་ཆད་མནའ་བཅད་ཡིན་ཞེས་མཛའ་ཉེ་ཆེན་པོ་ཡོད་པའི་མི་ཚང་དེ་གཉིས་ཀྱི་ནང་མི་རྣམས་དེ་ལྟར་མར་ནང་སྲང་མདོའི་མ་ཎི་ཁང་གི་མདུན་དུ་བྲེལ་འཚུབ་ཀྱིས་རྒྱུགས་ཡོང་དུས། ཚང་མས་ཐོག་མར་འོད་ཟེར་རྡོ་རྗེ་ཡི་སྐྱི་ཡ་བའི་ངུ་སྐད་དེ་ཐོས །   
          “ཐར་མོ་ཁ་ཆེ་མ། ད་ནི་ཁྱི་བཏང་ནས་མི་ཡང་གསོད་རྩིས་བྱེད་རྒྱུ་རེད་ལ”ཨ་ཁུ་བློ་བཟང་གིས་གདོང་བ་ནག་རོག་གེར་སྨིན་མ་སྟུག་པོ་དེ་འཛིང་འཛིང་བྱེད་བཞིན་དེ་ལྟར་སྡིགས་དམོད་བྱས་བྱུང་།   
          “བློ་བཟང་ཁྱི་རྒན།  ཁྱོད་ཁྱི་སྨྱོན་ནད་ཀྱིས་བཟུང་བ་མིན་ན་མི་ལ་དེ་ལྟར་སྡིགས་དམོད་མ་བྱེད”ཨ་ཁུ་སྙན་གྲགས་གདོང་ལ་བུད་ནས་དེ་ལྟར་ཕར་ཤོར།   
          ལོ་དེར། གསལ་སྒྲོན་སྐྱེས་ཁག་པོར་འཕྲད་ནས་ཁ་བའི་ནང་སྨན་ཁང་དུ་དྲུད་འགྲོ་བའི་ལམ་ནས་མནའ་བཅད་དེ་གཉིས་ཁ་འཛིང་ལག་འཛིང་ཤོར་རྗེས།  ལོ་དེ་འདྲ་མང་པོ་ཞིག་གི་རིང་ལ་མི་ཚང་དེ་གཉིས་ཀྱི་འགྲོ་འོང་ཆད་ཅིང་། ཕན་ཚུན་བར་ལ་ཞེ་འཁོན་ཆེན་པོ་ཞིག་བྱུང་ཡོད།   
          “ངའི་བུ་ཁྲ་ཕྲུག་འདྲ་བོ་དེ་འདི་ལྟར་ས་མཐར་འཁྱམ་དོན་ནི།  གསལ་སྒྲོན་ལན་པ་ཡིན” ཨ་མ་ཐར་མོས་དེ་ལྟར་གྲོང་ཚོའི་ནང་དུ་ཡང་ཡང་སྒྲོག    
          “ངའི་བུ་མོ་ལྷ་མོ་འདྲ་བོ་འདི་འདི་ལྟར་གོ་རྒས་སུ་ལུས་དོན་ནི།  སྙན་གྲགས་ཚང་གི་བུ་རུལ་དེ་ལན་པ་ཡིན།”ཨ་མ་བཟང་མོས་ཀྱང་ཐུག་ཚད་ལ་དེ་ལྟར་སྒྲོག    
          དེ་ལྟར་ཉིན་དེར་མི་ཚང་དེ་གཉིས་མར་ནང་གྲོང་ཚོའི་སྲང་མདོ་དེ་ནས་ཁ་འཛིང་ལག་འཛིང་མང་ཙམ་བྱུང་བ་དང་།  ལྟད་མོར་ལྟ་མཁན་དང་བར་བཤོལ་མཁན་གྱི་གྲོང་མི་ཇེ་མང་ནས་ཇེ་མང་དུ་གྱུར་ཅིང་། ཡོད་ཚད་དེ་ལྟར་ཟིང་ཟིང་ལོང་ལོང་དུ་གྱུར་སོང་།  ཟིང་ལོང་གི་ཁྲོད་ནས་གསལ་སྒྲོན་གྱིས་བུ་ཆུང་འོད་ཟེར་རྡོ་རྗེ་པང་དུ་དམ་པོར་བསྡམས་ནས་ངུ་སྐད་ཤོར་ཅིང་། པང་གི་ཕྲུ་གུ་དེ་ཡང་སྐྲག་དངངས་ཀྱིས་འདར་སིག་སིག་བྱེད།  སྲང་མདོའི་ཡུལ་སྡོང་ཆེན་པོ་དེའི་ཡལ་ཀར་བབས་ཡོད་པའི་འདབ་ཆགས་དེ་ཚོ་ཡང་ཉིན་དེའི་ཟིང་ལོང་གིས་དཀྲོགས་ནས་ཕྱོགས་ཕྱོགས་སུ་འཕུར་སོང་།   
          ཕྱིས་སུ། ཕན་ཚུན་ལ་རྨས་སྐྱོན་ཨེན་ཙམ་རེ་བྱུང་ཡོད་པའི་མི་ཚང་དེ་གཉིས་ཀྱི་ནང་མི་དག་གྲོང་མིས་བར་བཤོལ་བ་བརྒྱུད་རང་རང་སར་ལོག་སོང་།   
          ཁྱིམ་ནང་ནས་ཨ་ཁུ་བློ་བཟང་གིས་གདོང་གི་ཁྲག་ཕར་འབྱིད་བཞིན་སྤོ་ཐོག་ནས་གསལ་སྒྲོན་གྱི་སྒལ་གཞུང་དུ་དབྱུག་པས་ཁྲོག་སྒྲ་དང་བཅས་ཐེངས་ཁ་ཤས་གཞུས་པ་དང་། “དང་ཐོག་ཁྱོད་ཁྱི་ཕྲུག་དེའི་རྗེས་མ་འདེད་ཅེས་ཇི་ལྟར་བཀག་ཀྱང་མི་ཁོག  ལོ་འདི་འདྲ་མང་པོ་ཞིག་འགོར་སོང་།  ཁྱི་ཕྲུག་དེ་ཕྱིར་བསླེབས་སོང་ངམ། ཨ།”གསལ་སྒྲོན་གྱི་ཕུ་བོ་འབྲུག་བྱམས་ཀྱིས་ཕ་རྒན་བཀག་ནས་བར་མ་བཤོལ་ཚེ། ཁོང་ཁྲོ་དང་ངོ་ཚས་རྒྱུད་ཡོངས་སུ་བརླམས་ཡོད་པའི་ཕ་རྒན་བློ་བཟང་གིས་གསལ་སྒྲོན་དབྱུག་པའི་འོག་ནས་གསོད་པའི་ཉེན་ཁ་འདུག    
          “ཁྱོད་ཡུགས་ས་ཡིན་ནམ།  ཁྱོད་རིགས་རུས་མི་གཙང་ངམ།  ཁྱོད་རྐང་ལག་ཞ་བོ་ཡིན་ནམ། ཨ”ཕ་རྒན་བློ་བཟང་གིས་དེ་ལྟར་རང་གི་བུ་མོའི་ཐོག་ཏུ་ངར་ཤུགས་ཀྱིས་ཤོར་བ་དང་། “གོ་རྒས་སུ་ལུས་ན་ངོ་མི་ཚའམ།  ཁྱོད་ཀྱིས་ད་དུང་ཁྱི་ཕྲུག་དེ་ལ་སྒུགས་སྡོད་དང་།  ཁྱོད་ངའི་ཁྱིམ་ནས་འདུག་ས་མེད”ཅེས་གཤེ་གཤེ་བཏང་བྱུང་།   
          ལོ་དེར། གསལ་སྒྲོན་གྱིས་རང་གི་དྲིན་ཆེན་ཕ་ལོས་རང་ལ་དེ་ལྟར་ངོ་མཚང་འདྲི་བ་ཐོས་སྐབས་སེམས་སུ་སྐྱོ་བའི་སྣང་བ་འགོག་མེད་དུ་སྐྱེས་བྱུང་།  ཁོ་མོས་བུ་ཆུང་འོད་ཟེར་རྡོ་རྗེ་པང་དུ་བསྡམས་ནས་སྐད་ཤུགས་ཆུང་ངུས་ངུ་ཞིང་བཤུམ་པ་དང་། སྐྱོ་གདུང་གིས་ཕྲག་པ་གཉིས་ཀྱང་ལྷེམ་ཙམ་ལྷེམ་ཙམ་བྱེད།    
          སྔོན་ཆད་གྲོང་ཚོའི་ནང་ལྷ་ཡི་བུ་མོ་ནང་བཞིན་མཛེས་སྡུག་ཡི་གར་འོང་བར་བསྟོད་པའི་བུ་མོ་གསལ་སྒྲོན་ལོ་དེ་དག་ཏུ་དེ་ལྟར་ཁྱིམ་ནས་གོ་རྒས་སུ་ལུས།  འོད་ཟེར་རྡོ་རྗེ་སྐྱེས་རྗེས་གྲོང་ཚོའི་ནང་གི་ཕོ་གསར་མང་པོ་ཞིག་གིས་ཁོ་མོར་དུང་བའི་སེམས་པ་བསྟན་མྱོང་ལ། ཐག་ཉེ་རིང་གི་མི་ཚང་མང་པོ་ཞིག་གིས་ཀྱང་བར་བ་མངགས་ཏེ་གཉེན་སློང་དུ་ཡོང་། ཡིན་ན་ཡང་། གསལ་སྒྲོན་གྱིས་དེ་དག་ཡོད་ཚད་ལ་མོས་མཐུན་གཏན་ནས་མ་བྱས།  ཁོ་མོ་དགོན་པའི་ཨ་ཁུ་མཁྱེན་རབ་ཀྱི་མོ་ལུང་དུ་བབས་པའི་སྐད་ཆ་དེར་ཡིད་ཆེས་ནས་བསྡད། ཁོ་མོའི་སེམས་སུ་ཁོ་དུས་ནམ་ཞིག་ལ་ཁ་ཕྱིར་འཁོར་བ་ངེས་གཏན་ཡིན་སྙམ།  ཁོ་ཕྱིར་ལོག་ཡོང་བ་དུས་ཚོད་ཀྱི་སྔ་ཕྱི་ཙམ་ཡིན་པར་བསམ།  ཡིན་ན་ཡང་།  ཁོ་མོས་མོ་ལུང་དུ་བབས་པའི་སྒུག་ཐག་ཅུང་རིང་པོ་ཡོད་པ་འདྲ་ཟེར་བའི་སྐད་ཆ་དེས་དུས་ཚོད་དེ་འདྲ་རིང་པོ་ཞིག་མཚོན་ཡོད་པ་སེམས་ལ་མ་ཤར།  ལོ་ཟླ་ཟེར་བ་ནི་བཞུར་འགྲོ་བའི་གཙང་བོ་ཞིག་རེད། ལོ་ཟླ་ཟེར་བ་ནི་དུས་ཚོད་ཀྱི་ཡལ་ཀ་ནས་ཟགས་འགྲོ་བའི་ལོ་མ་ཞིག་རེད།  ཤེས་མེད་ཚོར་མེད་དུ་མི་ལོ་ཁ་ཤས་འཁྱུག་ཙམ་གྱིས་བཞུད་སོང་བ་དང་། འོད་ཟེར་རྡོ་རྗེ་ལོ་ལྔ་ལ་སོན་ཞིང་།  བུ་མོ་གསལ་སྒྲོན་མོ་ལོ་ཉི་ཤུ་རྩ་གསུམ་ཟིན།   
          གསལ་སྒྲོན་གྱིས་ལོ་དེ་དག་མར་གྲོང་འདབས་གྱི་གྲོ་ཞིང་གྲུ་བཞི་མ་དེར་ཡུར་མ་ཡུར་དུས། མཚམས་རེར་ལོ་ཏོག་གི་གསེང་ནས་མགོ་བོ་ཡར་བཀྱགས་ཚེ། དེ་མ་ཐག་མདུན་རི་གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་མིག་ནང་དུ་ལྷུང་ཡོང་། ལོ་ངོ་མང་པོ་མང་པོ་ཞིག་གི་གོང་རོལ་ཏུ། གངས་དཀར་གཡུ་སྒྲོན་མར་འབོད་པའི་སྲས་མོ་དེས་དེ་ལྟར་རི་སྒང་གི་མཐོ་ས་ནས་ནག་ཡོར་སེ་འགྲེང་སྟེ་མར་ནང་ལུང་མདོའི་ཕྱོགས་སུ་རྒྱང་ལྟ་བྱེད་ཅིང་། ཕོ་གསར་དེ་ལོག་ཡོང་བར་རེ་ལྟོས་ཆེན་པོ་བཅངས་ནས་རེ་སྒུག་བྱས།   རེ་སྒུག་ནི་སེམས་ཀྱི་ཡལ་ཀར་བཞད་པའི་མེ་ཏོག་ཅིག་ཡིན་ཏེ། མེ་ཏོག་དེ་ཡང་ཡང་བཞད་ཅིང་ཡང་ཡང་རྙིད། གསལ་སྒྲོན་གྱི་སེམས་སུ་ཡང་དེ་ལྟ་བུའི་རེ་སྒུག་གི་མེ་ཏོག་ཅིག་བཏབ་ཡོད།
          མཚམས་རེར། ཡུར་མའི་བར་གསེང་ནས་གསལ་སྒྲོན་སྔོན་ཆད་ཁོ་གཉིས་ཐང་ཉལ་བྱེད་སའི་རྣང་མའི་ནང་ནས་ཀན་རྐྱལ་ཏུ་ཉལ་ཏེ་བསྡད། ལོ་དེ་ལ། ཁོས་ཀྱང་རྒྱ་གར་ཞྭ་མོ་ཚི་དྲེགས་ཀྱིས་ཟིན་ཡོད་པ་དེ་གདོང་ལ་བཀབ་ཅིང་རྩྭ་འཇག་མ་དང་ལྡུམ་བུའི་ཚོགས་རྫོང་མཐུག་པོར་སྐྱེས་པའི་རྣང་མའི་བར་ནས་དེ་ལྟར་ཀན་རྐྱལ་དུ་ཉལ་ཏེ་ཁོ་མོར་སྒུག་མྱོང་ཡོད། ལོ་དེ་ལ། ཁོ་མོས་ཞིང་རྣང་མའི་བར་ནས་ཁོ་ལ་“ང་ལས་བྱེད་པ་ཞིག་གི་ཆུང་མར་འགྱུར་བའི་བསོད་ནམས་ཡོད་དམ”ཞེས་དྲིས་ཤིང་། “ཁྱོད་དོན་དམ་དུ་ནམ་ཞིག་ལ་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་ངེས་སམ”ཞེས་ཡང་ཡང་དྲིས་མྱོང་།   
          ལོ་དེ་ལ་ཁོ་ལོ་བཅུ་དགུ་ཡིན། ན་སོའི་ལྗོན་རྐང་ཅི་འདྲ་ཕྲ་ཨང་།  གསལ་སྒྲོན་གྱིས་ཁོའི་སྐྲ་ལོ་རིང་པོ་དེ་དྲན་བྱུང་བ་དང་། མིག་བཙུམ་པ་ཙམ་གྱིས་ཁོའི་སྐྲ་ལོ་རིང་པོ་དེའི་གསེང་ནས་མཆེད་ཡོང་བའི་སྐྲ་ཁྲུད་འདག་རྫས་ཀྱི་དྲི་མ་ཞིམ་པོ་དེ་མྱོང་སྣང་དུ་བྱུང་། ལོ་དེ་ལ། མར་ནང་གྲོང་ཚོའི་ཕོ་གསར་ཚོའི་ཁྲོད་ནས།  ཁོ་ནི་ལུང་བའི་ཕྱི་རོལ་ནས་ལྡང་ཡོང་བའི་མཁའ་རླུང་ཞིག་དང་མཚུངས་པར།  སྐྲ་ལོ་རིང་པོ་དེ་མར་ནང་གྲོང་ཚོའི་སྲང་ལམ་ཀུན་ནས་འཕྱོ་ཞིང་བསྐྱོད་པ་དང་། དཔེ་གསར་གྱི་གྱོན་ཆས་དེ་རིགས་གྱོན་ནས་མར་ཡང་གྲོང་ཚོར་ཡང་ཡང་ལོག་དུས་གྲོང་མི་ཚོས་“སློབ་གྲྭ་བ་དེའི་ཆ་ལུགས་ངོ་མཚར་ཨང”ཟེར། དོན་དམ་དུ། ཁོ་མར་ནང་གྲོང་གི་ཕོ་གསར་རྫིག་ཤོས་དེ་མིན་ན་ཡང་། གསལ་སྒྲོན་གྱི་མིག་ནང་དུ་ཁོའི་ལུས་ཐོག་ཏུ་མར་ནང་གྲོང་ཚོ་ནས་མཐོང་མི་ཐུབ་པའི་སྣང་ཚུལ་མང་པོ་ཞིག་མངོན་ཡོང་བཞིན་ཡོད་པ་དང་། དེ་ནི་ལྕགས་ཀྱུ་བཞིན་གསལ་སྒྲོན་གྱི་དུང་བའི་སེམས་ཀྱི་ཨ་ལོང་དེ་སྔ་མོ་བཀུག་ཚར་ཡོད། དེར་བརྟེན། ལོ་དེར་ཁོས་མར་ནང་གྲོང་འདབས་ཀྱི་ཞིང་ཁུག་ནས་གསལ་སྒྲོན་ཞིང་གི་རྣང་མའི་བར་ནས་མར་འཐེན་དུས། ཁོ་མོས་སེམས་སུ་སྤྲོ་བའི་པད་མོ་ལྷུག་གེར་བཞད་བྱུང་། ཡིན་ན་ཡང་ཁོ་མོས་ཁོར་“འདི་ནས་གངས་དཀར་ཨ་མ་གཡུ་སྒྲོན་མའི་ལབ་ཙེ་ཡང་མཐོང་ཡོང་བས།  ཡུལ་ལྷ་གཞི་བདག་ལ་ཕོག་ཐུག་གཏོང་བའི་ལས་འདི་འདྲ་བྱ་མི་རུང་ཨང་།”ཞེས་བཤད།   
          གསལ་སྒྲོན་ཞིང་གི་རྣང་མའི་བར་ནས་ཀན་རྐྱལ་ཉལ་སྡོད་དུས་ལོ་དེར་ཁོས་བཤད་པའི་སྐད་ཆ་དེ་དྲན་ཞིང་། རང་གཅིག་པུ་གད་མོ་ཤོར། ཁོས་ལོ་དེར“ང་མི་འགྱངས་བར་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་ངེས་པས།  ཁྱོད་ལས་བྱེད་པའི་ཆུང་མ་བྱེད་མི་འདོད་དམ”ཞེས་བཤད་ནས་ཁོ་མོའི་རས་ལྭའི་སྐ་རགས་ཀྱི་མདུད་པ་གྲོལ་བར་ཤེད་ཚོད་བྱེད། དོན་དམ་དུ། གསལ་སྒྲོན་གྱི་སེམས་སུ་ཁོ་ལས་བྱེད་པར་འགྱུར་མིན་དེར་བསམ་ཚོད་ཅི་ཡང་བྱས་མ་མྱོང་། ཁོ་མོ་ཁོའི་སྐྲ་ལོ་རིང་པོ་དེར་དགའ་ཞིང་། ཁོ་མོ་ཁོའི་བྱིས་བློའི་དྭངས་གཙང་གིས་ཁེངས་བའི་སྐད་ཆ་མཚར་བོ་དེ་དག་ལ་དགའ། ཁོའི་དགའ་བའི་འཛུམ་དང་དགོད་པའི་ཉམས།  མཚམས་རེར་སྨིན་མ་བསྡུས་ནས་རི་མོ་འབྲི་བ་དང་མཚམས་རེར་ཁུ་སིམ་མེར་བསམ་གཞིགས་སུ་ལྷུང་བའི་ངང་ཚུལ་དེ་དག་གིས་གསལ་སྒྲོན་ལ་དད་པ་ལྟ་བུའི་དགའ་མོས་ཤིག་སྤྲད་མྱོང་།   
          དེར་བརྟེན། གསལ་སྒྲོན་གྱིས་དབྱར་ལྗོངས་དེར་མར་ནང་གྲོང་ཚོའི་མི་རབས་ནས་མི་རབས་སུ་བརྒྱུད་ཅིང་ཀུན་གྱིས་བརྩིས་ཡོང་བའི་ཀུན་སྤྱོད་ཀྱི་ཚད་ཐིག་དེ་དག་རྒྱབ་ཏུ་བསྐྱུར་ནས་ཁོ་དང་ལྷན་དུ་མར་ནང་གྲོང་འདབས་ཀྱི་ཞིང་ཁུག་དེ་ནས་ཐང་ཉལ་ཡང་ཡང་བྱས།    
          ལོ་དེ་ལ། ཁོས་གསལ་སྒྲོན་ལ་“ངས་བལྟས་ན་གངས་དཀར་གཡུ་སྒྲོན་མའི་མཛའ་བོ་ཕྱིར་ལོག་རྒྱུ་མེད་པའི་རྒྱུ་མཚན་ནི། ཕོ་གསར་དེ་ནག་ཆུ་ས་ཆའི་བུ་མོ་ཞིག་གི་མག་པར་བསྡད་པས་རེད ”ཅེས་དགོད་གཏམ་བཤད་ཅིང་།  ཡང་“ང་རྗེས་མ་ཕོ་གསར་དེ་ནང་བཞིན་ཕྱིར་ལོག་རྒྱུ་མ་བྱུང་ན།  ཁྱོད་ཀྱིས་གངས་དཀར་གཡུ་སྒྲོན་མ་བཞིན་སྒུག་སྡོད་ངེས་སམ”ཞེས་དྲིས་ཡོང་།   
          དེ་ལ་གསལ་སྒྲོན་གྱིས་“ངས་མ་ཤི་བར་དུ་ཁྱོད་ལ་སྒུག་སྡོད་ངེས་ཡིན”ཞེས་ལན་བཏབ་པ་དང་། ཡང་བསམ་བློ་ཞིག་བཏང་རྗེས“ཁྱོད་ཀྱིས་ང་ལ་ཁྲེལ་མེད་བྱས་ན་གངས་དཀར་གཡུ་སྒྲོན་མས་རང་དགར་མི་སྐྱུར་ཁོ་ཐག་ཡིན” ཞེས་བཤད།   
          ལོ་དུ་མའི་རྗེས་སུ། གསལ་སྒྲོན་གྱིས་ཁོ་གཉིས་དང་ཐོག་ཐང་ཉལ་བྱེད་སའི་ཞིང་ཁུག་དེ་ནས་དེ་ལྟར་ཕྱིར་དྲན་ཡང་ཡང་བྱེད་ཅིང་།  མཚམས་རེར་རང་གཅིག་པུ་གད་མོ་ཤོར་ལ། མཚམས་རེར་མིག་ཆུའི་ཐིགས་པ་དབང་མེད་དུ་མཁུར་མགོ་ནས་འཐོར་ཡོང་། 
 
དགུ
          བོད་ཀྱི་གཏམ་དཔེ་ཞིག་ཏུ་“རང་ཡུལ་གད་པ་ཡིན་རུང་སྐྱིད” ཟེར། ཁོ་བྱེས་སུ་གྱར་བའི་ལོ་ཟླ་དེ་དག་ཏུ་མེས་པོ་ཚོའི་སྐད་ཆ་འདི་ལ་ངོས་ཟིན་ཟབ་མོ་ཞིག་ཐོབ་སོང་།  ཡང་རང་ཅག་གི་ཆོས་ལུགས་སུ་“ལས་སྔ་དྲོ་བསགས་ན་ཕྱི་དྲོ་སྨིན་ཡོང ”ཟེར། ཁོས་སྙིང་ཉེ་བའི་མི་དེ་འདྲ་མང་པོ་ཞིག་ལ་ཁྲེལ་མེད་བྱས་པས། ཁོར་རང་ལ་རྣམ་སྨིན་འཁོར་ཡོང་བཞིན་པའི་ཉམས་སྣང་སྐྱེས།  གང་ལྟར་ཀྱང་། ཐང་ལ་འོད་ཟེར་རྡོ་རྗེ་མར་ནང་གྲོང་དུ་འཚར་ལོངས་འབྱུང་བཞིན་པའི་ལོ་དེ་དག་ཏུ། ཁོ་རྒྱ་གར་གྱི་ངྷི་ལི་ཟེར་བའི་གྲོང་ཁྱེར་ཆེན་པོ་དེ་རུ་ཡོད། ཁོས་ལས་ཅི་སྒྲུབ་ཀྱང་རླུང་རྟ་གཏན་ནས་མི་རྒྱུགས། མ་གཞིར་དེ་ནི་གསལ་སྒྲོན་གྱིས་ལབ་པ་ལྟར་གངས་དཀར་གཡུ་སྒྲོན་མ་ཟེར་བའི་ཕ་ཡུལ་གྱི་གཞི་བདག་བུད་མེད་རེ་སྒུག་གིས་མནར་བ་དེས་རང་དགར་མ་བསྐྱུར་བར་ཉེས་ཆད་གཅོད་བཞིན་ཡོད་པ་ཡིན་ནམ།     
          ལོ་དེར། ངྷི་ལིའི་ཚ་བས་ཨེན་ཙམ་མིན་ན་ཁོ་རང་གཞོབ་ལ་ཁད་ཅིག་བྱས། དེ་ནི་རང་ཅག་གི་ཆོས་ལུགས་སུ་དམྱལ་ཁམས་བཅོ་བརྒྱད་ལས་ཚ་བའི་དམྱལ་ཁམས་ཟེར་བ་དེ་ཡིན་ནམ། སྣང་བ་ཞིག་ལ་གྲོང་ཁྱེར་ཆེན་པོ་དེའི་ཕྱོགས་གང་ཞིག་ཏུ།  བསམ་པ་ངན་པ་སུ་ཞིག་གིས་ལྕགས་ཀྱི་ཐབ་ཀ་རི་བོ་ལྟར་གཏོས་ཆེ་བ་ཞིག་གི་ནང་དུ་མེ་གཏོང་བཞིན་ཡོད་པ་འདྲ། མེ་ལྕེ་ཚ་མོ་དེ་ལྷབ་ལྷུབ་ཏུ་འབར་བཞིན་ཡོད་པ་འདྲ།  ཚ་བས་ཁོ་རང་འདུག་བཟོད་མེད་པར་བཏང་ཞིང་ཚ་བས་ཁོ་རང་བློང་བློང་བོར་བཏང་། ཚ་བའི་ཁྲོད་དུ་རྒྱ་གར་གྱི་མི་དེ་དག་གིས་རས་ལྷབ་དཀར་པོ་རེ་ལུས་ལ་བགོས་ནས་རྐང་ལ་འདྲུད་ལྷམ་རེ་དྲུད་དེ་འགྲོ  མི་དེ་དག་གི་ཤ་མདོག་སྨིག་པོར་གྱུར་ཡོད་ཅིང་དེ་ཡང་མ་གཞིར་ཚ་བས་འཚིགས་པ་ཡིན་ནམ། ཁོ་ལོ་དེ་དག་ཏུ་ངྷི་ལི་ནས་སླ་ང་ཚ་མོའི་ནང་དུ་ལྷུང་བའི་གྲོག་མ་ལྟར་འགྱུར་དུས། ཡིད་དུ་ཕ་ཡུལ་གངས་ལྗོངས་བསིལ་ལྡན་ཕྱུག་མོ་དྲན་ཡོང་ཞིང་། ཕ་ཡུལ་མར་ནང་གྲོང་གི་རི་སུལ་དུ་གཡུགས་ཡོང་བའི་ཡང་ཞིང་གཡོ་ལ་བསིལ་ཞིང་འཇམ་པའི་རླུང་དེ་དྲན་ཡོང་།    
          ཚ་གདུག་ལ་ཁ་གཏད་གཅོག་བཞིན་པའི་ཁོ། ལོ་དེ་དག་ལ་ཐོག་དང་པོར་རང་གི་ཁ་རྒྱབ་ལ་འབད་མཁན་ཞིག་ཏུ་གྱུར། ཆུང་དུས་སུ། ཁོའི་ཕ་རྒན་སྙན་གྲགས་ཀྱིས་ཁོ་ལ་འཇིག་རྟེན་འདིར་“ཟས་རང་གྲུབ་དང་གོས་རང་གྲུབ”ཟེར་བའི་གནས་ཤིག་ཡོད་མི་སྲིད་ཅེས་བརྗོད་མྱོང་། ཡང་ཁོ་ལ་“བུ་ལ་སྡུག་རུས་ཡོད་ན། བྲོ་ཁ་ལམ་ན་ཡོད ”ཟེར། ངྷི་ལི་ནས་ཁོས་ཕ་རྒན་གྱི་སྐད་ཆ་དེ་དག་ལ་གཞི་ནས་གོ་བ་ལེན་ཐུབ་སོང་། མི་ཚེ་ཟེར་བའི་མཐའ་གཉིས་ཀྱིས་ཆོད་པའི་གོ་རིམ་འདིའི་ནང་། ང་ཚོས་རིན་དོད་ག་འདྲ་ཞིག་སྤྲད་རྗེས་གཞི་ནས་འཚོ་བའི་ངོ་གདོང་དེར་ངོས་ཟིན་ཟབ་མོ་རེ་འཐོབ་ཡོང་ངམ།      
