ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

མི་གཤིས་སེམས་ཁམས་རིག་པའི་ཐད་ནས་གླེང་བ།

སྤེལ་དུས 2018-05-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
                   དེང་རབས་སེམས་ཁམས་རིག་པའི་ནང་གི་མི་གཤིས་(人格)ཞེས་པའི་ཐ་སྙད་འདིའི་ཐོག་མའི་འབྱུང་ཁུངས་ནི་ལ་ཏིང་གི་ཡི་གེ་“Persinaཞེས”་པ་ཡིན་པ་དང་། དེའི་གདོད་མའི་གོ་དོན་ནི་གདོང་འབག་ཅེས་པ་དེ་རེད།  མི་གཤིས་ནི་སེམས་ཁམས་རིག་པའི་གཞུང་གི་ཆེས་གལ་ཆེ་བའི་བརྗོད་དོན་ཞིག་ཡིན་ལ། འཛམ་གླིང་གི་སེམས་ཁམས་རིག་པ་དང་འབྲེལ་ཡོད་ཀྱི་གཞུང་ལུགས་མང་པོ་ཞིག་ལ་རང་རང་སོ་སོའི་མི་གཤིས་རིག་པ་ཡོད་ཅིང་།  བོད་ལུགས་གསོ་བ་རིག་པས་ཀྱང་འབྱུང་ལྔ་རིག་པའི་རྨང་གཞིའི་སྟེང་ནས་ས་མཐོའི་ཁྱད་ཆོས་མངོན་པར་གསལ་བའི་རང་གི་མི་གཤིས་སེམས་ཁམས་རིག་པ་ཞིག་བསྐྲུན་ཏེ་མི་གཤིས་ལ་ཤེས་རྟོགས་དང་དབྱེ་བ་མཛད་ཡོད།              
༡ .མི་གཤིས་ཀྱི་དབྱེ་བ།
                   མི་གཤིས་ཀྱི་དབྱེ་བ་ཞེས་པ་ནི་གང་ཞིག་ཐུན་མོང་དུ་སྣང་བའི་རིགས་གཅིག་པའི་གཤིས་ཀའི་ཁྱད་རྟགས་ལ་སྤྱི་བསྡོམས་བྱས་པ་ཞིག་རེད།  ཚན་རིག་གང་ཡིན་ཡང་ཞིབ་ཆ་འབྱུང་བའི་སླད་དུ་ཞིབ་འཇུག་བྱེད་ཡུལ་ལ་རིགས་སམ་དབྱེ་བ་ཕྱེ་དགོས་ཤིང་།   གཤིས་ཀ་ཞེས་པའི་སེམས་ཁམས་ཀྱི་སྣང་ཚུལ་འདིའི་རྙོག་འཛིང་རང་བཞིན་གྱིས་སེམས་ཁམས་རིག་པ་བ་ཚོས་བཞེད་ཚུལ་མི་མཐུན་པའི་མི་གཤིས་ཀྱི་དབྱེ་བ་སྣ་ཚོགས་མཛད་ཡོད་པ་དང་། བོད་ཀྱི་གསོ་རིག་གཞུང་དུ་མི་གཤིས་ཀྱི་དབྱེ་བ་རྣམ་པ་བདུན་དུ་གསུངས་ཡོད།  དེ་ལ་རླུང་མཁྲིས་བད་ཀན་ཏེ་རྐྱང་པའི་རང་བཞིན་གྱི་མཚན་ཉིད་གསུམ་རྒྱུད་ལས་དངོས་སུ་བསྟན་པ་དེ་ལྟར་དང་།    ལྡན་འདུས་ཀྱི་རང་བཞིན་ནི་རྒྱུད་ལས་“ལྡན་དང་འདུས་པ་འདྲེས་ལས་ཤེས་པར་བྱ།   །”ཞེས་ཉེས་གསུམ་གྱི་མཚན་ཉིད་རྣམས་ཕན་ཚུན་འདྲེས་པ་ལས་ཤེས་དགོས་པར་ཞལ་འཕངས་ནས་ལྡན་འདུས་ཀྱི་མཚན་ཉིད་དངོས་སུ་མ་བསྟན་པ་དང་། དེ་བཞིན་དུས་ཕྱིས་ཀྱི་རྒྱུད་འགྲེལ་གསར་རྙིང་དང་གསོ་རིག་མཁས་དབང་རྣམས་ཀྱིས་ཀྱང་ལྡན་འདུས་རང་བཞིན་གྱི་མཚན་ཉིད་ཅིག་དངོས་སུ་གསུངས་མེད་པས།   ངོས་ནས་རང་གི་རིག་པའི་ནུས་ཚོད་ཀྱིས་ལྡན་འདུས་རང་བཞིན་གྱི་མཚན་ཉིད་དབྱེ་བ་མ་སྟོངས་ཙམ་ཞིག་འགོད་ཁུལ་བྱས་ཡོད་ཅིང་། འདིར་ཡིག་ཚོགས་ཀྱིས་མ་བཀོད་ཅིང་ལྟ་ཀློག་འདོད་ན་ཁོ་བོའི་《བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་》ཞེས་པར་གསལ་ལོ། །                    བོད་ལུགས་གསོ་བ་རིག་པས་བོད་ཀྱི་གསོ་རིག་རང་གི་ཐུན་མོང་མ་ཡིན་པའི་རིགས་ལམ་ལ་བརྟེན་ནས་མིའི་རང་བཞིན་རྣམ་པ་བདུན་དུ་གསུངས་པ་དང་།    དེ་ལྟར་རྣམ་པར་དབྱེ་བའི་རིགས་པའི་གཞུང་ལུགས་ཀྱི་རྩ་བའི་གཞི་འཛིན་ས་ནི་འབྱུང་ལྔ་རིག་པ་ཡིན་ལ།  དེར་འབྱུང་ལྔའི་རང་བཞིན་གྱི་རྗེས་སུ་མཐུན་པའི་སེམས་ཁམས་ཀྱི་གྲུབ་ཆ་སེམས་བྱུང་འདོད་ཁྲོ་གཏི་གསུམ་གྱིས་བྱེད་ནུས་འགངས་ཆེན་ཐོན་ཡོད་པའང་སྨོས་མ་འཚལ།   མ་གཞི་བོད་ཀྱི་གསོ་རིག་གཞུང་ལས་བཤད་པའི་མིའི་རང་བཞིན་བདུན་པོ་དེ་བསམ་པའི་བྱེ་བྲག་འབའ་ཞིག་བརྗོད་པ་མ་ཡིན་ཡང་།  གང་ལྟར་རྣམ་པའམ་རང་བཞིན་མི་འདྲ་བའི་མི་གཤིས་རྣམ་པ་བདུན་དང་མི་གཤིས་རིག་པ་ཞིག་ངང་གིས་གྲུབ་ཡོད་པ་ལ་སུ་ཞིག་གིས་སྙོན་ནུས།   
                   གཞན་གསོ་རིག་གི་དམིགས་ཡུལ་ནི་ཚེ་བསྲིང་བ་ཁོ་ན་ཡིན་པས།   ལུས་སེམས་ཀྱི་རང་བཞིན་ལ་དབྱེ་བ་དེ་ལྟར་མཛད་ཡོད་པའང་ནད་འགོག་ལུས་གསོ་དང་ཉེས་གསུམ་ནད་ཀྱི་གཏད་ཕྱོགས་སོགས་སྨན་བཅོས་ལག་ལེན་ཐད་དགོངས་ཡོད་ངེས་ལ། བོད་ལུགས་གསོ་རིག་གི་གཞི་རྩའི་ལྟ་བ་ནི་ནད་རིགས་མཐའ་དག་འདུ་བ་མ་སྙོམས་པ་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པ་ལས་བྱུང་པར་ངོས་འཛིན་པ་དེ་ཡིན་ཞིང་། དེ་ལྟར་རྐྱང་པ་ལྡན་འདུས་ནད་དུ་འཕེལ་ཟད་འཁྲུགས་གསུམ་གྱི་ངོ་བོར་འགྱུར་བའི་གོ་རིམ་ནང་ཐ་མལ་མིའི་རང་བཞིན་མི་འདྲ་བ་རྣམ་པ་བདུན་དང་ཕན་ཚུན་ལྟོས་བཅས་ཀྱི་འབྲེལ་བ་ཡོད་ལ།  