ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བོད་དུ་གསོ་རིག་དར་ཚུལ་མདོ་ཙམ་བཤད་པ།

སྤེལ་དུས 2018-01-25 ཡོང་ཁུངས། དུས་དེབ། རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།
དང་བོ། བོད་དུ་གསོ་བ་རིག་པ་དར་བའི་མགོ་ཚུགས་པ།   
          བོད་ཀྱི་གཏམ་དཔེ་ལ།   ནད་ལ་སྔ་བ་མ་ཞུ་བ།  སྨན་ལ་སྔ་བ་ཆུ་ཁོལ་མ་ཟེར་བ་ལྟར།   ལོ་ངོ་ཁྲི་ཕྲག་མང་བོའི་རིང་ལ་བོད་མི་རྣམས་ཀྱིས་རང་བྱུང་ཁམས་དང་འཐབ་རྩོད་ཡུན་རིང་བྱས་ཏེ།   རང་གི་ལུས་ལ་ཕན་བྱེད་ཀྱི་ཐབས་མང་པོ་ཞིག་བསགས་ཡོད་པ་ནི།   ཆུ་ཁོལ་ཚ་མོ་མ་ཞུ་བའི་ནད་བཅོས་པ་དང་། རྨ་ཁ་ལ་མར་ཁུ་བྱུགས་ནས་ཁྲག་གཅོད་པ་སོགས་ཀྱི་རིག་པ་དེ་དག་རེད།  
          སྤྱིར་བོད་ཀྱི་གནའ་བོའི་ཤེས་རིག་གི་འབྱུང་ཁུང་ནི།    ཞང་ཞུང་ཞེས་པ་དེང་གི་མངའ་རིས་པུ་ཧྲེང་ས་ཁུལ་ཡིན་ཞིང་།   སྤྱི་ལོ་སྔོན་གྱི་༦༥༧ལོར་ཞང་ཞུང་འོལ་མོ་ལུང་རིང་ནས་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས། རིག་གནས་སྤྱི་དང་བོན་ཆོས་ལ་མཁས་པར་གྱུར། གཤེན་རབས་མི་བོ་ཆེ་ལ་སྲས་བརྒྱད་འཁྲུངས་པ་ལས། སྲས་དཔྱད་བུ་ཁྲི་ཤེས་དེ་གསོ་རིག་གི་བཀའ་བསྡུ་བ་པོར་གྱུར། ཁོང་གིས་ཡབ་ཀྱིས་སིན་བྲིས་བཏབ་པའི་ཉམས་ཡིག་ཕྱོགས་བསྒྲིགས་བྱས་པ་དེ་ལ་《གསོ་རིག་མདོ་དགུ་འབུམ་བཞི》ཞེས་གྲགས།  དེང་དུས་ཀྱི་《གསོ་རིག་འབུམ་བཞི》ཞེས་པ་ནི། སྐུ་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་ཕྱོགས་བསྒྲིགས་བྱས་པའི《གསོ་རིག་འབུམ་བཞི》ལ་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ཀྱིས་ཁ་གསབ་བྱས་པ་བརྒྱུད་ནས་བྱུང་བ་རེད། གསོ་རིག་གི་གཞུང་འདིའི་ནང་དུ་ཕྱི་ནང་གི་དངོས་པོ་ཐམས་ཅད་འབྱུང་བ་བཞིས་བསྐྱེད་པར་བྱེད་པ་དང་།   