ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བོད་ཀྱི་གསོ་རིག་ལས་ཚོན་ཀན་ཆག་ཅེས་པའི་བརྡ་དེ་རྒྱ་བོད་སྐད་གང་ཡིན་གྱི་ཐོག་མའི་ཚོད་གླེང་།

སྤེལ་དུས 2018-05-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
          བོད་ལུགས་གསོ་རིག་གི་རྩ་བརྟག་རིག་པའི་སྐབས་སྣང་བའི་ཚོན་ཀན་ཆག་ཅེས་པའི་མིང་བརྡ་དེ་ནི་རྒྱ་ནག་གི་སྐད་ཚུན་བཀྭན་ཁྲི་(尺关寸)ཞེས་པའི་སྒྲ་འགྱུར་བའམ་ཟུར་ཆག་པ་ཡིན་ཞེས་གསོ་རིག་གླིང་དུ་ཕལ་ཆེར་རླུང་ལྟར་གྲགས་འདུག་མོད།  ཕྲན་གྱིས་རྩ་མདོའི་རྒྱུད་ཚིག་ངོ་མའམ་གཞུང་རང་གི་ངོ་བོ་དང་ཀྲུང་ལུགས་གསོ་རིག་གི་རྩ་དཔྱད་གཉིས་བསྡུར་བ་བརྒྱུད་ཐེ་ཚོམ་གྱི་རྒྱ་རྙི་ཞིག་ལས་འགོང་པར་མ་ནུས་པས་རྩོམ་ཡིག་འདི་འབྲི་རྒྱུ་བློ་ལ་ལྡོག་མེད་དུ་ཤར་བྱུང་།  
          ང་ཚོས་མ་བརྟག་མ་དཔྱད་པར་རི་བོང་ཅལ་འདྲོགས་ཀྱི་མིག་གིས་ཧོབ་ཚོད་ངང་བལྟས་ན་ཚོན་ཀན་ཆག་ཅེས་པའི་བརྡ་དེ་རྒྱ་ནག་གི་སྐད་ལས་ཟུར་ཆག་པ་དང་འདྲ་ཆགས་པོ་ཞིག་འདུག་ཀྱང་། དེ་ཡང་ཕྱོགས་ཡོངས་ནས་ཞིབ་ཏུ་དཔྱད་ཚེ།   ཚོན་ཀན་ཆག་ཅེས་པའི་སྐད་དེ་བོད་རང་གི་བརྡ་རྙིང་ཞིག་རེད་སྙམ་པའི་ངེས་ཤེས་གསལ་བོ་རྙེད་ཐུབ། ཡིན་ནའང་། བརྡ་དེ་བོད་སྐད་ཡིན་ཚུལ་གྱི་དཔྱད་གཞིའི་ཡིག་ཆ་རྒྱུ་མཚན་བདེན་ལ་སྒྲུབ་བྱེད་ཀྱི་ཁུངས་ལུང་བཙན་པོ་དང་བཅས་པའི་ཡིད་རྟོན་འཕེར་བ་ཞིག་ད་སྔ་ཁོ་བོའི་ལག་རྩེར་མ་སོན་པས།  རྗེས་དཔག་ཚད་མའི་རིགས་ལམ་ལ་བརྟེན་ནས་བརྗོད་དགོས་པར་སྣང་ཙ་ན།  ཀུན་གྱིས་བརྟག་ཅིང་དཔྱོད་པ་ཤིན་ཏུ་གལ་ཆེའོ། །                
དང་པོ།
          དེ་ཡང་ཀྲུང་ལུགས་སུ་ཚུན་བཀྭན་ཁྲི་ཞེས་པ་རྩ་བལྟ་བའི་གནས་ཀྱི་མིང་སྟེ་ཚུན་གནས་དང་(寸部)བཀྭན་གནས།(关部)ཁྲི་གནས་(尺部)ཞེས་ནད་པའི་ལག་པའི་མཁྲིག་མའི་གནས་ལ་ངོས་འཛིན་དང་། བོད་སྨན་སྐབས་མཛུབ་མོ་ལ་ཚོན། གུང་མོ་ལ་ཀན། སྲིན་ལག་ལ་ཆག་ཅེས་སྨན་པའི་ལག་པའི་སོར་མོའི་མིང་ཡིན་པ་གཞུང་གི་རྒྱུད་ཚིག་དངོས་ལས་གསལ་བོར་བསྟན་ཡོད་དེ།  “ཚོན་ཀན་ཆག་གསུམ་མ་འདྲུས་སྙོམས་པར་བཞག  །”ཅེས་དང་། “མནན་ཚད་ཚོན་གྱིས་པགས་པ་ཀན་གྱིས་ཤ །ཆག་གིས་རུས་པ་ནོན་ཙམ་གསལ་བར་མནན། །”ཞེས་དང་། “ཚོན་གྱི་འོག་ཏུ་སྙིང་དང་རྒྱུ་མའི་རྩ། །ཀན་གྱི་འོག་ཏུ་མཆེར་བ་ཕོ་བའི་རྩ། །ཆག་གི་འོག་ཏུ་མཁལ་གཡོན་བསམ་སེའུ་བརྟག །”ཅེས་དུ་མའི་སྒོ་ནས་ཚོན་ཀན་ཆག་གསུམ་པོ་མཛུབ་གུང་སྲིན་གསུམ་གྱི་སྐད་དོད་ཡིན་པ་དངོས་སུ་མཚོན་ཡོད་མོད།  གལ་སྲིད་ཁྱོད་ཀྱིས་ད་དུང་གོང་གི་རྒྱུད་ཚིག་ནང་གསལ་བའི་ཚོན་ཀན་ཆག་ཅེས་པ་རྒྱ་ནག་ལུགས་བཞིན་གནས་ཀྱི་མིང་དུ་སྦྱོར་རྒྱུ་ཡིན་ན་ཧ་ཅང་ཐལ་ཆེ་སྟེ་ཁྱོད་སངས་རྒྱས་ལས་ཀྱང་མཁས་པ་ཞིག་གོ  །སྒྲ་འགྱུར་བའམ་ཟུར་ཆག་པའི་མིང་བརྡ་ཞིག་ཡིན་ན་མ་ཕྱི་ལས་ནང་དོན་ཐ་དད་དུ་འགྱུར་བ་ཤེས་བར་མི་སྲིད་པས།   འདིར་རྒྱ་ཆག་གི་གནས་ཀྱི་མིང་དང་བོད་ལུགས་སུ་ལག་པའི་སོར་མོར་བཞེད་ཡོད་པའི་ཁྱད་པར་གྱིས་ལོག་རྟོག་ཐེ་ཚོམ་འབུམ་ཕྲག་འཇིག་པར་མི་འགྱུར་རམ།  
          རྩ་བལྟ་སྐབས་ཀྲུང་ལུགས་ཀྱིས་ལག་པའི་མཁྲིག་མའི་གཉེར་མ་དང་པོ་སྟེ་རུས་པ་འབུར་པོའི་གོང་ནས་འགོ་བཟུང་སྟེ་སྨན་པའི་སོར་མོ་རིམ་པར་བཞག་ནས་བལྟ་བ་དང་། བོད་ལུགས་སུ་མཁྲིག་མའི་གཉེར་མ་དང་པོ་ནས་མཚོན་གང་མར་བཅལ་པའི་རུས་པ་འབུར་པོ་ཟད་མཚམས་ཀྱི་ལྡེབས་ནས་འགོ་བཟུང་སྟེ་ཚོན་ཀན་ཆག་གསུམ་རིམ་པར་བཞག་ནས་བལྟ་བའི་ཁྱད་པར་ཡོད་པ་མ་ཟད།    ཀྲུང་ལུགས་དང་བོད་ལུགས་གཉིས་ལག་པའི་སོར་མོ་འཇོག་སྟངས་ཀྱི་ཐད་ནས་བཤད་ནའང་སོར་མོ་ཕན་ཚུན་འབྲེལ་མ་འབྲེལ་གྱི་ཁྱད་པར་མཆིས་སོ། །འདི་ལ་རིག་པ་ཞིབ་མོ་དང་མི་ལྡན་པ་ཁ་ཅིག་གིས། ཁྱོད་ཀྱིས་བཤད་པ་དེར་མཁྲིག་མའི་སྔ་གཞུག་ཙམ་ལས་གཞན་པའི་ཁྱད་པར་ཅི་ཡང་མི་འདུག་གོ་ཞེ་ན།  ཤིན་ཏུ་མི་འཐད་དེ།  རྩ་ལ་བརྟག་པ་འདི་ནི་རྣམ་དཔྱོད་ཤེས་རབ་ཀྱི་དཔྱད་པ་ཆེས་ཟབ་མོར་བརྟེན་ནས་ལྐོག་གྱུར་གྱི་དོན་ནད་གཞི་རྟོགས་པར་བྱེད་པའི་ཐབས་ཞིག་ལགས་པས།  བལྟ་གནས་སུ་སོར་མོ་ཕྲན་ཙམ་གཡོ་བའམ་འགུལ་བས་ཀྱང་ནད་ངོས་ལོག་པར་འཛིན་པར་གདོན་མི་ཟ་ན།  བལྟ་གནས་ལ་རུས་པ་འབུར་བོའི་གོང་གཞུག་ཙམ་གྱི་ཁྱད་པར་ཤོར་བས་ནི་རྩའི་ངོས་འཛིན་ནམ་འཕར་ཚུལ་སོ་སོ་ཡིན་པ་སྨོས་ཅི་དགོས།   གལ་ཏེ་ཚང་མས་ཁྱོད་ནང་བཞིན་རྒྱུད་ཀྱི་ངོ་བོ་ལ་བློ་རིག་ཞིབ་མོས་མ་དཔྱད་པར་རང་དགར་དང་འོལ་ཚོད་ཁོ་ནས་བཤད་པ་བྱས་ཚེ་གཞུང་ལུགས་ཟབ་མོ་ཆུད་ཟོས་སུ་གཏོང་བར་འགྱུར་བ་ལ་དུས་ཡུན་མི་རིང་ངོ་།།   
