ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བོད་ལུགས་གསོ་རིག་གི་སེམས་ཁམས་བྱུང་རིམ་གྱི་ངོས་འཛིན་བཤད་པ།

སྤེལ་དུས 2018-05-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
                འདིར་སེམས་ཁམས་བྱུང་རིམ་ཞེས་པར་སེམས་ཀྱི་སྣང་ཚུལ་འབྱུང་སའི་དབང་རྟེན་དང་སེམས་དེ་ཇི་ལྟར་བྱུང་བའི་བརྒྱུད་རིམ་སྟེ་ནང་དོན་གཉིས་ཚུད་ཡོད་པ་ལས།         
༡. སེམས་ཁམས་ཀྱི་དབང་རྟེན།
                དེ་ཡང་མིའི་རིགས་ཀྱི་དབང་རྩའི་མ་ལག་ནི་དུས་ཡུན་ཧ་ཅང་རིང་པོའི་ནང་རིམ་གྱིས་འཕེལ་འགྱུར་བྱུང་བ་བརྒྱུད་ད་བཟོད་ཚད་མཐོན་པོའི་ཆུ་ཚད་ཅིག་ཏུ་སླེབས་པ་ཡིན་ཞིང་། ལྷག་ཏུ་ཀླད་པ་དང་ཀླད་པའི་རྒྱ་དར་(大脑皮质)འཕེལ་འགྱུར་བྱུང་ནས་སེམས་ཁམས་ཀྱི་དབང་རྟེན་དང་བསམ་གཞིག་གི་དངོས་པོའི་རྨང་གཞིར་གྱུར་པ་རེད། དེ་ལྟར་བསམ་གཞིག་དང་སེམས་ཁམས་ཀྱི་དབང་རྟེན་ནི་དབང་རྩའི་ཕྲ་ཕུང་མང་པོ་ལས་གྲུབ་པའི་ཀླད་པ་ཡིན་པར་དེང་གི་སྐྱེ་ལུགས་རིག་པས་གསལ་ཞིང་ཞིབ་པའི་སྒོ་ནས་བདེན་དཔང་ཡང་དག་མཛད་ཡོད་པ་དེར་སྐྱེ་བོ་གང་གིས་ཀྱང་བསྙོན་དུ་མེད་ལ།  སོ་སྐྱེ་ཐུན་མོང་བས་མངོན་སུམ་དུ་ཤེས་རྟོགས་དང་དེ་བཞིན་ལག་ལེན་བྱེད་ཐུབ་པའི་སྔོན་མེད་ཀྱི་ཁྱད་ཆོས་དོགས་པ་ནམ་ཡང་སྐྱེ་མི་དགོས་པའི་གནས་ཤིག་ཡིན།    གངས་རིའི་རྭ་བས་བསྐོར་བའི་བོད་ཀྱི་གསོ་བ་རིག་པར་མཚོན་ནའང་ཡུལ་ལྔ་ཚོགས་དྲུག་གསལ་བ་སོགས་སེམས་ཁམས་ཀྱི་སྣང་ཚུལ་རྣམས་ཀླད་པའི་བྱེད་ནུས་དང་ཀླད་པ་ནི་སེམས་ཁམས་ཀྱི་དབང་རྟེན་ཡིན་པ་བཅས་རྒྱུད་འགྲེལ་མན་ངག་རྣམས་ལས་གཏན་ཚིགས་ལྡན་པའི་སྒོ་ནས་མངོན་སུམ་དུ་བསྟན་ཡོད་ལ།   ཀླད་པ་དང་།  རྒྱུངས་པ། རྩ་དཀར་སོགས་དབང་རྩའི་མ་ལག་གི་གནས་ཡུལ་དང་། བྱེད་ནུས། ནད་འགྱུར་སོགས་ཀྱང་གློག་འཕྲུལ་དཔྱད་ཆས་བཅས་ཕྱིའི་ཆ་རྐྱེན་གང་ཡང་མེད་པའི་དུས་རབས་ནང་དེང་རབས་གསོ་རིག་དང་མཐུན་པར་ངོས་འཛིན་ཞིབ་རྒྱས་མཛད་ཡོད་པ་མ་ཟད།  ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ཞེས་རྒྱ་མཚོ་ནི་མང་དུ་འདུས་པའི་དོན་ཏེ། དཔེར་ན།   