འབྱུང་བ་བཞིའི་ཁམས་སྙོམས་མིན་ལ་བརྟེན་ནས་ལུས་ལ་བདེ་སྡུག་གི་ཚོར་བ་སྐྱེ་ཚུལ་སོགས་རྒྱུ་མཚན་དང་རིག་མང་པོ་གསུངས་ཡོད་པར་མ་ཟད། ལུས་ཀྱི་གནས་ལུགས་དང་མཚན་ཉིད། ནད་ཀྱི་རྒྱུ་རྐྱེན་དང་དབྱེ་བ། སྨན་གྱི་རོ་ནས་དང་ཞུ་རྗེས། ཟས་སྐོམ་དང་སྤྱོད་ལམ་གྱི་ཕན་གནོད་སོགས་རང་རྒྱུ་འབྱུང་བ་བཞིའི་ནུས་པ་ལས་བྱུང་བ་དང་། གསོ་བྱའི་ལུས་དང་། གསོ་བྱ་ནད། གསོ་བྱེད་ཀྱི་གཉེན་པོ་ཐམས་ཅད་རང་རྒྱུ་འབྱུང་བ་བཞི་ལས་བྱུང་བ་ཤ་སྟག་ཡིན་ཞིང་། དེ་དག་ཐམས་ཅད་ངོ་བོ་བདག་གཅིག་གི་འབྲེལ་བར་གྲུབ་ཚུལ་བསྟན་ཡོད་ཅིང་།  ལྷག་པར་དུ་འབྱུང་བ་བཞི་བོ་གཉིས་གཉིས་ལྷན་གཅིག་ཏུ་འདུས་ནས་བསྐྱེད་པའི་རོ་དྲུག་གི་ནུས་པ་དང་། ཞུ་རྗེས། ཡོན་ཏན་རྣམས་རྗེས་དཔག་ཚད་མས་གཏན་ལ་ཕབ་ཅིང་། རྩི་ཤིང་དང་ས་རྡོ། རིན་པོ་ཆེ། སྲོག་ཆགས་ཀྱི་ཤ་རུས་ཀྱི་ཆ་ཤས་སོགས་དངོས་རྫས་རིགས་མི་འདྲ་བ་རྣམ་གྲངས་ཉིས་བརྒྱ་ལྷག་ཙམ་གྱི་ནུས་པ་ངོས་འཛིན་བྱས་ཏེ་སྨན་རྫས་སུ་བཀོད་སྤྱོད་བྱེད་ཚུལ་བཤད་ཡོད་པ་རེད།  གཞུང་འདི་ནི་བོད་ཀྱི་གསོ་རིག་གི་གཞུང་ལུགས་ཐམས་ཅད་ཀྱི་རྨང་གཞི་ཡིན་ལ་ད་ཕན་མཐོང་བའི་བོད་ཀྱི་གསོ་རིག་གི་གཞུང་ལུགས་ཆེས་སྔ་ཤོས་ཀྱང་ཡིན།  
          བོད་ཀྱི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐབས་སུ།  རྒྱ་གར་ནས་བྷ་ར་དྷ་ཛ། རྒྱ་ནག་ནས་ཧན་ཝང་ཧྭང་།  ཏ་ཟིག་ནས་ག་ལེ་ནུ་ཞེས་བྱ་བའི་སྨན་པ་གསུམ་གདན་དྲངས།  སྨན་པ་གསུམ་བགྲོས་ནས《མི་འཇིགས་པའི་མཚོན་ཆ》ཞེས་བྱ་བ་བརྩམས། སྤྱི་ལོ་༧༡༢ལོར། རྒྱ་བཟའ་གྱིམ་ཤིང་ཀོང་ཇོས་བོད་དུ་ཁྱེར་ཡོང་བའི་གསོ་རིག་གི་དཔེ་ཆ་ཧྭ་ཤང་མ་ཧ་ཀྱིན་ད་དང་།  ཁྱུང་པོ་ཙི་ཙི། ཁྱུང་པོ་དོ་ཚུགས།  རྒྱ་ཕྲུག་གར་མཁན། ཅོག་ལ་སྨོན་ལམ་འབར་སོགས་ཀྱིས་བསྒྱུར་བར་གྲགས། ཁྲོམ་གྱི་ཡུལ་ནས་བི་ཆེ་ཙན་པ་ཤེ་ལ་ཧ་བྱ་བའི་སྨན་པ་མཁས་པ་ཞིག་གདན་དྲངས། དེས་ཀྱང་སྨན་ཡིག་རྒྱས་འབྲིང་བསྡུས་གསུམ་བརྩམས་པ་དང་།  དེའི་བུ་རྒྱུད་བོད་དུ་གནས་བཅས་པ་ལས་བི་ཇི་ཞེས་པའི་སྨན་པའི་རིགས་རྣམས་བྱུང་། དེ་དག་རྒྱལ་བོ་མེས་ཨག་ཚོམ་གྱི་བླ་སྨན་ཡིན་ཞིང་། ཁྱུང་པོ་ཙི་ཙི་དང་དོ་ཚུགས། ཅོག་ལ་སྨོན་ལམ་འབར་སོགས་མཁས་པ་མང་པོ་བགྲོས་ནས་གསོ་དཔྱད་གསར་འགྱུར་རྣམས་གཞིར་བཟུང་ནས《སྨན་དཔྱད་ཟླ་བའི་རྒྱལ་པོ》ཞེས་པ་བརྩམས།  
གཉིས།  གསོ་རིག་སློབ་གྲྭ་ཐོག་མར་བཙུགས་ནས་འཕེལ་རྒྱས་བྱུང་ཚུལ། 