          དང་ཐོག་ཁོས་བོད་པ་གཞིས་ཆགས་དེ་དག་ལ་གཡོག་ལས་རྒྱུགས་ནས་བསྡད་པ་དང་། དེ་ལ་བརྟེན་ནས་གྲོད་པ་མ་ལྟོགས་ཙམ་ཞིག་བྱུང་། མཚམས་རེར་ཁོས་མི་ཚང་དེ་དག་ལ་གཡོགས་རྒྱུགས་དུས།  ཁྱིམ་བདག་རྒད་མོ་རྒྱགས་པ་དེས་“ཨ་མདོའི་ཕོ་གསར།  ཁྱོད་ཀྱི་སྐྲ་ལོ་རིང་པོ་དེ་ཕར་བཞར་ན་འགྲིག་གི་མ་རེད་པས།  རྒྱ་གར་གྱི་ཚ་བ་ཞེ་དྲག་ཆེན་པོ་ཡོད་པས།  དེ་འདྲ་བྱས་ནས་བསྡད་ན་རང་ལ་ཚ་ནད་འབྱུང་གི་རེད”ཟེར། ཡིན་ན་ཡང་།  ཁོས་རང་གི་སྐྲ་ལོ་རིང་པོ་དེ་གཏན་ནས་བཞར་རྩིས་མ་བྱས། ཁོའི་སེམས་ནང་དུ་སྐྲ་ལོ་རིང་པོ་དེ་ནི་རང་ཉིད་བོད་པ་ཞིག་ཡིན་པའི་རྟགས་མཚན་རེད་བསམས་ཡོད་ལ།  སྐྲ་ལོ་རིང་པོ་དེ་ཡང་མེད་པར་གྱུར་ན་ཁོས་རང་ཉིད་ཀྱང་ངོ་མི་ཤེས་པའི་ཉེན་ཁ་འབྱུང་ངེས། མ་མཐའ་ཡང་།  སྐྲ་ལོ་རིང་པོ་དེ་ནི་བུ་མོ་གསལ་སྒྲོན་ཆེས་དགའ་ས་དེ་ཡིན་པས། ཁོས་དེ་ལྟར་རང་དགར་བཞར་ག་ལ་རུང་།      
          ཡིན་ན་ཡང་། ཁོ་རྒྱ་གར་ཏུ་བརྟོལ་བའི་ལོ་གཉིས་པ་དེར་དངོས་གནས་ཚ་ནད་བྱུང་།  ཚ་ནད་ཀྱིས་ཁོའི་གཟུགས་པོའི་ནང་དུ་མེ་འབུད་པ་ལྟར་གྱུར་ཅིང་། ཁ་སྣ་སྐམ་ནས་མིག་ནང་དུ་ཁྲག་ཐིགས་ལྷུང་ཡོང་། ཁོའི་སྔོན་ཆད་ཀྱི་གཟུགས་པོ་ཐང་བོ་དེ་དར་ཅིག་ལ་མི་འདོད་ནད་ཀྱི་ཞགས་པས་ཟིན་པ་དང་། སྔོན་ཆད་ཀྱི་ཤ་གནད་འབུར་དུ་ཐོན་པའི་དཔུང་བ་དེ་ཡང་རིམ་གྱིས་སྐམ་ནས་མེ་ཐུར་ལྟར་སྐམ་པོར་གྱུར་སོང་། དེ་ལྟར་ཉམས་ཞན་དུ་འགྱུར་དུས།  ཉེ་འཁོར་གྱི་ངོ་ཤེས་ཁ་ཤས་ཀྱིས་ཁོ་རང་ལ་“ཚ་ནད་བྱུང་ཚེ། འདི་ལྟར་སྡོད་པ་ནི་འཆི་རྒྱུར་སྒུག་པ་རང་རེད།  སྔོན་ཆད་བོད་པ་མང་པོ་ཞིག་འདི་གར་འདི་ལྟར་ཚ་ནད་ཀྱི་དབང་དུ་གྱུར་ནས་ཚེ་ཡི་འདུ་བྱེད་སྟོང་བ་རེད”ཟེར།    
          ལོ་དེ་ལ། ཁོ་ངྷི་ལི་ཟེར་བའི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དེའི་ཁང་མིག་ཆུང་ཆུང་འབར་ཞུན་གྱི་སྒམ་ཆུང་ཙམ་ལས་མེད་པ་དེའི་ནང་ནས་མལ་ཁྲི་རྫོབ་པོ་དེའི་ཐོག་དེ་ལྟར་ཀན་རྐྱལ་དུ་ཉལ་ནས་བསྡད་དེ་འཆི་བ་ཞེས་པའི་གཟུགས་མེད་ཀྱི་ཞགས་ཐག་དེས་རང་ཉིད་ཕྱི་མའི་འཕྲང་རིང་དུ་ཁྲིད་འགྲོ་བར་སྒུག  མཚམས་རེར་ཚ་བ་རྒྱས་ནས་ཁོར་མཚམས་འཁྲུལ་སྐྱེས་ཤིང་། ཁ་ནས་ཅི་ཡིན་འདི་ཡིན་མེད་པའི་ལྡབ་ལྡིབ་ཀྱི་སྐད་ཆ་མང་པོ་ཤོར་ཡོང་། ལོ་ངོ་སྟོང་གི་གོང་རོལ་ཏུ།  སྲོང་བཙན་སྒམ་པོས་བོད་ཕྲུག་བློ་རྣོ་བ་བཅུ་དྲུག་རྒྱ་གར་ལ་ཡི་གེ་སློབ་ཏུ་བཏང་། ཡིན་ན་ཡང་མི་ལོ་བཅུ་གསུམ་གྱི་རྗེས་ནས་ཐོན་མི་གཅིག་པུ་ལས་ལོག་ཡོང་རྒྱུ་མ་བྱུང་སྐད། མ་གཞིར་བོད་ཕྲུག་བློ་རྣོ་བ་དེ་དག་ཀྱང་ལོ་དེའི་ཁོ་ནང་བཞིན་ཚ་ནད་ཀྱིས་མནར་ནས་ས་མཐའི་མི་ཡི་ལུང་པ་འདི་ནས་ཚེ་ཡི་འདུ་བྱེད་སྟོང་བ་ཡིན་ནམ།  ཁོས་དེ་ལྟར་མལ་ཁྲིའི་ཐོག་ནས་འཆི་རྒྱུར་སྒུག་ནས་བསྡད།    
          དེ་ལྟར་སྡོད་དུས། ཁོའི་ཡིད་དུ་རང་གི་ཕ་རྒན་སྙན་གྲགས་ཝ་ལེར་ཝ་ལེར་འཁོར་བྱུང་། ས་མཐའ་ནས་སྡུག་ལ་འཕྲད་ཐེངས་རེར། ཁོས་རང་གི་ཕ་རྒན་དེའི་ཁ་ངོ་དེ་ལྟར་དབང་མེད་དུ་དྲན་ཡོང་།  ཨ་ཕ་ཟེར་བ་དེ་མ་གཞིར་མི་ཞིག་ལ་མཚོན་ན་དོན་སྙིང་ཅི་འདྲ་ཞིག་མཚོན་བཞིན་ཡོད་དམ། ཟི་ལིང་གི་འབྲིང་རིམ་ཆེད་ལས་སློབ་གྲྭ་དེ་ནས་སློབ་སྦྱོང་བྱེད་དུས་ཁོས་ཁ་བྱང་ལ<<ཨ་ཕ། ངའི་རྒྱབ་རི་སྨུག་པོ>>ཞེས་པའི་ནུབ་ལུགས་ཀྱི་མི་སྣའི་འདྲ་རིས་ཤིག་བྲིས་མྱོང་། རི་མོའི་ནང་དུ་ཁོའི་ཕ་རྒན་གྱི་སྨུག་མདོག་གི་གདོང་དུ་ལོ་ཟླའི་རྐང་རྗེས་ལྟ་བུའི་གཉེར་རིས་མངོན་སུམ་དུ་བབས་འདུག་ཅིང་། དཔྲལ་དབྱེས་ཆེ་ལ་ཁ་སྣ་རག་ཅིང་། མིག་དབང་དུ་བརྟན་བརླིང་གི་འོད་ཅིག་འཕྲོས་ཡོང་། ཕྱིས་སུ་འདྲ་རིས་དེར་སློབ་གྲྭ་རིམ་པའི་གཟེངས་བསྟོད་ཀྱི་རྟགས་མ་ཞིག་ཀྱང་ཐོབ་མྱོང་། ཡིན་ན་ཡང་། ལོ་དེ་ལ་ཁོས་འདྲ་རིས་དེའི་སྐོར་ཕ་རྒན་སྙན་གྲགས་ལ་ཚིག་གཅིག་ཀྱང་གླེང་མ་མྱོང་། ཁོ་ཆུང་དུས་སུ། ཕ་རྒན་གྱིས་ཁོ་དང་གསལ་སྒྲོན་གྱི་ཕ་བློ་བཟང་གཉིས་སྟོད་ཉི་མ་ལྷ་སར་བསྐྱོད་པའི་སྐོར་ཡང་ཡང་གླེང་མྱོང་། ཁོས་དབུས་ལམ་ནས་མི་མེད་ཐང་སྟོང་ནས་ལམ་ནོར་ཐེབས་སོང་ཚུལ་དང་། ཙག་སྐྱིན་ལྡང་ཟེར་བ་དེར་འཕྲད་ནས་ཁོ་གཉིས་ཨེན་ཙམ་མིན་ན་ཕྱིད་སོང་ཚུལ།  སྤྱང་ཚོགས་ཀྱིས་མཐའ་ནས་བསྐོར་ཏེ་ཅུང་ཙམ་མིན་ན་ཟས་སོང་ཚུལ་སོགས་གཏམ་རྒྱུད་བཤད་པ་ནང་བཞིན་བཤད་མྱོང་། དེ་དུས་ཁོའི་མིག་ནང་དུ་རང་གི་ཕ་རྒན་ནི་གེ་སར་སྒྲུང་གི་ནང་དུ་གླེང་བའི་དཔའ་རྟུལ་དེ་དག་བཞིན་ཅི་འདྲའི་ཡ་མེད་ཅིག་རེད་ཨང་སྙམ་པ་དང་། རང་ཉིད་ནར་སོན་རྗེས་ངེས་པར་དུ་ཕ་རྒན་ལྟ་བུའི་ཕོ་རྒོད་ཅིག་འཁྱོངས་དགོས་བའི་དམ་བཅའ་ཡིད་ལ་བཞག་མྱོང་།   
          ཡིན་ན་ཡང་།  ཕྱིས་སུ་ཁོ་ནར་སོན་པ་དང་བསྟུན་ནས། ཕ་རྒན་དང་ཁོ་གཉིས་ཀྱི་དབར་དུ་དེ་ལྟར་སྨྲ་བ་ཉུང་ནས་ཉུང་ཕྱིན། ཁོས་ད་ལྟ་ཡང་དེ་འདྲ་ཞིག་ཏུ་འགྱུར་དོན་ཅི་ཡིན་མི་ཤེས། དེ་ལས་ལྡོག་སྟེ།  ལོ་དེ་དག་ཏུ་ཁོ་དང་རང་གི་ཨ་མ་ཐར་མོའི་བར་དུ་སྔར་བཞིན་མ་བུའི་བརྩེ་བ་ཟབ་མོའི་རྒྱུན་བསྐྱངས་ནས་ཡོང་། ཨ་མའི་བྱམས་བརྩེ་ནི་ཁོ་རང་མར་ནང་གྲོང་དང་ཡང་ཡང་གྱེས་དུས་ཆེས་བསྐྱུར་མི་ཐུབ་པའི་འཁྲེང་ཞེན་དེ་ཡིན།    
          ལོ་དེ་ལ། ཁོ་རྒྱ་གར་འཕགས་པའི་ཡུལ་ནས་ཚ་ནད་ཀྱིས་མནར་ཏེ་འཆི་བདག་གི་ཞགས་པས་ཟིན་ལ་ཉེ་དུས། ཡིད་དུ་རང་གི་དྲིན་ཅན་ཕ་མ་རྣམ་གཉིས་ཡང་ཡང་དྲན་ཅིང་།  ལྷག་པར་དུ་ཕ་སྙན་གྲགས་ཀྱི་ངོ་གདོང་དང་ཁོས་ཆུང་དུས་སུ་རང་ལ་བཤད་མྱོང་བའི་སྐད་ཆ་དེ་དག་ཡང་ཡང་དྲན་བྱུང་། ཁོའི་ཕ་རྒན་གྱིས་“ཨ་མའི་བུར་སྙིང་དགོས།  སྙིང་ལ་རུས་པ་དགོས”ཟེར།  ཁོས་དེ་ལྟར་དྲན་དུས་རང་ཉིད་དེ་ལྟར་དོན་མེད་གོ་མེད་དུ་འཆི་མི་རུང་ཨང་སྙམ་བྱུང་།  མ་གཞིར།  ཨ་ཕ་ཟེར་བ་དེ་ནི་མི་ཚེའི་འགྲུལ་བཞུད་ཀྱི་ལམ་སྣེ་ན་ལྷབ་ལྷུབ་སྐྱོད་པའི་དར་ཆ་དེ་ཡིན་ནམ། རེད་ཨང་།  ཨ་ཕ་ནི་སེམས་ཀྱི་སྨིག་ལོང་ནང་ན་འོད་དུ་འཚེར་བའི་ལམ་སྟོན་གྱི་སྒྲོན་མེ་དེ་རེད་འདུག གལ་ཏེ་མ་དྲིན་མོ་ཆེ་དེ་ཁོ་རང་གི་རྩ་ལམ་ན་བཞུར་བའི་ཟུངས་ཁྲག་དྲོན་མོ་དེ་ཡིན་ཚེ།  ཕ་རྒན་ནི་ཁོ་རང་གི་ཤ་གཟུགས་གདོས་བཅོས་ཀྱི་གཟུགས་པོ་འདི་འགྲེང་བར་བྱེད་པའི་རུས་པ་དེ་དག་ཡིན། གལ་ཏེ་ཨ་མ་ནི་སེམས་ཀྱི་སྙི་ས་དེ་ཡིན་ཚེ། ཨ་ཕ་ནི་སེམས་ཀྱི་མཁྲེགས་ས་དེ་ཡིན། ཤ་ཁྲག་དང་རུས་པས་ལུས་ཀྱི་རྟེན་འདི་གྲུབ་ཅིང་།  མཉེན་ཞིང་སྙི་བའི་བརྩེ་བ་དང་མཁྲེགས་ཤིང་བརྟན་པའི་སྙིང་སྟོབས་གཉིས་ཀྱིས་ནང་སེམས་ཀྱི་འཇིག་རྟེན་དེ་གྲུབ་ཡོད། སྔོན་ཆད་ཕ་རྒན་གྱིས་“ཨ་མའི་བུར་སྙིང་དགོས།  སྙིང་ལ་རུས་པ་དགོས”ཟེར། ས་མཐའ་ནས་ཁོས་གཞི་ནས་རང་གི་ཕ་རྒན་ནི་རང་གི་སྒལ་ཚིགས་ཡིན་པ་རྟོགས་ཤིང་། ཕ་རྒན་གྱིས་རང་ཉིད་དེ་ལྟར་མལ་སའི་ནང་ལུས་ནས་འཆི་བར་མི་སྒུག་པར་ཡར་རྩོང་བཞིན་ཡོད་པའི་ཉམས་སྣང་བྱུང་།             
          ལོ་དེར་ཁོས་ཉེ་འགྲམ་གྱི་ངོ་ཤེས་དེ་དག་ལ་“ང་འདི་ལྟར་འཆི་མི་འདོད”ཅེས་བཤད།     
          “ཚ་ནད་ཟེར་བ་འདི་སྨན་ཁང་ལ་ཡང་བཅོས་ཐབས་ཡོད་པ་མ་རེད”ངོ་ཤེས་ཚོས་དེ་ལྟར་ཟེར།    
          ཉིན་ཞིག་ལ་ཁོས་གཡོག་ལས་རྒྱུགས་མྱོང་བའི་གཞིས་ཆགས་རྒད་མོ་རྒྱགས་པ་དེས་ཤིང་ཏོག་ཁ་ཤས་ལྟོ་ཕད་དུ་བཞག་ནས་ཁོའི་ཁང་མིག་ཏུ་ཡོང་ཞིང་། ཁོ་དེ་ལྟར་ཉམས་ཐག་པོར་གྱུར་བ་མཐོང་རྗེས་མིག་ཆུ་ཡང་ཤོར་སོང་།  བུད་མེད་དེས་སྙིང་རྗེ་ཆེན་པོས“བུ་ཁྱོད་རང་འདི་ལྟར་སྡོད་པ་ནི་འཆི་རྒྱུ་རང་རེད་ཨང”ཟེར་བ་དང་། དེ་ནས“གལ་ཏེ་ཁྱོད་ལ་ལམ་དུ་བསྐྱོད་ཐུབ་པའི་ལུས་ཤུགས་ཡོད་ཚེ། ད་ལྟ་ཉིད་ནས་ལམ་དུ་ཆས་རོགས།  རབ་ཡིན་ན་བལ་བོར་བསླེབས་ཐུབ་ཚེ། དེ་གར་ས་མཐོ་བས་ཚ་ནད་ཀྱང་རང་བཞིན་གྱིས་དྲག་བསྐྱེད་འབྱུང་ངེས་རེད”ཅེས་སེམས་གསོ་བྱས་པ་དང་། “ཡིན་ན་ཡང་བུ་ཁྱོད་ལ་ད་ལྟ་ལམ་དུ་བསྐྱོད་པའི་ལུས་ཤུགས་ཡོད་དམ”ཟེར། 
          ལོ་དེ་ལ། ཁོས་རྒད་མོ་དེའི་སྐད་ཆ་དེ་ཐོས་རྗེས། དབང་མེད་དུ་མལ་སའི་ནང་ནས་ཨུ་ཚུགས་ཀྱིས་ཡར་ལངས་བ་དང་། དེ་ནས་རྒད་མོ་སེམས་བཟང་མ་དེའི་རོགས་རམ་ལ་བརྟེན་ནས་བལ་བོར་བསྐྱོད་པའི་ལམ་དུ་ཞུགས།    
          ལོ་དེར་ཁོ་སྙིང་རུས་ཆེན་པོས་བལ་བོར་བརྟོལ་ཅིང་། ཚ་ནད་ཀྱང་རིམ་གྱིས་ཞི་སོང་།      
          གསལ་སྒྲོན་གྱིས་ཁོ་ལ་“ཁྱོད་ཀྱིས་ང་ལ་ཁྲེལ་མེད་བྱས་ཚེ།  གངས་དཀར་གཡུ་སྒྲོན་མས་རང་དགར་མི་བསྐྱུར་ཁོ་ཐག་ཡིན”ཞེས་བཤད། ལོ་དེ་དག་ལ། ཁོའི་སྣང་བ་ཞིང་ལ་གསལ་སྒྲོན་གྱིས་བསྒྲགས་པའི་ཐ་ཚིག་དེ་དེ་ལྟར་མངོན་འགྱུར་བྱུང་བཞིན་པ་འདྲ།  ཁོས་ལས་ཅི་བསྒྲུབས་ཀྱང་རླུང་རྟ་གཏན་ནས་མི་རྒྱུགས། ས་མཐའ་ནས་ཁོ་རིམ་གྱིས་སྨིན་པར་གྱུར་སོང་།  ཡ་མཆུའི་ཐོག་ཏུ་སྨ་ར་ཐར་ཐོར་ཏུ་སྐྱེས་ཡོང་བ་དང་། མིག་ནང་དུ་མི་ཚེའི་སྐྱིད་སྡུག་གི་རི་མོ་མངོན་པར་བབས་སོང་། 

བཅུ།    
          གསལ་སྒྲོན་གོ་རྒས་སུ་ལུས་ནས་མོ་ལོ་ཉི་ཤུ་རྩ་ལྔར་སོན་པའི་ལོ་དེ་ལ། ཐང་ལ་འོད་ཟེར་རྡོ་རྗེ་མདོ་སྨད་མར་ནང་ཡུལ་ཕྱོགས་ཀྱི་སྐྱབས་མགོན་གཅིག་པུ་སྟེ་དུས་ཀྱི་དབང་གིས་ཀུན་གྱི་མགོན་དུ་བྱོན་པའི་སྤྲུལ་བའི་སྐུ་མར་ནང་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པའི་ཡང་སྤྲུལ་ཏུ་ངོས་བཟུང་།      
          ཉིན་དེར།  མར་ནང་གྲོང་ཚོའི་སྲང་མདོ་ནས་གྲྭ་བ་ཁ་ཤས་ཀྱི་སྣང་བརྙན་དམར་ལྷུབ་ལྷུབ་མངོན་བྱུང་།  མ་ཎི་ཁང་གི་མདུན་དུ་ཉི་མར་ལྡེ་བཞིན་ཡོད་པའི་བགྲེས་སོང་དེ་དག་གི་སེམས་སུ་དེ་ནི་གྲོང་ཚོའི་ནང་གི་ཁྱིམ་ཚང་ཞིག་ལ་བཅའ་བ་རིམ་གྲོ་སྒྲུབ་ཏུ་བསྐྱོད་མཁན་རེད་བསམས་ཡོད།  ཁོ་ཚོས་དེ་ལྟར་རིགས་འདེད་བྱས་ཤིང་། ཚང་མ་འཚུབ་ཉིལ་ལིར་ཡར་ལངས་ནས་གུས་ཕྱག་བྱེད།    
          ལོ་དེ་དག་ལ། མར་ནང་གྲོང་ཚོའི་མི་རྣམས་ཕལ་ཆེར་རིགས་འདེད་བྱེད་པར་གོམས་ཡོད། ཁོ་ཚོས་དང་ཐོག་གསལ་སྒྲོན་དང་རབ་བརྟན་ཁྱིམ་བཟའ་ཚང་ཏུ་འགྱུར་བར་རིགས་འདེད་བྱེད། ཁོ་ཚོས་ཁོ་རང་སློབ་གྲྭ་ནས་ཐོན་རྗེས་རྒྱལ་ཁབ་ཀྱི་ལས་བྱེད་དུ་འགྱུར་བར་རིགས་འདེད་བྱེད།  ཡིན་ན་ཡང་། འཇིག་རྟེན་འདིའི་བྱ་དངོས་མང་པོ་ཞིག་གི་འཕེལ་འགྱུར་རིགས་འདེད་ལས་འགོངས་ཡོད་སྲིད་དེ། དེ་མིན་གསལ་སྒྲོན་གོ་རྒས་སུ་ལུས་ཤིང་། ཁོ་རང་ས་མཐའ་རུ་འཁྱམས་པ་དེ་ཁོ་ཚོའི་རིགས་འདེད་ལས་འགོངས་ཡོད།  དེ་བས་ཀྱང་།  ཀུན་གྱིས་ཐང་ལར་འབོད་པའི་གསལ་སྒྲོན་དང་ཁོ་གཉིས་ཀྱི་ཕྲུ་གུ་འོད་ཟེར་རྡོ་རྗེ་དེ་ལྟར་མར་ནང་སྤྲུལ་བའི་སྐུ་ཡི་ཡང་སྤྲུལ་དུ་འགྱུར་བ་ནི་རིགས་འདེད་ཅི་ཡང་བྱེད་མི་ཐུབ་པ་ཞིག་རེད་ཨང་། དེ་ནི་ཅི་འདྲའི་བློ་ཡུལ་ལས་འགོངས་བ་ཞིག་རེད་ཨང་།    
          འོན་ཀྱང་། འཚོ་བའི་ནང་རིགས་འདེད་མེད་དུ་མི་རུང་བ་འདྲ།  ལྷག་པར་ང་ཚོས་མིག་མཐོང་ལག་ཟིན་དཀའ་བའི་བྱ་དངོས་དེ་དག་ལ་རྗེས་དཔག་གྱི་རིགས་འདེད་ཅིས་ཀྱང་མཁོ་ངེས།  གསུང་རབ་ཏུ།  རྣམ་ཤེས་ནི་རྡུལ་ཕྲ་རབ་ཅིག་གོ་གསུངས། རྡུལ་ཕྲ་རབ་དེའི་གར་འགྲོ་གར་འདུག་ནི་ཡེ་ཤེས་ཀྱི་སྤྱན་གྱིས་མ་གཏོགས་ཕལ་བའི་མིག་གིས་ཟིན་དཀའ་འོ་གསུངས། ཡེ་ཤེས་ཀྱི་སྤྱན་ནི་སངས་རྒྱས་ལ་མ་གཏོགས་མི་མངའ་འོ་གསུངས། དེ་ལྟར་ན་ལོ་དེར་མར་ནང་སྤྲུལ་བའི་སྐུ་གོང་མ་དེ་གཤེགས་རྗེས་དེའི་རྣམ་ཤེས་གང་དུ་འཕོས་མིན་དེ་སངས་རྒྱས་ཀྱིས་མ་གཏོགས་མཐོང་མི་སྲིད། ཡིན་ན་ཡང་། ལོ་དེར་གྲྭ་པ་རྣམ་པས་རིགས་འདེད་ཞིབ་མོ་བརྒྱུད་ནས་མར་ནང་སྤྲུལ་སྐུ་གོང་མའི་རྣམ་ཤེས་དེ་ཐང་ལ་འོད་ཟེར་རྡོ་རྗེ་ཡི་ལུས་རྟེན་དུ་ཞུགས་ཡོད་པ་རྙེད་བྱུང་སྐད། ཕྱིས་ཀྱི་སྤྲུལ་སྐུའི་<<འཁྲུངས་རབས་དུང་གི་སྒྲ་དབྱངས>>སུ་གྲྭ་པ་རྣམ་པས་རིགས་འདེད་ཇི་ལྟར་བྱས་པའི་སྐོར་ཞིབ་མོར་འཁོད་མི་འདུག
          “སྐུ་གོང་མ་ཞིང་ལ་ཕེབས་རྗེས།  ང་ཚོས་ཡང་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་དང་བསྔོ་སྨོན་མང་དུ་ཕུལ་ཅིང་།  སྐུ་རིམ་གང་མང་བསྒྲུབས་པ་ཡིན། ”ཚ་ཐབ་ཐོག་ནས། ཨ་ཁུ་མཁྱེན་རབ་ཀྱིས་དེ་ལྟར་ཇ་དཀར་ཁ་ལ་འཁྱེར་ནས་ཕུ་འདེབས་བཞིན་དལ་བྲེལ་མེད་པར་བཤད།    
          དང་ཐོག་གསལ་སྒྲོན་གྱིས་ཅི་བྱུང་གི་ཧ་ཅི་ཡང་མ་གོ  གྲྭ་པ་དེ་དག་སྒོ་ནང་ནས་ཡར་ཐོན་མ་ཐག་ཁྱམས་ར་ན་བྱི་ལ་སེར་ལྡང་མར་བརྙད་བརྐོ་བཞིན་པའི་རང་གི་བུ་ཆུང་གི་སྐེ་ལ་ཁ་བཏགས་དཀར་པོ་ཞིག་འཕངས་སོང་། ལོ་ཟླའི་ཁུར་གྱིས་མནན་པའི་བགྲེས་སོང་ཨ་ཁུ་མཁྱེན་རབ་ཀྱིས་སྐེད་པ་མར་སྒུར་ནས་དེ་ལྟར་བུ་ལ་ཐོད་པ་གཏུགས་ཤིང་།  གྲྭ་རྒན་དེའི་རྒས་གཉེར་གྱི་གསེབ་ཏུ་མིག་ཆུའམ་རྔུལ་ཆུ་ཅི་ཡིན་མི་ཤེས་པ་ཞིག་འཛུམ་ཡོང་།     