ཆུ་མང་དུ་འདུས་པ་ལ་ཆུ་ཡི་རྒྱ་མཚོ་ཟེར་བ་དང་། ཡོན་ཏན་མང་དུ་ཤེས་པ་ལ་ཡོན་ཏན་རྒྱ་མཚོ་ཟེར་བ་ལྟར་སྐབས་འདིར་ཀླད་པ་ཉིད་ཆུ་རྩའམ་དབང་རྩ་ཕྲ་རབ་མང་པོ་གྲངས་མེད་འདུས་པའི་རྒྱ་མཚོ་ཆེན་པོ་ཡིན་པར་བསྟན་པ་དེ་ནི། ཞི་པན་ཡའི་དབང་རྩའི་གཤག་ལས་རིག་པ་བ་གྲགས་ཅན་ཁ་ཧེར་གྱིས་དུས་རབས་ཉི་ཤུ་པའི་འགོར་གཞི་ནས་ཀླད་པ་འདི་ཉིད་དབང་རྩའི་ཕྲ་ཕུང་མང་པོ་ལས་གྲུབ་ཚུལ་དངོས་སུ་ཤེས་རྟོགས་བྱུང་བའི་ལྟ་བ་དང་གཞི་རྩའི་ཐད་འདྲ་མཚུངས་སུ་མངོན།   
                སེམས་ཁམས་ཀྱི་དབང་རྟེན་ངོས་འཛིན་ཐད་བོད་ལུགས་གསོ་བ་རིག་པར་ད་དུང་དམིགས་བསལ་གྱི་རང་བཞིན་ཞིག་ཡོད་པ་ནི་སྙིང་ཁམས་ལ་དོ་སྣང་བྱེད་པ་སྟེ།   དབང་པོ་རྣམས་ཡུལ་ལ་འཆར་ཞིང་ཚོགས་དྲུག་གསལ་བ་སོགས་ཀླད་པའི་བྱེད་ནུས་ཡིན་པ་ཕུད་ད་དུང་སྙིང་ཁམས་ལས་ཀྱང་དྲན་པ་གསལ་ཞིང་རྣམ་ཤེས་ཚོགས་དྲུག་རྒྱུ་བ་བཅས་སེམས་ཁམས་ཀྱི་འགུལ་བསྐྱོད་འབྱུང་བཞིན་ཡོད་པར་གསུངས་པ་དང་།  བོད་ཀྱི་གསོ་རིག་གཞུང་དུ་སེམས་ཁམས་ཀྱི་སྣང་ཚུལ་སྙིང་ལའང་འབྲེལ་བ་ཡོད་པར་ངོས་འཛིན་པའི་ལྟ་བ་དེ་ནི་སངས་རྒྱས་པའི་གཞུང་གི་དགོངས་དོན་ཚུར་དྲངས་པ་ཞིག་ལགས་ལ།  དེའང་ཐུན་མོང་མ་ཡིན་པའི་ངེས་དོན་གྱི་བཞེད་སྲོལ་ཞིག་རེད་སྙམ། སྤྱིར་དུས་འཁོར་དང་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་དབུ་རྐྱང་རོ་གསུམ་དང་རྩ་འཁོར་གྱི་རྣམ་བཞག་མཛད་པ་དག་ནི་གདུལ་བྱ་ཁྱད་པར་ཅན་རྣམས་ཀྱི་ངོར་ལུས་ཀྱི་གནས་ལུགས་ངེས་དོན་གྱི་དབང་དུ་བྱས་ནས་གསུངས་པ་ཡིན་པ་དང་། གསོ་རིག་གི་སྐབས་འདིར་གཙོ་བོ་ནད་གསོ་བ་ལ་དགོངས་དགོས་པས་ཐུན་མོང་ཐ་མལ་པའི་ལུས་ལ་མངོན་སུམ་དུ་སྣང་བའི་དྲང་དོན་དམིགས་སུ་བཟུང་ཡོད་ལ་འཛིན་རྒྱུའང་ཤིན་ཏུ་གལ་ཆེ། དེའི་ཕྱིར་བོད་ལུགས་གསོ་རིག་གིས་ཀླད་པ་ཉིད་སེམས་ཁམས་ཀྱི་དབང་རྟེན་དུ་ངོས་འཛིན་བྱས་པ་དེ་ནི་གསོ་རིག་རང་གི་དགོངས་པ་ངོ་མ་ཞིག་གམ་དེང་རབས་གསོ་རིག་ཚན་རིག་དང་མཐུན་པའི་དངོས་གཙོའི་ལྟ་བ་ཞིག་རེད།  འོན་ཀྱང་བོད་ལུགས་གསོ་རིག་གིས་སེམས་ཀྱི་སྣང་ཚུལ་རྣམས་སྙིང་ལའང་འབྲེལ་བ་དམ་ཟབ་ཡོད་པར་གསུངས་པ་དེར་སེམས་ཁམས་ཞེས་པ་ཀླད་ཤུགས་ཁོ་ནར་འདོད་པའི་དེང་གི་ཚན་རིག་འཚོ་བྱེད་པ་རྣམས་ཀྱིས་ཀྱང་མནོ་བསམ་རེ་བཞེས་ན་ལེགས་སྙམ་སྟེ།  