ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བདེ་ཐང་སྐོར་གྱི་རྒྱུན་ཤེས།(བཞི།)

སྤེལ་དུས 2018-04-10 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
འགོག་སྨན་རྒྱག་པ་ནི་ཆམ་རིམས་སྔོན་འགོག་བྱེད་པའི་ཐབས་མཆོག་ཅིག་ཡིན།
          ཆམ་རིམས་ནི་སྤྱིར་བཏང་གི་ཆམ་པ་དང་མི་མཚུངས་པར། ཚབས་ཆེ་བའི་དབུགས་ལམ་གྱི་འགོས་ནད་ཅིག་སྟེ། དགུན་ཁ་དང་དཔྱིད་ཀའི་དུས་སུ་མང་དུ་འབྱུང་བ་ཞིག་ཡིན། ཆམ་རིམས་ཕོག་པའི་དུས་ཚིགས་མ་སླེབ་པའི་སྔོན་དུ་འགོག་སྨན་བརྒྱབ་སྟེ་ཆམ་རིམས་སྔོན་འགོག་བྱེད་ཆོག བྱིས་པ་དང་རྒན་པ། ལུས་གཞི་ཞན་པ་སོགས་ཆམ་རིམས་ཕོག་སླ་བའི་མི་ཚོགས་ལ་ངེས་པར་སྨན་པའི་མཛུབ་སྟོན་འོག་ཆམ་རིམས་འགོག་སྨན་རྒྱག་དགོས།
ཞིང་སྨན་དང་སྨན་རྫས་སོགས་དུག་ལྡན་དངོས་རྫས་ཉར་འཇོག་གང་ལེགས་བྱེད་དགོས།
          ཁྱིམ་ཚང་ནང་དུ་ཉར་འཇོག་བྱེད་དགོས་པའི་ཞིང་སྨན་དང་འབུ་གསོད་སྨན་རྫས། སྨན་རྫས་སོགས་སོ་སོར་དབྱེ་ནས་སྒམ་ནང་དང་ཡང་ན་སྣོད་ནང་དུ་འཇོག་དགོས་པར་མ་ཟད། ཕྱི་ཟྭ་རྒྱག་དགོས། དུག་ལྡན་དངོས་རྫས་ཀྱི་རིགས་ནི་འབྲུ་སྣུམ་དང་སྔོ་ཚོད་སོགས་དང་མཉམ་དུ་འཇོག་མི་རུང་བ་དང་། ལྷག་པར་བྱིས་པས་རེག་སར་གཏན་ནས་འཇོག་མི་རུང་ལ། བྱིས་པས་འཐུང་ནོར་བྱུང་སྟེ་དོན་རྐྱེན་འབྱུང་བར་གཟབ་གཟབ་བྱེད་དགོས། ནུས་པ་ཤོར་བའི་ཞིང་སྨན་དང་སྨན་རྫས་གང་འདོད་དུ་འདོར་སྐྱུར་བྱེད་མི་རུང་ལ། འཐུང་ནོར་འབྱུང་བ་དང་ཡང་ན་ཟས་རིགས་དང་ཆུ་ཁུངས་ལ་སྦགས་བཙོག་ཐེབས་པ་འགོག་དགོས།
རྨས་སྐྱོན་རང་བཞིན་གྱི་ཁྲག་ཐོན་སྐབས་མྱུར་དུ་རྨ་ཁ་བསྡམས་ཏེ་ཁྲག་གཅོད་པ་དང་། རུས་ཆག་བཟོས་པའི་རྨས་མ་ཡར་སྣུར་མར་སྣུར་བྱེད་མི་རུང་།