          “དེ་ཡང་སྐུ་ཞོགས་རྗེ་ཐམས་ཅད་མཁྱེན་པ་ཡོངས་འཛིན་རིན་པོ་ཆེར་ལུང་བསྟན་ཞུ་དུས། ཁོང་གིས་སྐུ་གོང་མ་ཐག་རིང་དུ་ཕྱིན་མེད་པར་དགོན་པའི་ཉེ་འཁོར་དུ་བུ་ཐང་ལ་ཞིག་གི་སྐྱེས་བ་བཞེས་འདུག་གསུངས།”ཉིན་དེར་གསལ་སྒྲོན་དང་ནང་མི་ཚོས་ཐོག་དང་པོར་མི་ཞིག་གིས་དེ་ལྟར་བུ་ཆུང་འོད་ཟེར་རྡོ་རྗེར་ཐང་ལ་ཞེས་འབོད་པ་ཐོས། “ཕྱིས་སུ་ང་ཚོས་སྐུ་གོང་མའི་ཞིང་ལ་ཕེབས་ཁའི་དུས་ཚོད་དང་ཡང་སྤྲུལ་འཁྲུངས་བའི་ལོ་རུས་བར་སྐལ་སོགས་ཐོ་ཡང་ཡང་གཏུགས་པ་ཡིན། ཆོས་སྐྱོང་དག་གི་མདུན་ནས་ཡིན་མིན་གྱི་མོ་བརྟག་ཞུས་པ་ཡིན།  རྟགས་དང་ལྟས་ཐམས་ཅད་འཁྲུལ་མེད་དུ་ཁེལ་སོང་བས། ང་ཚོ་སླར་ཡང་སྐུ་ཞོགས་རྗེ་ཐམས་ཅད་མཁྱེན་པ་ཡོངས་འཛིན་རིན་པོ་ཆེ་ཡི་དྲུང་དུ་ཕྱིན་ནས།  ཁོང་ལ་གནས་ཚུལ་ཞུ་སྐབས་ཁོང་གིས་ཀྱང་ཡང་སྤྲུལ་འཁྲུལ་མེད་ཡིན་པ་ཞལ་གྱིས་བཞེས་སོང་།  དེ་ཡིན་ན་རང་གཞན་ཀུན་གྱི་བསམ་དོན་གྱི་རི་མོ་འགྲུབ་སོང་བ་རེད་ཨང”ཨ་ཁུ་མཁྱེན་རབ་ཀྱིས་དེ་ལྟར་གསུངས་དུས། གསལ་སྒྲོན་གྱི་ནང་མི་ཀུན་ཧ་ལས་ཤིང་ཧོན་ཐོར་སོང་།  ཨ་མ་བཟང་མོར་དད་པའམ་ཅི་ཡིན་མི་ཤེས་པའི་མིག་ཆུ་དབང་མེད་དུ་ཤོར་ཅིང་། ཕ་བློ་བཟང་དེ་ལྟར་ཧོན་ཐོར་ནས་གོ་ཁ་ནས་ཐོ་ཡོར་བཞིན་འགྲེང་སྟེ་ཡུད་ཙམ་ལ་སྨྲ་བ་མེད་པར་དགུན་གྱི་ཁུ་བྱུག་བཞིན་གྱུར།    
          གང་ལྟར་ཀྱང་།  གསལ་སྒྲོན་མོ་ལོ་ཉི་ཤུ་རྩ་ལྔར་སོན་པའི་ལོ་དེར། ལས་དབང་ལ་དེ་ལྟར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་སོང་།  
          “མར་གྱུར་སེམས་ཅན་ཐམས་ཅད། ད་ནི་མ་རུ་མ་གྱུར་བ་ཞིག་མེད་ཀྱང་། ང་ཚོས་ལྷག་བསམ་རྣམ་པར་དག་པས་སྤྲུལ་སྐུའི་མ་ཡུམ་གསལ་སྒྲོན་ལ་ཐུགས་རྗེ་ཆེ་ཞུ། ཁོ་མོས་ཡང་སྤྲུལ་བདེ་ལེགས་ངང་གཉོར་སྐྱོང་བྱས་ནས་དཀའ་ལས་མང་པོ་མྱངས་སོང་།  ཐུགས་རྗེ་ཆེ་ཞུ”ཨ་ཁུ་མཁྱེན་རབ་ཀྱིས་དེ་ལྟར་སླར་ཡང་རུམ་ནས་ཁ་བཏགས་དཀར་པོ་དྲི་མས་མ་གོས་པ་ཞིག་བཏོན་མྱོང་ནས་“སྤྲུལ་སྐུའི་མ་ཡུམ་གང་དུ་ཕྱིན་སོང་ངམ།”ཟེར་བ་དང་། གོ་ཁའི་ནང་ཧད་ཡོད་པའི་གསལ་སྒྲོན་ལ་ཚུར་ཡོང་དགོས་པའི་ཕྱག་བརྡ་བསྟན། གསལ་སྒྲོན་ཚ་ཐབ་ཀྱི་ཁ་གདང་གི་ཉེ་སར་བཏུད་ནས་མགོ་བོ་མར་སྒུར་བ་ན་ཨ་ཁུ་མཁྱེན་རབ་ཀྱིས་ཁ་བཏགས་དཀར་པོ་དེ་ཁོ་མོའི་སྐེ་ལ་འཕངས་བ་དང་། ཞལ་འཛུམ་ལྷུག་ལྷུག་གིས་“ལོ་དེར་ཁྱོད་ཀྱིས་ཕྲུ་གུ་ངའི་མདུན་དུ་འཁྱེར་ཡོང་ནས་མཚན་གསོལ་ཞུ་དུས། ངས་ཁྱོད་ལ་ཅི་བཤད་པ་དྲན་བཞིན་འདུག་གམ། ད་ནི་ལན་ཆགས་ཀྱི་བུ་ལོན་ཐམས་ཅད་དག་སོང་བ་རེད་ཨང”ཟེར།    
          ཐང་ལ་འོད་ཟེར་རྡོ་རྗེ་ཉིན་དེར་སྤྲུལ་སྐུར་ཐུགས་ཐག་བཅད་པའི་གཏམ་དེ་གསེར་ཀྱི་སོ་ཕག་ཅིག་གནས་མི་འདྲ་བར་ལྷུང་སོང་བ་དང་མཚུངས་བར་མར་ནང་གྲོང་ཚོའི་མི་རྣམས་ཀྱི་འཚོ་བར་དཀྲོགས་དཀྲུགས་ཆེན་པོ་ཞིག་ཐེབས་སོང་། སྤྱིར་རིགས་འདེད་ལས་འགོངས་བ་ཡོད་ཚད་ཀྱིས་མི་སེམས་ལ་རྟོགས་སད་གསར་བ་བསྐྱེད་ཐུབ་པ་འདྲ། སྔོན་ཆད།  ཀུན་གྱིས་ཐང་ལ་ཐང་ལ་ཞེས་འོད་ཟེར་རྡོ་རྗེ་ལ་ཁྱད་གསོད་བྱེད། གོ་རྒས་མ་ཞེས་གསལ་སྒྲོན་ལ་མི་ཁ་གཏོང་།  ཉིན་དེར་ཐང་ལ་དེ་ལྟར་སྐྱབས་མགོན་དུ་གྱུར་ཅིང་།  གོ་རྒས་མ་དེ་དེ་ལྟར་སྐྱབས་མགོན་གྱི་མ་ཡུམ་དུ་གྱུར་སོང་། གཏམ་དེ་ཐོས་རྗེས་མར་ནང་གྲོང་ཚོའི་མ་ཎི་ཁང་གི་མདུན་དུ་ཉི་མར་ལྡེ་བཞིན་པའི་བགྲེས་སོང་དག་གིས་ཕྲེང་བ་ཐོད་པར་བཞག་ནས་རང་རང་གིས་སྔོན་ཆད་ངག་གི་ཉེས་པ་དང་སེམས་ཀྱི་ཉེས་པ་བསགས་པ་དེར་འགྱོད་བཤགས་ཡང་ཡང་བྱེད་ཅིང་། “ད་ནི་འཆི་ཁར་སྔས་མགོའི་བླ་མ་ཡང་ཡོད་པས།  བསོད་ནམས་རེད་ཨང”ཟེར། ཉིན་དེ་ནས་བཟུང་། ཀུན་གྱིས་ལོ་དེར་གསལ་སྒྲོན་དང་ཁོ་གཉིས་ཚེར་ཕུང་ཁུག་གི་འདབས་ཀྱི་ཞིང་ཁ་ནས་ཐང་ཉལ་བྱས་པ་དེ་ནས་མགོ་བརྩམས་ཏེ། ཐང་ལ་འོད་ཟེར་རྡོ་རྗེ་དང་འབྲེལ་བའི་དོན་ཡོད་རྒུར་སྔོན་ཆད་དང་མི་འདྲ་བའི་སྤྲོས་བརྗོད་མང་པོ་བྱེད། སྐད་ཆ་དེ་དག་ཕྱིས་སུ་སྤྲུལ་སྐུའི<<འཁྲུངས་རབས་དུང་གི་སྒྲ་དབྱངས>>རྩོམ་པའི་གཞི་འཛིན་སར་གྱུར།    
          “སྤྲུལ་སྐུའི་ཡབ་དེ་ཡང་རང་ག་བ་ཞིག་ག་ལ་ཡིན་ཨང་།  ལོ་རྒྱུས་ཐོག་མར་ནང་ལུང་བའི་ནང་ནས་སུ་ཞིག་སྟོད་རྒྱ་གར་ཆོས་ཀྱི་ཞིང་ཁམས་སུ་བསྐྱོད་ཐུབ་བམ”མི་རྣམས་ཀྱིས་ཁོ་གླེང་དུས་ཀྱང་དེ་ལྟར་ཟེར།   
          ལོ་དེར། ཕྲུ་གུ་གཉིས་ཀྱི་ཕ་རུ་གྱུར་ཡོད་པའི་གྲོང་ཚོའི་ནང་གི་ཕོ་གསར་རྫིག་ཤོས་རབ་བརྟན་གྱིས་གཏམ་དེ་ཐོས་རྗེས།  ཉིན་མོའི་སེམས་མི་སྐྱིད་ཅིང་མཚན་མོར་གཉིད་མི་བདེ་བ་ཞིག་བྱུང་། རབ་བརྟན་གྱིས་ལོ་དེར་གངས་དཀར་གཡུ་སྒྲོན་སྒང་ནས་ལུག་འཚོ་སྐབས།  ལས་མེད་སོས་དལ་གྱིས་རྒྱང་ཤེལ་གསལ་བོ་དེས་མར་ནང་ལུང་བའི་ཕུ་མདའ་བར་གསུམ་དུ་བསྐོར་ལྟ་བྱས་ནས་བསྡད། ཉིན་ཞིག་སྣང་མེད་དུ་མར་ནང་ཞིང་ཁུག་དུ་ཁོ་དང་གསལ་སྒྲོན་གཉིས་ཐང་ཉལ་བྱེད་པ་མཐོང་།  རབ་བརྟན་གྱི་རྒྱང་ཤེལ་ཤིན་ཏུ་གསལ་ཏེ་རྒྱང་གྲགས་གང་མང་གི་ཕ་མཐའི་ཕྲ་རེག་ཀུན་མིག་ཁར་འཐེན་ཡོང་ཐུབ། དེར་བརྟེན། ཁོས་ཉིན་དེར་གསལ་སྒྲོན་གྱི་རས་ལྭའི་ཁུད་ནས་དགའ་བདེར་ལོངས་སྤྱོད་མཁན་དེ་གཉིས་གསལ་ལེར་མཐོང་ཞིང་གོ་རིམ་ཆ་ཚང་གློག་བརྙན་སྟོན་པ་ནང་བཞིན་མཐོང་།      
          “གློག་བརྙན་སྟོན་པ་ནང་བཞིན་རེད།”ཁོས་མར་ནང་གྲོང་གི་ཕོ་གསར་གཞན་དག་ལ་དེ་ལྟར་ལབ། 
          “ཉལ་ཚར་རྗེས་་་་་ ཧེ། ད་ནི་བཤད་རྒྱུར་ཡང་ངོ་གནོང་གི”རབ་བརྟན་གྱིས་དེ་ལྟར་བཤད་མཚམས་བཞག་ཚེ་“ཉལ་ཚར་རྗེས་ཅི་བྱས་སོང་ངམ།  ཤོད་དང་ཤོད་དང་།”ཞེས་མཐའ་འཁོར་གྱི་ཕོ་དེ་ཚོས་དེ་ལྟར་བྲེལ་དངངས་ཀྱིས་ལབ།
          “དེ་གཉིས་ཀྱིས་སྒྲུབ་རྒྱུར་ངོ་མ་གནོང་ན།  ཁྱོད་བཤད་རྒྱུར་ངོ་གནོང་ནས་ཅི་བྱེད”ཞེས་ཟེར་མཁན་ཡང་བྱུང་།
          “ཉལ་ཚར་རྗེས་གསལ་སྒྲོན་རས་ལྭའི་ཁུད་ནས་གཅེར་བུར་ཉལ་ཅིང་། ཁོས་རི་མོར་བྲི་བཞིན་འདུག”རབ་བརྟན་གྱིས་དེ་ལྟར་ལབ།
          ཁོས་དེ་ལྟར་རང་གིས་མཐོང་བ་དང་མ་མཐོང་བའི་རྣམ་པ་ཕྲ་མོ་དག་འུད་སྒྲོག་དང་སྒྲོ་བཏགས་ཀྱིས་ལབ་པ་ན། མཐའ་བསྐོར་ཡོད་པའི་ཕོ་གསར་དེ་དག་གིས་མཆིལ་མ་ཡང་ཡང་མིད་དགོས་བྱུང་བ་དང་། ཁ་ཤས་ཤིག་གི་གདོང་པ་ཡང་དམར་པོར་གྱུར། གང་ལྟར་ཀྱང་། ལོ་དེར་ཁོ་དང་གསལ་སྒྲོན་གཉིས་ཐང་ཉལ་བྱས་པའི་དོན་དེ་ལྟར་ཉིན་གཉིས་པར་མར་ནང་གྲོང་ཚོའི་ནང་རླུང་ལྟར་ཁྱབ།  དོན་དེ་ཕྱི་ལ་སྒྲོག་མཁན་གྱི་ཕོ་གསར་རབ་བརྟན་གྱིས་ཐང་ལ་འོད་ཟེར་རྡོ་རྗེ་མར་ནང་སྤྲུལ་བའི་སྐུ་ཡི་ཡང་སྤྲུལ་ཡིན་པའི་གཏམ་དེ་ཐོས་རྗེས། དེ་ལྟར་འདུག་བཟོད་མེད་པར་གྱུར་སོང་།  ཁོས་ལོ་དེར་མར་ནང་གྲོང་སྟོད་ནས་གསལ་སྒྲོན་ལ་“ཁྱི་མོ”ཞེས་སྡིགས་དམོད་རྣར་མི་གཟན་པ་བྱས་མྱོང་ལ། “ཐང་ལ”ཞེས་ཕྲུ་གུར་ཁྱད་གསོད་བྱས། དེར་མ་ཟད་མ་བུ་དེ་གཉིས་ཀྱི་ཐོག་རྟ་རྒྱུགས་བཏང་ནས་ཅུང་མིན་ན་རྨིག་འོག་ཏུ་གཅིར་ལ་ཁད་བྱས།  རབ་བརྟན་གྱིས་དེ་དག་དྲན་ཡོང་དུས། རང་ཉིད་ཀྱིས་ལས་སྡིགས་པ་ཅི་འདྲ་ལྕི་མོ་ཞིག་བསགས་སོང་ངམ་སྙམ་པ་དང་། ད་ནི་ཕྱི་མའི་འཕྲང་ལམ་ནས་ཐར་ས་ཞིག་ཡོད་དམ་བསམས།   
          “ངས་མཆོད་རྟེན་ཞིག་བཞེངས་རྒྱུ་ཡིན”མཚན་མོ་དེར་གཉིད་མ་ཁུག་པའི་རབ་བརྟན་གྱིས་རང་གི་ཆུང་མར་དེ་ལྟར་བཤད།   
          “གང་ནས་བཞེངས་རྒྱུ་ཡིན་ནམ”ཆུང་མས་རབ་བརྟན་གྱི་སྐད་ཆའི་ཕུག་མ་རྟོགས་པར་དེ་ལྟར་དྲིས།  
          “མར་ནང་ཞིང་ཁུག་དེ་ནས་བཞེངས་རྒྱུ་ཡིན”རབ་བརྟན་གྱིས་དེ་ལྟར་བཤད།   
          “སེམས་ཅན་གྱིས་ཁྱོད་ལ་འཕྱ་དམོད་བྱས་ན་ངོ་མི་ཚའམ”     
          “སྡིག་སྒྲིབ་དག་ཐུབ་ན། སེམས་ཅན་ལ་ཅི་བཤད་ན་བཤད་དུ་ཆུགས་ཨང”རབ་བརྟན་གྱིས་དེ་ལྟར་བཤད།    
          ལོ་དེ་ལ། རབ་བརྟན་གྱིས་འགྲོ་གྲོན་བཏང་ནས་མར་ནང་ཞིང་ཁུག་དེ་ནས་མཆོད་རྟེན་ཆུང་ཆུང་ཞིག་བརྩིགས།
          “ཤར་གྱི་མཆོད་རྟེན་ནུབ་ཀྱི་སྡེ་བའི་ཁ་གནོན་ཟེར། མཆོད་རྟེན་སྡེ་འདབས་ནས་བཞེངས་བ་ཏག་ཏག་རེད”ལོ་ལོན་ཚོས་དེ་ལྟར་ཟེར།           
          མཆོད་རྟེན་བརྩིགས་རྗེས་མར་ནང་དགོན་པའི་གྲྭ་དམངས་ཕེབས་ནས་རབ་གནས་བྱས།  མཆོད་རྟེན་དེ་དེ་ལྟར་ཞིང་ཁུག་ཏུ་དཀར་ལིང་ངེར་འགྲེང་ཞིང་།  དུས་ཆེན་དང་ཉི་བཟང་སྐར་བཟང་གི་སྐབས་སུ་གྲོང་མི་མང་པོས་དེ་ལ་ཕྱག་བྱེད་ཅིང་བསྐོར་བ་བརྒྱག    དེ་ལྟར་ལགས་མོད་ཀྱང་།  རབ་བརྟན་གྱིས་དངོས་སུ་གསལ་སྒྲོན་ལ་དགོངས་དག་ཅི་ཡང་ཞུས་མ་མྱོང་།    

བཅུ་གཅིག
          མར་ནང་སྤྲུལ་བའི་སྐུ་ཁྲི་ཁར་འགོད་པའི་ལོ་དེར། ཁོ་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་རུ་དེ་ལྟར་ལྷག་མར་གྱུར་བའི་མཁོ་མེད་ཀྱི་ཅ་དངོས་གང་རུང་ཞིག་དང་མཚུངས་བར་ལུས་ཡོད། ཁོས་མཚམས་རེར་རང་གི་ཡུལ་ཕྱོགས་སུ་ཡི་གེ་ཞིག་སྤྲིངས་འདོད་སྐྱེས།  ཡིན་ན་ཡང་། རང་གི་འཚོ་བའི་གནས་བབ་དེ་འདྲ་ཁོས་ཕ་མ་སྤུན་མཆེད་དག་ལ་ཡི་གེའི་ལམ་ནས་བཤད་རྒྱུར་ངོ་གནོངས་བྱུང་།     
          ཁོ་སློབ་འབྲིང་དུ་བསྐྱོད་པའི་ལོ་དེ་ལ། བོད་ཡིག་སློབ་ཚན་དུ་ས་སྐྱ་ལེགས་བཤད་ཀྱི་ཚན་པ་ཞིག་ཡོད་དེ། དེ་ནི་བླུན་པོ་བརྟག་པའི་ལེའུ་ཡིན་ཞིང་། “རྟག་ཏུ་གཞན་དོན་མི་སེམས་པ།།དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས།།བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་།།བསྒྲུབ་པར་ནུས་པ་མ་ཡིན་ནམ།།”ཞེས་འཁོད་ཡོད། ཡང་ལེགས་བཤད་དེའི་ར་ཡབས་བརྟགས་པའི་ལེའུར་“དམ་པ་རྒྱང་ན་གནས་ན་ཡང་།། འཁོར་འདབ་ཕན་པས་རིང་ནས་སྐྱོང་།། མཁའ་ལ་སྤྲིན་ཆེན་འཁྲིགས་པ་ཡིས།། ས་ཡི་ལོ་ཏོག་ཁྱད་པར་འཕེལ།།” ཞེས་འཁོད་ཡོད། དམ་པ་དག་གི་གསུངས་ནི་ཅི་མ་བདེན་ཨང་། ཁོ་ས་མཐར་འཁྱམ་པའི་ལོ་དེ་དག་ཏུ་བཟའ་བཏུང་འབའ་ཞིག་གི་རྩོལ་སྒྲུབ་ལས་གཞན་ཅི་ཡང་མ་ནུས་ལ། མར་ནང་ལུང་བའི་ཕ་མ་སྤུན་མཆེན་དག་ལ་ཕན་པས་རིང་ནས་ཅི་ཡང་སྐྱོང་མ་ཐུབ།  དེ་བས་ཁོ་ནི་དུད་འགྲོ་རེད། ཁོ་ནི་མ་རབས་ཤིག་རེད། ཁོ་འདི་འདྲ་ཡིན་པ་དམ་པ་གང་གི་ལེགས་བཤད་ཤོ་ལོ་ཀ་དེ་གཉིས་ཀྱིས་བསྡོམས་ཚིག་བཀོད་ཡོད། དེ་བས། ཁོས་སེམས་སུ་ས་མཐའ་ནས་ཅིས་ཀྱང་རང་མགོ་ཐོན་པ། རང་ས་ཟིན་པ། རང་དབང་ལྡན་པ་བཅས་ཀྱི་བུ་སྙིང་སྟོབས་ཅན་ཞིག་འཁྱོངས་དགོས་བསམས། ཡིན་ན་ཡང་། ལོ་དེ་དག་ཏུ་ཁོ་གསལ་སྒྲོན་གྱིས་བསྒྲགས་པའི་ཐ་ཚིག་དེ་ལས་ཐར་མ་ཐུབ།  ཁོས་ལས་ཅི་སྒྲུབ་ཀྱང་རླུང་རྟ་མི་རྒྱུགས།    
          དེ་ལྟར་ཁོ་བྱེས་སུ་གྱར་ནས་ཤེས་མེད་ཚོར་མེད་དུ་མི་ལོ་བདུན་འགོར་སོང་། ལོ་ཟླའི་འདབ་ལོ་དེ་དག་ཁོའི་ཚེ་སྲོག་གི་ཡལ་ཀ་ནས་ཤོག་སྒྲ་དང་བཅས་ལྷུང་སོང་། ལོ་དེའི་སྟོན་མཇུག་ཏུ། མར་ནང་གྲོང་ཚོའི་ཁོ་ར་ཁོར་ཡུག་ཀུན་ནས་གཡོགས་ཡོད་པའི་ཡུལ་སྡོང་གི་ཡལ་ཀ་དག་ལས་ལོ་མ་ལེབ་མོ་དེ་ཚོ་མཚམས་ཚིགས་མེད་པར་རེ་རེ་བཞིན་ག་ལེར་ས་རུ་འཐོར་ཡོང་། ལོ་མ་སེར་བོ་དེ་དག་ས་རུ་ཟགས་རྗེས་སླར་ཡང་རླུང་གིས་སྒུལ་ཏེ་ས་ཐོག་ནས་འཕྱོ་ཙམ་འཕྱོ་ཙམ་བྱེད། དེ་ནི་བྱ་གཤོག་ཐོགས་ཤིག་བར་སྣང་ནས་ས་ལ་ལྷུང་རྗེས་ཡང་བསྐྱར་མཐོ་རུ་འཕུར་འདོད་པའི་བཟོ་ལྟ་ཡིན་ངེས་ཤིང་། ལོ་དེ་ལ་ངང་ཚུལ་དེ་ནི་ཁོས་རང་གི་ལས་དབང་དང་འདྲ་པོ་ཞིག་ཡོད་པར་བསམས། དེ་ལྟར་བསམས་ནས་ཁོ་མར་ནང་གྲོང་ཚོ་དང་གྱེས། དེ་དུས་ཁོའི་སེམས་སུ་བྱ་རྒོད་པོ་བྲག་ཐེམ་ནས་སླར་ཡང་འཕུར་བའི་དཔའ་སྤོབས་ཀྱིས་ཁེངས་ཡོད།    
          ཡིན་ན་ཡང་། ལོ་དེར་བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་རྡུ་ནས་ཁོ་རང་མགོ་ཐོན་པ། རང་ས་ཟིན་པ། རང་དབང་ལྡན་པ་བཅས་ཀྱི་བུ་སྙིང་སྟོབས་ཅན་ཞིག་འཁྱོངས་མ་ཐུབ། ཁོས་སྔར་བཞིན་མི་ལ་ལག་གཡོག་རྒྱུགས་ནས་བསྡད། བལ་བོ་ནི་མི་ལ་མཐོ་དམན་དང་རིགས་རྒྱུད་ཀྱི་དབྱེ་བ་གསལ་བོར་འབྱེད་པའི་ཡུལ་གྲུ་ཞིག་རེད། བལ་ཡུལ་ཏུ་མི་ལ་ལག་གཡོག་རྒྱུགས་པ་ནི་ཤིན་ཏུ་ཡིད་སྐྱོ་བ་ཞིག་ཡིན་ཏེ། མཚམས་རེར་ཁྱོད་ཀྱི་རང་བཀུར་ལ་རྡོག་རྫིས་ཤོར་བར་མ་ཟད། དེའི་ཐོག་ཏུ་རྐང་བས་བཅག་བཅག་བྱེད་ཅིང་ཁ་ལུད་བོར་ཡོང་།   ལོ་དེ་དག་ཏུ་ཁོ་དེ་ལྟར་བལ་ཡུལ་ཏུ་སྐྱོ་བས་བསྡད།        
          དེ་ལྟར་སྡོད་དུས། ཁོ་ཉིན་ཞིག་ཀ་ཏ་མན་ཏའི་སྲང་མདོ་ཞིག་ནས་སྟེས་དབང་གིས་མར་ནང་ལུང་ཁོག་ནས་ཡོང་བའི་ཚོང་བ་ཞིག་ལ་འཕྲད་ཅིང་། དེ་ནས་རང་གི་ཕ་མ་སྤུན་མཆེད་དང་བཅས་པའི་ཕ་ཡུལ་ཕྱོགས་ཀྱི་བརྡ་འཕྲིན་གསལ་བོ་ཞིག་གོ་བྱུང་།  
          “ངས་ཁྱོད་རེད་བསམས་བྱུང་།  འཕྱུག་མི་འདུག་ཨང་། ཡིན་ན་ཡང་།  ཁྱོད་འདི་ལྟར་སྐམ་རིད་དུ་གྱུར་འདུག་པས། ངས་ཨེན་ཙམ་མིན་ན་ངོ་ཤེས་མ་སོང་།” ཚོང་བས་སྙིང་ཉེ་ཉེ་ངང་དེ་ལྟར་ཁོར་ལག་འཇུ་བྱེད་བཞིན་བཤད།    
          “ད་ལྟ་ཁྱོད་སྐྱབས་མགོན་རིན་པོ་ཆེའི་ཡབ་ཏུ་གྱུར་བས། འདི་ལྟར་སྡོད་པ་ལས་ཕྱིར་ཕ་ཡུལ་དུ་ལོག་ན་མི་བཟང་ངམ” ཚོང་བས་དེ་ལྟར་ཟེར།     