          འཕར་རྩ་བལྟ་བའི་ཚུལ་ལའང་ཀྲུང་ལུགས་དང་བོད་སྨན་གཉིས་ལ་ཁྱད་པར་མཆིས་ཏེ།   ཀྲུང་ལུགས་སུ་མཆིན་མཁྲིས་ཀྱི་རྩ་ནད་པའི་ལག་གཡོན་དང་མཆེར་ཕོའི་རྩ་ལག་གཡས་སུ་བརྟག་གི་ཡོད་ལ།  བོད་ལུགས་སུ་དེ་ལས་ལྡོག་སྟེ་མཆིན་མཁྲིས་རྩ་ལག་གཡས་དང་མཆེར་ཕོའི་རྩ་ལག་གཡོན་དུ་བརྟག་དགོས་པར་གསུངས་ཡོད། དེར་ང་ཚོས་བསམ་གཞིགས་ཙམ་བཏང་ཚེ།    ཆུ་ཚད་ངེས་ཅན་ཞིག་གི་སྟེང་ནས་བོད་སྨན་གྱི་རྩ་བརྟག་རིག་པ་དེ་ལུས་ཁམས་གཤག་ལས་ཀྱི་གྲུབ་ཚུལ་དང་ཡང་ལྷག་པར་མཐུན་པ་ང་ཚོས་རྟོགས་ཐུབ་སྟེ། སྤྱིར་བཏང་ཕོ་མཆེར་གྱི་གནས་ཡུལ་ནི་གྲོད་ཁོག་གཡོན་ངོས་དང་མཆིན་མཁྲིས་ཀྱི་གནས་ཡུལ་གྲོད་ཁོག་གཡས་ངོས་ཡིན་པ་སུས་ཀྱང་ལོས་ཤེས།   གཞན་ལྒང་བ་དང་བསམ་སེའུ་གཉིས་ཀྱི་རྩའང་བོད་སྨན་དང་ཀྲུང་ལུགས་གཉིས་གཡས་གཡོན་གོ་ལྡོག་(ཀྲུང་ལུགས་སུ་ལྒང་པའི་རྩ་ལག་གཡོན་དང་བསམ་སེའུ་རྩ་ལག་གཡས།  བོད་སྨན་དེ་ལས་ལྡོག་པའོ)ནས་བརྟག་གི་ཡོད་པ་རེད།  དེ་མིན་ཀྲུང་ལུགས་སུ་ནད་པ་ཕོ་མོ་གང་ཡིན་ཡང་སྙིང་དང་རྒྱུ་མའི་རྩ་དེ་ནད་པའི་ལག་གཡོན་ནས་བརྟག་དགོས་པ་གཏན་འཁེལ་ལགས་མོད།   བོད་སྨན་སྐབས་ནད་པ་ཕོ་ཡིན་ན་ལག་གཡོན་དང་མོ་ཡིན་ན་གཡས་སུ་བརྟག་པ་སྟེ་རྒྱ་ནག་དང་མི་འདྲའོ། །  
          དེ་ལྟར་ཞིབ་ཏུ་བསྡུར་ན་བོད་ལུགས་དང་ཀྲུང་ལུགས་གཉིས་ཀར་བརྗོད་གཞི་གཅིག་ལ་བརྗོད་དོན་སོ་སོ་ཡིན་པ་ཤིན་ཏུ་མང་ཡང་ཡི་གེར་འཇིགས་ནས་དེ་ཙམ་གྱིས་ཆོག་པར་བྱས་ཤིང་།  གཞན་ཡང་བོད་སྨན་སྐབས་བསྟན་པའི་མ་འོངས་ལེགས་ཉེས་ལུང་སྟོན་ནུས་པའི་ངོ་མཚར་རྩ་བདུན་དང་།   རླུང་མཁྲིས་བད་གསུམ་ཤས་ཆེ་ཆུང་གི་རྗེས་སུ་མཐུན་པར་ནད་མེད་རྒྱུན་རྩ་ལའང་ཕོ་རྩ་དང་། མོ་རྩ། མ་ནིང་རྩ་ཞེས་རྣམ་པ་གསུམ་དུ་དབྱེ་ཚུལ། འཆི་མི་འཆི་ཐེ་ཚོམ་དུ་གྱུར་པའི་ཚེ་རྐང་པའི་བོལ་ལ་བརྟག་དགོས་པའི་འཆི་རྩ།  