ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > བསྒྱུར་རྩོམ།

རེ་བའི་མཐོ་སྒང་།

སྤེལ་དུས 2010-11-12 ཡོང་ཁུངས། རྨ་ལྷོ་ཚགས་པར། རྩོམ་པ་པོ། ཧྲི་ཅིན་ཧྭ།(ཚེ་རིང་ལྷ་མོས་བསྒྱུར)

      ང་རང་ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་པའི་མཐོ་སྒང་ནས་ཆས་ཏེ་འོང་བ་ཞིག་སྟེ། རྨ་ཆུ་སྔོན་མོའི་སྙིང་ཁ་ན་འཕྱུར་ཞིང་རྩེ། གནས་དེའི་དགུན་ཟླ་རིང་ཞིང་མཚན་ལ་འཁྱག་ནའང་། ཡུལ་ཕྱོགས་ཀུན་ཏུ་འོད་ཟེར་དང་རྨི་ལམ་གྱིས་ཁེངས་ནས་ཡོད། ལོ་ངོ་ཉི་ཤུ་ལྷག་ལ་འགྲོགས་ཤིང་གཤིབ་པའི་ཕ་ཡུལ་ལ་གྱེས་ཕྱག་འབུལ་དུས་སུ། ངའི་ཡུལ་གྱར་བའི་རྡོག་ཁྲེས་ཧྲིལ་བོར་གནས་མཆོག་དེས་ང་ལ་རེ་ཞིང་སྒུག་པའི་སྨོན་འདུན་གྱིས་ཁེངས་ནས་ཡོད་ལ། ཁྲོ་ཤོར་རྒྱལ་མོའི་འགྲམ་རྒྱུད་ཀྱི་ཁ་བའི་འོག་ཏུ་མནན་པའི་རྩྭ་ཕྲན་དེར་ཚེ་སྲོག་གི་སྐྱེས་སྟོབས་སྟེར་བའི་ལྗང་མདོག་གི་རྨི་ལམ་ཞིག་གིས་ཀྱང་ཁེངས་ནས་ཡོད།

      ང་ནི་ཆེས་སྤྱིར་བཏང་གི་མི་ཞིག་སྟེ།སངས་རྒྱས་ཀྱི་ས་ག་ལ་བ་དེར་གཤེགས་ནས་པདྨའི་གདན་དུ་ཏིང་ངེ་འཛིན་གྱི་དགོངས་པ་ལ་འཇུག་ཐབས་མེད་པས། སྣང་ལ་མ་ངེས་པའི་གྲོང་ཁྱེར་ཞིག་གི་བྲང་ཁོག་ཧྲིལ་བོ་ངའི་མིག་ཁ་ནས་མངོན་སུམ་དུ་གྱུར་རྗེས་སུ། ཡུལ་གྱར་པའི་ངལ་དུབ་མཐའ་དག་རྡུལ་དུ་སྤྲུགས་བཞིན།ཁེར་རྐྱང་ངང་ནུབ་མཐའི་སྐར་ཚོགས་ཀྱི་གཟི་མདངས་ལ་ཅེར་ན། བསྲན་དཀའ་བ་གནས་མཆོག་དེ་དྲན་པའི་སེམས་ཁ་དང་ཕྱིར་དྲན་གྱི་རྨ་ཁ་དེ་རེད་ཨང་། ལོ་ངོ་ཉི་ཤུའི་རིང་ལ། ཁོ་མོས་དུས་དང་རྣམ་པ་ཀུན་ཏུ་ང་ལ་འཚོ་བའི་ཀློང་རིམ་དུ་འཇུག་པའི་དཔའ་སྤོབས་དང་རེ་བ་དེ་བསྩལ་ནའང་། བར་ཐག་གིས་དྲིན་ལན་འཇལ་ཐབས་མེད་པའི་དེ་རིང་། ངས་ནི་རང་ཉིད་མཐིང་མདོག་གི་ནམ་མཁའི་མཐོངས་སུ་ཤར་བའི་སྐོར་འོད་མོག་པོ་དེ་སྤྲུལ་དུ་བཅུག་ཐོག རང་གི་གསོན་སྙིང་དེ་ཁོ་མོའི་དབུགས་ཀྱི་རྒྱུ་བ་དང་བསྟུན་ན་ཟུག་གིས་ལྡིང་དུ་འཇུག་ངེས། དགུན་ཟླ་བཅུ་བའི་འཁྱག་སིབ་སིབ་ཀྱི་རྨ་ཆུའི་བཞུར་ལམ་དེ་སྔ་མོ་ནས་རྡོ་བྱེ་འདྲེས་མའི་རླུང་འཚུབ་ཅིག་གིས་འཇིག་རྟེན་མི་ཡུལ་ལ་གདོང་ག་གཞུ་དུས།   ཡོད་ཚད་འཇམ་ཐིང་ངེར་བ་དེ་ལོ་ངོ་སྟོང་ཕྲག་སྔོན་གྱི་སྐུ་བརྙན་བཞིན་ཀྲོང་ངེར་འགྲེང་བ་དང་མཚུངས། 