          སྤྱི་ལོ་༧༦༢ལོར།  གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཀོང་པོ་སྨན་ལུང་དུ་སྨན་གྱི་སློབ་གྲྭ་བཙུགས། ཐོག་མར་སློབ་མ་སུམ་བརྒྱ་བསྡུས་ཤིང་།  སློབ་ཡུན་ལོ་བཅུ་གཏན་འབེབ་བྱས། སྔོན་གྱི《གསོ་རིག་འབུམ་བཞི》ལ་ཞུ་དག་དང་ཁ་སྐོང་བྱས་ཏེ། 《གསོ་རིག་རྒྱུད་བཞི》ཞེས་མིང་བཏགས་ནས་སློབ་གཞི་གཙོ་བོར་བྱས།  སློབ་མ་སོ་སོའི་ཡོན་ཚད་དང་བསྟུན་པའི་མིང་བཏགས་ཀྱི་གོ་རིམ་གཏན་འབེབ་གནང་སྟེ།  ཡོན་ཚད་མཐོ་ཤོས་ལ་འབུམ་རམས་པ་དང་།  དེའི་འོག་མ་ལ་རབ་འབྱམས་པ།  དེའི་འོག་མ་ལ་བཀའ་བཅུ་བ།  དེའི་འོག་མ་ལ་བསྡུས་ར་བ་བཅས་རིམ་པ་བཞིར་ཕྱེས།  སྨན་པས་ནད་པའི་དོན་དུ་བྱ་བ་གང་ཞིག་སྒྲུབ་དགོས་པ་དང་།  བྱམས་དང་སྙིང་རྗེ་གང་འདྲ་ཞིག་བཅངས་དགོས་པ་སོགས་སྨན་པའི་ཀུན་སྤྱོད་ཚད་གཞི་གཏན་འབེབ་མཛད་དེ།  ཐུན་མོང་གི་རྩ་འཛུགས་ཅན་གྱི་སློབ་གྲྭ་ཞིག་ཏུ་ཆགས་པ་རེད།  ལོ་ངོ་བཅུའི་རྗེས་སུ་སྨན་པ་འབུམ་རམས་པ་ལྔ་བཅུ་དང་། རབ་འབྱམས་པ་ལྔ་བཅུ།  བཀའ་བཅུ་བ་བརྒྱ་ཐམ་པ་ཐོན་པ་ནས་གསོ་རིག་གི་བསྟན་པ་སྔར་ལས་ལྷག་པར་རྒྱས་པར་གྱུར།  
          དུས་དེར་རྒྱ་གར་ནས་དྷརྨ་ར་ཛ། རྒྱ་ནག་ནས་མ་ཧཱ་ཀྱིན་ད། ཏ་ཟིག་གམ་ཁྲོམ་ནས་ཙན་པ་ཤི་ལ་ཧ་སྟེ་སྨན་པ་ཆེན་པོ་གསུམ་བོད་དུ་ཞལ་འཛོམས་པ་ལ་སྤྲུལ་པའི་སྲས་གསུམ་ཞེས་གྲགས།  དེ་གསུམ་བགྲོས་ནས་རྒྱལ་ཁམས་སོ་སོའི་ལུགས་དང་བསྟུན་པའི《སྨན་དཔྱད་ཀྱི་བསྟན་བཅོས་རིན་ཆེན་སྤུངས་པ》ཞེས་པ་བརྩམས།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་པ་མཐའ་བཞི་སྟོང་གསུམ་གང་བས་《གསོ་བ་དཀར་མོ་ལམ་གྱི་སྒྲོན་མེ》ཞེས་བ་བརྩམས།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་ཆིབས་པ་ཤིན་ཏུ་གཅེས་པ་ཞིག་ཡོད་པ་དེའི་ནད་བཅོས་པ་ལ་སྨན་པ་མཁས་པ་སུ་ཡོད་གདན་འདྲེན་དགོས་པའི་བཀའ་ལྟར།  རྒྱ་ཕྲུག་ཟེའུ་ཐོ་དང་།  ཞང་ཞུང་གི་ཁུ་ལོད་མུ་ཁན།  ཧོར་གྱི་མུ་གན་ཁྲི་གཟིགས། བོད་གྱི་ཅོག་རོ་མང་པོ་གཟིགས།  འ་ཞའི་ཐ་ན་ཆུ་སྐྱེས་དང་ལྔ་བཀུག་ནས་ཆིབས་པ་ལ་སྨན་བཅོས་བྱས།  