ཚེ་རིང་ཐུང་ངམ་ཚེ་གནས་མིན་གྱི་རྟགས་གསལ་བར་སྟོན་ནུས་པའི་བླ་རྩ་སོགས་ནི་ཀྲུང་ལུགས་གསོ་རིག་གི་རྩ་བརྟག་རིག་པའི་ནང་མིག་སྟོང་སྤྲུལ་ནས་བཙལ་ཡང་ནམ་མཁའི་མེ་ཏོག་བཞིན་རྙེད་པའི་གོ་སྐབས་རབ་ཏུ་དབེན་ནོ།  །རྒྱ་ནག་ལུགས་ཀྱི་རྩ་དཔྱད་དང་བོད་སྨན་གྱི་རྩ་མདོ་གཉིས་ལ་ཆུང་བ་བལྟ་གནས་ནས་ཆེ་བ་བརྟག་ཐབས་བར་མི་འདྲ་བའི་ཁྱད་པར་དེ་འདྲ་མང་པོ་ཞིག་ཡོད་པ་དེའི་སྟེང་ནས། བོད་སྨན་གྱི་རྩ་མདོ་ནི་བོད་རང་གི་གནའ་བོའི་ནད་བརྟག་ལག་ལེན་གྱི་མྱོང་ཚོར་དང་རྒྱུད་རིམ་འབའ་ཞིག་ལས་བྱུང་བའི་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་ཐོན་ཞིག་ཡིན་པ་གསལ་བོར་མངོན་ཡོད་ལ།  བོད་རང་གི་མེས་པོ་གོང་མའི་བློ་གྲོས་ཀྱི་དྭངས་མ་ལས་བྱུང་ཞིང་ལོ་རྒྱུས་ཡུན་རིང་ལྡན་ལ་ཕྲ་ཞིང་ཞིབ་པའི་བརྟག་ཐབས་ཟབ་མོ་ཞིག་ཡིན་པའང་ཤེས་ཐུབ་བོ། །དེ་ཕྱིར་སྟག་ཚང་ལོ་ཙཱ་བས།“རྩ་ཆུ་སྒོ་ནས་ནད་ངོས་འཛིན་པ་ནི།  །བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད།།”ཅེས་དང་། རྒྱུད་བཞིའི་མཇུག་དོན་རང་ལས།“བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན། །”ཞེས་གསུངས་པ་ལྟར། རྩའི་བརྟག་ཐབས་ཀྱི་གཞུང་ལུགས་ཟབ་ཅིང་རྒྱས་པ་གཞན་དྲིང་འཇོག་མི་དགོས་པ་དེ་ལྟ་བུ་ཞིག་ཡོད་པ་ལ།  སྨན་པའི་ལག་སོར་གྱི་མིང་ཙམ་རང་ལ་མ་ཡོད་པར་གཞན་མི་རིགས་ཀྱི་སྐད་བརྡ་ཟུར་ཆག་དགོས་པ་དེ་ནི་དངོས་གནས་ཤེས་རིག་འཕེལ་རྒྱས་ཀྱི་ཆོས་ཉིད་དང་རྒྱབ་འགལ་དུ་སོང་བ་ཞིག་མ་རེད་དམ།              
གཉིས་པ།
          དེང་གི་གཞན་རིགས་བློ་མཐུན་རྟོག་དཔྱོད་དང་མི་ལྡན་པ་ཁ་ཅིག་གིས། བློ་རྩེ་མཐའ་གཅིག་ཏུ་ཚིག་ཟུར་རམ་སྒྲ་འདྲ་བའི་ཟོལ་ཙམ་ལ་གཏད་ནས་ཚོན་ཀན་ཆག་གསུམ་རྒྱ་ནག་གི་སྐད་ཡིན་པ་རྒྱུ་མཚན་དུ་བྱས་ཏེ།  བོད་སྨན་གྱི་རྩ་བརྟག་རིག་པའི་འབྱུང་ཁུངས་དེ་ཀྲུང་ལུགས་གསོ་རིག་རེད་ཅེས་མ་བརྟག་པའི་བབ་ཅོལ་འབའ་ཞིག་སྒྲོག་གོ།  བསམ་བློ་ཅུང་ཞིག་བཏང་ན།  