ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

ཁྲག་ཤོར་བ་མྱུར་སྐྱོབ་བྱ་ཐབས།

སྤེལ་དུས 2012-08-08 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། ཚེ་རྡོར་གྱིས་བསྒྲིགས།

     ཁྲག་ཤོར་བ་མྱུར་སྐྱོབ་ནི་ལུས་ཀྱི་གནས་གང་རུང་ལ་རྨ་བཟོས་རྗེས་ཁྲག་ཤོར་བ་དེ་གཅོད་པའི་ཐབས་ལ་ཟེར། དེ་ཡང་དང་ཐོག་རྨ་ཁ་ནས་ཁྲག་ཤོར་བ་ལ། འཕར་རྩ་ནས་ཁྲག་ཤོར་བ་དང་སྡོད་རྩ་ནས་ཁྲག་ཤོར་བ།ཁྲག་རྩ་ཕྲ་མོ་ནས་ཁྲག་ཤོར་བ་བཅས་རིགས་གསུམ་ཡོད་པ་དེ་ཤེས་དགོས།
གཅིག འཕར་རྩ་ནས་ཁྲག་ཤོར་བའི་སྣང་ཚུལ།    ཁྲག་ཤོར་བ་མྱུར་ཞིང་ཁྲག་མདོག་དམར་སངས་ཡིན་ན་མྱུར་དུ་ཁྲག་གཅོད་ཐབས་མ་བྱས་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་པས་ལྷོད་གཡེང་གཏན་ནས་བྱེད་མི་རུང་།
གཉིས། སྡོད་རྩ་ནས་ཁྲག་ཤོར་བའི་སྣང་ཚུལ།   ཁྲག་ཤོར་བ་དལ་ཞིང་སྙོམས་ལ་ཁྲག་གི་ཁ་དོག་དམར་ནག་ཡིན།ཡིན་ན་ཡང་ཁྲག་ཤོར་བ་མང་དྲགས་ན་སྲོག་ལ་ཉེན་ཁ་ཡོད།
གསུམ། ཁྲག་རྩ་ཕྲ་མོ་ནས་ཁྲག་ཤོར་བའི་སྣང་ཚུལ།    ཁྲག་མདོག་དམར་སངས་ཡིན་ལ་རྨ་ཁ་ནས་ཁྲག་བཞུར་ཡོང་བ་དེ་སྤྱིར་བཏང་དུ་རང་བཞིན་གྱིས་འགག་ཐུབ།
ཁྲག་ཤོར་བ་ཇི་ལྟར་གཅོད་དགོས། 
  