དེ་དག་བགྲོས་ནས་ཡུལ་སོ་སོའི་མན་ངག་ཆིག་དྲིལ་གྱི་ནོར་ཕྱུགས་གསོ་བའི་གཞུང་བརྩམས་ཏེ་རྒྱལ་པོ་ལ་ཕུལ།  བོད་ཀྱི་ནོར་ཕྱུགས་གསོ་རིག་གི་གཞུང་ལུགས་ཐོག་མ་འདི་ཉིད་མིན་ནམ་སྙན།  ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྨན་པ་ལ་གུས་བཀུར་ཧ་ཅང་ཆེན་པོ་གནང་ཞིང་།  སྤྱི་ཚོགས་ཐོག་ནས་སྨན་པ་ལ་བརྩི་བཀུར་བྱེད་དགོས་བཀའ་བསྒྲགས།  བོད་ཀྱི་རྒྱལ་པོ་ལ་ལྷ་ཞེས་འབོད་ཅིང་།  དེས་ཀྱང་རྗེ་རུ་བཀུར་བའི་ཕྱིར་ན་ལྷ་རྗེ་ཞེས་མཚན་གསོལ།   
          སྤྱི་ལོ༨༤༡ལོར་རྒྱལ་པོ་གླང་དར་མ་བཀྲོངས་པའི་རྗེས་སུ།  འབངས་གྱེན་ལོག་བྱས་ཏེ་བོད་ཀྱི་ཆབ་སྲིད་དང་རིག་གནས་ལ་ཉམས་རྒུད་ཚབས་ཆེན་བྱུང་སྟབས།  གསོ་རིག་ལས་དོན་ལའང་གནོད་སྐྱོན་ཕོག་པ་སྨོས་མ་དགོས་པ་རེད།  བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་དང་།   ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཕྲུག་བློ་རྣོ་བ་ཉི་ཤུ་རྩ་བདུན་རྒྱ་གར་དུ་ལོ་ཙ་བསླབ་དུ་བཏང་བའི་གྲས་ཀྱི་ལོ་ཙ་བ་རིན་ཆེན་བཟང་པོ་སློབ་མཐར་ཕྱིན་པ་དང་བོད་དུ་ཕྱིར་ཕེབས།  སྔར་སྙེ་བོ་ལོ་ཙཱ་བ་དབྱིག་གི་རིན་ཆེན་སོགས་ཀྱིས་བསྒྱུར་བའི་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ》སོགས་བསྐྱར་དུ་བསྒྱུར་བ་དང་།  《རྟ་དཔྱད་ཤ་ལི་ཏོ་ཏྲ》སོགས་གསོ་རིག་གི་བསྟན་བཅོས་ཁག་གཅིག་བསྒྱུར།  ཁོང་ལ་སློབ་མ་མང་པོ་ཡོད་པ་ལས་སྙན་གྲགས་ཆེ་ཤོས་ནི་པུ་ཧྲེང་སྨན་པ་མི་བཞི་ཞེས་པ་དེ་ཡིན། དེའི་ནང་ནས་ཀྱང་སྨན་པ་མང་ལོ་མཁས་ཤིང་ཕྲིན་ལས་ཆེ་བས་དབུས་གཙང་གི་སྨན་པ་ཕལ་ཆེ་བས་དེར་གཏུགས་ནས་སློབ་གཉེར་བྱས་པས། བོད་ཀྱི་གསོ་རིག་བསྟན་པ་སླར་ཡང་དར་རྒྱས་བྱུང་། ཁྱད་པར་དུ་ཆེར་རྗེ་ཏི་པ་ལ་གཞུང་འགྲེལ་རྫོགས་པར་གནང་། ཆེར་རྗེ་ཏི་པའི་སློབ་མའི་ནང་ནས་གཙང་སྟོད་དར་མ་མགོན་པོས་ཟིན་ཏིག་དང་ཡང་ཏིག་མཛད་དེ་བོ་དོང་ཕྱོགས་སུ་སློབ་རྒྱུན་འཕེལ་བར་ལོ་ཆེན་ནས་བརྒྱུད་པའི་ཁྲིད་རྒྱུན་ཞིག་དང་། ཡང་ལོ་ཆེན་རིན་ཆེན་བཟང་པོའི་སློབ་མ་ཞང་ཞུང་བ་ཤེས་རབ་འོད་ནས་བརྒྱུད་པའི་ཁྲིད་རྒྱུན་ཏེ་བརྒྱུད་སྲོལ་གཉིས