ནད་པའི་རང་བཞིན་གང་ཡིན་མ་ཤེས་པར་ནད་རྟགས་སྨན་བཅོས་ཀྱང་བགྱིད་དཀའ་བ་བཅས་མདོར་ན།    སེམས་ཁམས་རིག་པ་བ་མང་ཆེ་བའི་མི་གཤིས་ཀྱི་གཞུང་ལུགས་ཉིད་ནད་རིགས་གསོ་བའི་ལག་ལེན་ལས་བྱུང་བ་ཉག་གཅིག་ཡིན་པ་དེ་བཞིན་དུ།    བོད་ལུགས་གསོ་བ་རིག་པས་རང་བཞིན་རྣམ་པ་བདུན་དུ་ཕྱེ་བ་དེའང་བོད་གསོ་རིག་རང་གི་ནད་ཐོག་ལག་ལེན་དངོས་ལས་བྱུང་བའི་རིག་ལམ་ཁྱད་མཚར་ཞིག་དང་ནད་ཐོག་གི་རིན་ཐང་འགངས་ཆེན་ལྡན་པའི་དངོས་གཙོའི་ལྟ་བ་ཞིག་རེད།   
                   བོད་ལུགས་གསོ་རིག་གི་མི་གཤིས་རིག་པ་དེ་ནང་དོན་ཕུན་སུམ་ཚོགས་ཤིང་སྙིང་བསྡུས་དང་གཏན་ཚིགས་རང་བཞིན་ཆེས་ཆེར་ལྡན་པ་ཞིག་རེད།  འཛམ་གླིང་དུ་མི་གཤིས་རིག་པའི་རྣམ་གྲངས་ཤིན་ཏུ་མང་མོད། དེ་དག་མདོར་བསྡུས་ན་སེམས་ཁམས་རྨང་གཞིར་འཛིན་པ་དང་།   སྐྱེས་ལུགས་རྨང་གཞིར་འཛིན་པ།  དེ་གཉིས་མཉམ་དུ་བསྒྲིལ་ནས་རྨང་གཞིར་འཛིན་པ་བཅས་རིགས་ཆེན་པོ་གསུམ་དུ་འདུས། བོད་ལུགས་གསོ་རིག་གིས་ཕྱི་མ་དེ་རྨང་གཞིར་བཟུང་བ་ཡིན་པར་འདོད་དེ། མའི་མངལ་དུ་བུ་ཆགས་པའི་རྒྱུ་ནི་ཁུ་ཁྲག་སེམས་གསུམ་དང་། དེ་གསུམ་པོར་ཤིན་ཏུ་ཕྲ་བའི་འབྱུང་བ་ལྔའི་ཆ་ཤས་འདུས་ཚུལ་རྒྱུད་དང་རྒྱུད་འགྲེལ་རྣམས་སུ་གསུངས་པ་དེ་ལྟར་དང་། དེས་ན་འབྱུང་བའམ་ཉེས་པའི་ཤས་ཆེ་ཆུང་ལས་རང་བཞིན་བདུན་དུ་འགྱུར་ཚུལ་བཤད་པའི་འབྱུང་བ་ནི་ཁུ་ཁྲག་སེམས་གསུམ་ལ་ཁྱབ་པའི་ཉེས་པའམ་འབྱུང་བ་ཡིན་པས། ཁུ་ཁྲག་ལ་ཁྱབ་པའི་འབྱུང་བའི་ཆ་དང་སེམས་ལ་ཁྱབ་པའི་འབྱུང་བའི་ཆ་སྟེ་ལུས་སེམས་གཉིས་ཀར་འབྱུང་བའི་ཆ་འདུས་ཚུལ་དེ་ལས་སྐྱེས་ལུགས་དང་སེམས་ཁམས་གཉིས་ཆབས་ཅིག་ཏུ་རྨང་གཞིར་བཟུང་ཡོད་པ་རྟོགས་ཐུབ་བོ། །  