ང་རང་རྨ་ཆུའི་འགྲམ་རྒྱུད་དུ་རྐང་བ་སྤོས་ཉིན་ནས།སྨུག་ཚ་བའི་མཁའ་དབྱིངས་སུ་རྫོགས་མཐའ་བྲལ་བའི་རོལ་དབྱངས་དང་སྙན་ངག་ཀློག་རྒྱུ་བྱུང་། ཆེས་རྒྱང་རིང་གི་ཀྱ་ཀྱུའི་ལམ་ཕྲན་སྟེང་མིག་ལ་འཚེར་བའི་དམར་ཐིག་འགའ་ཞིག་གིས་རི་བོའི་གསོན་ཤུགས་བཏེགས་ནས་ཡོད་པ་ནི། བོད་པ་ཚང་གི་ཆུ་ཁུར་བུ་མོ་སྟེ། དཀར་སེར་དམར་ལྗང་གི་མགོ་དཀྲིས་ཁྲ་ཁྲ་རྒྱག་མཁན་དག་རེད། ཁོ་མོ་ཚོས་རྨ་ཆུའི་ལོ་ཟླ་དག་ཡང་སྐོར་བསྐྱར་སྐོར་གྱིས་ཐོམ་དུ་བཅུས་ནས་འཁུར་བཞིན་ཡོད་། ཁོ་མོ་ཚོའི་རྐང་འོག་ཏུ་སྔོ་ཡུག་ཡུག་གི་རྨ་ཆུའི་རྡོ་བ་དག་གཅལ་དུ་བཀྲམ་ནས་ཡོད་ཅིང་། གཙང་བོ་དྲག་ཏུ་རྒྱུག་པའི་རྦ་རླབས་ཀྱིས་བག་ཡངས་ངང་རྒྱུ་བའི་སྤྲིན་དཀར་དང་ནམ་མཁའ་ལ་མི་རིགས་འདིའི་ཐོབ་ཤོར་གྱི་རྐྱེན་པས་ཀྱག་ཀྱོག་གི་ལོ་རྒྱུས་ཤོད་པ་དེ་དང་འདྲ་ནའང་། ངས་ནི་རླུང་འཚུབ་ཀྱི་ངར་སྐད་ཁྲོད་དབེན་པའི་དགོན་གྲོང་ནས་འཕོས་པའི་ཆོས་སྐད་དེ་ལྷང་ལྷང་དུ་གོ་ཐུབ་པ་འདིས། ངས་ཡང་སྙིང་ཅི་ཞིག་འཚོལ་བ་དང་འདྲ་བྱུང་། ཐང་མར་བརྡལ་འདྲའི་སྤང་ལྗོངས་སྟོང་ཞིང་སྟོང་ལ། དར་ལྕོག་ཚོགས་གཡབ་གཡུག་རྒྱག་པའི་འཇམ་རླུང་ཁྲོད་གར་དུ་ཟློ། ཁ་བ་ཞུ་རྗེས། རི་འདབས་ནས་དགོན་གྲོང་ལ་མཐེན་པའི་མཇལ་སྐོར་གྱི་ལམ་ཕྲེང་སྟེང་གི་ཞབས་རྗེས་དང་དཔྲལ་བའི་རྗེས་ཤུལ་རེ་རེ་ནི་ཟུངས་ཁྲག་གིས་བསྐྱེད་པའི་དད་སེམས་ཀྱི་ཞུན་མར་དུ་ཆགས། སྨུག་ཞགས་ཀྱི་ཀྱ་ཀྱུའི་སྣང་བའི་ཁྲོད་ན། བྱ་ལ་གཡེང་སའི་དུར་ཁྲོད་དེས་སྐྱིད་སྣང་གི་འཚོ་བར་རོལ་མྱོང་བའི་མི་མང་པོ་ཞིག་གི་ཚེ་སྲོག་ལ་སྡོམ་ཚིག་བཀོད་ནས་ཡོད་ནའང་། སྐྱེ་འཆིའི་དྭངས་གཙང་གི་གནས་མལ་དེ་ལ་གཤེགས་པའི་རྣམ་ཤེས་ཀྱི་ཚོགས། བྱ་རྒོད་ཀྱིས་གནམ་འཕང་སྟོད་བཞིན་བདེ་བ་ཅན་གྱི་ལམ་དུ་ཆས་བཞིན་ཡོད།