་ཡོད་པ་རེད། མདོར་ན་ལོ་ཆེན་རིན་ཆེན་བཟང་པོའི་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་གསོ་རིག་གཞུང་ལུགས་དང་རྒྱ་གར་གྱི་གསོ་རིག་གཞུང་ལུགས་ཕན་ཚུན་གོ་བསྡུར་ནས་ཞིབ་འཇུག་བྱེད་པའི་མཐུན་རྐྱེན་འཛོམས་ཏེ། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ལས་ཀ་དེ་གོམ་གང་མདུན་སྤོས་ཀྱིས་གོང་འཕེལ་བྱུང་ནས། བོད་ཡུལ་སྟོད་སྨད་བར་གསུམ་དུ་སྨན་པ་མཁས་པ་མང་པོ་རྒྱུན་མི་ཆད་པར་འབྱོན་པའི་མགོ་ཚུགས་པ་རེད།    དུས་དེ་ཙམ་ན་དབུས་གཙང་དུ་བོད་སྨན་མཁས་པ་མི་དགུ་གྲགས་པ་བྱུང་། གཞན་ཡང་གྲ་མངོན་དབང་ཕྱུག་འབར། དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུ་སོགས་ཀྱང་འདི་དག་དང་དུས་མཉམ་པ་ཙམ་དུ་བྱུང་ཞིང་། དེ་དག་གིས་བརྩམས་པའི་གསོ་རིག་གི་ཡིག་ཆ་མང་པོ་བྱུང་ཡོད་པར་མངོན། ལྷག་པར་དུ་དྭགས་པོ་ཟླ་འོད་གཞོན་ནུའི་མ་ཡུལ་གྱིས་ལ་ཕུག་ཟ་ཉེས་པས་མ་ཞུ་བའི་རྐྱེན་གྱིས་ཕོ་གཅོང་གི་ནད་ཕོག་སྟེ་ཤི་བ་ལ།  རོ་བཤས་ཏེ་ཕོ་གཅོང་གི་ནད་ལ་སྨན་རྫས་གང་དང་གང་གིས་ཕན་ནུས་ཡོད་པ་ཚོད་ལྟ་དང་ཞིབ་འཇུག་གནང་མཐར།  དྭགས་པོའི་སྨན་ནག་གམ་བཅོ་ལྔ་དྲག་སྦྱོར་ཞེས་པའི་ཕོ་སྨན་འདི་གསར་བཟོ་གནང་བས།  མ་ཞུ་བ་དང་ཕོ་ལོང་རྒྱུ་གཅོང་སོགས་ལ་ཤིན་ཏུ་ཕན་པ་བྱུང་།  
བཞི།    བྱང་ཟུར་གྱི་ལུགས་གཉིས་སུ་གྱེས་ནས་གོང་འཕེལ་བྱུང་བ། 
          བྱང་ལུགས་ཞེས་པ་བྱང་བ་རྣམ་རྒྱལ་གྲགས་བཟང་གི་སློབ་རྒྱུད་རྣམས་ལ་ཟེར།  དེའང་བྱང་བ་རྣམ་རྒྱལ་གྲགས་བཟང་ནི།  སྤྱི་ལོ་༡༢༩༥ལོར། གཙང་ངམ་རིང་དུ་བྱང་བ་སྡེ་བའི་དཔོན་ཚང་ཞིག་ནས་འཁྲུངས། གསོ་བ་རིག་པར་མཁས་པས་《གསོ་རིག་གི་བསྟན་བཅོས་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ》དང་རྒྱུད་བཞིའི་འགྲེལ་བ་བརྩམས། རྒྱུན་འཛིན་གྱི་སློབ་མ་དག་གིས་རྒྱུད་འགྲེལ་དང་།  ཁོག་དབུབ།  ལྷན་ཐབས་སོགས་གསོ་རིག་གི་དཔེ་ཆ་མང་པོ་བརྩམས་ནས་བྱང་ལུགས་ཞེས་པའི་སྲོལ་བཏོད།   