                   ང་ཚོས་དབྱེ་བ་ཕྱེ་ཟིན་པའི་རང་བཞིན་བདུན་གྱི་སྟེང་ནས་བསམ་ན།  མི་ཞིག་སྤྱིར་བཏང་དུ་ཡང་ན་རྐྱང་པའི་རང་བཞིན་གསུམ་ལས་གཅིག་ལ་གཏོགས་དགོས་པ་དང་། དེ་མིན་ན་ལྡན་པའི་རང་བཞིན་གསུམ་ལས་གཅིག་ལ་གཏོགས་དགོས་པ་སྟེ། ཉེས་གསུམ་རང་བཞིན་གྱི་གཤིས་ཀ་མི་གཅིག་སྟེང་དུ་གཏན་ནས་ཆ་མཉམ་ཡོང་རྒྱུ་ནི་ཤིན་ཏུ་ཁག་པོ་རེད། གལ་སྲིད་དེ་འདྲ་བྱུང་ཚེ་དེ་ནི་འདུས་པའི་རང་བཞིན་གྱི་གཤིས་ཀ་ཡིན་ངེས་ལ།   ཁོ་བོས་བསམ་ན་རྐྱང་པའི་རང་བཞིན་དང་ལྷག་ཏུ་འདུས་པའི་རང་བཞིན་གྱི་གཤིས་ཀ་ཧ་ཅང་དཀོན་ཞིང་། དེ་ཡང་ལྡན་པའི་རང་བཞིན་གྱི་གཤིས་ཀ་མང་བར་འདོད།   དེ་མིན་རང་བཞིན་རྐྱང་པ་དང་རྟེན་ཕོ་མོའི་དབང་དུ་བཤད་ན།  བུད་མེད་མང་ཆེ་བ་རླུང་གི་རང་བཞིན་གྱི་གཤིས་ཀ་དང་། སྐྱེས་པ་མང་ཤོས་མཁྲིས་པའི་རང་བཞིན་གྱི་གཤིས་ཀ་ཡིན་པར་བསམ། ལར་ཐ་མལ་རྟེན་གྱི་རྩ་རྒྱུད་ལ་སོགས་པའི་སྐྱེས་ལུགས་ཐད་དུ་རླུང་ཕོ་དང་མཁྲིས་པ་མོ་རུ་སྦྱར་ནས་གསུངས་ཡོད་མོད།  སྐབས་འདིར་གཤིས་ཀ་ཁོ་ནའི་སྟེང་ནས་བལྟས་ཚེ་རླུང་མོ་དང་མཁྲིས་པ་ཕོ་སྟེ་གོ་ལྡོག་ཡིན་པ་ལྟར་སྣང་བས་དོན་དངོས་དང་མཐུན་མིན་སླད་དཔྱོད་ལྡན་དག་གིས་ཐུགས་གཞིགས་འཚལ།   གཞན་ཡང་མི་ཞིག་ལ་མཚོན་ན་སྐབས་འགར་རླུང་གི་རང་བཞིན་གྱི་གཤིས་ཀ་མངོན་པ་དང་།   མཚམས་རེར་མཁྲིས་པའི་རང་བཞིན་གྱི་གཤིས་ཀ་སྟོན་པ་བཅས་སྲིད་མོད།    མི་ཚེ་གང་པོའི་ངོས་ནས་བལྟས་ན་གང་ལྟར་རང་བཞིན་གཅིག་གི་ཤུགས་ཆེ་ངེས་ཡིན།          
༢.མི་གཤིས་འཕེལ་ཚུལ་གྱི་དུས་རིམ།
                   ལུས་སེམས་སམ་མི་གཤིས་ཀྱི་འཕེལ་ཚུལ་ལ་དབྱེ་ཞིབ་དང་དུས་རིམ་ཕྱེ་རྒྱུ་བཅས་ནི་སྟབས་བདེའི་བགྱི་བ་ཞིག་མ་ཡིན་པས།   མི་གཤིས་རིག་པའི་གཞུང་ལུགས་རྣམས་སུ་བཞེད་ཚུལ་མི་མཐུན་ཞིང་ཁྱད་པར་ཆེ་བའི་རྣམ་བཤད་གང་མང་མཛད་ཡོད། གངས་ཅན་གསོ་བ་རིག་པར་མཚོན་ན་མི་ལོ་ཆིག་སྟོང་ལྷག་གི་སྔོན་ནས་མི་གཤིས་འཕེལ་ཚུལ་ལ་དུས་རིམ་ཕྱེས་ཏེ་ནད་ཐོག་ལག་ལེན་དང་འབྲེལ་བ་དམ་ཟབ་ཡོད་པར་བསྟན།   