རྨ་ཁ་ནས་ཁྲག་ཤོར་བ་དེ་ཕལ་ཆེར་ཁྲག་རྩ་ཕྲ་མོའམ་ཡང་ན་སྡོད་རྩ་ནས་ཁྲག་ཤོར་བ་ཡིན་པས། ཚྭ་ཆུའམ་ཡང་ན་ཆུ་གཙང་མ་ཞིག་གིས་རྨ་ཁ་གཙང་མར་བཀྲུས་ནས་རྨ་སྨན་དམར་པོ་དང་། ཡང་ན་ཀོ་ཡོལ་རྨ་རས།ཡང་ན་ཚེར་ལྡུམ་བསྲེགས་ཐལ།ཡང་ན་གླ་རྩི་དང་དོམ་མཁྲིས།ཁ་ཆེ་ཤ་སྐམ་སོགས་གང་རུང་ཞིག་ཆུ་ཁོལ་ནང་སྦངས་བའི་ཁུ་བ་རྨ་ཁའི་སྟེང་དུ་བྱུགས་ནས་རྨ་ཁེབས་སང་རས་གཙང་མ་ཞིག་གིས་དཀྲིས་དགོས།གལ་ཏེ་དེ་ལྟར་བྱས་ཀྱང་ཁྲག་གཅོད་མི་ཐུབ་ཚེ་སང་རས་སམ་ཡང་ན་སྲིང་བལ་སོགས་ལྟེབ་རྩེག་གཉིས་གསུམ་བྱས་ནས་རྨ་ཁེབས་བརྒྱབ་རྗེས་རས་གཙང་མ་ཞིག་གིས་དཀྲིས་ན་སྤྱིར་བཏང་དུ་ཁྲག་གཅོད་ཐུབ་པ་ཡིན།
      ཡན་ལག་གང་རུང་ཞིག་ལ་བཟོས་པའི་རྨ་ཁ་ནས་ཁྲག་ཆུ་མིག་ལྟར་ཐོན་ཡོང་བའམ་ཡང་ན་ཁྲག་གཏོར་ཡོང་བ་ནི་སྤྱིར་བཏང་དུ་འཕར་རྩ་ཆེན་པོ་ནས་ཁྲག་ཤོར་བ་ཡིན་པས་ཐོག་མར་རྨ་བཟོས་པའི་ཡན་ལག་དེའི་རྨ་ཁའི་གོང་མཚམས་ནས་འགྱིག་ཐག་སོགས་ཀྱིས་བསྡམས་ཏེ་ཁྲག་གཅོད་ཐབས་བྱེད་དགོས། འོན་ཀྱང་འགྱིག་ཐག་སོགས་ཀྱིས་བསྡམས་ནས་ཁྲག་གཅོད་ཐབས་བྱེད་པའི་དུས་ཚོད་ཚོད་འཛིན་ངེས་གཏན་བྱེད་དགོས་ཏེ། འགྱིག་ཐག་སོགས་ཀྱིས་བསྡམས་ནས་དུས་ཚོད་སྐར་མ་བཞི་བཅུ་ལྔ་བཅུ་སོང་མཚམས་སུ་འགྱིག་ཐག་ཐེངས་རེ་ལྷོད་དུ་བཏང་སྟེ་སྐར་མ་གཅིག་ཙམ་འཇོག་དགོས། དུས་མཚུངས་སུ་གང་མགྱོགས་སྒོས་ཐག་ཉེ་སའི་སྨན་ཁང་དུ་བསྐྱལ་དགོས།
 མཉམ་འཇོག་བྱེད་དགོས་ས།
ཐབས་ཤེས་དེ་ཡན་ལག་གི་ཁྲག་རྩ་ཆེན་པོ་ནས་ཁྲག་ཤོར་བར་མ་གཏོགས་གཞན་དག་ལ་སྤྱོད་མི་རུང་། གཞན་ཡང་འགྱིག་ཐག་སོགས་ཀྱིས་སྡོམ་པའི་དུས་ཚོད་རིང་དྲགས་ན་རྨ་བཟོས་པའི་ཡན་ལག་གི་ཁྲག་འཁོར་བསྐྱོད་བྱེད་པའི་རྒྱུན་འགགས་ནས་ཡན་ལག་སྐྱོན་ཅན་དུ་འགྱུར་བའི་ཉེན་ཁ་ཆེ་བ་དང་། ས་ཚོད་ཐུང་དྲགས་ན་ཁྲག་གཅོད་པའི་ནུས་པ་ཐོན་མི་ཐུབ་པས་དེ་ལ་ཡིད་གཟབ་བྱེད་དགོས།
ཁོག་པའི་ནང་ཁྲག་ཤོར་བ་དང་དེ་མྱུར་སྐྱོབ་བྱེད་ཐབས།
དེ་ཡང་བརྡབས་སྐྱོན་བྱུང་བ་དང་མཚོན་ཕོག་པ་སོགས་ཀྱི་དབང་གིས་ཁོག་པའི་ནང་གི་མཆིན་པ་དང་མཚེར་བ། ཁྲག་རྩ་སོགས་ལ་རྨས་སྐྱོན་བྱུང་སྟེ་བྱང་ཁོག་སྟོད་སྨད་ནང་ཁྲག་ཤོར་བ་ཡིན་ན་སྤྱིར་མགོ་ཡུ་འཁོར་ཞིང་མིག་རབ་རིབ་ཏུ་གྱུར་བ། ངོ་གདོང་སྐྱ་བོར་གྱུར་བ།རྐང་ལག་གྲང་མོར་གྱུར་བ། ཁྲག་ཤོར་བ་མང་དྲགས་ན་དྲན་མེད་དུ་བརྒྱལ་བ་སོགས་ཀྱི་སྣང་ཚུལ་འབྱུང་བ་དང་།ཁྱད་པར་དུ་བྱང་ཁོག་སྟོད་ཀྱི་ནང་ཁྲག་ཤོར་ཡོད་ན་གོང་གསལ་གྱི་ནད་རྟགས་ལས་གཞན་ད་རུང་དབུགས་གཏོང་ལེན་དཀའ་བ་དང་། བྱང་ཁོག་སྨད་ཀྱི་ནང་ཁྲག་ཤོར་ཡོད་ན་གོང་གསལ་གྱི་ནད་རྟགས་ཀྱི་ཁར་བྱང་ཁོག་སྨད་ཆེས་སྦོས་ཤིང་མཁྲེགས་པོར་གྱུར་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་བཅས་མདོར་ན་བྱང་ཁོག་སྟོད་སྨད་གང་གི་ནང་ཁྲག་ཤོར་བའི་དོགས་གཞི་ཡོད་ཚེ་ནད་པའི་སྲོག་ལ་ཉེན་ཁ་ཤིན་ཏུ་ཆེ་བས་ངེས་པར་དུ་གང་མགྱོགས་སྒོས་ཐག་ཉེ་སའི་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་དགོགས་པ་ལས་སྨན་བཏང་བ་ཙམ་གྱིས་ཕན་ནུས་ཐོན་མི་ཐུབ།