དེའི་རིང་ལུགས་འཛིན་པ་མང་པོ་བྱུང་བ་རྣམས་ལས་སྙན་གྲགས་དང་མཛད་ཕྲིན་ཆེ་བ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷ་སའི་ལྕགས་པོ་རི་ལ་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་ཞེས་པའི་གསོ་རིག་སློབ་གྲ་བཙུགས་ཏེ་སློབ་མ་མང་པོ་གསོ་སྐྱོང་གནང་།  རྒྱུད་བཞིའི་འགྲེལ་བ་《བེེཌྰུརྱ་སྔོན་པོ》བརྩམས་ནས་འཆད་ཉན་གྱི་རྒྱུན་སྤེལ་བས་བྱང་ལུགས་ཀྱི་ཕྲིན་ལས་རྒྱས། 
          ཟུར་ལུགས་ཞེས་པ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་སློབ་རྒྱུད་རྣམས་ལ་ཟེར། ཟུར་མཁར་མཉམ་ཉིད་རྡོ་རྗེ་ནི།   སྤྱི་ལོ་༡༤༣༩ལོར་དགས་པོ་ལ་ཐོག་ཟུར་མཁར་དུ་སྐུ་འཁྲུངས། ཆུང་དུས་ནས་རང་གི་ཡབ་དང་ཤ་ར་རབ་འབྱམས་པ།   སྨན་སྟོན་དབང་ཕྱུག་བཟང་པོ་སོགས་ལ་བསྟེན་ནས་རིག་གནས་མཐའ་དག་དང་།   ཁྱད་པར་གསོ་བ་རིག་པ་ལ་མཁས་པར་སྦྱངས།  དགུང་ལོ་བཅུ་དྲུག་པར་གསོ་རིག་གི་བསྟན་བཅོས་《མན་ངག་བྱེ་བ་རིང་བསྲེལ》བརྩམས།   གཞན་ཡང་འབྱུང་བ་གཉིས་གཉིས་སྡེབ་པའི་སྨན་རྫས་རྣམས་ཀྱི་རོ་ནུས་ཡོན་ཏན་གང་ཡོད་ཀྱི་རྒྱུ་འབྲས་རེའུ་མིག་ཅེས་པ་གསར་གཏོད་གནང་།  ཁོང་ལ་སློབ་མ་མང་པོ་བྱུང་བ་ལས་མཐར་ཕྱིན་གྱི་སློབ་མ་བཞི་དང་།  བྱིན་རླབས་ཞུགས་པའི་སློབ་མ་བརྒྱད།  ཤེས་རབ་ཅན་གྱི་སློབ་མ་བཅུ་དྲུག   གྲགས་པ་ཐོབ་པའི་སློབ་མ་ཉི་ཤུ་སོགས་བྱུང་བ་དེ་དག་སྙན་གྲགས་ཆེ་ཞིང་ཟུར་ལུགས་སྤེལ་བ་པོ་གཙོ་བོར་གྱུར། ཟུར་མཁར་མཉམ་ཉིད་རྡོ་རྗེའི་ཚ་བོ་ཟུར་མཁར་བློ་གྲོས་རྒྱལ་པོ《རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞལ་ལུང་》དང་།  སྨན་གྱི་ནུས་པ་དང་ཡོན་ཏན་རྒྱུ་འབྲས་རེའུ་མིག་གྲངས་ཡིག་བཅས་གསར་དུ་བྲིས།  གཡུ་ཐོག་ཕྱག་བྲིས་མའི་《རྒྱུད་བཞི》གསེར་མཆན་སོགས་གནའ་རབས་ཀྱི་ཚད་ལྡན་ཡིག་ཆ་རྣམས་ལ་ཁུངས་བཅོལ་ཏེ་《རྒྱུད་བཞི》ཞུ་དག་མཛད་ཅིང་།  《རྒྱུད་བཞི》ཤིང་པར་བརྐོས་པ་ལ་གྲ་ཐང་པར་མ་ཟེར་བ་དེ་རྒྱུད་བཞིའི་ཤིང་པར་གྱི་ཐོག་མ་ཡིན།   ལུགས་འདིའི་རྒྱུན་སྤེལ་བ་པོ་གཙོ་བོ་དེའུ་དམར་བསྟན་འཛིན་ཕུན་ཚོགས་དང་སི་ཏུ་ཆོས་ཀྱི་འབྱུང་གནས་རྣམ་གཉིས་ཡིན། 