          ལོ་བདུན་གྱི་རྗེས་ནས། ཁོས་གསལ་སྒྲོན་གྱིས་ལོ་དེར་ཁོ་ལ་བཤད་རྒྱུ་ཞིག་ཡོད་ཟེར་བ་དེ་ནི་རང་ལ་མངལ་འཁོར་ཡོད་པ་དེ་བཤད་རྩིས་ཡོད་པ་གཞི་ནས་རྟོགས། ཉིན་དེར་མི་ཚོགས་ཀྱི་འདུ་འཛི་ཆེ་ཞིང་སྐད་རིགས་སྣ་མང་འུར་ཆིལ་ཆིལ་དུ་གྲགས་ཡོང་བའི་ཇ་ཁང་དེ་ནས་ཁོ་རེ་ཞིག་ལ་དགུན་གྱི་ཁུ་བྱུག་གི་ཚུལ་དུ་གྱུར་སོང་།    
          “འདི་སྐྱབས་མགོན་ཚང་གི་སྐུ་པར་རེད”ཚོང་བས་དེ་ལྟར་རང་གི་སྐེ་ནས་ཤེལ་གྱི་སྒྲོམ་བུ་ཆུང་ཆུང་ཞིག་བཏོན་ཡོང་བ་དང་། དེ་ཡང་སྐུད་པ་དམར་ནག་ཅིག་གིས་གསེར་གྱི་མགུལ་རྒྱན་སྦོམ་པོ་དེ་དང་ལྷན་དུ་ཚོང་བའི་སྐེ་ལ་བཏགས་འདུག ཚོང་བས་ཤེལ་སྒྲོམ་དེ་སྐེ་ནས་གྲོལ་པ་དང་ཐོད་པར་གཏུགས་ཙམ་བྱས་རྗེས་ག་ལེར་ཁོའི་ལག་ཏུ་བཞག་བྱུང་།         
          ཤེལ་སྒྲོམ་ལས་གཟན་གོས་ངུར་སྨིག་གི་འོག་ཏུ་སྟོད་འགག་སེར་བོ་མནབས་པའི་ཕྲུ་གུ་ཆུང་ཆུང་ཞིག་དེ་ལྟར་པདྨའི་ཁྲི་རུ་བཞུགས་འདུག ཕྲུ་གུ་དེའི་མིག་ཟུང་དུ་ལྷོད་འཇགས་ཀྱི་མདངས་ཤིག་རྒྱས་འདུག་པ་དང་། དེ་ལྟར་མིག་གི་རི་མོར་གཡོ་བ་མེད་པར་ཁོར་བལྟས་འདུག  ཁོར་མིག་མདངས་དེ་རྒྱུས་ཡོད་ཡོད་འདྲ་པོ་ཞིག་ཡོད་པའི་ཉམས་སྣང་སྐྱེས་ཤིང་། སེམས་ཀྱི་ག་ཤེད་ཅིག་ནས་ན་ཟུག་ཅིག་སྐྱེས་ཡོང་།  
          “སྐྱབས་མགོན་ཚང་གི་སྐུའི་བྱད་གཟུགས་ཁྱེད་དང་འདྲ་པོ་འདུག་ཨང་།”ཚོང་བས་དེ་ལྟར་སྐེ་ཚུར་བསྲིངས་ཡོང་ནས་ཁོ་དང་ལྷན་དུ་སྐུ་པར་ལ་ལྟ་བཞིན་བཤད།   
          “གསལ་སྒྲོན་ད་ལྟ་གནས་ཡུལ་ནས་བདེ་པོ་རེད་དམ” ཁོས་དེ་ལྟར་དྲིས།      
          “ཤུ”ཚོང་བས་དངན་པ་ཞིག་འཐེན་པ་དང་། དེ་ནས“ཁོ་མོ་ད་དུང་གོ་རྒས་སུ་ལུས་ཡོད།  ཁྱེད་ཀྱིས་དངོས་གནས་མར་ནང་ལུང་བའི་མཛེས་མ་རྩེ་གྲ་དེའི་མི་ཚེ་འཕྲོ་བརླག་ཏུ་བཏང་སོང་ཨང་།” ཞེས་ཡིད་ཕམ་པའི་ངང་བཤད་བྱུང་།    
          གསལ་སྒྲོན། གསལ་སྒྲོན། ཁོའི་ཡ་ཆུང་གངས་དཀར་སེམས་སུ་ཙག་ཤད་ཅིག་བརྒྱབ། ལོ་བདུན་འགོར་སོང་། ཁོ་མོའི་རེ་སྒུག་གི་མེ་ཏོག་ད་དུང་ཡང་མ་རྙིངས་པར་དེ་ལྟར་ལྷུག་གེར་བཞད་ཡོད། ཁོ་མོའི་རེ་སྒུག་གིས་བྱེས་སུ་གྱར་བའི་ཁོའི་སེམས་སུ་བཟོད་དུ་མི་བཏུབ་པའི་ན་ཟུག་ཆེན་པོ་ཞིག་བསྐྱེད་བྱུང་། འདི་ནི་ཁོས་བྱེས་ཀྱི་འཚོ་བའི་ནང་ཡང་ཡང་རྟོགས་འཆར་བྱས་པའི་ངང་ཚུལ་ལས་ཡོངས་སུ་འདའ་ཡོད་ཨང་། ཁོས་གསལ་སྒྲོན་སྔ་མོ་ནས་མི་གཞན་དང་ཆང་ས་བརྒྱབ་ཡོད་བསམས་ཡོད། ཁོས་གསལ་སྒྲོན་གྱིས་སྔ་མོ་ནས་ཁོ་དང་ཁོས་བཞག་པའི་རྨ་ཁ་དེ་བརྗེད་ཚར་ཡོད་བསམས། ལོ་བདུན་འགོར་སོང་།  ཁོས་རང་ཉིད་སྔ་མོ་ནས་མར་ནང་གྲོང་ཚོའི་གླེང་གཞི་དང་མར་ནང་གྲོང་ཚོའི་མི་རྣམས་ཀྱི་འཚོ་བའི་ནང་ནས་སྨིག་སྤྲིན་བཞིན་ཡལ་ཚར་ཡོད་བསམས་ཡོད། ཡིན་ན་ཡང་།  ཁོས་དེ་ལྟར་རིགས་འདེད་ཀྱིས་རྟོགས་འཆར་བྱས་པ་མཐའ་དག་དེ་ལས་ལྡོག་པར་གྱུར་ཡོད། མ་གཞིར། འཚོ་བ་ནི་རིགས་འདེད་ལས་འགོངས་ཡོད།  ཇུས་འགོད་ལས་འགོངས་ཡོད། འཚོ་བ་ཟེར་བ་དང་མི་ཚེ་ཟེར་བ་འདི་མ་གཞིར་ཅི་ཞིག་ཡིན་ནམ།   
          “དྲང་མོར་བཤད་ན། ལོ་དེར་ངས་ཀྱང་བར་བ་མངགས་ནས་གསལ་སྒྲོན་མནའ་མར་བསླངས་མྱོང་། ཁོ་མོས་མོས་མཐུན་རྩ་བ་ནས་མ་བྱས” ཚོང་བའི་གདོང་མདོག་ཅུང་དམར་བོར་གྱུར་ཅིང་འཚེར་བག་དང་བཅས་ཁོར་དེ་ལྟར་ཟེར་བ་དང་།“མི་རང་ག་བ་ཞིག་སྐྱབས་མགོན་གྱི་ཡུམ་དུ་འགྱུར་རྒྱུའི་བསོད་ནམས་ག་ལ་ཡོད།  གསལ་སྒྲོན་དངོས་གནས་བུད་མེད་རང་ག་བ་ཞིག་མ་རེད། ཁོ་མོས་ཁྱེད་རང་ཕྱིར་ལོག་པར་ནམ་ཡང་ཡིད་ཆེས་བྱས་ཡོད་པ་འདྲ”ཚོང་བས་དེ་ལྟར་ཟེར་བ་དང་། ཁ་ནས་ཇ་ལོ་ཞིག་ཕུ་སྒྲ་དང་བཅས་ས་རུ་གཡུགས།  
          “ཁོ་མོ་ད་ལྟ་སྐྱིད་པོ་བདེ་མོ་ཡིན་ནམ”ཁོས་ལག་པའི་ནང་དུ་སྤྲུལ་སྐུའི་སྐུ་པར་ཉར་ནས་དེ་ལྟར་དྲིས།    
          “འེ། ད་ནི་སྐྱིད་པའི་ཉི་མ་ཤར་བ་རེད།  སྐྱབས་མགོན་གྱི་ཡུམ་དུ་གྱུར་བས།  སྐྱིད་ཀྱི་ཉི་མ་མགོ་བརྩམས་སོང་།  སྔོན་ཆད་ཡིན་ན་མ་བུ་གཉིས་ཀྱིས་གྲོང་ཚོའི་ནང་གི་མི་ཁ་ཅི་འདྲ་མང་པོ་ཞིག་ཁུར་མྱོང་ཡོད་ཨང་།  ཚང་མ་སྡིགས་པ་རེད་ཡ”ཟེར།    
          “སྐུ་པར་འདི་ང་ལ་སྤྲད་ན་ཆོག་གམ” ཁོས་ཚོང་བར་དེ་ལྟར་བཤད།    
          “ལོས་ཆོག  ཁྱེད་རང་སྐྱབས་མགོན་གྱི་ཡབ་རེད།  ཁྱེད་ལ་མི་སྟེར་སུ་ལ་སྟེར།” ཚོང་བས་དེ་ལྟར་ཟེར་བ་དང་“ང་ས་གང་ལ་སོང་ཡང་སྐུ་པར་དེ་སྐེ་ནས་གྲོལ་མ་མྱོང་།  སྣང་བ་ཞིག་ལ་སྐྱབས་མགོན་ཚང་གིས་ཐུགས་རྗེའི་སྤྱན་གྱིས་སྲུང་ཡོད་པ་འདྲ།  དོན་ཐམས་ཅད་བདེ་བླགས་ཀྱིས་འགྲུབ་ཡོང་།”ཚོང་བས་དེ་ལྟར་ལག་པས་ཐལ་མོ་དང་གར་སྦྱར་ནས་བཤད་བྱུང་།    
          “ཁྱོད་ཀྱིས་ང་ལ་གནས་ཚུལ་འདི་དག་ལབ་པ་ཐུགས་རྗེ་ཆེ”ཁོས་ཚོང་བར་ལག་འཇུ་ཐེངས་གཅིག་བྱས་ཤིང་། དེ་ནས་ཡར་ལངས་བ་དང་། “དགོངས་དག་ཞུ། ང་ལ་ད་དུང་ལས་ཀ་ཡོད་པས་འགྲོ་དགོས”ཞེས་བཤད།    
          “ཁྱོད་ཀྱིས་བལ་བོར་ལས་ཀ་ཅི་ཞིག་བྱེད་བཞིན་ཡོད་དམ”ཚོང་བ་ཡང་རྟབ་རྟབ་པོར་ཡར་ལངས་བཞིན་དེ་ལྟར་དྲིས།   
          “ངས་ཚོང་ཁང་ཞིག་ཕྱེ་ཡོད”ཁོས་ལོ་དེར་མར་ནང་ལུང་ཁོག་ནས་ཡོང་བའི་ཚོང་བ་དེར་དེ་ལྟར་རྫུན་བཤད།         
          ཁོ་མྱུར་ཏུ་ཇ་ཁང་གི་ཕྱི་རུ་བུད།    
          རི་བོ་ཧི་མ་ལ་ཡའི་རི་སུལ་ནས་ལྡང་ཡོང་བའི་བརླན་ཞིང་བཤེར་ལ་བསིལ་ཞིང་གྲང་བའི་རླུང་གིས་ཁོའི་སྐྲ་ལོ་རིང་བོ་དེ་འཕྱོ་ཙམ་འཕྱོ་ཙམ་བྱས་སོང་།  མགོ་ཐོག་གི་སྤྲིན་པ་ལེབ་མོ་དེའི་པང་བ་ནས་ལྷུང་ཡོང་བའི་ཆར་ཐིགས་ཀྱིས་ཁོ་རང་གི་ལུས་ཐོག་གི་ལྭ་བ་སྲབ་མོ་དེ་བརླན་པར་བཟོས་སོང་། ཁོས་ལག་མཐིལ་དུ་མར་ནང་སྤྲུལ་བའི་སྐུ་ཡི་པར་དེ་དམ་དུ་བསྡམས་ནས་རྒྱུགས་མ་འདུར་གྱིས་ཀ་ཏ་མན་རྡུའི་སྲང་ལམ་ནས་བསྐྱོད་ཅིང་། མཚམས་ཤིག་ལ་ལམ་འགྲོ་ཁ་ཤས་ལ་དཔུང་གཏུགས་བརྒྱབ་པ་དང་། མི་རེ་གཉིས་ཤིག་གིས་བལ་བོའི་སྐད་ཀྱིས་གཤེ་གཤེ་བཏང་ཡོང་། ཁོས་རང་གི་གདོང་གི་ཆར་ཆུའམ་མིག་ཆུ་གང་ཡིན་པ་མི་ཤེས་པ་དེ་ཕར་ཡང་ཡང་ཕྱིས་ཤིང་། དེ་ལྟར་དམིགས་ཡུལ་མེད་པར་དུས་ཚོད་རིང་ཙམ་ལ་བསྐྱོད། ཐག་མི་རིང་བའི་ས་རུ་མཆོད་རྟེན་མཐོན་པོ་དེ་སྔར་བཞིན་ཟིལ་ཉམས་ཀྱིས་འགྱིང་འདུག་ཅིང་།  ཕྱོགས་བཞིར་འཐེན་པའི་དར་གདང་ཐོག་གི་ཁ་དོག་སྣ་ལྔའི་དར་ལྕེ་དེ་དག་རླུང་གིས་ལྷབ་ལྷུབ་བསྐྱོད། རྒྱང་ནས་བལྟས་ན་མཆོད་རྟེན་དེ་ནི་དྲིལ་བུ་ཆེན་པོ་ཞིག་ཁ་སྦུབ་ཏུ་བཞག་ཡོད་པ་དང་མཚུངས་ཤིང་།  མཆོད་རྟེན་གྱི་བུམ་པའི་ཞབས་སུ་དཀྱུས་རིང་ལ་དཀར་ནག་གི་དབྱེ་མཚམས་གསལ་བའི་སྤྱན་རས་ཀྱི་རི་མོ་ཞིག་འཁོད་ཡོད་ཅིང་དེས་ནི་དེ་ལྟར་འབྱེད་འཛུམ་མེད་པར་ཚུར་བལྟས་འདུག   
          ལོ་དེར། ཁོས་གཞི་ནས་རང་གིས་གསལ་སྒྲོན་ལ་ཁྲེལ་མེད་བྱས་བ་ནི་བརྩེ་དུང་གི་བུ་ལོན་ཙམ་མ་ཡིན་པ་རྟོགས། ལས་དབང་གིས་ཁོར་རྩེད་པའི་ཀུ་རེས་དེ་ནི་ཅི་འདྲའི་བརྩེ་མེད་ཅིག་རེད་ཨང་།  ལོ་བདུན་འགོར་སོང་། མར་ནང་གྲོང་ཚོའི་གངས་དཀར་གཡུ་སྒྲོན་མས་ད་དུང་རང་གི་སྙིང་དབུས་ཀྱི་མི་དེར་སྒུག་བསྡད་ཡོད་དམ། ལོ་དེར་ཁོས་གསལ་སྒྲོན་ལ་“ང་རྗེས་མ་གངས་དཀར་གཡུ་སྒྲོན་མའི་མཛའ་བོ་ཕོ་གསར་དེ་ནང་བཞིན་ཕྱིར་ལོག་རྒྱུ་མ་བྱུང་ན།  ཁྱོད་ཀྱིས་གངས་དཀར་གཡུ་སྒྲོན་མ་བཞིན་སྒུག་སྡོད་ངེས་སམ”ཞེས་དྲིས།    
          དེ་ལ་གསལ་སྒྲོན་གྱིས “ངས་མ་ཤི་བར་དུ་སྒུག་སྡོད་ངེས་ཡིན”ཟེར། ཁོས་དེ་ནི་ཁོ་མོས་སྣང་མེད་དུ་བཞག་པའི་ཁ་དན་ཙམ་ཡིན་ངེས་ཏེ། དེ་ལྟ་བུའི་ཁ་དན་གྱི་མཆོད་མེ་ནི་དུས་ཚོད་ཀྱི་རླུང་ཁར་བཞག་པ་ཙམ་གྱིས་མེ་ལྕེ་གཞིལ་འགྲོ་བར་སྙམ། ཡིན་ན་ཡང་།  གསལ་སྒྲོན་གྱིས་མཆོད་མེ་དེ་ལྟར་སྦར་ནས་མི་ལོ་འཁོར་མོ་བདུན་ཙམ་འགོར་སོང་། ཁོ་མོས་མ་གཞིར་དངོས་གནས་མ་ཤི་བར་དུ་ཁོར་སྒུག་ངེས་སམ། ཁོར་རང་ཉིད་དེ་མ་ཐག་གཤོག་པ་ཞིག་ཐོགས་ཏེ་མར་ནང་ལུང་བར་འཕུར་འགྲོ་རྒྱུའི་སེམས་འདུན་འགོག་ཏུ་མེད་པ་ཞིག་བྱུང་། ཁོ་ཕྱིར་རང་ཉིད་སྡོད་སའི་ཁང་མིག་དེར་ལོག་ཅིང་། དེ་མ་ཐག་ཕྱིར་ལོག་རྒྱུའི་གྲ་སྒྲིག་བྱས།    
          ཁོས་ཞག་གང་བོར་རང་གི་ཅ་ག་དག་ལས་གང་ཞིག་ཕར་གཡུགས་རྒྱུ་དང་གང་ཞིག་ཕ་ཡུལ་ལ་འཁུར་འགྲོ་རྒྱུར་བདམས་གསེས་བྱས། མཚམས་ཤིག་ལ་ཁོ་གཞི་ནས་སེམས་པ་ཨ་ཐང་ཆད་སོང་། མི་ལོ་བདུན་གྱི་རིང་ལ། ཁོར་ཕྱིར་འཁུར་ཆོག་པའི་ཅ་དངོས་ཅི་ཡང་མི་འདུག མི་རྐྱང་གི་མལ་ཁྲི་རྫོབ་པོ་དེ་དང་། དེའི་ཐོག་གི་མལ་ཆས་རྙིང་བ་དེ། ད་དུང་བཟའ་བཏུང་གི་ཡོ་བྱད་ཁ་ཤས། དེ་མིན་ཡང་དང་ཡང་དུ་བཀྲུས་ཤིང་ལྟེབས་གཉེར་ཤོར་བའི་གྱོན་གོས་དེ་དག དེ་མིན་ཁོར་མིང་གིས་གླེང་ཆོག་པའི་རིན་ཐང་ཅན་གྱི་ཅ་དངོས་ཅི་ཡང་མི་འདུག ཁོའི་སེམས་གློ་བུར་དུ་ཡོངས་སུ་འཁྱག་སོང་། མི་ལོ་བདུན་གྱི་རིང་ལ། ཁོ་ནི་དངོས་གནས་བཟའ་བཏུང་གི་རྩོལ་སྒྲུབ་ཁོ་ནར་འབད་མཁན་ཞིག་ཏུ་གྱུར། རང་རེའི་མེས་པོའི་མཐོང་ལམ་དུ་ཁོ་དུད་འགྲོ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅིང་། ཁོས་ཀྱང་རང་ཉིད་དེ་འདྲ་ཞིག་ཏུ་གྱུར་འདུག་སྙམ། དེར་བརྟེན། ལོ་དེ་ལ་ཁོས་མར་ནང་གྲོང་ཚོའི་བརྡ་འཕྲིན་ཐོས་ཤིང་། གསལ་སྒྲོན་གྱིས་ད་དུང་ཁོར་རེ་སྒུག་བྱས་ཡོད་པ་དང་། རང་ལ་བུ་ཞིག་ཡོད་པ། བུ་དེ་སྤྲུལ་སྐུ་རུ་གྱུར་བ་སོགས་དགའ་སྐྱོ་གཉིས་ལྡན་གྱི་བརྡ་འཕྲིན་དེ་དག་ཐོས་རྗེས། གཞི་ནས་རང་ཉིད་ཀྱི་ཚེ་སྲོག་ནི་ཤིང་བལ་བཞིན་ད་ལྟའི་བར་དུ་རླུང་གིས་ཡང་ཡང་བདས་ཤིང་། འགན་ཁུར་གྱི་ལྗིད་ཚད་གང་ཡང་མི་ཐེག་པར་དེ་ལྟར་མི་ལོ་བདུན་འགོར་ཡོད་པ་རྟོགས།     
          མེས་པོ་ཚོས་“ཤིང་བལ་རླུང་གིས་བདས་པ་དེ།།མཐོ་སར་མི་སྡོད་གཤོང་དུ་ཆགས།།”ཟེར། ཁོ་དེ་ལྟར་ས་མཐའ་ནས་མི་ཡི་གཡོག་ཏུ་རྒྱུགས་ཤིང་། ལྟོ་རྒྱབ་ཁོ་ནར་འབད་ནས་སོ་ཚིས་ངན་ངོན་ཙམ་ལ་ཡིད་ཚིམ་ནས་བསྡད། དེ་ལྟར་བསྡད་པས། ད་ལྟ་ཕྱིར་མར་ནང་གྲོང་ཚོར་ལོག་བསམ་དུས། ཁོར་རང་ཉིད་ལ་མར་ནང་གྲོང་ཚོར་ལོག་ཆོག་པའི་ཐོབ་ཐང་ཅི་ཡང་མེད་པ་རྟོགས། ཁོ་འདི་ལྟར་ལག་སྟོང་སྐམ་པོ་མཆན་ལ་བཙིར་ནས་ཕྱིར་མར་ནང་གྲོང་ཚོར་ལོག་ཚེ། དང་ཐོག་མར་ནང་གྲོང་ཚོ་ནས་རྒྱང་དུ་གྱེས་དགོས་པའི་རྒྱུ་མཚན་ཅི་ཡང་བཤད་ཐབས་མི་འདུག་བསམས།     
          ཁོ་ལོ་དེར་དབུགས་ཤོར་བའི་དབུགས་ལྒང་བཞིན་ཁང་མིག་དེ་ནས་སར་བསྡད་པ་དང་། གློག་འོད་མག་མོག་དེའི་འོག་ནས་ལག་སོར་སྐྲ་ལོ་རིང་བོ་དེའི་གསེང་དུ་འཐམ་ནས་དེ་ལྟར་ལུས་སོང་།                           
བཅུ་གཉིས།      
          ཨ་མ་བཟང་མོས་“བུ་མོ། ད་ནི་མི་ཚེའི་སྐྱ་ཡ་ཞིག་ལ་བསམ་བློ་ཐོངས་ཨང་།”ཟེར།   
          “ཨ་མ།  ངས་ལོ་སུམ་ཅུའི་བར་དུ་སྒུག་རྒྱུ་ཡིན། གལ་ཏེ་ཁོ་ད་དུང་ལོག་ཡོང་རྒྱུ་མ་བྱུང་ན། ང་ཇོ་མོ་བྱ་རྒྱུ་ཡིན”ལོ་དེར་གསལ་སྒྲོན་གྱིས་དེ་ལྟར་བཤད།   
          “གཅེས་ཕྲུག་མ། དེ་ལྟར་མ་བཤད། མི་ཚེའི་ལམ་ཐག་ད་དུང་རིང་པོ་ཡོད།”
          “ཨ་མ། ཁོ་དངོས་གནས་ཕྱིར་ལོག་མི་སྲིད་དམ” གསལ་སྒྲོན་གྱིས་དེ་ལྟར་དྲིས།
          བུ་ཆུང་འོད་ཟེར་རྡོ་རྗེ་མར་ནང་དགོན་པའི་ཁྲི་རུ་འཁོད་ཅིང་།  ཀུན་གྱིས་གཙིགས་སུ་བཀུར་བའི་སྐྱབས་མགོན་དུ་གྱུར་རྗེས། གསལ་སྒྲོན་ལ་གོ་རྒས་མ་ཞེས་མངོན་ལྐོག་གང་རུང་ནས་མི་ཁ་གཏོང་མཁན་མ་བྱུང་། ཁོ་མོར་ཀུན་གྱིས་མ་ཡུམ་ཞེས་འབོད་ཅིང་།  མར་ནང་གྲོང་ཚོ་ཕར་ཞོག་ལུང་ཁོག་དེའི་ཕུ་མདའ་བར་གསུམ་གྱི་གྲོང་མི་ཚང་མས་ས་གང་ནས་འཕྲད་ཀྱང་བརྩི་བཀུར་བླ་ལྷག་གིས་བྱེད། ཡིན་ན་ཡང་། བུ་ཆུང་དགོན་པར་ཁྲིད་པ་ནས་བཟུང་གསལ་སྒྲོན་སླར་ཡང་ཁེར་རྐྱང་དུ་ལུས་ཤིང་། མཚན་ལ་མཚམས་རེར་བུ་ཆུང་འོད་ཟེར་རྡོ་རྗེ་རུམ་དུ་ཉལ་ཡོད་པའི་སྣང་བ་དང་བཅས་ལག་སྙོབ་བྱེད་དུས་མུན་པའི་ཀློང་ནས་མལ་སའི་ནང་དུ་རང་གཅིག་པུ་སྟོང་ལྷང་ལྷང་དུ་ལུས་ཡོད་པ་རྟོགས། 
          སྔོན་ཆད། གསལ་སྒྲོན་གྱིས་བུ་ཆུང་རུམ་ནས་ཉལ་སྐབས། བསམ་མེད་ཀྱི་ཕྲུ་གུ་དེས་“ཨ་མ། གཞན་པས་ང་ལ་ཐང་ལ་ཟེར་བའི་ནང་དོན་ཅི་རེད”ཅེས་དྲིས་ཡོང་།
          “ཨ་མའི་ལོ་ལོ། དེ་ནི་ཁྱོད་རང་ཐང་ནས་སྐྱེས་བའི་བུ་ཡིན་པས་དེ་ལྟར་བོས་བ་རེད”གསལ་སྒྲོན་གྱི་སེམས་སུ་ན་ཟུག་ལངས་ཀྱང་ཁ་ནས་དེ་ལྟར་ལབ།
          “ཐང་ནས་སྐྱེས་བ་ཡིན་ན་ཨ་ཕ་མེད་པ་ཡིན་ནམ།”
          “ཨ་མའི་ལོ་ལོ། ཕ་མེད་པའི་བུ་ཞིག་ཡོད་པ་མ་རེད”
          “འོ་ན། ངའི་ཨ་ཕ་རིག་རྒྱུ་མེད་པར་གང་དུ་བུད་སོང་ངམ”འོད་ཟེར་རྡོ་རྗེ་ཡིས་དེ་ལྟར་མིག་རིག་རིག་གིས་དྲིས།
          “ཨ་མའི་ལོ་ལོ།    ཁྱོད་ཀྱི་ཕ་རྒྱ་གར་དུ་བུད་སོང་།  ད་ཕྱིར་ལོག་རན་ཡོད”གསལ་སྒྲོན་གྱིས་དེ་ལྟར་ཕྲུ་གུའི་མགོ་ལ་བྱིལ་བྱིལ་གཏོང་བཞིན “རྗེས་མ་ཁྱོད་ཀྱིས་ཀྱང་སྐྲ་ལོ་རིང་བོར་བསྐྱུར་ན་སྙིང་རྗེ་མོར་མཐོང་ངེས”ཞེས་བཤད།
          “ཨ་མ། ངའི་ཨ་ཕ་བརྙན་འཕྲིན་ནང་གི་ཐང་སི་བླ་མ་བཞིན་རྒྱ་གར་ཏུ་ཆོས་ལེན་དུ་ཕྱིན་པ་རེད་དམ” འོད་ཟེར་རྡོ་རྗེས་དེ་ལྟར་བཤད་པ་ན་གསལ་སྒྲོན་ལ་གད་མོ་ཤོར།