དེ་ནི་ལོ་རྒྱུས་དངོས་དང་མི་མཐུན་ལ། གསོ་རིག་ཚན་རིག་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཡང་ཡོངས་སུ་འགལ་ཡོད་པ་སུས་ཀྱང་བསྙོན་དུ་མེད་པས་དགག་རིན་ཆེར་མི་འདུག   སྒྲ་ཙམ་མཚུངས་པ་ཁོ་ནས་མི་རིགས་འདིའི་ཤེས་རིག་སོགས་ཀྱི་ཁུངས་མི་རིགས་དེའི་ཡིན་པའི་ཁྱབ་ནུས་ན།  དབྱིན་ཇིའི་སྐད་ཀྱི་ཨ་ལོ་(hallo)ཞེས་པའི་འབོད་སྒྲ་ཆོས་ཅན། དབྱིན་ཇིའི་སྐད་རིགས་ཀྱི་འབྱུང་ཁུངས་བོད་སྐད་ཡིན་པར་ཐལ།  དབྱིན་སྐད་ཀྱི་འབོད་སྒྲ་ཨ་ལོ་ཞེས་པ་དེ་བོད་སྐད་ཀྱི་འབོད་སྒྲ་ཨ་རོག་ཅེས་པ་དང་སྒྲ་གདངས་མཚུངས་པའི་ཕྱིར།   སྒྲ་ཙམ་འདྲ་བའི་དཔེ་དེ་ལྟ་བུ་རྒྱ་བོད་དབྱིན་སྐད་སོགས་ཕན་ཚུན་བསྡུར་ནས་ང་ཚོས་དཔྱད་ན་མང་དུ་རྙེད་རྒྱུ་ཡོད་པས།  ཁྱོད་ཀྱིས་སྒྲ་འདྲ་བ་ཙམ་ཚང་མ་སྐད་བརྡ་གང་ལས་གང་དུ་ཟུར་ཆག་པ་ཡིན་པར་ཐག་བཅད་ན།  འཛམ་གླིང་ཧྲིལ་བོ་འདིའི་སྟེང་འཚོ་བའི་མི་རིགས་ཡོད་དོ་ཅོག་གི་སྐད་རིགས་ཇི་སྙེད་ཀུན་གཅིག་ལས་གཅིག་ཏུ་ཟུར་ཆག་པ་ཤ་སྟག་ཏུ་འགྱུར་རོ། །                   
གསུམ་པ།
          རྒྱ་ནག་གི་སྨན་གཞུང་ཆེན་མོ་《ཧོང་ཏིའི་བསྟན་བཅོས་》ཞེས་པ་དེ་ནི་ཀྲུང་ལུགས་གསོ་རིག་གི་ཆེས་གཞི་རྩར་གྱུར་ཅིང་བགྲང་བ་ཉིས་སྟོང་ཡས་མས་ཀྱི་ལོ་རྒྱུས་ལྡན་པའི་གཞུང་ལུགས་ཤིག་ཡིན་པ་དང་། རྒྱ་ནག་གི་སྨན་དཔྱད་བོད་དུ་ཐོག་མར་བསྒྱུར་བའི་དུས་ཏེ་ཐང་རྒྱལ་རབས་ཀྱི་སྲས་མོ་ཟུང་གིས་སྔ་རྗེས་སུ་བསྣམས་ཕེབས་པའི་སྨན་དཔེ་དེ་དག་གི་གཞུང་ལུགས་ཀྱི་ཁུངས་བཅོལ་སའང་《ཧོང་ཏིའི་བསྟན་བཅོས་》ལས་བརྒལ་ཐུབ་ཡོད་ཚོད་མི་འདུག་ལ། རྗེ་གཡུ་ཐོག་པས་སློབ་གཉེར་མཛད་པའི་རྒྱ་ནག་ལུགས་ཀྱི་གསོ་དཔྱད་ཀུན་གྱི་ནང་དོན་ཡང་《ཧོང་ཏིའི་བསྟན་བཅོས་》ནང་དུ་ཚུད་ཡོད་པ་སྨོས་མ་འཚལ།    དེ་བཞིན་གཡུ་ཐོག་པ་ཆེན་པོས་《དཔལ་ལྡན་རྒྱུད་བཞི་》ཕྱག་རྩོམ་གནང་དུས་ཀྱང་སྔར་ཡོད་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གསོ་རིག་གི་ཁྱད་ཆོས་ཇི་སྙེད་ཅིག་རྨང་གཞི་མཛད་ཐོག་རྒྱ་གར་དང་རྒྱ་ནག་གི་《ཧོང་ཏིའི་བསྟན་བཅོས་) 》སོགས་ཀྱི་སྙིང་བཅུད་སྡུད་ལེན་གྱིས་ཁ་སྣོན་བྱས་ཏེ་གྲུབ་པ་ཞིག་ཡིན་པར་མཁས་པ་ཀུན་གྱིས་བཞེད་ཅིང་། དེ་ཡང་བོད་སྨན་གྱི་རེག་པ་རྩ་མདོར་མཚོན་ན། རྒྱ་ནག་གི་རྩ་བརྟག་རིག་པའི་ཤུགས་རྐྱེན་ཐེབས་པ་ཆེས་མང་བ་ཡིན་པ་མཁས་པ་དུ་མའི་ཞལ་སྒོ་ལས་གསུང་བཞིན་ཡོད་པ་རེད།   དེར་ང་ཚོས་མནོ་བསམ་ཅུང་ཞིག་བཞེས་ཚེ་འགལ་བ་ཅུང་ཟད་ཤུགས་ཀྱིས་འབབ་པ་སྟེ།   གཡུ་ཐོག་པས་ཀྲུང་ལུགས་གསོ་རིག་སྤྱི་དང་སྒོས་སུ་རྩ་བརྟག་རིག་པའི་བཞེད་པ་བོད་ལུགས་སུ་ཚུར་སྡུད་ལེན་མཛད་པ་ཞིག་ཡིན་ན། བོད་ལུགས་དང་ཀྲུང་ལུགས་གཉིས་ཀྱི་རྩའི་བརྟག་ཐབས་བར་གཞན་པའི་ཁྱད་པར་ཡོད་པ་སྨོས་ཅི།   རྩ་བརྟག་པའི་སྔོན་འགྲོའམ་གཞི་རྩར་གྱུར་པའི་བལྟ་གནས་ལའང་ཁྱད་པར་དེ་འདྲ་ཤོར་བ་ནི་ཤིན་ཏུ་ནས་ངོ་མཚར་ཆེའོ། །      
          《ཧོང་ཏིའི་བསྟན་བཅོས་) 》གྲུབ་པའི་དུས་ཚོད་ཀྱི་ངོས་ནས་ཞུ་ན། དེ་ཉིད་བོད་ལུགས་གསོ་བ་རིག་པའི་གཞུང་ལུགས་ཀྱི་མ་ལག་ཆེན་མོ་《དཔལ་ལྡན་རྒྱུད་བཞི་》ལས་མི་ལོ་བདུན་བརྒྱ་ལྷག་གི་སྔ་བ་ནི་བདེན་མོད། དེས་གསོ་རིག་《རྒྱུད་བཞི་》མ་བྱོན་པའི་གོང་དུ་བོད་ལ་གསོ་དཔྱད་ཀྱི་བསྟན་བཅོས་མེད་པ་མཚོན་མི་ནུས་ཏེ། ཞང་ཞུང་ངམ་སྟོད་མངའ་རིས་ལ་མཚོན་ན། ལོ་ངོ་སུམ་སྟོང་ཙམ་གྱི་སྔོན་དུ་སྨན་རིག་པའི་གཙོས་བོད་ཀྱི་ཤེས་རིག་སྣ་ཚོགས་དར་ཡོད་པ་ནི་དེང་སང་གི་དཔྱོད་ལྡན་མི་ཉུང་བ་ཞིག་གིས་ལན་གཅིག་མིན་པར་བརྟག་པ་ལས་དངོས་སུ་ར་སྤྲོད་བྱུང་ཡོད་པ་དང་།  རྒྱལ་ཁབ་རིམ་པའི་བོད་སྨན་ཆེད་གཉེར་མཁས་ཅན་སློབ་དཔོན་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་གིས། “ཞང་ཞུང་གི་ཡུལ་ནི་སྔ་རབས་བོད་ཀྱི་རིག་གཞུང་འབྱུང་ཁུངས་ལྟེ་བ་ཡིན་པ་དང་།   སྲོང་བཙན་གྱི་གོང་ནས་པུར་བོད་ཀྱི་རྒྱལ་རབས་མང་བོའི་བར་བོན་གྱི་བསྟན་པ་དར་ཡུལ་གཙོ་བོ་ཞིག་ཡིན་པས་སྨན་དཔྱད་སྐོར་ནས་བཤད་ན་ཡང་ལོ་རྒྱུས་ཀྱི་ཁུངས་སྔ་ཤོས་དེ་ཞང་ཞུང་རང་ལ་ཐུག་ཡོད་པ་དོན་དངོས་ཐོག་ནས་གསལ་བཤད་བྱས་འདུག”①ཅེས་གསུངས་པ་ལྟར་གསོ་རིག་《རྒྱུད་བཞིའི་》རྩ་མདོ་རང་གི་བརྗོད་དོན་དང་། རྗོད་ཚིག ཐ་སྙད་སོགས་གང་གི་ཐད་ནས་བརྟག་ཀྱང་། གནའ་བོའི་ཞང་ཞུང་གསོ་དཔྱད་ཀྱི་དགོངས་པ་འཁྲུལ་མེད་ཡིན་པ་རྟོགས་སླ་བས།  