          དེའུ་དམར་བསྟན་འཛིན་ཕུན་ཚོགས་ནི།  ༡༦༧༢ལོར་ཁམས་གོ་འཇོ་རུ་འཁྲུངས།  ཆུང་དུས་ནས་གསོ་རིག་སློབ་གཉེར་མཛད།  བོད་ཁམས་ཡོངས་དང་རྒྱ་དཀར་ནག་འཇང་ཡུལ་སོགས་སུ་སྐྱེས་པའི་རྩི་ཤིང་སྔོ་ལྡུམ་ཐམས་ཅད་ལ་ཞིབ་འཇུག་དང་ཚོད་ལྟ་མཛད་དེ།   སྤྱི་ལོ་༡༧༢༧ལོར་སྨན་རྫས་སྣ་ཁ་ཉིས་སྟོང་ཉིས་བརྒྱ་གོ་བཞི་ཙམ་ངོས་འཛིན་གནང་བ་དང་།   དེ་དག་རེ་རེ་བཞིན་རོ་དང་ནུས་པ།   ཞུ་རྗེས།   ཡོན་ཏན།   སྐྱེ་བའི་ཡུལ།   འདྲ་བའི་དཔེ་སོགས་རྒྱས་པར་བཤད་པའི་གསོ་རིག་གི་བསྟན་བཅོས་《ཤེལ་གོང》དང《ཤེལ་ཕྲེང》གཉིས་བརྩམས་པ་གསོ་རིག་འཛིན་པ་ཐམས་ཅད་ཀྱིས་ཚད་མར་འཛིན།   གཞན་ཡང་གཏར་ཁ་དང་མེ་བཙའི་གསང་དམིག རོ་ནུས་ཞུ་རྗེས་ཀྱི་རེའུ་མིག་སྨན་རྫས་ནུས་པ་མཚུངས་པའི་རིགས་རྣམས་གཏོང་ཚུལ་སོགས་གསོ་ རིག་སྐོར་གྱི་བསྟན་བཅོས་མང་པོ་བརྩམས་ཡོད། 
          སྤྱི་ལོ༡༧༥༤ལོར།  སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྡེ་དགེ་དཔལ་སྤུངས་དགོན་དུ་གནས་ལྔ་རིག་པའི་སློབ་གླིང་བཙུགས་ཤིང་།   དེའི་ནང་དུ་གསོ་རིག་སྡེ་ཚན་བཙུགས་ཏེ།  སྨན་པ་སྐད་གྲགས་ཅན་དབོན་པོ་ཀརྨ་ངེས་ལེགས།   ཀརྨ་ངེས་དོན།   ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།   འཇུ་མི་ཕམ་སོགས་བྱུང་།   དེ་ཡང་དབོན་པོ་ཀརྨ་ངེས་ལེགས་ཀྱིས་བརྩམས་པའི་《སྨན་བསྡུས་ཨེ་ཝ》དང་།   ཀརྨ་ངེས་དོན་གྱིས་བརྩམས་པའི་《གཅེས་བཏུས་འཆི་མེད་ནོར་ཕྲེང》གཉིས་ནི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྨན་པ་རྣམས་ཀྱིས་སྨན་རྫས་བསྡུ་སྦྱོར་བྱེད་པའི་སྐབས་སུ་གཞིར་འཛིན་ས་གཙོ་བོ་ཡིན།   ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཟིན་ཏིག་ནི་རྒྱུད་ཀྱི་སྙིང་དོན་ཐམས་ཅད་བསྡུས་ཤིང་གོ་བདེ་བའི་ངག་ནས་བརྗོད་པ་ཞིག་ཡིན་སྟབས། སྨན་པ་མཆོག་དམན་ཐམས་ཅད་ལ་དགོས་གལ་ཆེ་བའི་གདམས་ངག་གི་མཛོད་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།  