          ལོ་དེར།  མུན་པས་གཡོགས་པའི་གཞོགས་ཁང་ཆུང་ཆུང་དེ་ནས་གསལ་སྒྲོན་གྱིས་རྫི་མ་ཁ་མ་བརླན་པར་མུན་པའི་ནང་དུ་ཅེར་ནས་བསྡད། དེ་ལྟར་སྡོད་དུས་ཁོ་མོ་རང་གི་ལས་དབང་ལ་གད་མོ་ཤོར་སོང་། “ང་འབྲུག་མོའི་ཐོད་པའི་ཁ་ཡིག་འདི།། འདི་ཉིན་ལ་མ་བྲིས་མཚན་ལ་བྲིས།། མཚན་གྱི་ཉི་ཤུ་དགུ་ལ་བྲིས།། འབྲི་མཁན་ཆང་གིས་བཟི་ལེ་རེད།།”ཁོ་མོ་སྔོན་ཆད་སྒྲ་སྡུད་འཕྲུལ་ཆས་ལ་ཉན་རྒྱུར་དགའ་ཞིང་།  དུས་རྒྱུན་དུ་བུ་ཆུང་འོད་ཟེར་རྡོ་རྗེ་དང་ལྷན་དུ་སྒྲ་སྡུད་འཕྲུལ་ཆས་སྔས་མགོར་བཞག་ནས་དེ་ལྟར་གེ་སར་སྒྲུང་ལ་ཉན་དུས། འབྲུག་མོ་ཧོར་གུར་དཀར་གྱིས་བཙན་འཕྲོག་བྱས་རྗེས། དེ་ལྟར་རང་གི་ལས་དབང་ལ་སྐྱོ་གླུ་ལེན་པ་ཐོས།  ད་ལྟ་ཁོ་མོས་ཀྱང་རང་གི་ལས་ཀྱི་ཐོད་པའི་ཁ་ཡིག་འདི་འབྲི་མཁན་ཡང་ཆང་གིས་བཟི་ཡོད་པར་བསམས། ར་བཟི་ཞིག་གིས་དེ་ལྟར་རྩེད་མཚར་གྱིས་སྨྱུག་ཁ་བསྒྱུར་ཙམ་གྱིས་ཁོ་མོ་ཁོ་ལ་དགའ་བར་གྱུར་ཅིང་།  ཡང་སྨྱུག་ཁ་བསྒྱུར་ཙམ་གྱིས་ཁོ་མོ་གཞིས་སུ་ལུས་ཤིང་ཁོ་རང་བྱེས་སུ་འཁྱམས།  དེ་ནས་སྨྱུག་ཁ་བསྒྱུར་ཙམ་གྱིས་བུ་ཆུང་འོད་ཟེར་རྡོ་རྗེ་སྐྱེས། ར་བཟི་དེ་ནི་ཅི་འདྲའི་མི་རྩེད་མཚར་ཅན་ཞིག་རེད་ཨང་། ཁོས་ཡང་སྨྱུག་ཁ་བསྒྱུར་ཙམ་གྱིས་ཀུན་གྱིས་ཐང་ལ་ཞེས་ཁྱད་གསོད་བྱེད་པའི་བུ་ཆུང་དེ་མར་ནང་སྤྲུལ་བའི་སྐུ་རུ་བསྒྱུར།  ད་ནི་ཁོ་མོས་སེམས་བསམ་པའི་གཏིང་ནས་ར་བཟི་དེས་ཡང་བསྐྱར་སྨྱུག་ཁ་ཐེངས་གཅིག་བྲིས་ཏེ། ཁོ་རང་ས་མཐའ་ནས་མར་ནང་གྲོང་དུ་ཁྲིད་ཡོང་བར་གསོལ་འདེབས་བྱས།    
          ཡིན་ན་ཡང་། ཁོ་དེ་ལྟར་སྔར་བཞིན་ལོག་ཡོང་རྒྱུ་མ་བྱུང་།  དེ་ལས་ལྡོག་སྟེ་ཐག་ཉེ་རིང་གི་མི་ཚང་མང་པོ་ཞིག་གིས་བར་བ་ཟམ་མི་ཆད་པར་མངགས་ནས་བསླེབས་བྱུང་བ་དང་།  སྤྲུལ་སྐུའི་མ་ཡུམ་ལ་དེ་ལྟར་གཉེན་གྱི་བདག་པོ་མང་པོ་བྱུང་།       
          དེ་ནས་ཨ་མ་བཟང་མོས་“བུ་མོ། ད་ནི་མི་ཚེའི་སྐྱ་ཡ་ཞིག་ལ་བསམ་བློ་ཐོངས་ཨང་།”ཟེར།   
          “གངས་དཀར་ཨ་མ་གཡུ་སྒྲོན་མའི་ངག་རྒྱུན་དེའི་དབང་གིས།  ལོ་ལོན་ཚོས་མར་ནང་གྲོང་ཚོའི་སྐྱེས་པ་ཕྱི་རུ་འཁྱམས་མཁན་དག་ནམ་ཡང་ཕྱིར་ལོག་མི་ཐུབ་ཟེར་མྱོང་ཡོད། འདི་ནི་ཁྲེགས་ཟེར་བ་དེ་རེད།  ཁྲེགས་ལ་ཟློག་ཐབས་ཡོད་པ་མ་རེད”ཨ་མ་བཟང་མོས་དེ་ལྟར་བུ་མོར་ཁ་ཏ་བྱས།    
          “ཨ་མ། ད་ནི་ང་ལ་གནས་ཀྱི་སྐད་ཆ་མ་བཤད།” གསལ་སྒྲོན་གྱིས་ལོ་དེར་དེ་ལྟར་ཚིག་ཐག་ཆོད་པོས་བཤད་པ་དང་།   གཉེན་སློང་མཁན་སུ་ལ་ཡང་མོས་མཐུན་མ་བྱས།    
          ཁོའི་ཕ་སྙན་གྲགས་དང་མ་ཐར་མོ་སོགས་ཀྱིས་གསལ་སྒྲོན་གྱིས་དེ་ལྟར་གཉེན་སློང་མཁན་སུ་ལ་ཡང་མོས་མཐུན་མི་བྱེད་པར་ས་མཐར་འཁྱམས་ནས་མི་ལོ་བདུན་ལ་འཆི་གསོན་གྱི་གཏམ་ཅི་ཡང་ཐོས་རྒྱུ་མེད་པའི་ཁོ་ལ་སྒུག་པ་མཐོང་སྐབས།  བུ་མོ་གསལ་སྒྲོན་ནི་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་མིན་ནམ་སྙམ། ཨ་ཁུ་སྙན་གྲགས་ཀྱིས་“ངའི་བུ་དེས་དངོས་གནས་རྒྱུ་འབྲས་སྣོག་སོང་ཨང་། ད་ནི་ངེད་རྒན་རྒོན་གཉིས་དྲན་ནས་ཡུལ་ལ་མི་འཁོར་རུང་།  བུ་མོ་དེ་འདྲ་ཡག་པོ་ཞིག་དྲན་ནས་ཀྱང་ཡུལ་ལ་འཁོར་འོས། ཁོ་ནི་ཅི་འདྲའི་མི་བརྩེ་མེད་ཅིག་རེད་ཨང”ཞེས་རང་གི་བུ་ལ་ལེ་བདའ་ཡང་ཡང་བྱེད།      
          ལོ་དེར་ཁྱིམ་ཚང་གཉིས་གྲོང་ཚོའི་སྲང་མདོ་ནས་དེ་ལྟར་ཁ་འཛིང་དང་ལག་འཛིང་ཛ་དྲག་ཅིག་ཤོར་རྗེས།  དབུས་རོགས་མནའ་བཅད་དེ་གཉིས་དགྲ་ཟླར་གྱུར་ཅིང་། ནམ་ཡང་ཁ་བསྲེས་མེད་པར་གྱུར།  ཕྱིས་སུ་སྤྲུལ་སྐུ་ཁྲི་ཁར་འགོད་དུས་ཀྱང་།  དགོན་པས་ཁོའི་ནང་མི་ཡང་སྤྲུལ་སྐུའི་ཕྱོགས་ཀྱི་མི་རུ་བརྩིས་ནས་གྲལ་མགོར་ཕུད་རྩིས་བྱས་མོད། དེ་ལ་གསལ་སྒྲོན་གྱི་ཕ་བློ་བཟང་གིས་མོས་མཐུན་རྩ་བ་ནས་མ་བྱས།  ཁོས་“དེ་ཚང་གིས་སྤྲུལ་སྐུ་འཚར་ལོངས་བྱུང་བའི་གོ་རིམ་དུ་ལྷམ་ཆ་གཅིག་ཀྱང་ཉོས་མ་མྱོང་། དེ་ཚང་སྤྲུལ་སྐུའི་བདག་པོ་ཡིན་ན། ད་ནི་གནམ་འོག་གི་མི་ཚང་མ་བདག་པོ་ཡིན” ཞེས་བཤད།

          སྐད་ཆ་དེ་འདྲ་གོ་དུས།  ཁོའི་ཕ་རྒན་སྙན་གྲགས་ཀྱིས་“ད་ནི་རིན་པོ་ཆེའི་སྐུ་ངོར་བལྟས་ནས་ངས་མི་ངན་དེར་འཛིང་རེས་བྱ་རྒྱུ་མིན”ཟེར།         
          ཕྱིས་སུ། ལོ་ཟླ་མར་ནང་གྲོང་ཚོའི་ཡུལ་སྡོང་གི་ཡལ་ཀ་ནས་ཤོག་སྒྲ་དང་བཅས་ཟགས་སོང་། ལོ་ཟླ་གཙང་བོ་བཞིན་རྒྱང་ལ་བཞུར་སོང་། ལོ་ཟླ་སྤྲུལ་སྐུའི་བླ་བྲང་གི་གཡེར་དྲིལ་དེའི་སིང་སྒྲའི་ཁྲོད་ནས་འཛིན་མེད་དུ་ཤོར་སོང་།    
          ལོ་དེ་དག་ཏུ། སྤྲུལ་སྐུ་མར་ནང་དགོན་པའི་བླ་བྲང་དེའི་ཁྱམས་ཀྱི་མཐིལ་ཤིང་དུ་བལ་གདན་དཀར་བོའི་ཁུད་ནས་བསྡད་དེ། ཡི་གེའི་སྦྱོར་ཀློག་བསླབས་ཤིང་། འདོན་པ་དབྱངས་རྟ་སྐྱོར། བཅའ་ཁ་ཕྱག་ལེན་སྦྱངས། དེ་དུས་ཡོངས་འཛིན་མཁྱེན་རབ་ཀྱིས་“འདུས་བྱས་ཐམས་ཅད་མི་རྟག་པའོ།། ཆོས་ཐམས་ཅད་བདག་མེད་པའོ།།  མྱ་ངན་ལས་འདས་པ་ཞི་བའོ།།”ཞེས་ཁོང་ལ་ཆོས་ཀྱི་སློབ་སྟོན་གནང་།    
          “ཨ་ཁུ། ཁོ་ཚོས་སྤྲུལ་བའི་སྐུ་ལ་མཁྱེན་པ་ཡོད་ཟེར་ཅིང་།  དུས་རྒྱུན་དུ་ང་ལ་ཁྱེད་ཀྱིས་མཁྱེན་ཁྱེད་ཀྱིས་མཁྱེན་ཟེར། མི་གཞིར་དོན་དམ་དུ་མཁྱེན་པ་ཟེར་བ་ཞིག་ཡོད་དམ”སྤྲུལ་སྐུའི་བྱིས་བློ་འདྲེས་མའི་སྐད་ཆ་དེས་ཨ་ཁུ་མཁྱེན་རབ་གད་མོ་ལྷུག་ལྷུག་ཏུ་བཞད།     
          “རིན་པོ་ཆེ་ཁྱེད་རྩེད་མཚར་ལ་དགའ་ཞིང་གཞན་ལ་བརྙད་བརྐོ་རྒྱུར་དགའ་བ་དེ་འགྱུར་མི་འདུག་ཨང་།” ཨ་ཁུ་མཁྱེན་རབ་ཀྱིས་དེ་ལྟར་ལན་བཏབས་ཤིང་། ཡང་“དེ་ཁྱེད་ཚང་གིས་མ་མཁྱེན་ན་ངས་ཇི་ལྟར་ཤེས་ཨང་།”ཟེར།   
          “ཨ་མས་ཁྱེད་ཀྱིས་མོ་ལུང་དུ་ངའི་ཕ་དུས་ནམ་ཞིག་ལ་ཕྱིར་ལོག་ངེས་ཟེར་བ་དེ་བདེན་པ་ཡིན་ནམ”ལོ་དེར། མར་ནང་སྤྲུལ་སྐུས་དེ་ལྟར་རང་གི་ཡོངས་འཛིན་ལ་དྲིས།   
          “ཅི་གསུངས་སོང་ངམ”ཨ་ཁུ་མཁྱེན་རབ་ཀྱིས་དེ་ལྟར་ལན་ཅི་འདེབས་མ་ཤེས་པར་རང་གི་མགོ་ལ་ཕུར་ཕུར་བཏང་ནས་སྤྲུལ་སྐུའི་ཞལ་དུ་ལྟ་ཙམ་བྱས་པ་དང་།  སྤྲུལ་སྐུ་ནི་དེ་དུས་རྩེད་མཚར་གྱི་རྣམ་འགྱུར་ཅི་ཡང་མེད་པར་དེ་ལྟར་གཟབ་ནན་གྱིས་ཁོར་རེ་བ་ཆེན་པོས་གཟིགས་འདུག   
          “མོ་ལུང་གིས་ཇི་ལྟར་མཁྱེན་པ་རེད་དམ། ཨ་ཁུ། མོ་ལུང་གིས་གཟིགས་པ་ཐིགས་པོ་ཡོད་དམ”         
          “སྤྲུལ་སྐུ་ཁྱེད་ཀྱིས་ཀྱང་ཡབ་དྲན་བཞིན་ཡོད་དམ། ད་ནི་ཁྱེད་རང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཚར་བས། དོན་དེ་རིགས་ལ་ཐུགས་བསམ་གཏོང་མི་རུང་།  ཡང་གཅིག་བཤད་ན་ཁྱེད་ཀྱི་ཡབ་དེས་ཁྱེད་མ་སྨད་གཉིས་བསྐྱུར་ནས་དེ་ལྟར་གྱེས་སོང་བས། ད་ནི་དེ་ལ་ཐུགས་འཁྲེང་མ་བྱེད་ཨང་།”ཨ་ཁུ་མཁྱེན་རབ་ཀྱིས་དེ་ལྟར་ལན་བཏབ།   
          “ཨ་ཁུ།  ཁྱེད་ཀྱིས་ང་ལ་མར་གྱུར་སེམས་ཅན་ཐམས་ཅད་མ་རུ་མ་གྱུར་བ་ཞིག་མེད་ཅེས་གསུངས་པ་མ་ཡིན་ནམ། དེར་བརྟེན་མར་གྱུར་སེམས་ཅད་ཐམས་ཅད་ལ་སྙིང་རྗེ་སྒོམ་དགོས་ཞེས་གསུངས་པ་མ་ཡིན་ནམ།  ལྷག་དོན་ཁོ་ནི་སྐྱེས་བ་འདིར་ངའི་ཕ་རུ་སྐྱེས་བས། ངས་དེ་ལྟར་དྲིན་མེད་དུ་བསམས་མི་རུང་། ངས་འདི་ལྟར་བཤད་ན་འགྲིག་གམ། ཨ་ཁུ”ལོ་བཅུ་ལ་བསླེབས་པའི་མར་ནང་སྤྲུལ་བའི་སྐུ་ཡི་རིགས་འདེད་དེས་ལོ་དེར་ཁོའི་ཡོངས་འཛིན་ཨ་ཁུ་མཁྱེན་རབ་ལ་ལན་མེད་པར་བཏང་སོང་།   
           སྤྲུལ་སྐུ་ནི་སྤྲུལ་སྐུ་རང་རེད་ཨང་། ལོ་དེར་ཨ་ཁུ་མཁྱེན་རབ་ཀྱིས་དེ་ལྟར་ཉེ་འཁོར་ཀུན་ལ་མར་ནང་སྤྲུལ་བའི་སྐུ་ཡི་ཐུགས་བརྩེ་བ་ཆེན་པོའི་དགེ་མཚན་གླེང་།     
          “ཨ་ཁུ། ང་ལ་མོ་ལུང་ལ་བརྟག་ཚུལ་བསླབ་རོགས”ཡང་ཉིན་ཞིག་སྤྲུལ་སྐུས་མར་ནང་བླ་བྲང་གི་ཁྱམས་ར་ནས་ཁོང་ལ་ཆོས་ཀྱི་དཔེ་ཁྲིད་གནང་བཞིན་པའི་ཨ་ཁུ་མཁྱེན་རབ་ལ་དེ་ལྟར་རེ་ཞུ་ཞུས།   
          “ཅི་གསུངས་སོང་སམ། མོ་ལུང་བརྟག་ཚུལ་རྗེས་མ་ངས་ཁྱེད་ལ་ག་ལེར་བསླབས་ཡོང”      
          “ངས་དེ་རིང་ནས་བཟུང་བསླབས་ན་མི་ཆོག་གམ”སྤྲུལ་སྐུས་དེ་ལྟར་རེ་བ་ཆེན་པོས་བཤད།   
          “ཁྱེད་ཀྱིས་ཅི་ཞིག་ལ་མོ་འདེབས་རྩིས་ཡོད་དམ”ཨ་ཁུ་རབ་བརྟན་གྱིས་དེ་ལྟར་རྩེད་མཚར་བཤད་ཅིང་། “སྐུ་བྲེལ་མ་གནང་དང་།  རྗེས་མ་ཁྱེད་ཀྱིས་སྐུ་ཚེ་གང་བོར་མི་གཞན་ལ་མོ་པྱ་ལུང་བསྟན་གནང་དགོས་རྒྱུ་རེད”ཅེས་གད་མོ་བགད།      
          “ངས་རང་གི་ཕ་དེ་དོན་དམ་དུ་ནམ་ཞིག་ལ་ལོག་ཡོང་བར་མོ་འདེབས་རྒྱུ་ཡིན”སྤྲུལ་སྐུས་དེ་ལྟར་བཤད་པ་དང་། དེ་ནས་མར་ནང་ལུང་མདོའི་ཕྱོགས་སུ་གཟིགས་བཞིན་“ངས་ད་དུང་རང་གི་ཨ་མར་ཕ་ནམ་ཡོང་རྒྱུ་ཡིན་མིན་གསལ་བོར་བཤད་རྒྱུ་ཡིན། དེ་མིན་ན་ངའི་ཨ་མས་སྒུག་ནས་སེམས་པ་སྐྱོ་བཞིན་ཡོད”ཟེར་བ་དང་། སྤྲུལ་སྐུའི་བྱིས་བློའི་གཡའ་དག་མེད་པའི་ཞལ་གྱི་དཀྱིལ་འཁོར་དུ་སྡུག་གི་རྣམ་འགྱུར་ཅིག་མངོན་བྱུང་།   
          “ཁྱེད་ཀྱིས་ཡུམ་དྲན་པ་རེད་དམ། ངས་མི་མངགས་ནས་ཡུམ་ཁྱེད་ལ་ལྟ་རུ་འབོད་ཡོང་།”ལོ་དེར་ཨ་ཁུ་མཁྱེན་རབ་ཀྱིས་དེ་སྐད་བཤད།

བཅུ་གསུམ།           
          ཕྱིས་སུ། ཁོས་མར་ནང་སྤྲུལ་སྐུའི་སྐུ་པར་བཅུག་ཡོད་པའི་ཤེལ་སྒྲོམ་ཆུང་ཆུང་དེ་སྐེ་ལ་བཏགས།   ཉིན་དེར་ཚོང་བ་དེས་ཁོར “ང་ས་གང་ལ་སོང་ཡང་སྐུ་པར་དེ་སྐེ་ནས་གྲོལ་མ་མྱོང་།  སྣང་བ་ཞིག་ལ་སྐྱབས་མགོན་ཚང་གིས་ཐུགས་རྗེའི་སྤྱན་གྱིས་སྲུང་ཡོད་པ་འདྲ།  དོན་ཐམས་ཅད་བདེ་བླགས་ཀྱིས་འགྲུབ་ཡོང་།” ཟེར། སྤྲུལ་སྐུའི་སྲུང་འཁོར་དེ་སྐེ་ལ་བཏགས་པ་ནས་བཟུང་། ཁོར་ཡང་དེ་ལྟ་བུའི་ཚོར་སྣང་བྱུང་། ཁོས་ཅི་བསྒྲུབས་ཀྱང་དོན་ཐམས་ཅད་བདེ་ལེགས་ཡིན་པ་དང་རླུང་རྟ་རྒྱུགས་པའི་ཚོར་སྣང་བྱུང་། མ་གཞིར་ད་ནི་ཁོ་རང་གསལ་སྒྲོན་གྱིས་བསྒྲགས་པའི་ཐ་ཚིག་དེ་ལས་ཐར་ཡོད་དམ།          
          ལོ་དེ་དག་ཏུ། ཁོས་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་ནས་བོད་རིགས་ལྷ་རིས་བ་ཆེན་པོ་ཞིག་གི་ཞབས་ལ་གཏུགས་ནས་རང་གི་ལོ་ངོ་དུ་མའི་ཡར་སྔོན་གྱི་རི་མོའི་དགའ་ཕྱོགས་དང་འཇོན་ཐང་དེ་ཡང་བསྐྱར་ལག་ལེན་ཏུ་བཏབ། དེ་ནི་བོར་ཟིན་པའི་རིན་པོ་ཆེ་ཞིག་སླར་ཡང་རྙེད་པ་དང་འདྲ་ལ། ནོར་སོང་བའི་ལམ་ཀ་ཞིག་ནས་ཕྱིར་ལོག་ཡོང་བ་དང་འདྲ།           
          ལྷ་རིས་པ་ཆེན་པོ་དེའི་སྨིན་མ་ཡང་དཀར་པོར་གྱུར་འདུག ཁོང་གིས་དཀར་བོར་གྱུར་བའི་སྐྲ་ལོ་རིང་པོ་དེ་ཕྱི་ལྟག་ནས་གཞོགས་གཅིག་ཏུ་བསྡམས་ཡོད་པ་དང་།  རྒས་གཉེར་གྱིས་ཟིན་པའི་གདོང་དུ་དུས་ནམ་ཡང་བྱམས་བརྩེ་ཡི་འཛུམ་མདངས་ཤིག་རྒྱས་འདུག  སྨིན་དབྲག་གི་མཚམས་ཀྱི་སྨེ་བ་ནག་པོ་དེ་ནི་གཞན་དང་མི་ནོར་བར་རྒྱས་བཏབ་པའི་རྟགས་མཚན་ཞིག་དང་མཚུངས་བར་མིག་ལ་གསལ་བ་ཞིག་རེད། ཁོང་ནི་དེ་ལྟར་དུས་ནམ་ཡང་ལྷོད་ཉམས་ཀྱིས་བཞུགས་ཤིང་། ཁ་དོག་སྣ་མིན་གྱི་ཚོན་སྣ་ཡང་ཡང་བསྡེབས་ནས།  སྨིན་མ་སྡུད་བཞིན་ཞིབ་ཚགས་ཀྱིས་རས་གཞི་དཀར་བོ་དེའི་ངོས་སུ་ལྷ་དང་ལྷ་མོའི་ཚོགས་བཞེངས།                      
          “ང་ལོ་གཞོན་དུས་སུ་ཡང་ཁྱོད་ནང་བཞིན་སྐྲ་ལོ་ནག་ཅིང་རིང་བོ་ཞིག་བཞག་ཡོད”ལྷ་རིས་པ་ཆེན་པོས་དེ་ལྟར་གད་མོ་དགོད་བཞིན་ཁོའི་སྐྲ་ལོར་ལྟ་ཞིང་དེ་ལྟར་བཤད། ཁོང་ཡང་བོད་ཡུལ་ནས་གནས་འདི་གར་བྱེས་སུ་གྱར་བའི་བོད་པ་ཞིག་ཡིན།  ད་ནི་ཡུལ་ལ་མ་ལོག་པར་མི་ལོ་ལྔ་བཅུ་ལྷག་འགོར་སོང་ཟེར། ཁོང་ད་ལྟ་བལ་ཡུལ་དུ་སྐད་གྲགས་ཀྱིས་ཆོད་པའི་ལྷ་རིས་སྒྱུ་རྩལ་བ་ཞིག་ཏུ་གྱུར་ཡོད་ཅིང་།  རྣམ་ཀུན་ནང་བ་ཆོས་ལ་དད་མོས་ཡོད་མེད་གང་ཡིན་གྱི་ཉེ་རྒྱང་གི་མི་མང་པོ་ཞིག་ཁོང་གི་ཁྱིམ་དུ་ཡོང་ནས་ཐང་ཀ་བླུ་ཞིང་།  ཁོས་བྲིས་པའི་ཐང་ཀ་དེ་དག་ནི་དེ་ལྟར་རིན་གོང་ཆེན་པོར་བྲིན་བཞིན་ཡོད།               
          “ཐང་ཀ་བཞེངས་བ་དེར་ཐོག་མར་སེམས་ནས་དད་པ་མཁོ། འདི་གནད་ཀྱི་ཐོག་མ་དེ་ཡིན”ལྷ་རིས་བ་ཆེན་མོས་དེ་ལྟར་ཁོར་མཛུབ་སྟོན་བྱེད།               
          “དད་མོས་ཟེར་བ་ནི་སེམས་ནང་དུ་བྱམས་བརྩེ་བ་ཆེན་པོ་ཞིག་འཛོམས་དགོས་པ་དེ་ཡིན་ཞིང་། དེ་ཡང་ཁྱོད་ཀྱི་སེམས་ནང་དུ་བྱམས་བརྩེ་བ་ཆེན་པོ་མི་ལྡན་ན། ལག་ནས་ཀྱང་བྱམས་སྙིང་རྗེ་མངོན་པར་མཚོན་པའི་སྤྱན་རས་གཟིགས་ཀྱི་ཐང་ཀ་འདི་འདྲ་ཡིན་རུང་དེ་ལ་རྣམ་ཤེས་ཞུགས་པར་བྱེད་མི་ཐུབ” ལྷ་རིས་བ་ཆེན་མོས་དེ་ལྟར་གསུངས།           
          ཁོས་རས་སྒྲོམ་བརྒྱངས།  སྐྱ་ཐིག་ཕབ། ཚོན་སྣ་བསྡེབས། པིར་སྦོམ་ཕྲ་ཆེ་ཆུང་མང་པོ་སྟ་གོན་ཚགས་སུ་བགྱིས།  ལྷ་རིས་བྲིས།  ལོ་ངོ་དུ་མའི་ཡར་སྔོན་དུ།  ཁོས་ཟི་ལིང་གི་འབྲིང་རིམ་ཆེད་ལས་སློབ་གྲྭ་དེ་ནས་རི་མོའི་ཆེད་ལས་ལ་སློབ་སྦྱོང་ལོ་ཁ་ཤས་བྱས།  ཁོས་རང་གི་ཕ་རྒན་གྱི་བརྙན་རིས་བྲིས་ནས་གཟེངས་བསྟོད་ཀྱི་རྟགས་མ་བླངས་མྱོང་། ལོ་དེར་མར་ནང་ཞིང་ཁུག་ནས་གསལ་སྒྲོན་གྱི་སྣང་བརྙན་རི་མོར་བཀོད་དེ་ཁོ་མོར་སྒུག་བསྡད་མྱོང་། དེ་ནས་ལོ་བདུན་བརྒྱད་ཙམ་གྱི་ལང་ཚོའི་དུས་ཚོད་དེ་ལོ་ཟླའི་སྡོང་མགོ་ནས་ལོ་མ་བཞིན་འཐོར་སོང་།  ཁོས་རི་མོ་མ་བྲིས་བར་ལོ་ངོ་བདུན་བརྒྱད་ཙམ་འགོར་སོང་།  ལོ་ངོ་བདུན་བརྒྱད་ཀྱི་རྗེས་ནས་ཁོས་སླར་ཡང་སྨྱུ་གུ་ལག་ཏུ་བཟུང་སྟེ། རས་གཞི་དཀར་པོ་དེའི་ངོས་སུ་སྨྱུག་རྩེ་བསྒྱུར་དུས། ཡར་སྔོན་ཟིང་ཟིང་ལོང་ལོང་གི་སེམས་པ་དེ་དེ་མ་ཐག་ལྷོད་འཇགས་སུ་གྱུར་སོང་།                 