ལུས་སེམས་འཕེལ་ཚུལ་གྱི་གོ་རིམ་ལ་དུས་རབས་ཀྱི་ཁྱད་པར་དང་། དཔལ་འབྱོར་རིག་གནས། སྤྱི་ཚོགས་སློབ་གསོ། ས་ཁམས་ཁོར་ཡུག་སོགས་ཕྱོགས་མང་པོའི་ཤུགས་རྐྱེན་ངེས་ཅན་ཐེབས་ངེས་པ་དང་།  བོད་ལུགས་གསོ་བ་རིག་པས་དུས་སྐབས་དང་སྤྱི་ཚོགས་ཁོར་ཡུག་སོགས་ཅི་འདྲ་ཞིག་གི་ནང་དུ་འང་བསླུ་མེད་བེད་སྤྱོད་ཆོག་པའི་དུས་རིམ་ཕྱེ་ཡོད་པ་སྟེ།  རྒྱུད་ལས།  “ན་ཚོད་དབྱེ་བ་བཅུ་དྲུག་བར་བྱིས་པ། །དེ་ལས་ལུས་ཟུངས་དབང་པོ་གཟི་མདངས་སྟོབས། །འཕེལ་འགྱུར་བདུན་ཅུའི་བར་དུ་དར་མ་སྟེ། །དེ་ལས་ཟད་པ་ཕན་ཆད་རྒན་པོ་ཡིན། །”ཞེས་གསུང་པ་དེའི་ཚིག་ངོས་རྐྱང་བ་ནས་བལྟས་ཚེ། མི་གང་ཞིག་སྐྱེས་པ་ནས་ལོ་བཅུ་དྲུག་བར་དུ་ནི་བྱིས་པ་དང་། བཅུ་དྲུག་ནས་བདུན་ཅུའི་བར་དུ་དར་མ།  བདུན་ཅུ་ནས་ཤི་བའི་བར་དུ་རྒན་པོ་ཡིན་ཞེས་པ་ལགས་མོད། དོན་གྱི་སྟེང་ནས་བསམ་ན། སྐྱེས་པ་ནས་ལང་ཚོ་མ་རྫོགས་ཀྱི་བར་དུ་བྱིས་པ་དང་། ལུས་ཟུངས་དང་། དབང་པོ། གཟི་མདངས་སོགས་སྟོབས་རྣམས་འཕེལ་ཞིང་སྨིན་ནས་འབྱུང་སྟོབས་བྲི་བའི་འགོ་མ་བརྩམ་པའི་ཚུན་བར་དུ་དར་མ། དེ་ལས་འདས་ནས་ལུས་ཟུངས་སོགས་སྟོབས་ཟད་པར་གྱུར་པའི་འགོ་ཚུགས་པའི་ཕན་ཆད་ནི་རྒན་པོ་ཞེས་པ་ཡིན་སྟབས།   ཁོར་ཡུག་དང་དུས་སྐབས་ཅི་འདྲ་ཞིག་ལ་སླེབས་ནའང་བསླུ་མེད་ཡིན་པའི་རྒྱུ་མཚན་དེར་ཐུག་པ་ལགས། གལ་སྲིད་དེ་ལྟར་མ་ཡིན་པར་ཚིག་འབྲུ་གཙོ་བོར་བཟུང་ན་ལོ་བདུན་ཅུའི་བར་དུ་དར་མར་བཞག་ན་དོན་དངོས་དང་མི་འཚམ།   
                   ལུས་སྟོབས་འཕེལ་ཚུལ་གྱི་དུས་སྐབས་གསུམ་(བྱིས་པ། དར་མ། རྒས་པ)བསྟན་པ་དེ་བསམ་པའི་ཁྱད་རྟགས་སམ་མི་གཤིས་འཕེལ་ཚུལ་གྱི་དུས་རིམ་དང་འབྲེལ་བ་ཅི་ཞིག་ཡོད་ཅེ་ན།  སེམས་ཁམས་འཕེལ་རྒྱས་འགྲོ་བའང་ལུས་ཁམས་དང་མཚུངས་པར་གོ་རིམ་ངེས་ཅན་ལྡན་ཞིང་དེ་ཉིད་སྤྱིར་བཏང་ལུས་པོ་འཚར་ལོངས་ཀྱི་རྨང་གཞིའི་སྟེང་ནས་གསར་བརྗེའམ་འགྱུར་ལྡོག་འགྲོ་བཞིན་ཡོད་པས་སོ།  །མི་གཤིས་འཕེལ་འགྲིབ་འགྲོ་བ་དེ་མི་ཚེ་གང་པོའི་ཁྲོད་གཅིག་རྗེས་གཉིས་མཐུད་ཀྱི་བརྒྱུད་རིམ་འབྲེལ་ཆགས་པ་ཞིག་ཡིན་ནའང་།   