ཚོན་ཀན་ཆག་ཅེས་པའང་བོད་ཞང་ཞུང་གི་ཆེས་གནའ་བོའི་བརྡ་རྙིང་སྟེ་མཛུབ་གུང་སྲིན་གསུམ་མམ་ཡང་ན་དེ་དག་གི་ཆ་ཤས་གང་རུང་ཞིག་གི་སྐད་དོད་ཡིན་པར་ངེས་ཏེ།   བོད་ཀྱི་གནའ་རབས་ལོ་རྒྱུས་ཞིབ་འཇུག་མཁས་ཅན་སྐུ་ཞབས་ནམ་མཁའི་ནོར་བུས། “མཁས་པ་འགའ་ཞིག་གིས་སྨན་གཞུང་ནས་མཛུབ་གུང་སྲིན་གསུམ་གྱི་མིང་དུ་ཚོན་ཀན་ཆག་གསུམ་ཞེས་འབོད་པ་དེ་དག་རྒྱ་ནག་གི་སྐད་ཡིན་ཚུལ་གྱི་ཀྱོག་བཤད་བྱས་པ་དེ་དག་ཀྱང་དོན་དུ། ཚོན། ཀན་པ། ཆག་སྟེ་མཛུབ་གུང་སྲིན་གསུམ་གྱི་སོར་རྩེའི་མདུན་ཞལ་གསུམ་གྱི་མིང་སྟེ་བོད་རང་གི་བརྡ་རྙིང་ཡིན་པས་མཚོན། སྨན་གཞུང་ནས་དུས་ཕྱིས་ཆོས་སུའང་མ་གྲགས་པའི་ཞང་བོད་ཀྱི་བརྡ་རྙིང་མང་པོ་ཞིག་རྙེད་དུ་ཡོད་པ་དེས་ཀྱང་བོན་ལ་སྨན་གྱི་ཁུངས་ཡོད་པར་གྲུབ་པའི་ཕྱིར་”②ཞེས་གསུངས་འདུག་པ་དེ་ནི་གཞུང་རང་གི་བརྗོད་དོན་དངོས་དང་མཐུན་པའི་གཏམ་རིན་ཐང་ཅན་ཞིག་ཏུ་མངོན་ནོ།   །ཡིན་ནའང་།  ཡིད་ཕངས་པ་ཞིག་ལ་སྐུ་ཞབས་ནམ་མཁའི་ནོར་བུས་ཚོན་ཀན་ཆག་གསུམ་པོ་བོད་ཀྱི་བརྡ་རྙིང་ཡིན་པར་ཐག་བཅད་པ་ལས་བོད་སྐད་ཡིན་ཚུལ་གྱི་ལུང་རིགས་རྒྱུ་མཚན་དང་བཅས་པའི་བདེན་པའི་ཤེས་བྱེད་ལྕགས་ཀྱི་རི་བོ་དང་མཚུངས་པ་ཞིག་བཀོད་མི་འདུག  གང་ལྟར་ཕྲན་གྱིས་བསམ་ན་ཚོན་ཀན་ཆག་ཅེས་པའི་བརྡ་དེ་ལོ་ངོ་ཉིས་སྟོང་ལྷག་གི་གོང་ནས་བོད་ཞང་ཞུང་གི་བརྡ་ལས་རྒྱ་ནག་སྐད་དུ་ཕར་སྒྲ་འགྱུར་བ་ཞིག་མ་ཡིན་ཡང་། མི་ལོ་ཆིག་སྟོང་ལྷག་གི་སྔོན་དུ་རྒྱ་ནག་སྐད་ནས་བོད་དུ་ཚུར་ཟུར་ཆག་པ་ཞིག་གཏན་ནས་མ་ཡིན་སྙམ་པས་གཟུར་གནས་དག་གིས་ལོ་རྒྱུས་དངོས་དང་མཐུན་མིན་དཔྱད་པར་མཛོད།                བཞི་པ།
          ང་ཚོས་《དཔལ་ལྡན་རྒྱུད་བཞིའི་》གཞུང་རང་གི་ངོ་བོ་ལས།  ཚོན་ཀན་ཆག་ཅེས་པའི་བརྡ་ཉིད་རྒྱ་སྐད་ཡིན་པའི་བཞེད་ཚུལ་དེ་གསོ་དཔྱད་བསྟན་པའི་བདག་པོ་རྗེ་གཡུ་ཐོག་པ་རང་གི་དགོངས་པ་ངོ་མ་ཞིག་མ་ཡིན་པ་ཕལ་ཆེར་ཤེས་ཐུབ་ལ། དུས་རབས་བཅོ་ལྔ་པའི་སྔོན་གྱི་རྒྱུད་འགྲེལ་རྙིང་མ་རྣམས་སུའང་ཚོན་ཀན་ཆག་རྒྱ་ནག་གི་སྐད་ཡིན་ཚུལ་གསུངས་ཡོད་པ་ཕལ་ཆེར་དགུན་ཁའི་ཁུ་བྱུག་གི་བརྟུལ་ཞུགས་རང་ཡིན་པར་སྙམ་མོ། །  