          རྨས་སྐྱོན་ཕོག་པ་ལས་ཁྲག་ཐོན་པ་དང་ཡང་ན་རུས་ཆག་བཟོས་པའི་གནས་ཚུལ་ནི་དུས་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཧ་ཅང་རྒྱུན་མཐོང་ཞིག་ཡིན་པས། གནས་ཚུལ་དེའི་རིགས་དང་འཕྲད་སྐབས་ཁྲག་ཇི་ལྟར་གཅོད་པ་དང་འཆིང་རས་ཀྱིས་ཇི་ལྟར་སྡོམ་པ། རུས་ཆག་ཏུ་བཏང་བའི་རྨ་ཁ་ཇི་ལྟར་དཀྲི་བ་སོགས་ཤེས་བྱ་ངེས་ཅན་ཞིག་སློབ་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད། རྨ་ཁ་ཆུང་ཆུང་ཡིན་ན་འཆིང་རས་ཀྱིས་བསྡམས་ཏེ་ཁྲག་གཅོད་ཐུབ་པ་ཙམ་གྱིས་ཆོག་ལ། རྨ་ཁ་ཅུང་ཆེ་བ་དང་རྨ་ཁའི་གཏིང་ཟབ་ན། ཁྲག་ཐོན་སའི་གོང་ནས་མནན་ཏེ་ཁྲག་གཅོད་པ་སྟེ། དཔེར་ན་མཛུབ་མོས་མནན་ཏེ་ཁྲག་གཅོད་པ་དང་། འཆིང་རས་ཀྱིས་མནན་ཏེ་ཁྲག་གཅོད་པ་སོགས་བྱེད་དགོས། རུས་ཆག་བཟོས་པའི་རྨས་མར་མྱུར་སྐྱོབ་བྱེད་སྐབས། སྣུར་འགུལ་མ་བྱས་གོང་ངེས་པར་རུས་ཆག་བཟོས་པའི་གནས་དེ་འགུལ་མི་དགོས་པར་གཏན་ཆགས་སུ་བཏང་སྟེ། ཁྲག་སྦུག་དང་དབང་རྩར་གནོད་པ་ཐེབས་སུ་འཇུག་མི་རུང་ལ། ཡུལ་དངོས་ནས་རུས་ཚིགས་སླར་གསོ་བྱེད་མི་རུང་། གལ་ཏེ་རྨས་ཚུལ་ཚབས་ཆེན་ཡིན་ན། ངེས་པར་ཡུལ་དངོས་ནས་མྱུར་སྐྱོབ་བྱེད་པའི་མཚུངས་སུ། 120མྱུར་སྐྱོབ་ཁ་པར་གཏོང་དགོས།
ལུས་ཕུང་སོགས་བཀྲུ་བྱེད་ཀྱི་ལག་ཕྱིས་དང་བཀྲུ་ཆས་གཞན་པ་མཉམ་སྤྱོད་བྱེད་མི་རུང་།
          བཀྲུ་ཐབས་ཡང་དག་སྤྱད་དེ་ལག་པ་བཀྲུས་ན་ནི་འགོས་ནད་དང་བརྒྱུད་འགོ་ནད་གཞི་འགོག་པར་ཕན་པ་ཆེན་པོ་ལྡན། མི་སུ་ཞིག་ཡིན་རུང་དུས་རྒྱུན་གྱི་འཚོ་བའི་ཁྲོད་ལག་པ་བཀྲུ་བའི་གོམས་སྲོལ་ཆགས་སུ་འཇུག་པ་དང་། ནང་སྒོས་སུ་ཟ་མ་བཟོ་བར་གྲ་སྒྲིག་བྱེད་པའི་སྔོན་དུ་ལག་པ་བཀྲུ་བ་དང་། ཟ་མ་མ་ཟོས་པའི་སྔོན་དང་སྤྱོད་ཁང་ལས་ཐོན་རྗེས་ལག་པ་བཀྲུ་བ། སྒོ་ཕྱིར་སོང་ནས་ཕྱིར་ཁྱིམ་དུ་ལོག་རྗེས་ལག་པ་བཀྲུ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། བཞུར་ཆུ་གཙང་མ་དང་འདག་རྫས་སྤྱད་དེ་ལག་པ་བཀྲུ་དགོས།