          ལྷག་པར་དུ་བོད་ཀྱི་སྨན་རིགས་ནང་གི་གལ་ཆེ་ཤོས་རིན་ཆེན་རིལ་ནག་ཆེན་མོ་དང་།   རིན་ཆེན་མང་སྦྱོར།   རཏྣ་བསམ་འཕེལ་ལ་སོགས་པ་རིན་པོ་ཆེའི་རིགས་ཀྱི་སྦྱོར་བ་དང་།   དེ་དག་གི་སྡེབ་ཁ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ལག་ལེན་བྱེད་རྒྱུ་དེ་དཔལ་འབྱོར་གྱི་ཆ་རྐྱེན་བཟང་པོ་ཞིག་མེད་ན་འགྲུབ་ཐུབ་ཀྱི་མེད་སྟབས།   སྔོན་གྱི་དུས་སུ་བོད་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ལགལེན་བྱེད་རྒྱུ་དེ་དུས་རབས་རེའི་ནང་ལ་ཐེངས་རེ་གཉིས་ཙམ་མ་གཏོགས་བྱེད་ཐུབ་ཀྱི་མེད་ཅིང་།   ལག་ལེན་འདི་མི་ཉམས་རྒྱུན་འཛིན་བྱེད་པར་དཀའ་ངལ་གང་མང་ཡོད།  དེའི་ཕྱིར།   དུས་རབས་བཅོ་བརྒྱད་པའི་ནང་དུ་དབུས་གཙང་གི་ཕྱོགས་སུ་འདིའི་ལག་ལེན་ཕལ་ཆེར་ཉམས་ཤིང་།   ཁམས་སུའང་ཉག་ཕྲ་བ་ཙམ་ལས་མེད་པའི་སྐབས་སུ།   སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྡེ་དགེའི་རྒྱལ་པོ་བསྟན་པ་ཚེ་རིང་སྦྱིན་བདག་ཏུ་བསྐུལ་ནས་དངུལ་ཆུ་བཙོ་ཀྲུབ་ཆེན་མོ་ལག་ལེན་རྒྱ་ཆེན་གནང་ཞིང་།  ཉིན་རེ་བཞིན་ལག་ལེན་བྱེད་ཚུལ་གྱི་ཟིན་བྲིས་ཁ་གསལ་གོ་བདེ་ཞིག་མཛད་པ་དང་།   ཕྱི་རབས་ཀྱི་སྨན་པ་ཀུན་གྱིས་དེ་གཞིར་བཟུང་ནས་དར་སྤེལ་བྱས་རྗེས།   ཁམས་ཕྱོགས་སུ་སྨན་པ་མཁས་པ་དབོན་པོ་ཀརྨ་ངེས་ལེགས་དང་།   ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་ཀྱིས་དངུལ་ཆུ་བཙོ་བཀྲུའི་ལག་ལེན་གནང་སྟེ་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པ་བྱུང་།   དུས་རབས་འདིའི་ནང་གི་དངུལ་ཆུ་བཙོ་བཀྲུའི་ལག་ལེན་མི་ཉམས་དར་སྤེལ་གཏོང་མཁན་ཁྲོ་རུ་ཚེ་རྣམ་མཆོག་གིས་ཀྱང་དཔེ་ཆ་འདི་གཞིར་བཟུང་ནས་ལག་ལེན་གནང་བ་རེད། 
          དེ་ལྟར་བྱང་ལུགས་དང་ཟུར་ལུགས་ཞེས་པ་ནི་གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་དེ་སློབ་དཔོན་མི་འདྲ་བ་གཉིས་ནས་བརྒྱུད་དེ་བྱུང་བ་ལ་ཟེར་བས།   རྩ་བའི་ཆ་ནས་མི་འདྲ་བ་གང་ཡང་མེད་ཀྱང་།   སློབ་དཔོན་རྣམ་གཉིས་ཀྱི་འཁྲུངས་ཡུལ་སོགས་ཁོར་ཡུག་གི་ཆ་རྐྱེན་མི་འདྲ་བའི་དབང་གིས་སྨན་རྫས་ངོས་འཛིན་གནང་སྟངས་ལ་མི་འདྲ་བ་རེ་ཟུང་དང་། གཏར་ཁ་དང་མེ་བཙའི་གསང་དམིག་ངོས་འཛིན་ཚུལ་མི་འདྲ་བ་འགའ་ཡོད་པ་རེད།