          “རྒན་ལགས། ངས་སྔོན་ཆད་སློབ་གྲྭ་ནས་ནུབ་གླིང་གི་རི་མོ་འབྲི་ལུགས་ལ་ཅུང་ཟད་སྦྱངས་བ་བྱས་མྱོང་།  དེ་ནི་དངོས་བྲིས་གཙིགས་སུ་འཛིན་པའི་ལུགས་ཤིག་རེད། ཐང་ཀ་ནི་གཏན་ཁེལ་བྱས་ཟིན་པའི་ཆ་ཚད་ཅིག་གཞིར་བཟུང་ནས་འབྲི་དགོས་པས། ངས་བལྟས་ན་མི་རང་སྒེར་གྱི་ལག་རྩལ་གྱི་འཇོན་ནུས་དེ་འདོན་སྤེལ་གང་ལེགས་ཡོང་མི་ཐུབ་པ་འདྲ”ཁོས་དེ་ལྟར་རང་གི་དགེ་རྒན་ལྷ་རིས་བ་ཆེན་མོ་དེར་ལྟ་ཚུལ་ལྷུག་པོར་བརྗོད།                   
          “ཧི་ཧི” ལྷ་རིས་བ་ཆེན་མོས་སྤྱི་གཙུག་ཏུ་བསྡམས་ཡོད་པའི་སྐྲ་ལོ་རིང་བོ་དེར་བྱིལ་བྱིལ་བྱེད་ཅིང་། བོད་ཇ་མངར་མོ་དེ་ཧུབ་གང་འཐུང་ནས་ཁོར་བརྩེ་བ་ཆེན་པོས་ལྟ་བཞིན་ “ངས་བལྟས་ན་ཁྱོད་ཀྱིས་ད་དུང་ཐང་ཀའི་སྒྱུ་རྩལ་གྱི་དོན་སྙིང་ལ་ངོས་ཟིན་ཟབ་མོ་ཞིག་ལོན་མེད་པ་འདྲ”ཟེར་ཅིང་། དེ་ནས་ “ང་ཡང་ཁྱོད་ཀྱི་ལོ་ཚོད་འདི་ཡིན་དུས།  ཐང་ཀའི་སྒྱུ་རྩལ་ལ་གོ་བ་ལོན་མི་ཐུབ།  རེད་ཨང་།  དེ་ནི་མི་ཞིག་མི་ཚེའི་ལྟ་སྟངས་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད་ཨང་།”ཟེར།  ལྷ་རིས་བ་ཆེན་མོའི་གསུངས་ནང་དུ་ཁོང་གི་མི་ཚེའི་མྱོང་གོམས་ཅི་འདྲ་མང་བོ་ཞིག་སྦས་ཡོད་དམ།     
          ལོ་དེ་དག་ཏུ། ཁོ་སྔར་བཞིན་མར་ནང་གྲོང་ཚོར་ལོག་པའི་སྟ་གོན་ཅི་ཡང་མེད་པར་དེ་ལྟར་སུས་ཀྱང་བརྗེད་སོང་བའི་ཡོ་བྱད་ཅིག་དང་མཚུངས་བར་བལ་བོའི་རྒྱལ་ས་ནས་ལུས་སོང་། ཐག་མི་རིང་བའི་རི་མོ་ཧི་མ་ལ་ཡའི་རི་སུལ་ནས་ལྡང་ཡོང་བའི་བརླན་ཅིང་བསིལ་བའི་རླུང་གིས་ཁོའི་སྐྲ་ལོ་རིང་བོ་དེ་འཕྱོ་ཙམ་འཕྱོ་ཙམ་བྱེད། ཇོ་མོ་གླང་མའི་དབུ་རྩེ་དེ་མཚམས་རེར་སྤྲིན་པས་གཡོགས་ཤིང་མཚམས་རེར་ཉི་ཟེར་གྱིས་བྲན་ནས་དཀར་ལམ་ལམ་བྱེད།  སྤྲིན་པ་ཚོམ་བུ་གང་མང་རི་རྩེ་དེའི་ཕར་ནང་དུ་བཞུད་འགྲོ་ཞིང་། ཁོས་དུས་སྒུག་བྱ་ཁྱུ་དག་གིས་གཤོག་རྡང་སྦྲེལ་ནས་ཧི་མ་ལ་ཡའི་ཕར་ཕྱོགས་ནས་འཕུར་ཡོང་བ་མཐོང་།  བལ་བོའི་རྒྱལ་ས་ན་ཀྲོང་ངེར་འགྱིང་བའི་མཆོད་རྟེན་དེའི་བུམ་པའི་གཤམ་དུ་བྲིས་ཡོད་པའི་དཀྱུས་རིང་ལ་དཀར་ནག་གི་སོ་མཚམས་གསལ་བའི་སྤྱན་ཟུང་དེར་ཡང་སྔར་བཞིན་འབྱེད་འཛུམ་མེད་པར་དེ་ལྟར་ཁོ་ལ་གཟིགས་འདུག མི་ཚོགས་དག་སྔར་བཞིན་ཟིང་ཟིང་ལོང་ལོང་བྱེད།          
          ཁོས་ལྷ་རིས་བ་ཆེན་པོ་དེའི་ཞབས་ལ་གཏུགས་ནས་ལོ་ངོ་འཁོར་མོ་གསུམ་འདས་སོང་།  ལོ་གསུམ་པའི་བོད་པའི་ལོ་སར་གྱི་ཉིན་མོ་དེར།  ལྷ་རིས་བ་ཆེན་པོ་ལོ་བདུན་ཅུར་སོན་ཡོད་ཅིང་།  ཁོང་གིས་ཁོ་ལ་“བུ་ཁྱོད་ཀྱིས་ད་ལྟའི་བར་དུ་ང་ལ་གཉེན་ཉེ་འབྲེལ་ཀྱི་སྐོར་ཅི་ཡང་གླེང་མ་བྱུང་བས། མ་གཞིར་ཁྱོད་རང་ཆུང་དུས་ནས་དྭ་ཕྲུག་ཅིག་ཡིན་ནམ”ཞེས་དྲིས་བྱུང་། 

          ལོ་དེར། ཁོས་སྐེ་ཡི་སྤྲུལ་སྐུའི་སྐུ་པར་དེ་དགེ་རྒན་གྱི་ཕྱག་ཏུ་ཕུལ་ཅིང་།  མིག་མཆི་མ་ཉིལ་ལེར་རང་གི་མི་ཚེའི་ལོ་རྒྱུས་དེ་ཁོང་ལ་ཞུས་ཤིང་། དེ་ནས་“རྒན་ལགས། ང་ནི་མི་ཅི་འདྲའི་ཁྲེལ་མེད་ཅིག་རེད་ཨང་།” ཞེས་བཤད།          
          “བྱས་ཙང་དེ་འདྲ་ཞིག་ཡིན་པ་འདྲ་ཨང་།  ཁྱོད་ཀྱིས་ལོ་གསུམ་ལ་ངའི་ས་ནས་རི་མོར་སློབ་སྦྱོང་བྱས་ཀྱང་། གང་བྲིས་བ་ཐམས་ཅད་ལ་ལག་རྩལ་གྱི་ཐད་ནས་ཡོངས་སུ་རྫོགས་པར་སྣང་ཡང་།  རི་མོ་ལ་སྲོག་ཞུགས་པར་བྱེད་ཐུབ་ཀྱིན་མི་འདུག རི་མོ་ལ་སྲོག་ཞུགས་པར་བྱ་རྒྱུ་དེ་ངས་ཁྱོད་ལ་ཁྲིད་ཐུབ་པ་ཞིག་མ་ཡིན་པར། དེ་ནི་སོ་སོའི་ནང་སེམས་ལ་རག་ལས་ཡོད་པ་རེད”ལྷ་རིས་པ་ཆེན་པོས་དེ་ལྟར་བཤད་ཅིང་དབུ་ནང་དུ་ལྡེམ་བཞིན། “ཁྱོད་ཀྱང་དང་ཐོག་གི་ང་ནང་བཞིན་རེད་ཨང”ཟེར།         
          “ལོ་གསུམ་གྱི་སྔོན་དུ། ངས་ཁྱོད་ལ་སེམས་ནང་དུ་བྱམས་བརྩེ་བ་ཆེན་པོ་མི་ལྡན་ན། ལག་ནས་ཀྱང་བྱམས་སྙིང་རྗེ་མངོན་པར་མཚོན་པའི་སྤྱན་རས་གཟིགས་ཀྱི་ཐང་ཀ་ཡིན་ཡང་འདི་ལ་རྣམ་ཤེས་ཞུགས་པར་བྱེད་མི་ཐུབ་ཅེས་བཤད་པ་དྲན་ནམ” ལྷ་རིས་བས་དེ་ལྟར་དྲིས་བྱུང་།          
          “དྲན་བཞིན་འདུག” ཁོ་དེ་ལྟར་པུས་བཙུགས་སུ་བསྡད།        
          “ཁྱོད་ཀྱིས་ད་ལྟའི་བར་དུ་བྲིས་བའི་ཐང་ཀ་ལ་རྣམ་ཤེས་ཞུགས་པར་བྱེད་མི་ཐུབ་པའི་རྒྱུ་རྐྱེན་ནི།  ཁྱོད་ཀྱི་སེམས་ནང་དུ་བྱམས་བརྩེ་བ་ཆེན་པོ་མེད་པས་རེད”ལྷ་རིས་བ་ཆེན་མོས་དེ་ལྟར་བཤད་བྱུང་།                 
          “ངའི་སེམས་ནང་དུ་བྱམས་བརྩེ་བ་ཆེན་པོ་ཡོད་ཨང” ཁོས་དེ་ལྟར་ཕྱིར་རྒོལ་བྱས།         
          “བྱམས་བརྩེ་བ་ཆེན་པོ་ཡོད་ན།  ཁྱོད་ཀྱིས་རང་ལ་མི་ལོ་དུ་མར་རེ་ཞིང་སྒུག་པའི་མི་དེ་དག་སྣང་མེད་དུ་བསྐྱུར་དོན་ཅི་ཡིན་ནམ” ལྷ་རིས་པས་གཟབ་ནན་གྱིས་དེ་ལྟར་བཤད་ཅིང་“ལོ་གསུམ་གྱི་ཡར་སྔོན་དུ།  ཁྱོད་ཀྱིས་ང་ལ་ཐང་ཀ་ནི་གཏན་ཁེལ་བྱས་ཟིན་པའི་ཆ་ཚད་ཅིག་གཞིར་བཟུང་ནས་འབྲི་དགོས་པས། ངས་བལྟས་ན་མི་རང་སྒེར་གྱི་ལག་རྩལ་གྱི་འཇོན་ནུས་དེ་འདོན་སྤེལ་གང་ལེགས་ཡོང་མི་ཐུབ་པ་འདྲ་ཟེར་ཡོང་། དེ་ནི་ཁྱོད་ཀྱིས་མི་ཚེའི་སྙིང་བོ་ལ་གོ་བ་ལེན་མ་ཐུབ་པས་དེ་ལྟར་བསམས་པ་རེད། ད་ལྟ་ངས་ཁྱོད་ལ་བཤད་ཡོང་།” ལྷ་རིས་པ་ཆེན་མོས་ལོ་དེ་ལ་དེ་ལྟར་ལོ་གསར་གྱི་ཤོག་སྦག་གི་ཁྲོད་ནས་ཁོར་ལྡེ་མིག་གིས་ཟྭ་ཕྱེས་བ་ལྟ་བུའི་གསུངས་ཀྱི་བགོ་སྐལ་སྦྱིན་བྱུང་།                 
          “མི་ཞིག་གིས་རང་གི་མི་ཚེའི་གནས་སྟངས་དེ་རྣམ་པ་སྣ་ཚོགས་པ་ཞིག་ཏུ་བཏང་ཆོག ཡིན་ན་ཡང་། མི་ཚེའི་གོ་རིམ་ནང་དུ་ཚད་ལས་བརྒལ་མི་རུང་བའི་སྐྱ་ཐིག་ཁ་ཤས་ཡོད་ཅིང་། དེ་ནི་དུས་ནམ་ཡང་དེ་ལྟར་བརྩི་ཞིང་སྲུང་འོས་པ་ཞིག་རེད།  ཀུན་གྱིས་ཚད་མར་འཛིན་བཞིན་པའི་སྐྱ་ཐིག་དེ་དག་ནི་བྱམས་བརྩེ་བ་ཆེན་པོ་རེད།  བྱམས་བརྩེ་བ་ཆེན་པོ་མེད་པའི་མི་ཚེ་ནི་ཅི་འདྲའི་ཡིད་ལ་མི་ཤོང་བ་ཞིག་རེད་ཨང་། སེམས་ནང་དུ་བྱམས་བརྩེ་བ་ཆེན་པོ་དེ་ཡོད་ན།  ཁྱོད་ཀྱི་མི་ཚེའི་གནས་སྟངས་དེ་རྣམ་པ་ཅི་འདྲ་ཞིག་ཡིན་རུང་།  དེ་ནི་མཛེས་བའི་མི་ཚེ་ཞིག་ཡིན་ལ།  ཀུན་གྱིས་གོང་བཀུར་བྱེད་སྲིད་པ་ཞིག་རེད། གནས་ལུགས་དེ་ནི་དཔེ་བཞག་ན་ཐང་ཀའི་འབྲི་ལུགས་ལྟ་བུ་རེད།  ཁྱོད་ཀྱི་མིག་ལམ་དུ་ཐང་ཀའི་འབྲི་ལུགས་ཀྱི་ཆ་ཚད་དེས་ཁྱོད་ཀྱི་རི་མོ་འབྲི་བའི་འཇོན་ནུས་ལ་བཀག་རྒྱ་བཟོ་བར་སྙམ་ཡོད།  ཡིན་ན་ཡང་ངས་མི་ཚེ་གཅིག་གི་ནང་དུ་ཆ་ཚད་དེ་གཞིར་བཟུང་ནས་བྲིས་ཤིང་།  བྲིས་བའི་ཐང་ཀ་ལ་སྲོག་ཞུགས་ཐུབ་པ་ལྟ་བུའི་སྒྱུ་རྩལ་ལྡན་པར་མ་ཟད།  ཀུན་གྱི་མཐོང་ལམ་དུ་ཤིན་ཏུ་མཛེས་ཤིང་སྡུག་པའི་རི་མོ་ཞིག་ཏུ་གྱུར་ཡོད།  ཁྱོད་ཀྱིས་གནས་ལུགས་འདི་ད་དུང་རྟོགས་ཐུབ་མེད་པ་འདྲ།” ལོ་དེར།  ལྷ་རིས་བ་ཆེན་མོའི་གསུངས་དེས་ཁོའི་སེམས་ལ་སྲུབས་ཀ་ཞིག་ཕྱེས་བྱུང་བ་དང་མཚུངས་ཤིང་། སྲུབས་ཀ་དེ་ནས་འོད་ཅིག་འཕྲོས་ཡོང་སྟེ་ཡར་སྔོན་གྱི་ཁོའི་སེམས་ཀྱི་རྫ་མགོར་འཐིབས་ཡོད་པའི་སྨིག་ལོང་དེ་ཡང་སྣང་ཙམ་བྱས།         
          “ངས་ཁྱོད་ལ་རང་གི་མི་ཚེའི་མྱོང་བ་ལྟར་གསལ་འདེབས་འདི་འདྲ་ཞིག་བྱེད་འདོད་དེ། ཕོ་གསར། ད་ནི་དུས་ཚོད་འདིས་མི་ལ་མི་སྒུག་པས།  ཕ་ཡུལ་དུ་ལོག་ནས་ཁྱོད་ལ་རེ་སྒུག་བྱེད་པའི་མི་དེ་དག་དང་ལྷན་འཛོམས་བྱོས་ཤོག” ལྷ་རིས་བ་ཆེན་མོས་ཁོར་དེ་ལྟར་བཤོལ་བཏབ།       
          “ཡིན་ན་ཡང་།  ང་འདི་ལྟར་ཅི་ཡང་མི་འཇོན་པར་ལོག་མི་འདོད” ཁོས་དེ་ལྟར་བཤད།          
          “ཤུ”ལྷ་རིས་བ་ཆེན་མོས་དབུ་འཕྲེད་དུ་གཡུགས་བཞིན་དངན་པ་ཞིག་བཏང་བ་དང་“ག་དུས་ཤིག་ལ་ཁྱོད་རང་འགྱོད་པའི་ཉིན་མོ་ཞིག་ཡོད”ཟེར།           
          ལོ་གསུམ་པའི་ལོ་གསར་གྱི་གླེང་མོལ་དེའི་རྗེས་ནས།  ལྷ་རིས་བ་ཆེན་མོས་ཡང་བསྐྱར་ཁོར་ལྷ་རིས་འབྲི་བའི་ལས་ཀ་ཅི་ཡང་སྐུལ་མ་བྱུང་། ཁོང་གིས་“སེམས་ནང་དུ་བརྩེ་བ་མེད་པའི་མི་ལ་ལྷ་རིས་འབྲི་བའི་ཐོབ་ཐང་མེད”གསུངས།        
          “ལྷ་རིས་མི་འབྲི་བར། ངས་ཅི་ཞིག་འབྲིའམ”ཁོས་དེ་ལྟར་རང་གི་རྩ་བའི་བླ་མ་དེར་འཁང་ར་བྱས།         
          “ཁྱོད་ཀྱིས་ལྷ་རིས་འབྲི་འདོད་ན།  སྔོན་ལ་སྐེ་ཡི་པར་སྒྲོམ་ནང་གི་སྤྲུལ་སྐུ་ཆུང་ཆུང་དེ།  གྱན་ཐང་གི་ཆེ་ཆུང་ཙམ་གྱི་རི་མོར་ཕྲིས་ཤོག་དང་། དེ་ནས་བཤད་ཡོང་།” ལྷ་རིས་བ་ཆེན་མོས་དེ་ལྟར་ཟེར

བཅུ་བཞི།            

          ལོ་དེ་ལ།  མར་ནང་ལུང་བའི་ཚོང་བ་དེ་ཕྱིར་ཕ་ཡུལ་དུ་ལོག་རྗེས་ཨ་ཁུ་སྙན་གྲགས་ལ་“སྤྲུལ་སྐུའི་ཡབ་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་ན་བདེ་བར་བསྡད་འདུག” ཅེས་བཤད་དུས།  རྒད་པོ་དེའི་ཟ་འགྲམ་ན་སྐྲ་དཀར་ཉག་མ་མང་པོ་སྐྱེས་ཡོད་པ་མཐོང་།
          “ཨ་ཁུ་སྙན་གྲགས།  ད་ནི་ཁྱོད་རྒས་འདུག་ཨང་།” ཚོང་བས་དེ་ལྟར་བཤད།        
          “ངའི་བུ་དེ་ཕྱི་ལ་ལྡོམ་ནས་ལོ་བརྒྱད་ཙམ་སོང་ཟིན། ད་ནི་མི་རྒས་རང་རྒས་རེད ”ཨ་ཁུ་སྙན་གྲགས་ཀྱིས་དེ་ལྟར་བཤད་པ་དང་“ཁོར་ཕྱིར་ལོག་ཡོང་རྩིས་ཀྱི་སྐད་ཆ་འདྲ་མེད་དམ”ཞེས་རེ་བ་ཆེན་པོས་དྲིས།                      
          “ཁོས་ལས་ཀ་ཡོད་ཅེས་ཕྱིན་སོང་བས། ང་ལ་འདྲི་ཁོམ་མ་བྱུང་།” ཚོང་བས་དེ་ལྟར་བཤད།              
          ལོ་དེར། མར་ནང་གྲོང་གི་མི་ཚོས་མར་ནང་སྤྲུལ་བའི་སྐུ་རིན་པོ་ཆེ་ཡི་ཡབ་དེ་སྐབས་དེར་བལ་ཡུལ་དུ་ཡོད་པ་ཐོས། གསལ་སྒྲོན་གྱིས་ས་ཆ་དེ་ནི་གང་ཞིག་ཡིན་པ་མི་ཤེས་ཤིང་། ཁོ་མོས་མི་གཞན་ལ་“བལ་བོ་ཟེར་བ་དེ་ས་ཆ་གང་ཞིག་ཏུ་ཡོད་དམ” ཞེས་དྲིས།         
          “དེ་ནི་རྒྱ་གར་དང་བོད་ཡུལ་གྱི་བར་དུ་ཡོད་པའི་རྒྱལ་ཁབ་ཅིག་རེད”ཁ་ཤས་ཀྱིས་དེ་སྐད་བཤད།          
          “བལ་ཡུལ་ནི་རང་ཅག་གི་མཉམ་མེད་སྟོན་པ་སྐུ་འཁྲུངས་སའི་ས་ཆ་བྱིན་རླབས་ཅན་ཞིག་རེད” དགོན་པའི་ནང་གི་ཨ་ཁུ་མཁྱེན་རབ་ཀྱིས་དེ་ལྟར་བཤད།             
          གང་ལྟར་ཀྱང་། གསལ་སྒྲོན་གྱིས་ལོ་དེར་ཁོ་བལ་བོར་ཡོད་པའི་གཏམ་དེ་ཐོས་ཤིང་། བལ་བོ་ནི་བོད་དང་རྒྱ་གར་གྱི་བར་དུ་ཡོད་པའི་ཡུལ་གྲུ་ཞིག་ཡིན་པ་གོ་རྗེས། ཁོ་མོས་མར་ནང་ཞིང་ཁུག་གི་གྲོ་ཞིང་དེ་ལ་ཡུར་མ་ཡུར་བཞིན་སེམས་སུ་ཁོ་ད་ནི་ཁོ་མོ་དང་ཐག་ཇེ་ཉེར་འགྲོ་བཞིན་ཡོད་པའི་སྣང་བ་སྐྱེས། ཞིང་འདབས་ཀྱི་རྣང་མ་དེ་སྐབས་དེར་མཐོང་སྣང་དུ་མི་འགྱུར།  དེ་རུ་གྲོང་ཚོའི་ནང་གི་ཕོ་གསར་རྫིག་ཤོས་རབ་བརྟན་གྱིས་མཆོད་རྟེན་དཀར་པོ་དེ་བཞེངས་བ་ནས་བཟུང་། ད་ནི་གསལ་སྒྲོན་སྔོན་ཆད་ཁོ་དང་ཁོ་མོ་གཉིས་ཐང་ཉལ་བྱེད་སའི་རྣང་མ་དེ་ནས་བསྡད་དེ་ཕྱིར་དྲན་བྱེད་ས་མེད་པར་གྱུར།  ཡིན་ན་ཡང་། གསལ་སྒྲོན་གྱིས་ཁོ་རང་དང་ཅུང་ཐག་ཉེ་རུ་ཕྱིན་པའི་གཏམ་དེ་ཐོས་རྗེས་དེ་ལྟར་སེམས་པ་བདེ་ལ་ཅུང་ཙམ་བབས་བྱུང་།          
          དེ་ལྟར་རེ་སྒུག་གི་ཁྲོད་ནས་མར་ནང་གྲོང་དུ་དགུན་གྱི་ནམ་ཟླ་བསླེབས་བྱུང་། དགུན་གྱི་ཁ་བས་ས་གཞི་ཡོངས་སུ་གཡོགས་ན་ཡང་། གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་དེ་དེ་ལྟར་ནག་ཡོར་སེ་འདུག་ཅིང་། ཁ་བའི་ཁྲོད་བུད་མེད་ཅིག་ནག་ཡོར་སེར་འགྲེང་ནས་རྒྱང་ལྟ་བྱེད་པའི་ཟོལ་གྱིས་གནས་འདུག ཕྱིས་སུ་དགུན་གྱི་ཁ་བ་དཔྱིད་ཀྱི་རླུང་བུས་ཁུར་སོང་།  དཔྱིད་ཀྱི་ལྗང་བུ་དེ་དག་ལ་དབྱར་གྱི་མེ་ཏོག་བཞད་བྱུང་། དབྱར་གྱི་མེ་ཏོག་ལ་སྟོན་གྱི་འབྲས་བུ་སྨིན་སོང་། དེ་ནས་མར་ནང་གྲོང་དུ་དགུན་གྱི་ནམ་ཟླ་ཡང་བསྐྱར་བསླེབས་བྱུང་།          
          ཁོ་མར་ནང་ལུང་བ་དང་གྱེས་ནས་ལོ་བཅུ་ཟིན་པའི་སྟོན་མཇུག་དེར། ཁོའི་ཕ་རྒན་སྙན་གྲགས་མི་འདོད་ནད་ཀྱིས་བཟུང་ནས་ཉལ་སར་ལྷུང་། ཨ་ཁུ་མཁྱེན་རབ་ཀྱིས་མར་ནང་སྤྲུལ་སྐུར་“འདུས་བཅས་ཐམས་ཅད་མི་རྟག་པའོ” ཟེར། ལོ་དེར་ཁོའི་ཕ་རྒན་སྙན་གྲགས་ཀྱང་ཆོས་ཉིད་དེའི་སྤྱི་འགྲོས་ཀྱི་དབང་དུ་གྱུར་ཅིང་།  ཡར་སྔོན་གྱི་འཚོ་བའི་ནང་དུ་ཁོ་ལ་ནད་དེ་འདྲ་འབྱུང་བའི་རྟགས་དང་ལྟས་ཅི་ཡང་མ་བྱུང་། རྐྱེན་ངན་བར་ཆད་ཟེར་བ་དེ་ནི་གནམ་ནས་ལྷུང་བའི་སྐར་རྡོ་ཞིག་དང་མཚུངས་ཏེ། སུ་ལ་ཁེལ་ཚེ་གཟུར་དབང་མི་འདུག       
          “ད་ནི་ནད་གདོན་འདིའི་ཁ་ནས་ཐར་ཐབས་མེད་པ་འདྲ”ཨ་ཁུ་སྙན་གྲགས་ཀྱིས་དེ་ལྟར་ཟེར།            
          ཉིན་ཁ་ཤས་ཀྱི་རྗེས་ནས།  རྫོང་སྨན་ཁང་ནས་བརྟག་དཔྱད་བྱས་བའི་འབྲས་བུ་ནི་མཆིན་པ་སྲ་འགྱུར་གྱི་ནད་ལ་ངོས་བཟུང་འདུག་ཅིང་།  སྨན་པས“ད་ནི་བཅོས་ཐབས་མི་འདུག་གོ”ཟེར།       
          “ངའི་ཚེ་ཚད་བསླེབས་ཟིན་པས། ད་ཡུལ་ལ་ལོག་འགྲོ”ཨ་ཁུ་སྙན་གྲགས་མུ་མཐུད་དུ་སྨན་ཁང་དུ་སྡོད་པར་མོས་མཐུན་གཏན་ནས་མི་བྱེད་ཅིང་། མཇུག་མཐར་ཁྱིམ་མིས་ཁོ་རང་འདྲུད་འཐེན་འཁོར་ལོའི་ནང་དུ་དྲུད་ནས་ཕྱིར་མར་ནང་གྲོང་ཚོའི་ནང་དུ་ལོག            