      འདི་ནི་ཆེས་སྤྱིར་བཏང་གི་ས་ཞིག་རེད་མོད། ངས་ནི་ངོ་མཚར་གྱིས་ཕྱུག་པའི་གདན་ས་ཞིག་ཏུ་ལྟ་བཞིན་ཡོད་དེ། རླུང་བུ་དེ་དང་ཁ་བ་དེ། ད་དུང་ཉིན་མཚན་དུས་དྲུག་ཏུ་འཁོར་བསྐྱོད་ལ་བྲེལ་བའི་མ་ཎི་འཁོར་ལོ་དེ་དང་སྐྱོ་ལྷང་ལྷང་གི་རྨ་ཆུའི་བཞུར་རྒྱུན་དག་དང་འདྲ་བར། རྨ་ཆུའི་འགྲམ་རྒྱུད་ཀྱི་མི་རིགས་དེ་ལའང་རྨ་ཆུའི་རང་གཤིས་དང་ལྡན་ནས་ཡོད།མཐོ་སྒང་གི་བྱེ་རླུང་དྲག་པོས་ཁོ་ཚོའི་རེ་བ་རླུང་ལ་བསྐུར་ཐུབ་པ་ཞིག་མ་ཡིན་པར། དེས་གེ་སར་སྒྲུངགི་ཡིད་སེམས་འགུག་པའི་གཏམ་རྒྱུད་ཀྱི་གླུ་སྐད་དེ་འཇིག་རྟེན་གྱི་གྲུ་ག་རེ་རེར་བསྐྱལ་ངེས།ངས་རྨ་ཆུ་དྲན་པ་དེ། ཁོ་མོའི་སྐྱེས་ཁུངས་གངས་དང་འབྲེལ་ནས་ཡོད་པ་སྟེ། དེ་ནི་མ་ཡུལ་གྱི་ཁྲག་ཟུངས་དྲོན་མོ་ཡིན་པས་སོ།།ངས་མཐོ་སྒང་དྲན་པ་དེ། དཀར་གཙང་གི་ཁ་བའི་འཇིག་རྟེན་ཞིག་སྟེ། ཨ་མྱེས་རྨ་ཆེན་གྱི་རྨི་ལམ་དང་སྒྱུར་འཕྲུལ་ལྟ་བུའི་ལྐོག་གྱུར་གྱི་གཏམ་རྒྱུད་དེས་ང་ལ་ལོ་རྒྱུས་ཀྱི་དར་རྒུད་དེ་ཇི་འདྲའི་ལས་སླ་མོ་ཞིག་མིན་པ་རྟོགས་སུ་བཅུག་པས་སོ།། དུས་དེ་རིང་ང་གྲོང་ཁྱེར་གྱི་བཞི་མདོར་འགྲེང་ནས་རེ་བའི་མཐོ་སྒང་ལ་རྒྱང་ལྟ་བྱེད་པ་འདི།། གུས་ཞབས་ལྡན་པའི་འབྲོག་མི་དག་གིས་ལྷག་བསམ་ཟོལ་མེད་སྒོས་རང་གིས་དེ་སྔ་བོར་སོང་བའི་ཡུ་མོ་འཚོལ་བ་དེ་དང་འདྲ་བར། ང་ཉིད་རློམ་སེམས་ཀྱིས་ཁེངས་ནས་ཡོད། ངས་རྒྱང་རིང་ནས་འོད་ཀྱི་གོང་བུ་ཞིག་མཐོང་ཐུབ་ཀྱིན་འདུག དེ་ནི་ངའི་མི་ཚེ་འཚོལ་སྙེག་སྟེ་མཐའ་མཇུག་གི་གནས་མལ་ཡིན་པའང་གསལ་བོར་མཁྱེན་ཡོད། རེད་དེ། ང་ནི་མཐོ་སྒང་གི་པང་བ་ནས་ལོག་པའི་བུ་ཕྲུག་ཅིག་ཡིན་པས་ན། ནམ་ཞིག་གི་གི་ཚེ་ན་ཡང་བསྐྱར་ཁོ་མོའི་པང་བར་བསྐྱར་དུ་ལོག་ངེས་ཤིང་། མི་ཡུལ་གྱི་མངར་སྐྱུར་འདྲེས་མའི་སྡུག་བསྔལ་མཐའ་དག་མྱོང་ཚར་རྗེས་སུ། བདག་གིས་མ་འོངས་པའི་སྐྱ་ཟད་སྔོ་གཏུགས་ཀྱི་ཁ་ཆར་ཚང་མ་མཐོ་སྒང་འདིའི་སྤྱི་གཙུག་ཏུ་འབར་བའི་སྐར་མ་འོད་ཆེན་ཞིག་ཏུ་བསྒྱུར་ཐོག འོད་སྣང་དང་ལྗང་མདོག་གིས་བཏེགས་པའི་གསོན་ཤུགས་རྒྱས་པའི་རྟག་བརྟན་གྱི་ཡུལ་ལྗོངས་ཤིག་འཛུགས་པར་རེ་བས་ཁེངས་ནས་ཡོད།།