འབྲེལ་ཆགས་པའི་བརྒྱུད་རིམ་ནང་རྣམ་པ་དང་ཁ་ཕྱོགས་ཀྱི་འགྱུར་མཚམས་སོགས་ཡོད་པས་མི་གཤིས་ལ་དུས་རིམ་ཕྱེ་དགོས་བྱུང་ཞིང་། བོད་ལུགས་གསོ་རིག་གིས་ལུས་སེམས་འཕེལ་ཚུལ་ལ་བྱིས་པ་དང་།  དར་མ།  རྒས་པ་སྟེ་དུས་རིམ་གསུམ་དུ་ཕྱེ་བ་དེ་རྒས་པ་རླུང་མི་དར་མ་མཁྲིས་པའི་མི། བྱིས་པ་བད་ཀན་མི་ཡིན་ཞེས་ཉེས་གསུམ་དང་སྦྱར་ནས་བསྟན་ཅིང་།  དེ་ལས་ང་ཚོས་ཤེས་ཐུབ་པ་ཞིག་ལ།  བོད་ལུགས་གསོ་རིག་གིས་ལུས་སེམས་འཕེལ་ཚུལ་གྱི་དུས་རིམ་ཕྱེ་བ་དེ་འབྱུང་ལྔ་རིག་པ་ལས་འཕྲོས་པའི་རྣམ་བཤད་ཅིག་དང་ལག་ལེན་དངོས་ལས་ར་འཕྲོད་བྱུང་བའི་ལུས་སེམས་འཕེལ་ཚུལ་གྱི་མྱོང་བསྡོམས་ཞིག་ཡིན་པ་དེ་རེད།    
                   གཞན་ཡང་།  ང་ཚོས་བོད་ལུགས་གསོ་རིག་གི་རང་བཞིན་བདུན་ནམ་མི་གཤིས་ཀྱི་དབྱེ་བ་ཉིད་ཕྱི་གླིང་གི་མི་གཤིས་རིག་པ་དག་དང་ཞིབ་བསྡུར་གྱིས་དཔྱད་བརྗོད་རེ་སྤེལ་ཚེ།    དེ་གཉིས་བར་མཚུངས་པའི་ཆ་མང་པོ་མཆིས་པ་རྟོགས་ཐུབ་ལ། བོད་ལུགས་གསོ་རིག་གི་མི་གཤིས་རིག་པ་དེར་སྔར་མེད་བདེན་པའི་ར་སྤྲོད་རྙེད་ནས་དེའི་རིན་ཐང་རྣལ་མའམ་ཚན་རིག་གི་རང་བཞིན་ཇེ་གསལ་དུ་འགྲོ་ངེས་པ་མ་ཟད། བདག་ཅག་ཚོར་བློ་སྒོ་གསར་པའང་འབྱེད་ངེས་ཡིན། དེ་ལྟའི་རྒྱུ་མཚན་གྱིས་ཕྲན་ནས་གནའ་རབས་ཞི་ལའི་སྨན་པ་མཁས་ཆེན་ནུབ་ལུགས་གསོ་རིག་གི་ཕ་རྒན་དུ་གྲགས་པ་ཞི་ཕོ་ཁེ་ལ་ཏིས་གཙོ་བྱས་པའི་ཕྱི་གླིང་གི་མི་གཤིས་རིག་པའི་དཔེ་མཚོན་ཁ་ཤས་དང་བསྡུར་ཁུལ་བྱས་ཏེ་《བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་》ཞེས་པའི་ནང་ས་བཅད་གཅིག་ལོགས་སུ་བཏོན་ཡོད།  དེང་དུས་ནུབ་ཕྱོགས་ཀྱི་མཁས་དབང་མང་པོས་གངས་ཅན་གསོ་བ་རིག་པར་ཞིབ་འཇུག་གནང་བཞིན་པ་དེར་རྒྱུ་མཚན་ཆེན་པོ་ལྡན་ངེས་ཤིང་། འོ་སྐོལ་རྣམས་ཀྱིས་རང་གི་མེས་པོས་ཤུལ་བཞག་གནང་བའི་རྩ་ཆེའི་རྒྱུ་ནོར་ལ་ངེས་པར་དུ་གཅེས་སྤྲས་དང་བདག་སྐྱོང་བྱས་ཏེ་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་ཆོད་ཐུབ་པ་བགྱིད་དགོས།