          ལོ་དེར། མར་ནང་གྲོང་ཚོའི་ཁོ་ར་ཁོར་ཡུག་ཏུ་ལྷུང་བའི་ལོ་མ་དེ་དག་རླུང་གིས་སྤུར་ནས་ཤོག་སྒྲ་སྒྲོག་བཞིན་འདུག   གསལ་སྒྲོན་གྱི་ཕ་རྒན་བློ་བཟང་གིས་རང་གི་སྔོན་ཆད་ཀྱི་དབུས་རོགས་མནའ་བཅད་དེ་དེ་ལྟར་སྐྱོབ་མེད་དུ་གྲོང་ཚོའི་ནང་དུ་ལོག་ཡོང་བ་མཐོང་རྗེས། དེ་མ་ཐག་འདུར་རྒྱུགས་ཀྱིས་ལག་བསྐྱོར་འདྲུད་འཐེན་འཕྲུལ་འཁོར་གྱི་རྗེས་སུ་རྒྱུགས་ཏེ་རྒད་པོ་སྙན་གྲགས་ལ་ཁམས་འདྲི་བྱེད་དུ་ཕྱིན། འཆི་གསོན་གྱི་གནད་འགག་ལ་འཕྲད་དུས། ལོ་ངོ་དུ་མའི་རིང་དུ་དགྲ་རུ་ལངས་བའི་མི་དེ་གཉིས་ཀྱི་སེམས་ནས་འཁོན་འཛིན་ཟེར་བའི་ཞེ་སྡང་གི་མེ་ལྕེ་དེ་རང་བཞིན་གྱིས་ཞི་སོང་། 

          “གྲོགས་དམ་པ།  ཁྱོད་ཀྱི་སེམས་ཕམ་མི་རུང་། ནད་ལས་ཐར་ཐབས་ཡོད་ངེས” བློ་བཟང་གིས་དེ་ལྟར་སྙན་གྲགས་ལ་བཤད།                 
          “ཧི་ཧི། ད་ང་སྙིང་རྗེ་ནས་ལྟད་མོར་ལྟ་རུ་ཡོང་ངམ”སྙན་གྲགས་ཀྱིས་དེ་ལྟར་མལ་སའི་ནང་ནས་ཀུ་རེས་རྩེས།         
          “ལོ་འདི་འདྲ་མང་པོ་ཞིག་འགོར་སོང་།  འུ་གྲོགས་པོ་གཉིས་བུ་ཕྲུག་གི་དོན་དུ་འཁོན་འཛིན་གྱི་དབང་དུ་གྱུར་བ་ནི་ད་ལྟ་བསམས་ན་ཅི་འདྲའི་བློ་འགྱོད་ཆེ་ཨང་།”བློ་བཟང་དེ་ལྟར་སྙན་གྲགས་ཀྱི་གམ་དུ་བསྡད་ནས་ཞེ་འགྱོད་ཆེན་པོས་བཤད།           
          སྔོན་ཆད། ཁོ་ཆུང་དུས་སུ། ཕ་རྒན་སྙན་གྲགས་ཀྱིས་ཁོ་དང་བློ་བཟང་གཉིས་སྟོད་ཉི་མ་ལྷ་སར་རྐང་ཐང་དུ་བསྐྱོད་པའི་ལོ་རྒྱུས་གླེང་མྱོང་། དབུས་རོགས་གྲོགས་པོ་དེ་གཉིས་དང་ཐོག་མར་ནང་གྲོང་དང་གྱེས་དུས་གངས་དཀར་གཡུ་སྒྲོན་མ་དཔང་དུ་བཙུགས་ནས་མནའ་བཅད་པའི་གྲོགས་པར་གྱུར། ཁོ་གཉིས་ཀྱིས་མི་མེད་ཐང་སྟོང་གང་མང་བརྒྱུད་ཅིང་། ཙག་སྐྱིན་ལྡང་ཟེར་བར་གདོང་གཏད་ནས་བསྐྱོད།  སྤྱང་ཚོགས་ཀྱིས་མཐའ་ནས་བསྐོར་དུས་ཁྲ་རིང་མེ་མདའ་བརྒྱབ་ཅིང་རལ་གྲི་རྣོན་པོ་གཡུགས་ཏེ་ཉེན་ཁ་ལས་ཐར།  མར་ནང་གྲོང་ཚོའི་དང་ཐོག་གི་ཕོ་རྒོད་དེ་གཉིས་ད་ལྟ་རྒ་བའི་ཁུར་གྱིས་མནན་འདུག        
          “དེ་དུས་ངེད་གཉིས་དབུས་ལ་འགྲོ་བའི་གཏམ་དེ་ཐོས་རྗེས། གཉེན་ཉེ་མང་བོ་ཞིག་གིས་སེམས་ཁྲེལ་ཅི་འདྲ་བྱས་མྱོང་ཨང་།” སྙན་གྲགས་ཀྱིས་དེ་ལྟར་ཕྱིར་དྲན་བྱས།          
          “ཡིན་ཨང་། ཚང་མས་མར་ནང་གྲོང་ཚོའི་སྐྱེས་བ་དག་ཐག་རིང་དུ་བསྐྱོད་ན་ཕྱིར་ལོག་མི་ཐུབ་ཟེར། དེ་ཁྲེགས་ཡིན་ཟེར།””བློ་བཟང་ཡང་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ཡར་སྔོན་གྱི་ཕྱིར་དྲན་དུ་བྱིངས།        
          “ཡིན་ན་ཡང་།  འུ་གཉིས་མཐར་མཇུག་ཕྱིར་ལོག་པ་མ་ཡིན་ནམ། དེ་བས་ཁྲེགས་ཟེར་བ་དེར་ཡང་ཡིད་ཆེས་རྒྱུ་ཅི་ལ་ཡོད” སྙན་གྲགས་ཀྱིས་མལ་སའི་ནང་ནས་དེ་ལྟར་བཤད་ཅིང་། དར་ཅིག་ལ་རང་གི་མཆིན་པའི་ན་ཟུག་ཀྱང་བརྗེད་སོང་།        
          “རེད་རེད། དེ་བས་ཁྱོད་ཀྱི་བུ་དེ་ཡང་ས་མཐའ་ནས་ཕྱིར་ལོག་ལོག་ངེས་རེད”སྙན་གྲགས་ཀྱིས་དེ་ལྟར་ཟེར་བ་དང་།“ཁྱོད་ཀྱིས་ངེས་པར་དུ་གསོན་ཐོག་ནས་ཁོ་དང་ངོ་འཕྲད་ཅིག་ཡོང་དགོས་པས།  དང་ཐོག་ངེད་གཉིས་དབུས་ལ་འགྲོ་བའི་སེམས་ཤུགས་དེ་བསྐྱེད་རོགས”ཞེས་སེམས་ཤུགས་བསྐྱེད།        
          “ད་ཡིན་ན། ང་ལ་བུ་རུལ་དེར་ཐུག་པའི་ལས་མེད་པ་འདྲ” སྙན་གྲགས་ཀྱིས་དེ་ལྟར་བཤད་པ་དང་“ངའི་བུ་རུལ་དེས་ཁྱོད་ཀྱི་བུ་མོ་ལྷ་མོ་འདྲ་པོ་དེ་འདི་ལྟར་སྡུག་ལ་གཏད།  བློ་བཟང་།  ངས་སྔ་མོ་ནས་ཁྱོད་ལ་དགོངས་དག་ཅིག་ཞུ་བསམས་ཡོད། ད་ནི་སྐད་ཆ་སེམས་ནས་བཞག་ན་རུལ་འགྲོ་ངེས་བས། ངས་ཁྱོད་དང་གསལ་སྒྲོན་ལ་བུ་རུལ་དེའི་ཚབ་བྱས་ནས་དགོངས་དག་ཅིག་ཞུ་རྒྱུ་ཡིན” སྙན་གྲགས་ཀྱིས་དེ་ལྟར་བཤད་པ་དང་། མལ་སའི་ནང་ནས་ཡར་དཀའ་ལས་ཁག་པོས་དགྱེ་ཙམ་བྱས།         
          “སྙན་གྲགས།  དེ་འདྲ་མ་བཤད་ཨང་། ངེད་ཚང་གི་བུ་མོར་ཡང་སྐྱོན་མང པོ་ཡོད་པས།  ངན་ཁག་ཚང་མ་ཁྱོད་ཀྱི་བུ་ལ་འགེལ་མི་རུང་། ད་ནི་སུ་ལ་ཡང་ངན་ཁག་འགེལ་རྒྱུ་མེད་དེ།  ངེད་གཉིས་འདི་ལྟར་སྐྱབས་མགོན་རིན་པོ་ཆེ་ཡི་ཨ་མྱེས་སུ་གྱུར་ཡོད་པས། འདི་ཕྲུ་གུ་གཉིས་དང་ང་ཚོ་ཚང་མའི་སྐྱེས་བ་སྔོན་མར་བསགས་པའི་བསོད་ནམས་ཀྱི་མཐུ་རེད་ཨང་།” བློ་བཟང་གིས་དེ་ལྟར་རང་གི་གྲོགས་པོ་མལ་སའི་ནང་ནས་སྐྱོར་བཞིན་བཤད་པ་ན།  གོ་ཁའི་ནང་གི་ཨ་མ་བཟང་མོ་དང་ཐར་མོ་སོགས་ཀྱིས་མིག་ཆུ་མགོ་རས་ཀྱིས་ཕར་ཕྱིས།             
          སྟོན་མཇུག་གི་བ་མོ་ལྷུང་ནས་མར་ནང་གྲོང་ཚོའི་མདུན་རིའི་རྩེ་མོ་དེ་ཡང་སྐྱ་སིང་སིང་བྱེད། ཉིན་དེ་དག་ཏུ། ཁོའི་ཕ་རྒན་སྙན་གྲགས་ནད་བབས་སྡུག་ཏུ་ཕྱིན་སོང་།   མལ་སའི་ནང་ནས་ཁོ་ཉམས་ཐག་པོར་གྱུར་ཅིང་། ཤ་སྐམ་པར་གྱུར་ནས་གདོང་མདོག་ཀྱང་སེར་ཤག་གེར་སྣང་། འཆི་བདག་ཟེར་བའི་གཟུགས་མེད་པའི་ཞགས་པ་དེས་དེ་ལྟར་ཁོ་དམ་དུ་བསྡམས་བཞིན་འདུག  དམ་པོར་བསྡམས་རྗེས་ཕྱི་མའི་འཕྲང་རིང་དུ་ཁྲིད་རྩིས་བྱེད་བཞིན་འདུག         
          ཉིན་དེ་དག་ཏུ། ཁོའི་གྲོགས་པོ་བློ་བཟང་རྒྱུན་དུ་ཁོའི་གམ་ནས་བསྡད་དེ་ཁོ་དང་གླེང་མོལ་བྱེད་པ་དང་། ཁོ་གཉིས་ཀྱིས་ལོ་དེ་དག་ཏུ་སྟོད་ཉི་མ་ལྷ་སར་ཕྱིན་པའི་ལོ་རྒྱུས་ཕྱིར་དྲན་ཡང་ཡང་བྱས་ཤིང་། མཚམས་རེར་གཉིས་ཀ་གད་མོ་ཤོར་ཡོང་། འོན་ཀྱང་ཡུན་རིང་ཕྱིན་པར། ཁོའི་ཕ་རྒན་བློ་བཟང་གི་ནད་བབས་སྡུག་ཏུ་ཕྱིན་ནས། ད་ནི་ཚེ་ཡི་འདུ་བྱེད་སྟོང་ལ་ཉེ་བའི་རྣམ་པ་མངོན་ཡོང་།         
          “གྲོགས་དམ་པ།  ད་ནི་ཁྱོད་ལ་རེ་བ་ཅི་ཞིག་ཡོད། ང་ལ་ཤོད་དང་།” སྙན་གྲགས་ཀྱིས་དེ་ལྟར་དྲིས།         
          “ད་ཚང་མ་བདེ་ཞིང་སྐྱིད་པས། ང་ལ་སེམས་སུ་ཐོགས་ས་ཞིག་ཡོད་མི་སྲིད། ཡིན་ན་ཡང་།  ང་དབུགས་ལྷེམ་མེར་མ་འཆི་བར་དུ།  བུ་དེ་མཐོང་འདོད་ཅི་འདྲ་ཆེ་ཨང་།” ལོ་དེར། ཁོའི་ཕ་རྒན་སྙན་གྲགས་དེ་ལྟར་མལ་སར་ལྷུང་ནས་འཆི་ལ་ཉེ་དུས་རང་གི་གྲོགས་པོ་མནའ་བཅད་དེར་དེ་ལྟར་བཤད་པ་དང་། “ང་འཆི་ཁར།  བྱེས་སུ་ལུས་བའི་བུ་དེ་མིག་གིས་མཐོང་རྒྱུ་བྱུང་ན་བསམས།  ད་དུང་སྐྱབས་མགོན་མར་ནང་རིན་པོ་ཆེ་ངའི་སྔས་མགོར་གདན་དྲངས་ནས་ང་ལ་རྣམ་ཤེས་བདག་མེད་འདིའི་ལམ་སྣེ་སྟོན་ན་བསམས” ཁོས་དེ་ལྟར་རང་གི་མཐའ་མཇུག་གི་རེ་བ་བཤད་བྱུང་།         
          ཉིན་དེར། ཨ་ཁུ་བློ་བཟང་གིས་མར་ནང་ལུང་བའི་ཚོང་བ་དེ་འཚོལ་དུ་ཕྱིན་པ་དང་། དེ་ལ་“ད་ནི་ཁྱོད་ཀྱིས་རོགས་རམ་འདྲ་བྱེད་རོགས།  སྤྲུལ་སྐུའི་ཡབ་དེར་འབྲེལ་བ་ཞིག་བྱེད་དགོས་བྱུང་སོང་།  ཁོའི་ཕ་རྒན་ཚེ་ཡི་འདུ་བྱེད་སྟོང་ལ་ཉེ་བས་རོགས་ཤིག་བྱེད་རྒྱུ་མཁྱེན་མཁྱེན།”ཞེས་ཞུ་བ་ཞུས།         
          “ང་ལ་བལ་བོ་ན་གྲོགས་པོ་ཁ་ཤས་ཡོད་པས། ང་རྫོང་ཐོག་ཏུ་སོང་ནས་མྱུར་ཏུ་ཁ་པར་བཏང་ནས་སྐད་དེ་འཕྲོད་ཅི་ཐུབ་བྱེད་ཆོག”ཚོང་བས་དེ་ལྟར་བཤད། 

  བཅོ་ལྔ།           

          ལྷ་རིས་བ་ཆེན་མོའི་མདུན་ནས་ཁོས་ལོ་གཅིག་གི་རིང་ལ་རས་སྒྲོམ་ཆེན་པོ་དེའི་ངོས་སུ་ནམ་ཡང་མཐོང་མ་མྱོང་བའིརང་གི་ཕྲུ་གུ་དེ་རི་མོར་འབྲི་བཞིན་བསྡད། ཤེལ་གྱི་པར་སྒྲོམ་ཆུང་ཆུང་དེའི་ནང་དུ་ཕྲུ་གུ་དེས་གཟན་གོས་སེར་བོ་ཞིག་མནབས་ནས་མིག་ཟུང་དྭངས་གསལ་ལེར་ཁོར་ཚུར་སྤྱན་གྱིས་གཟིགས་འདུག  ཁོས་པར་སྒྲོམ་ནང་གི་ཕྲུ་གུར་ཡང་ཡང་ལྟ་ཞིང་། དེ་ནས་རས་སྒྲོམ་ངོས་སུ་སྨྱུག་ཁ་ཡང་ཡང་བསྒྱུར།                 
          ལྷ་རིས་བ་ཆེན་མོས་ཁོའི་སེམས་ནང་དུ་བྱམས་བརྩེ་བ་ཆེན་པོ་དེ་མི་འདུག་གསུངས། རི་མོ་འབྲི་བ་ལ་བྱམས་བརྩེ་བ་ཆེན་པོ་དེ་མེད་ན་རི་མོར་སྲོག་ཞུགས་སུ་འཇུག་མི་ཐུབ་གསུངས། ཁོས་དེ་ལྟར་སྨྱུག་ཁ་ཡང་ཡང་བསྒྱུར་ཅིང་།  རང་གི་ཤ་ལས་མཆེད་པའི་ཕྲུ་གུ་དེ་རི་མོར་བྲི་སྐབས། སེམས་ཀྱི་རྫ་མགོར་འཐིབས་པའི་སྨིག་སྤྲིན་དེ་རིམ་གྱིས་རིམ་གྱིས་སངས་བར་གྱུར།          
          ཁོ་ཆུང་དུས་སུ། ཕ་རྒན་གྱིས་ལག་མགོར་ཁྲིད་ནས་ལུག་རྫིར་བསྐྱོད་མྱོང་། དེ་དུས་ཁོའི་སྣང་བ་ཞིག་ལ་ཕ་རྒན་གྱི་ལག་པར་རྩལ་ཤུགས་ཀྱིས་ཁེངས་འདུག ཁོ་དེ་ལྟར་ཕ་རྒན་གྱི་ལག་མགོར་འཇུས་ནས་ལམ་དུ་བསྐྱོད་དུས། ཕ་རྒན་གྱིས་ཁོ་ལ་སྔོན་ཆད་ཁོ་དང་གསལ་སྒྲོན་གྱི་ཕ་རྒན་བློ་བཟང་གཉིས་སྟོད་ཉི་མ་ལྷ་སར་སོང་ཚུལ་གྱི་ལོ་རྒྱུས་བཤད་ཡོང་། དེ་དུས་མར་ནང་གྲོང་ཚོར་དཔྱིད་ཀའི་རླུང་དམར་འུར་འུར་དུ་ལྡང་ཡོང་ནས་ཡོད་ཚད་ཁུར་འགྲོ་བའི་བཟོ་ལྟ་བསྟན། རླུང་གིས་ཡུལ་སྡོང་དེ་དག་ཕར་གཡོ་ཚུར་གཡོ་བྱེད་ཅིང་། གྱང་ཁའི་དར་ལྕོག་དེ་དག་ལྷབ་ལྷུབ་ཏུ་བསྐྱོད། རླུང་གིས་ཐ་ན་ལུས་རྟེན་དུ་གནས་གཡར་ཡོད་པའི་རྣམ་ཤེས་ཚོགས་དྲུག་དེ་ཡང་ཁུར་ལ་ཁད་བྱེད། རླུང་ལ་དོན་མེད་དུ་ཞེ་སྡང་ཆེན་པོ་ཞིག་ལངས་འདུག་ཅིང་འུར་སྒྲ་དང་ཤུ་སྒྲ་སྒྲོག་ནས་གང་སར་སྨྱོ་རྒྱུགས་བྱེད།         
          “ཨ་ཕ།  རླུང་གི་ལྷ་སྨྱོས་བ་རེད་དམ”ཁོས་དེ་ལྟར་རླུང་ལ་ཁ་གཏད་ནས་དྲིས།         
          “རླུང་འདི་འདྲ་ཅི་ཡང་མ་རེད། ཙག་སྐྱིན་ལྡང་ཟེར་བ་དེ་དངོས་གནས་འཇིགས་པོ་ཡོད་ཨང་།”ཕ་རྒན་གྱིས་ཁོའི་ལག་མགོ་ནས་འཇུས་ཏེ་མདུན་དུ་བསྐྱོད་ཅིང་། “ངའི་རྒྱབ་ནས་ཤོག་དང་།  རླུང་འགོག་ཐུབ”ཟེར།            
          རླུང་ནང་ནས་ཁོ་ཕ་རྒན་གྱི་རྒྱབ་ཏུ་བསྐྱོད་ཅིང་དེ་མ་ཐག་རླུང་ནག་གི་ཞེ་སྡང་ཡོད་ཚད་ཕ་རྒན་གྱི་གཟུགས་པོ་ཞེང་ཆེ་བ་དེས་བཀག་སོང་། ཉིན་དེར། གངས་དཀར་གཡུ་སྒྲོན་སྒང་གི་རི་སུལ་དེ་ནས་ཁོ་རྡོག་འདྲེད་ཤོར་ཅིང་། ས་ལ་ནམ་ལངས་བ་ལྟ་བུ་ཞིག་བརྡབས་ནས་སྣ་ཁྲག་ཀྱང་ཤོར་སོང་། ངུ་སྐད་ཀྱང་དབང་མེད་དུ་ཤོར་སོང་།         
          “སྐྱེས་བ་ཕོ་ཞིག་གིས་མིག་ཆུ་འདོན་པར་ངོ་མི་ཚའམ”ཕ་རྒན་གྱིས་རྩུབ་ཤུགས་ཆེ་བའི་ལག་པས་ཁོའི་སྣ་ཁྲག་ཕར་འབྱིད་བཞིན་དེ་ལྟར་ཟེར་བ་དང་“ཨ་མའི་བུར་སྙིང་དགོས།  སྙིང་ལ་རུས་པ་དགོས”ཟེར།           
          ཁོས་རི་མོ་འབྲི་སྐབས་རང་གི་ཕ་རྒན་དེ་ལྟར་དྲན་བྱུང་། ཡིན་ན་ཡང་ཆུང་དུས་སུ་ཁོས་མདུན་ནས་རླུང་འགོག་པའི་ཕ་རྒན་དེར་མ་མཇལ་བར་ལོ་ངོ་བཅུ་ཟིན་ལ་ཉེ། ལོ་བཅུ་ཡི་རིང་དུ། ཁོས་ཕ་ཡུལ་ཕྱོགས་སུ་རང་ཉིད་གར་འགྲོ་གར་འདུག་གི་འཕྲིན་ཙམ་ཡང་བཏང་མ་མྱོང་། ཁོ་ནི་མི་བརྩེ་མེད་ཅིག་རེད་ཨང་།  པར་སྒྲོམ་ནང་གི་ཕྲུ་གུ་དེ་སྐྱེས་ནས་བཟུང་ཕ་ཟེར་བའི་མདུན་ནས་རླུང་འགོག་མཁན་ཞིག་ཀྱང་མེད་པས་ཅི་འདྲའི་ཡིད་སྐྱོ་ཨང་། ཁོས་དེ་ལྟར་བསམས་ཤིང་། ཉིན་རྒྱུན་པིར་ཁ་རས་སྒྲོམ་ངོས་སུ་བསྒྱུར་ཙམ་གྱིས་སེམས་སུ་རང་ལ་ལེ་བདའ་དང་འཁང་ར་འགོག་མེད་དུ་སྐྱེས་ཤིང་། མཚམས་རེར་མིག་ཆུའི་ཐིགས་པ་ཞིག་ཀྱང་དབང་མེད་དུ་ལག་ནང་དུ་ཉར་བའི་ཚོན་སྡེར་དུ་ཟགས་སོང་།          
          ལོ་གཅིག་གི་རྗེས་སུ། ཁོས་གྱན་ཐང་གི་ཆེ་ཆུང་ཙམ་གྱི་རི་མོ་དེ་ལེགས་འགྲུབ་བྱུང་། མར་ནང་སྤྲུལ་སྐུ་རིན་པོ་ཆེ་དེ་རི་མོའི་ནང་ནས་གསོན་པོར་གྱུར་ཅིང་།  ལྷག་པར་དུ་ཁོང་གི་སྤྱན་ཟུང་དེ་ལ་ཚེ་སྲོག་ཞུགས་པ་ལྟར་ཧ་ཅང་དྭངས་གཙང་གིས་ཚུར་གཟིགས་འདུག་པ་དང་།  སྤྱན་དབང་དེ་ཡི་ཁ་གཏད་ནས་མི་སུ་ཡིན་རུང་རང་ཉིད་ཀྱི་རྙོག་འཛིང་དང་ནག་ནོག་མེ་ལོང་དུ་ཤར་བ་བཞིན་མཐོང་ཐུབ་པའི་ཉམས་སྣང་སྟེར། རི་མོའི་ནང་གི་ཕྲུ་གུ་དེས་དེ་ལྟར་གསུངས་ཤིག་ཀྱང་འབྱོན་མི་ཡོང་ངམ་སྙམ་པའི་ངང་ལྷོད་ཅིང་ཞི་བའི་ཉམས་ཀྱིས་བཞུགས་འདུག        
          “རྒན་ལགས། ད་ནི་ང་རང་ཕ་ཡུལ་དུ་ལོག་འདོད”ཁོས་རི་མོ་བྲིས་ཚར་རྗེས། དེ་ལྟར་བཤད།      
          “ཁྱོད་ལ་འདི་འདྲའི་སེམས་བྱུང་ཞིག་ཡོད་ཚེ། ངའི་དམིགས་ཡུལ་ཀྱང་འགྲུབ་སོང་།”ལྷ་རིས་བ་ཆེན་པོས་དེ་ལྟར་དབུ་ནང་དུ་ལྡེམ་བཞིན་ཞལ་འཛུམ་ལྷུག་གེར་ཁོས་རི་མོར་ལྟ་བཞིན་“དངོས་གནས་མི་ཡུལ་དུ་དཀོན་པའི་རི་མོ་ཞིག་བྲིས་འདུག་ཨང”ཟེར་བ་དང་། དེ་ནས་“རི་མོ་འདི་ཟླ་རྗེས་མར་འདི་གར་འཚོགས་པའི་རྒྱལ་སྤྱིའི་མཛེས་རྩལ་འགྲེམས་སྟོན་ཚོགས་འདུར་ཞུགས་ན་རྟགས་མ་ལོན་ཁོ་ཐག་ཡིན”ཟེར།          
          ཟླ་གཅིག་གི་རྗེས་སུ། བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་ནས་འཚོགས་པའི་རྒྱལ་སྤྱིའི་མཛེས་རྩལ་འགྲེམས་ཚོགས་སུ།  འཛམ་གླིང་གི་རི་མོ་མཁས་ཅན་དག་གིས་ཁོས་བྲིས་པའི་རི་མོར་གདེང་འཇོག་ཚད་མེད་གནང་། མི་མང་པོ་ཞིག་དེ་ལྟར་ཁོས་བྲིས་པའི་རི་མོ་ཆེན་པོ་དེའི་མདུན་ནས་དུས་ཡུན་རིང་བོར་འགྲེང་སྟེ་སྡོད་ཅིང་། སྨྲ་བ་མེད་པར་ཧད་ནས་ལུས་སོང་།           
          “རི་མོ་འདི་ནི་དེང་རབས་རི་མོའི་ལོ་རྒྱུས་ནང་མཐོང་དཀོན་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་རེད”ཚོགས་གཙོས་དེ་ལྟར་ཚོགས་ཆེན་དུ་གདེང་འཇོག་གི་གཏམ་བཤད་པ་དང་“ང་ཚོས་ཐོག་མར་རི་མོ་བ་ཕུལ་བྱུང་ཅན་འདི་འདྲ་སྐྱེད་སྲིང་བྱེད་མཁན་གྱི་བོད་ཀྱི་ལྷ་རིས་བ་ཆེན་མོར་གུས་འདུད་ཞུ་རྒྱུ་ཡིན་ལ། ཁོང་གིས་ཀུན་ལ་གཏམ་བཤད་གནང་བར་དགའ་བསུ་ཞུ་རྒྱུ་ཡིན”ཟེར། ཚོགས་ཁང་དུ་དེ་མ་ཐག་ཐལ་མོ་བརྡེབས་པའི་སྒྲ་ཡིས་ཁེངས་སོང་།         