          མགོ་སྐྲ་བཀྲུ་བ་དང་ལུས་ཕུང་བཀྲུ་བ་སོགས་ཀྱི་ལག་ཕྱིས་ངེས་པར་གཙང་མ་ཡིན་དགོས་པར་མ་ཟད། མི་གཅིག་ལ་གཞོང་བ་གཅིག་རེ་དང་ལག་ཕྱིས་གཅིག་རེ་ཡོད་དགོས་ལ། ལག་ཕྱིས་དང་བཀྲུ་ཆས་མི་གཞན་དང་མཉམ་སྤྱོད་མི་བྱེད་པར། མིག་འབྲུམ་དང་མྱུར་གཤིས་ཅན་གྱི་མིག་འབྲས་སྐྱི་མོའི་གཉན་ཚད་སོགས་རེག་ཐུག་རང་བཞིན་གྱི་འགོས་ནད་བརྒྱུད་འགོ་བྱེད་པ་འགོག་དགོས་ལ། ལུས་ཕུང་བཀྲུ་སྐབས་བཀོལ་བའི་ལུས་ཐུམ་ལག་ཕྱིས་ཀྱང་མི་གཞན་དང་མཉམ་སྤྱོད་བྱེད་མི་རུང་བ་དང་། གལ་ཏེ་མཉམ་སྤྱོད་བྱས་ཚེ་པགས་ནད་དང་སྦྱར་ནད་རང་བཞིན་གྱི་ནད་གཞི་བརྒྱུད་འགོ་བྱེད་ངེས།
ཉིན་རྒྱུན་དུ་སོ་བཀྲུ་བ་དང་། ཟ་མ་ཟོས་རྗེས་ཁ་བཤལ་དགོས།
          ཉིན་རྒྱུན་གྱི་ནངས་དགོང་ལ་སོ་བཀྲུས་ན་ལེགས། གལ་ཏེ་ཉིན་གཅིག་ནང་སོ་ཐེངས་གཅིག་ལ་བཀྲུ་བ་ཡིན་ན། ངེས་པར་དགོང་མོ་མ་གཉིད་པའི་སྔོན་དུ་བཀྲུ་དགོས། བཀྲུ་ཐབས་ཡང་དག་སྤྱད་དེ་སོ་བཀྲུ་དགོས་པ་དང་། མི་གཞན་དང་སོ་ཤད་མཉམ་སྤྱོད་བྱེད་མི་རུང་། སོ་ཤད་རྒྱུན་དུ་གཙང་མ་ཡོང་དགོས་པ་དང་། རབ་ཡིན་ན་ཟླ3རེའི་ནང་སོ་ཤད་ཐེངས་རེ་བརྗེས་ན་ལེགས། ཟ་མ་ཟོས་རྗེས་ཁ་བཤལ་ཏེ། ཁ་ནང་དུ་ཟས་ལྷག་ལུས་པ་གཙང་བཀྲུ་བྱེད་པ་དང་། ཁ་ནང་རྒྱུན་དུ་གཙང་མ་ཡོང་བར་བྱེད་དགོས།
གློ་ལུ་བ་དང་ཧབ་སྦྲིད་རྒྱག་དུས་ཁ་སྣ་གཡོག་དགོས་པ་དང་རང་འདོད་ལྟར་ག་ས་གར་ལུད་པ་འཕེན་མི་རུང་།
          གློ་གཅོང་གི་ནད་དང་ཆམ་ནད། ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་ཡམས་ནད། སིབ་བི་སོགས་རྒྱུན་མཐོང་དབུགས་ལམ་གྱི་འགོས་ནད་དེ་ནད་པ་གློ་ལུ་བ་དང་ཧབ་སྦྲིད་རྒྱག་པ། སྐད་མཐོན་པོས་སྐད་ཆ་བཤད་པ། རང་འདོད་ལྟར་ག་ས་གར་ལུད་པ་འཕེན་པ་བཅས་བྱེད་དུས་བྱུང་བའི་ཁ་ལུད་མཁའ་རླུང་དང་བརྒྱུད་ནས་མི་གཞན་པར་ནད་རིགས་འགོ་བ་ཡིན། དེ་བས་རང་འདོད་ལྟར་ག་ས་གར་ལུད་པ་འཕེན་མི་རུང་བ་དང་། གློ་ལུ་བ་དང་ཧབ་སྦྲིད་རྒྱག་དུས་རང་གི་ཁ་སྣ་གཡོག་པར་དོ་སྣང་བྱེད་དགོས།