          འོ་ན་རང་རེའི་གསོ་རིག་ལོ་རྒྱུས་སུ་ཚོན་ཀན་ཆག་གསུམ་རྒྱ་ནག་སྐད་ཡིན་པའི་ཤོད་ཚུལ་དེ་དུས་ཡུན་གང་ཙམ་ནས་གྲགས་ཤེ་ན། བོད་ཀྱི་གསོ་བ་རིག་པར་སྲོལ་ལུགས་ཆེན་པོ་གཉིས་(བྱང་ཟུར་)སུ་གྱེས་པའི་དུས་སྐབས་ཏེ་དུས་རབས་བཅོ་ལྔ་པའི་རྗེས་སུ་གཞི་ནས་གྲགས་པར་འདོད་དེ། དུས་དེར། སྔོན་ཐང་རྒྱལ་རབས་ཀྱི་སྲས་མོ་ཝུན་ཤིང་གྱིམ་ཤིང་གཉིས་ནས་སྔ་རྗེས་སུ་བསྣམས་ཡོང་བའི་རྒྱ་ནག་གི་སྨན་དཔེ་ལས་གཞན་པའི་ཀྲུང་ལུགས་སྨན་གཞུང་གསར་འགྱུར་ཁག་ཅིག་གངས་ཅན་གསོ་རིག་ལས་རིགས་པའི་ཁྲོད་དུ་ཁྱབ་པ་དང་། དེ་ལས་མཁྲིག་རྩ་བརྟག་ཐབས་(寸口诊法)སྐབས་ཀྱི་ཚུན་བཀྭན་ཁྲི་ཞེས་པ་བོད་སྨན་པས་ཐོག་དང་པོར་མཐོང་ཞིང་།  རང་རིགས་ཀྱི་སྔ་རབས་མཁས་པ་ཚོར་རྒྱ་དཀར་ནག་གི་གཞུང་ཞིག་ཡིན་ཕྱིན་དེ་ཚད་ལྡན་འདྲ་བོ་ཞིག་ཏུ་བརྩི་ནས་མཐོང་ཆེན་གནང་སྲོལ་ཡེ་ནས་ཡོད་པའི་ཁར།  རྒྱ་ནག་གི་ཚུན་བཀྭན་ཁྲི་ཞེས་པ་དེ་རྒྱུད་ཀྱི་ཚོན་ཀན་ཆག་ཅེས་པའི་སྒྲ་དང་ཡང་ཅུང་འདྲ་བའི་ཕྱིར།  འགྲེལ་པ་བྱེད་པོས་དུས་དེའི་རྟོགས་པའི་ཞེན་ཕྱོགས་དང་ཀུན་སློང་འཐེན་འཁྱེར་གྱི་དབང་གིས་ཚོན་ཀན་ཆག་གསུམ་པོ་རྒྱ་ནག་གི་བརྡ་རེད་ཅེས་དེ་ལྟར་འགྲེལ་པཤད་མཛད་པ་བརྒྱུད་མ་དག་རྒྱུན་འབྱམས་སུ་ལུས་པ་ཞིག་ལགས་སྙམ་པ་ལས་བློ་དམན་བདག་ལྟ་བུས་མཐའ་གཅིག་ཏུ་ཁ་ཚོན་གཅོད་ག་ལ་ཐུབ།  
          འོན་ཏེ། ལོ་ཆེན་བེ་རོ་ཙ་ནས། “བདེན་ཅིང་འཐད་ན་ལེགས་བཤད་བྱིས་པའི་ཚིག་ཀྱང་ཉོན། །མི་བདེན་དོན་དང་འགལ་ན་རྒྱལ་པའི་བཀའ་ཡང་ཞོག །ཚིག་གི་རྩ་བ་མ་དཔྱད་དོན་གྱི་རྩ་བ་དཔྱོད། །”ཅེས་པའི་གསུང་དེའང་མཁས་པ་རྣམས་ཀྱིས་ཐུགས་ལ་རེ་དྲན་པར་འཚལ།   
དཔྱད་གཞིའི་ཡིག་ཆ།   
①1983ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་བདམས་བསྒྲིགས་》ཞེས་པའི་གླེང་གཞི་ལས་གསལ།   ②1989ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་《བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་གཡང་དྲུང་ནོར་བུའི་དོ་ཤལ་ 》ཞེས་པའི་ཤོག་ངོས་81པར་གསལ།