          “བརྩེ་ལྡན་གྱི་ལྕམ་སྐུ་ཞབས་དང་།  སྐུ་ཞབས་རྣམ་པ།  ཐུགས་རྗེ་ཆེ། ཐོག་མར་ངས་འདི་ནས་ལོ་ལྔའི་རིང་ལ་ང་དང་ལྷན་དུ་འཚོ་བ་རོལ་ཅིང་རི་མོའི་སྒྱུ་རྩལ་ལ་སློབ་སྦྱོང་བྱས་པའི་ཕུལ་བྱུང་གི་རི་མོ་འདི་འབྲི་མཁན་བདག་གི་སློབ་བུར་ཚིག་གཅིག་ཞུ་འདོད་ཡོད།”ལྷ་རིས་བ་ཆེན་མོའི་དབུ་སྐྲ་ཡོངས་སུ་དཀར་བོར་གྱུར་འདུག་ཅིང་། ཁོང་གིས་བོད་ཆས་སྤྲས་ནས་ཞལ་འཛུམ་ལྷུག་གེར་གཏམ་བཤད་སྟེགས་བུའི་ཐོག་ནས་གཤམ་དུ་སྡོད་པའི་ཁོ་ལ་སྤྱན་གྱིས་བྱམས་བརྩེ་བ་ཆེན་པོས་གཟིགས་པ་དང་ཕྱག་བརྡ་སྟོན་བཞིན་“ཁྱོད་རང་ད་ནི་བལ་བོར་མི་སྡོད་པར་ཕ་ཡུལ་གངས་ལྗོངས་ཕྱུག་མོར་ལོག་རོགས། འདི་ནི་ངས་ཁྱོད་ལ་བཏོན་པའི་ཆེས་མཐའ་མཇུག་གི་རེ་བ་ཡིན། འདིའི་དོན་དུ་ངས་ཁྱོད་ལ་གུས་ཕྱག་ཐེངས་གཅིག་ཕུལ་ཡོང་།”ལྷ་རིས་བ་ཆེན་པོ་ཟུར་དུ་བཀྱེད་ཙམ་བྱས་པ་དང་། མར་སྒུར་ནས་ཁོའི་ཕྱོགས་སུ་གུས་ཕྱག་ཐེངས་གཅིག་ཕུལ། ཚོགས་ཁང་ཡོངས་སུ་དེ་མ་ཐག་ཁུ་སིམ་མེར་གྱུར།  སྐད་རིགས་དང་ཤ་མདོག་མི་གཅིག་པའི་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཕེབས་པའི་སྒྱུ་རྩལ་བ་དེ་དག་ཁུ་སིམ་མེར་གྱུར་སོང་། ཁོ་ཚོས་རྗེས་སུ་ཡི་རངས་བྱེད་པའི་ལྷ་རིས་སྒྱུ་རྩལ་བ་ཆེན་པོ་དེས་དེ་ལྟར་བཤད་དོན་ཅི་ཡིན་ཧ་མ་གོ      

          “ངས་དུས་ནམ་ཡང་རི་མོ་འབྲི་མཁན་ལ་ཡང་སེམས་ནང་དུ་བྱམས་བརྩེ་བ་ཆེན་པོ་ཞིག་ངེས་པར་དུ་མཁོ་བར་ནན་བཤད་བྱེད་བཞིན་ཡོད། སེམས་ནང་དུ་བྱམས་བརྩེ་བ་ཆེན་པོ་མེད་ན་ཁྱོད་ཀྱིས་བྲིས་བའི་རི་མོ་ལ་སྲོག་ཞུགས་མི་ཐུབ། གལ་ཏེ་སེམས་ནང་དུ་བྱམས་བརྩེ་བ་ཆེན་པོ་ལྡན་ན།  ཁྱོད་ཀྱིས་སྲོག་མེད་པའི་ཅ་དངོས་སྤྱིར་བཏང་བ་ཞིག་བྲིས་བ་ཡིན་ན་ཡང་། དེ་ལ་སྲོག་ཞུགས་ཐུབ་པར་ངེས།”ལྷ་རིས་བ་ཆེན་མོས་དེ་ལྟར་བཤད་པ་ན། ཚོགས་ཁང་དུ་ཡང་བསྐྱར་ཐལ་མོ་བརྡེབས་པའི་སྒྲ་ཡིས་ཁེངས་སོང་།          
          “ཡིན་ན་ཡང་། ང་ལོ་ན་གཞོན་དུས་སུ་ཡང་། སེམས་ནང་དུ་བྱམས་བརྩེ་བ་མེད་པའི་མི་ཞིག་ཡིན། དེ་དུས་ངས་རང་གི་ཕ་མ་སྤུན་མཆེད་དང་།  སྙིང་ནས་དགའ་བའི་བུ་མོ་སོགས་རྒྱབ་ཏུ་བསྐྱུར་ཏེ་རྒྱུས་མེད་མི་ཡི་ལུང་བར་འཁྱམས་ནས་བསྡད་པ་ཡིན། དེ་དུས་ངའི་སེམས་སུ་བྱམས་བརྩེ་བ་ཅི་ཡང་མེད་པས། ངས་རང་གི་མི་ཚེ་ལ་བདག་པོ་ཅི་ཡང་རྒྱག་ཐུབ་མེད་ཅིང་།  དུས་ཚོད་རིང་པོ་ཞིག་ལ་བློ་འགྱོད་དང་རང་ལ་འཁང་རས་ཁེངས། ད་ལྟའི་བར་དུ། ང་ཕ་ཡུལ་དུ་ཐེངས་གཅིག་ལ་ཡང་ལོག་མ་ཐུབ། ད་ནི་སྐྲ་ལོ་ཡང་དཀར་བོར་གྱུར་ཅིང་། མིག་དབང་ཡང་མོག་པོར་གྱུར་ཡོད་པའི་རྒན་རྒོན་ཞིག་ཏུ་གྱུར་སོང་། གལ་ཏེ། མི་ཚེ་ཟེར་བ་འདི་ཡང་བསྐྱར་ཐེངས་གཅིག་ལ་མགོ་བརྩམས་ཆོག་ཚེ། ང་དང་ཐོག་ཕ་ཡུལ་ནས་གྱེས་མི་སྲིད། གཏན་ནས་གྱེས་མི་སྲིད།” ཚོགས་ཁང་སླར་ཡང་དལ་རྨེག་གེར་གྱུར་སོང་།      
          “ད་ལྟ། ངའི་སློབ་ཕྲུག་ན་གཞོན་འདི་ཡང་དང་ཐོག་གི་ང་ནང་བཞིན་རང་ལ་སྙིང་ཉེ་བའི་མི་རྣམས་དང་རྒྱང་དུ་གྱེས་ནས་ལོ་མང་པོ་ཕྱིན་ཡོད།  རི་མོའི་ནང་གི་ཕྲུ་གུ་དེ་ནི་ཁོས་ད་ལྟའི་བར་པང་ལ་ཐེངས་གཅིག་ཀྱང་བཏབ་མ་མྱོང་བའི་ཁོ་རང་གི་ཕྲུ་གུ་རེད།  ཕྲུ་གུ་དེ་ལོ་བདུན་ལ་སོན་དུས་བོད་ཀྱི་སྤྲུལ་སྐུ་ཆེན་པོ་ཞིག་གི་ཡང་སྤྲུལ་དུ་ངོས་བཟུང་ནས་གསེར་གྱི་ཁྲི་ཁར་བཀོད་དེ་ཀུན་གྱིས་གཙུག་ཏུ་བཀུར་ཡོད། ངའི་སློབ་ཕྲུག་གིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་བུ་ཆུང་དེ་དྲན་བཞིན་ཡོད།  ཁོས་རི་མོ་འདི་འབྲི་དུས། ངས་མཚམས་རེར་ཁོའི་མིག་ཆུ་ཚོན་སྡེར་ནང་ལྷུང་ཡོང་བ་མཐོང་མྱོང་། རི་མོ་འདི་ནི་ཁོའི་སེམས་ནང་དུ་བྱམས་བརྩེ་བ་ཆེན་པོ་འཁྲུངས་བའི་གོ་རིམ་ཁྲོད་འགྲུབ་པ་རེད། དེར་བརྟེན།  ངས་འདི་ནས་རང་ཅག་གིས་ནམ་ཡང་འབོར་མི་རུང་བའི་མི་རེ་རེའི་རྒྱུད་དུ་བག་ལ་ཉལ་བའི་བྱམས་བརྩེ་བ་ཆེན་པོར་གུས་འདུད་ཞུ་རྒྱུ་ཡིན”ལྷ་རིས་བ་ཆེན་མོ་དེ་ལྟར་སླར་ཡང་ཟུར་དུ་བཀྱེད་པ་དང་། མར་སྒུར་ནས་གུས་འདུད་ཞུས། མི་རྣམས་སོ་སོའི་རྐུབ་ཀྱག་ཐོག་ནས་ཡར་ལངས་ཏེ་ཐལ་མོ་བརྡབས་ཤིང་ཚོགས་ཁང་ནང་དུས་ཡུན་རིང་ཙམ་ལ་དེ་ལྟར་ཐལ་མོ་བརྡབས་པའི་སྒྲ་ཡིས་ཁེངས་སོང་།        
          ཁོའི་མིག་ནང་དུ་འཁྱིལ་བའི་མཆི་མ་ཡང་ཐལ་མོ་བརྡེབས་སྒྲའི་ཁྲོད་ནས་དབང་མེད་དུ་མཁུར་མགོ་ནས་ཉིལ་དེ་ས་རུ་འཐོར་སོང་།          
          ཚོགས་འདུའི་རྗེས་ནས། ཉོ་བདག་མང་པོ་ཞིག་གིས་ཁོ་བཙལ་ཡོང་སྟེ་“ཁྱོད་ཀྱིས་བྲིས་བའི་རི་མོ་དེ་ང་ལ་འཚོངས་རོགས”ཟེར།           
          “ངས་ཨ་སྒོར་ཁྲི་བརྒྱ་ཐམ་པ་སྤྲད་ཡོང་།”          
          “ངས་ཨ་སྒོར་ཁྲི་བརྒྱ་དང་ལྔ་བཅུ་སྤྲད་ཡོང”            
          ཁོས་དེ་དག་ལ “རི་མོ་འདི་ང་ཕ་ཡུལ་དུ་ལོག་དུས་ཕྲུ་གུར་ལེགས་སྐྱེས་སུ་ཕུལ་དགོས་པས། བཙོང་རྒྱུ་མིན”ཞེས་གུས་བས་ངང་བཤད། དེ་ལྟར་བཤད་དུས་མི་ཞིག་གིས་ཁོས་བོད་ལྭའི་ཕུ་ཐུང་ནས་འཐེན་ཙམ་བྱས་ཤིང་།  “གཞི་ནས་ཁྱོད་བཙལ་ནས་རྙེད་སོང་། ཁྱོད་ཀྱི་ཕ་རྒན་སྙན་གྲགས་ནད་ཀྱིས་མནར་ནས་ཚེ་ཡི་འདུ་བྱེད་སྟོངས་ལ་ཉེ། ཁོས་ཁྱོད་ལ་སྒུག་ཡོད་པས། ཁྱོད་ཕྱིར་མི་ལོག་གམ”ཞེས་བཤད་བྱུང་།                                          

བཅུ་དྲུག    
          ལོ་མ་སེར་བོ་དག་མར་ནང་གྲོང་ཚོའི་ཁོར་ཡུག་ཀུན་ནས་གཡོགས་ཡོད་པའི་ཡུལ་སྡོང་གི་ཡལ་ཀ་ནས་ཤོག་སྒྲ་དང་བཅས་འཐོར་ཡོང་། ཐག་རིང་གི་རི་སུལ་གྱི་རྩྭ་མགོ་སེར་པོར་གྱུར་ནས་སེར་ལམ་ལམ་བྱེད།  སྟོན་མཇུག་དེར། ཁོ་ཚེར་ཕུང་ཁུག་གི་འདབས་རོལ་གྱི་ལམ་ནང་ནས་མངོན་ཡོང་། མདུན་རི་གངས་དཀར་གཡུ་སྒྲོན་སྒང་གི་ལབ་ཙེ་དེ་སྔར་བཞིན་ནག་ཡོར་སེར་བུད་མེད་ཅིག་གིས་རྒྱང་ལ་ལྟ་བཞིན་པའི་ཟོལ་གྱིས་གནས། ཡོད་ཚད་དེ་ལྟར་རྒྱུས་ཡོད་ཡོད་འདྲ་པོ་ཞིག་ཏུ་གྱུར་ཅིང་། ཡོད་ཚད་དེ་ལྟར་ཆ་མེད་རྒྱུས་མེད་ཡིན་པའི་ཚོར་སྣང་ཞིག་ཀྱང་བྱུང་།  ཁོ་དེ་ལྟར་ཤོག་སྒྲ་དང་བཅས་ལོ་མ་སྐམ་པོ་དེ་དག་གི་ཐོག་ཏུ་སྤོ་བཞིན་གྲོང་ཚོའི་སྲང་མདོ་ནས་ཡར་ཡོང་དུས། དེ་གར་ཉི་མར་ལྡེ་བཞིན་ཡོད་པའི་བགྲེས་སོང་དེ་ཚོ་དང་མཐའ་འཁོར་དུ་རྩེད་འཇོར་རོལ་བའི་ཕྲུ་གུ་ཚོས་ངོ་ཤེས་མ་སོང་།   
          “སྐྲ་ལོ་རིང་ཚུལ་ལ་བལྟས་ན་རྒྱ་མོ་ཞིག་མིན་ནམ”ཨ་མ་རི་མོས་དེ་ལྟར་མ་ཎི་བསྐོར་མཚམས་བཞག་ནས་ལག་པ་ཐོད་པར་བཞག་སྟེ་ནུབ་ཁའི་ཉི་འོད་སྒྲིབ་བཞིན་དབྱངས་ལ་འགུག་པ་ལྟར་བཤད།    “ཁ་སྤུ་ཡོད་པས།  རྒྱ་མོ་ཞིག་ཡིན་རྒྱུ་མ་རེད”གམ་གྱི་བགྲེས་སོང་དེས་དེ་ལྟར་བཤད།            
          ཁོ་དེ་ལྟར་ཕྲུ་གུ་ཁ་ཤས་ཀྱིས་འུར་ལོང་ལོང་གིས་བསྐོར་ནས་ཡར་བསྐྱོད། ཁོ་ཚོས་ཁོར་ལག་བརྡ་སྟོན་བཞིན“ཀ་ར་སྟེར་རོགས”ཟེར། ཁོས་ཁུག་མའི་ནང་ནས་ཀ་ར་སྤར་མོ་གང་བཏོན་ཡོང་ནས་ཕྲུ་གུ་དེ་ཚོར་སྤྲད་ཅིང་། འཛུམ་སྟོན་པ་ལས་ཚིག་གཅིག་ཀྱང་ངག་ནས་མ་ཐོན།   ཁོས་ཕྲུ་གུ་དེ་དག་མི་ཚང་སུ་ཚང་གི་ཡིན་པ་ངོས་མི་ཟིན། 

          དེ་ལྟར་ཡར་བསྐྱོད་སྐབས་ཁོ་གསལ་སྒྲོན་གྱིས་ལག་ཏུ་སྣུམ་ཟེའུ་ཞིག་བཟུང་ནས་ཡོང་བ་དང་འཕྲད། 
          ལོ་བཅུ་གཉིས་ཀྱི་རྗེས་ནས། དང་ཐོག་མར་ནང་གྲོང་ཚོའི་བཞི་མདོ་ནས་ཁ་གྱེས་བའི་ན་ཆུང་དེ་གཉིས་སླར་ཡང་འཕྲད་བྱུང་། ལོ་དེར། གསལ་སྒྲོན་གྱིས་ཆུ་ཟོ་རྒྱབ་ཏུ་འཁུར་ཏེ་“ཁྱོད་ཀྱིས་སང་ཉིན་ཉིན་གུང་ཚེར་ཕུང་ཁུག་ནས་ང་ལ་སྒུག་སྡོད་དང་། ང་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད”ཟེར། ཉིན་དེར་ཁོས་གསལ་སྒྲོན་ཕར་བསྐྱོད་པའི་རྒྱབ་གཟུགས་ལ་མིག་སྐྱེལ་བྱེད་སྐབས།  ཆུ་ཡི་ཟེགས་མ་མང་པོ་ཞིག་ཁོ་མོའི་ཟོ་ཁ་ནས་འཕྱོ་སྟེ་ས་རུ་ཟགས་ཡོང་བ་མཐོང་། དེ་ནི་ཆེས་མཐའ་མཇུག་གི་ལམ་འཕྲད་ཅིག་སྟེ། དེ་ནས་བཟུང་ད་ལྟའི་བར་དུ་ཁོ་གཉིས་འཕྲད་རྒྱུ་མ་བྱུང་། ལོ་བཅུ་གཉིས་འགོར་སོང་།    
          “གསལ་སྒྲོན”ཁོས་དེ་ལྟར་བོས།     
          དེ་ལྟར་འབོད་དུས་ཁོའི་མཐའ་འཁོར་ན་འུར་ཆིལ་ཆིལ་བྱེད་པའི་ཕྲུ་གུ་དེ་ཚོ་ཡང་དལ་ཅག་གེར་གྱུར་སོང་།  
          “ཁྱོད་བསླེབས་བྱུང་ངམ”གསལ་སྒྲོན་གྱིས་དེ་ལྟར་བཤད་པ་དང་གོམ་མཚམས་མི་འཇོག་པར་མུ་མཐུད་དུ་མདུན་དུ་བསྐྱོད། ཚུལ་དེ་ནི་སྔོན་ཆད་ཁོ་རང་སློབ་གྲྭ་ནས་ཕྱིར་མར་ནང་གྲོང་ཚོར་ལོག་ཡོང་དུས་ཁོ་མོར་འཕྲད་པའི་སྐབས་ཀྱི་ངང་ཚུལ་དང་མཚུངས། དེ་དུས་ཀྱང་ཁོ་མོས་ཁོར་འདི་ལྟར་འདྲི།  དེ་དུས་ཁོ་གཉིས་ཐང་ཉལ་བྱས་མྱོང་མེད། 
          ཁོ་ཁོ་མོའི་ཕྱི་རུ་འབྲངས་ནས་གྱང་ར་སྐྱ་བོའི་བར་གྱི་སྲང་ལམ་དེ་ནས་བསྐྱོད། ཁོས་གསལ་སྒྲོན་གྱི་ཕྲག་པ་ལྷེམ་ཙམ་ལྷེམ་ཙམ་བྱེད་བཞིན་ངུ་བཤུམ་བྱེད་པ་ཐོས་ཤིང་། མགོ་རས་ཀྱི་སྣེ་མོས་མིག་ཆུ་འབྱིད་བཞིན་པ་མཐོང་།    
          “གསལ་སྒྲོན”ཁོས་ཐེངས་གཉིས་པར་དེ་ལྟར་འབོད་སྐབས། རང་གི་སྐད་ལ་ངུ་ངག་འདྲེས་ཡོད་པ་ཐོས། གསལ་སྒྲོན་ཁ་ཕྱིར་མི་འཁོར་བར་དེ་ལྟར་བསྐྱོད། སྣང་བ་ཞིག་ལ་དུས་ཚོད་ཀྱི་འཁོར་ལོ་ཕྱིར་འཁོར་ནས་ཁོ་གཉིས་མཛའ་འབྲེལ་བྱུང་བའི་དབྱར་ལྗོངས་དེར་ལྡོག་པ་དང་མཚུངས།  དེ་དུས་ཁོ་གཉིས་ཀྱི་བརྩེ་དུང་གི་དར་ལྕོག་མི་ཁའི་རླུང་ཁ་ན་ལྷབ་ལྷབ་བསྐྱོད། རྣམ་ཀུན་གྲོང་ཚོའི་ནང་ནས་ལམ་འཕྲད་བྱུང་ཚེ་ཁོ་གཉིས་འདི་ལྟར་སྔ་རྗེས་སུ་བསྐྱོད།  གྲོང་ཚོའི་མི་མང་གི་མཐོང་ས་ནས་ཁོ་གཉིས་ཡིན་མདོག་མི་བྱེད།  ཁོ་དེ་ལྟར་ཁོ་མོའི་ཕྱི་རྗེས་སུ་འབྲངས་ནས་བསྐྱོད་པ་ན་ཡུད་ཙམ་གྱི་རིང་ལ་རང་གི་ལྟ་ཁྲག་འཕོ་སའི་གཞིས་ཁྱིམ་དེའི་སྒོ་ཁར་བསླེབས། གཞིས་ཀའི་གྱང་ཟུར་གྱི་དར་ལྕོག་དེ་རླུང་གིས་ལྷབ་ལྷུབ་ཏུ་བསྐྱོད་བཞིན་འདུག ཨ་མ་ཐར་མོ་སྒོ་ནང་ནས་མར་ཐོན་ཡོང་བ་དང་། ཁྱི་ནག་པོ་དེ་ཡིས་ལྕགས་ཐག་སིང་སིང་དུ་གསུག་འཐེན་བྱས་ཏེ་ཁོའི་ཕྱོགས་སུ་འབ་བྱུང་། 
          དེ་ནས། ཉིན་མཚན་ཀུན་ཏུ་རང་གི་བུ་ཆུང་དྲན་བཞིན་པའི་ཨ་མ་ཐར་མོས་གསལ་སྒྲོན་གྱི་རྗེས་སུ་རང་གི་བུ་དེ་དེ་ལྟར་བསླེབས་ཡོང་བ་མཐོང་།   
          “ཁོ་བསླེབས་བྱུང་།”གསལ་སྒྲོན་གྱིས་དེ་ལྟར་བཤད་པ་དང་ “ཀོ་རེ་སྣུམ་བསྲེགས་བྱེད་པར་སྣུམ་མི་འདང་ན་ངས་ཏོག་ཙམ་ཁུར་ཡོང་ཡོད” ཅེས་བཤད།   
          ཉིན་དེར་ཁོ་དེ་ལྟར་མར་ནང་གྲོང་ཚོར་ལོག་ཡོང་དུས། ཁོའི་ཕ་རྒན་སྙན་གྲགས་ཀྱིས་གཞི་ནས་མི་ལྕོག་པར་གྱུར། ནང་མི་ཚོས་ཁོར་“རེམ་རེམ་རེམ” ཟེར་བ་དང་། སུ་ཞིག་གིས་འཐེན་པ་མི་ཤེས་པར་ཁོ་རང་དེ་མ་ཐག་ཉལ་སར་ལྷུང་བའི་ཕ་རྒན་གྱི་གམ་དུ་ཁྲིད་སོང་།   
          “ཨ་ཕ”ཁོས་དེ་ལྟར་ངུ་ངག་གིས་པུས་བཙུགས་སུ་ཕ་རྒན་གྱི་ཉལ་སའི་འགྲམ་དུ་བཅར་པ་ན་དང་ཐོག་ཁོའི་མཐོང་ལམ་དུ་རྒྱབ་རི་སྨུག་པོ་བཞིན་བརྟན་པའི་མི་དེ་ད་ལྟ་ཉམས་ཐག་ཏུ་གྱུར་ནས་མིག་ཀྱང་འབྱེད་མི་ཐུབ་པའི་ཚད་དུ་ལྷུང་འདུག  
          “ཨ་ཕ། ང་ཡིན། ང་ཕྱིར་བསླེབས་ཡོང་ཡོད” ཁོས་དེ་ལྟར་རང་གི་ཕ་རྒན་གྱི་ལག་པར་འཐམ་ནས་སྒུལ་ཙམ་བྱས།   
          མལ་སའི་ནང་ནས།  ཁོའི་ཕ་རྒན་སྙན་གྲགས་ཀྱིས་ག་ལེར་མིག་ཟུང་ལ་སྲུབས་ཀ་ཞིག་ཕྱེས་ནས་ཁོར་བལྟས་བྱུང་བ་དང་། ལག་པས་ཀྱང་ཁོའི་ལག་པ་འཇུ་ཙམ་བྱས་སོང་། ཡིན་ན་ཡང་། ལག་པར་སྔོན་ཆད་ལྟར་རྩལ་ཤུགས་ཅི་ཡང་མི་འདུག  ཕ་སྙན་གྲགས་ཀྱིས་སྐད་ཆ་ཡང་བཤད་མི་ཐུབ། ནུབ་ཁའི་ཉི་འོད་སེར་བོ་ཞིག་ཁོ་ཚང་གི་ཐབ་ཚང་གི་སྒེའུ་ཁུང་བརྒྱུད་ནས་ཕ་རྒན་གྱི་སྔས་མགོར་འཕྲོས་འདུག  སེར་ལམ་ལམ་བྱེད་པའི་ཉི་འོད་དེའི་མིང་ལ་མར་ནང་གྲོང་ཚོའི་མི་རྣམས་ཀྱིས་ཚེ་ཕྱི་མའི་ཉི་མ་ཟེར། ཚེ་ཕྱི་མའི་ཉི་མ་དེ་ལྟར་ཁོའི་ཕ་རྒན་གྱི་སྔས་འགོར་འཕྲོས་འདུག   
          ཉི་འོད་སེར་བོ་དེའི་འོག་ནས། ཁོས་རང་གི་ཕ་རྒན་གྱི་གདོང་དུ་འཛུམ་མདངས་ཤིག་མངོན་ཆུང་གིས་རྒྱས་ཡོང་བ་མཐོང་།          
          ཁོར་མིག་ཆུ་འགོག་མེད་དུ་བཞུར་ཡོང་།    “ཨ་ཕ།” ཁོས་དེ་ལྟར་འབོད་དུས། ཕ་རྒན་སྙན་གྲགས་ཀྱི་མིག་ཟུང་རིམ་གྱིས་ཟུམ་པར་གྱུར་བ་དང་། ཁོའི་ལག་པར་འཆང་བའི་ལག་པ་དེ་ཡང་ལྷོད་སོང་།   
          ཁོར་ངུ་སྐད་ཤོར་སོང་། ཁོས་རང་གི་ཕ་རྒན་གྱི་བེམ་པོ་ཡང་ཡང་སྒུལ་ནས་“ཨ་ཕ། ཨ་ཕ།” ཞེས་བོས། ཡིན་ན་ཡང་།  ཆུང་དུས་སུ་ཁོའི་མདུན་ནས་རླུང་འགོག་པའི་ཕ་རྒན་དེ། ཁོར་“ཨ་མའི་བུར་སྙིང་དགོས། སྙིང་ལ་རུས་པ་དགོས” ཟེར་མཁན་གྱི་ཕ་རྒན་དེ། དེ་ལྟར་ཁོའི་འཇིག་རྟེན་ནས་ཡལ་སོང་།    
          ཁོ་དེ་ལྟར་ངུ་དུས། ལག་པ་ཆུང་ཆུང་ཞིག་གིས་ཁོས་ལག་ཟུང་ནས་འཇུས་བྱུང་། དེ་ནི་དེ་ལྟར་སེམས་ཆུང་གིས་འཇུས་བྱུང་ཡང་ག་ལེར་དམ་པོར་འཆང་བྱུང་། ཁོས་མིག་ཆུ་འབྱིད་བཞིན་ཕར་ལྟ་དུས། ངུར་སྨིག་གི་གཟན་གོས་འོག་ཏུ་སྟོད་འགག་སེར་བོ་མནབས་པའི་མར་ནང་སྤྲུལ་བའི་སྐྱབས་མགོན་རིན་པོ་ཆེ་ཕ་རྒན་གྱི་སྔས་འགྲམ་དུ་བརྟན་པོར་བཞུགས་ནས་ལྷོད་ཉམས་ཀྱིས་ཁོར་གཟིགས་ཡོད་པ་མཐོང་།    
          ལོ་འདིར། ཁོ་ཕོ་ལོ་སུམ་ཅུར་སོན་ཡོད།