གནའ་རབས་ཞི་ལཱའི་མཚན་ཉིད་རིག་པ་བ་སྐྱེ་དངོས་ཚན་རིག་གི་ཕ་རྒན་དུ་འབོད་པ་ཡ་ལིས་སི་ཏོའུ་ཏིས་སྙིང་ཁམས་ཉིད་ལུས་པོའི་སྟེང་གི་ཆེས་གལ་ཆེ་བའི་དབང་རྟེན་དུ་མཐོང་ནས“འགུལ་སྐྱོད་ཀྱི་ཆེས་ཐོག་མ་དང་། མཇུག་སྡུད་ཀྱི་ཆེས་རྗེས་མ་”ཞེས་གསུངས་པའི་ཤུགས་ལས་ང་ཚོར་གོ་རྒྱུ་ཡོད་ལ། ཉེ་རབས་ཀྱི་རུའེ་ཧྲེའི་རྣམ་འབྱེད་སེམས་ཁམས་རིག་པ་བ་རོང་ཀེས་“བསམ་བློ་ཉིད་ཀླད་པ་ཁོ་ནའི་ཟགས་ཐོན་དངོས་པོ་ཡིན་པར་ངོས་འཛིན་བྱས་ནས་བསྡད་ཚེ།    ང་ཚོར་ཐོབ་པའི་མཇུག་འབྲས་དེ་ནི་རྣམ་ཤེས་བྲལ་པའི་སེམས་ཁམས་རིག་པ་ཞིག་ཏུ་འགྱུར་ངེས་རེད།”ཅེས་གསུངས་པའང་རྒྱུ་མཚན་མེད་པ་ག་ལ་ཡིན། དེ་བས་གསལ་བཤད་ཅིག་ལ། དྲང་དོན་ནམ་གསོ་རིག་རང་གི་དངོས་གཙོའི་ལྟ་བ་བཞིན་ཀླད་པ་དང་།  ངེས་དོན་ནམ་རྒྱུད་སྡེའི་དགོངས་པ་བཞིན་སྙིང་ཁམས་ཏེ་གཉིས་ཀ་སེམས་ཁམས་ཀྱི་དབང་རྟེན་དུ་གསུངས་པ་དེ་ནི། གངས་ཅན་གསོ་རིག་གི་ཐུན་མོང་མ་ཡིན་པའི་སྒེར་ཆོས་ཁྱད་པར་བ་ཞིག་ཡིན་པར་སེམས་སོ། །  
                སྤྱིར་ན་སེམས་ཁམས་ཀྱི་སྣང་ཚུལ་དང་ལྷག་ཏུ་ཡིད་སེམས་ཀྱི་འགྱུར་སྣང་(情绪)ནི་རྟོགས་དཀའ་རྙོག་འཛིང་ཆེ་བ་ཞིག་ཡིན་པས་ནུབ་ཕྱོགས་རིག་པའི་གླིང་དུ་སྙན་གྲགས་འབར་བའི་སེམས་ཁམས་རིག་པ་བ་ཚོས་ཀྱང་ཡིད་སེམས་ཀྱི་འགྱུར་སྣང་ཐད་གཅིག་མཐུན་མིན་པའི་འགྲེལ་བཤད་དང་གཞུང་ལུགས་སྣ་ཚོགས་མཛད་ཡོད་ལ།   སྙིང་ཁམས་ཉིད་སེམས་ཀྱི་སྣང་ཚུལ་ལ་འབྲེལ་བ་ཡོད་པར་བསྟན་པ་སོགས་བོད་ཀྱི་གསོ་རིག་གི་དཀའ་གནད་དག་ལ་མཚོན་ནའང་དུས་ཐུང་ངུའི་ནང་འགྲིག་མིན་གཏན་འཁེལ་བྱེད་དཀའ་བས་བོད་ལུགས་གསོ་རིག་ལས་བསྟན་པའི་སྙིང་ཁམས་ཀྱི་བྱེད་ནུས་ཁྱད་པར་བ་དག་དང་རྣམ་ཤེས་ཚོགས་བརྒྱད་རྒྱུ་བའི་བུ་ག་བཅས་ཀྱང་མིག་སྔར་དེང་དུས་ཚན་རིག་གིས་བདེན་དཔང་ཐོབ་མེད་ནའང་འཛམ་གླིང་གི་ཚན་རིག་དཔྱད་ཆས་སོགས་གོང་མཐོར་འགྲོ་བའི་བརྒྱུད་རིམ་ནང་གཅིག་བྱས་ན་ར་སྤྲོད་གསལ་པོ་ཡོང་སྲིད་པ་བཅས་མདོར་ན། བོད་ལུགས་གསོ་རིག་གི་གཞུང་དུ་སྙིང་ལ་སྒོ་ལྔའི་རྣམ་ཤེས་རྒྱུ་བའི་བུ་ག་དང་། ཀུན་གཞི། ཡིད་། ཉོན་ཡིད་བཅས་གསུམ་རྒྱུ་བའི་བུ་ག་སྟེ་རྣམ་ཤེས་ཚོགས་བརྒྱད་རྒྱུ་ཞིང་བདག་འཛིན་དྲན་པ་གསལ་བར་བྱེད་པ་སོགས་སེམས་ཁམས་ཀྱི་འགུལ་བསྐྱོད་དང་སྣང་ཚུལ་ལ་འབྲེལ་བ་དམ་ཟབ་ཡོད་པ་གསུངས་པ་དེར། ཕྱི་ནང་གི་གསོ་རིག་མཁས་དབང་རྣམས་ཀྱིས་མཐའ་དཔྱོད་ཟབ་མོ་གནང་ཐུབ་ན་ཞིབ་འཇུག་གི་རིན་ཐང་མི་དམན་པ་ཡོད་པར་སེམས་སོ།།           
༢. སེམས་ཁམས་ཀྱི་བརྒྱུད་རིམ།
                སེམས་ཁམས་རིག་པ་བ་རྣམས་ཀྱིས་སེམས་ཁམས་རིག་པའི་ཞིབ་འཇུག་གི་སྐབས་སུ་སེམས་ཁམས་ཀྱི་བརྒྱུད་རིམ་(心理过程)དང་སེམས་ཁམས་ཀྱི་ཁྱད་རྟགས་(心理特征)ཞེས་སྤྱིར་བཏང་དུ་དབྱེ་བ་གཉིས་སུ་ཕྱེ་བཞིན་ཡོད། གཤམ་གྱི་ས་བཅད་ལྔ་པའི་སྐབས་འཆད་རྒྱུའི་མི་གཤིས་ནི་སེམས་ཁམས་ཀྱི་ཁྱད་རྟགས་སམ་བསམ་པའི་བྱེ་བྲག་གི་བརྗོད་བྱ་ཧ་ཅང་འགངས་ཆེན་ཞིག་ཡིན།   སེམས་ཁམས་ཀྱི་བརྒྱུད་རིམ་ཞེས་པ་ནི་ཕྱི་རོལ་ཡུལ་གྱི་དངོས་པོ་སོགས་ལས་མིའི་སེམས་ཀྱི་འགུལ་སྐྱོད་ཅི་ལྟར་བྱུང་བའི་བརྒྱུད་རིམ་ལ་ཟེར་བ་དང་།  དེའང་ཕན་ཚུན་བརྟེན་རེས་དང་། སྐུལ་འདེད། སྔ་གཞུག་གི་འབྲེལ་བ་ཡོད་པ་སོགས་ཀྱི་བརྒྱུད་རིམ་ཞིག་ལ་གོ་དགོས།  བོད་ཀྱི་མདོ་རྒྱུད་བསྟན་བཅོས་རྣམས་སུ་སེམས་ཁམས་ཀྱི་སྣང་ཚུལ་དང། འགུལ་སྐྱོད། བརྒྱུད་རིམ་སོགས་ཧ་ཅང་རྒྱས་ཤིང་ཞིབ་པར་གསུངས་ཡོད་ལ།  བོད་ལུགས་གསོ་བ་རིག་པས་སེམས་ཁམས་ཀྱི་བརྒྱུད་རིམ་ལ་རང་གི་གཞུང་ལུགས་ཀྱི་མ་ལག་སྟེང་ནས་ངོས་འཛིན་ནམ་ཤེས་རྟོགས་གནང་ཡོད། དེ་ཡང་ཚོར་སྣང་(知觉)ལྟ་བུར་མཚོན་ན། ཕྱི་དོན་རྣམས་དབང་པོས་ཇི་ལྟར་འཛིན་ཞིང་ཚོར་གྱི་ཡོད་པ་གཏན་ཚིགས་རང་བཞིན་གྱིས་གསལ་བཤད་མཛད་ཡོད་པ་མ་ཟད།  དབང་པོ་ལྔའི་ཚོར་སྣང་རེ་རེ་ལའང་ཕྲ་ཞིབ་ཀྱིས་ངོས་འཛིན་མཛད་ཡོད་དེ། དཔེར་ན་རོ་ཚོར་ལ་དེང་དུས་སུ་མངར་བ་དང་། སྐྱུར་བ།  ལན་ཚྭ་བ།  ཁ་བ་བཅས་རིགས་བཞི་མ་གཏོགས་དབྱེ་ཐུབ་མེད་ཀྱང་།  བོད་ལུགས་སུ་མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ་བ་བཅས་རོའི་ཚོར་བ་དྲུག་དང་།  དྲུག་པོ་རེ་རེའི་རང་བཞིན་ནམ་ཚོར་སྣང་ཡང་གསལ་པོར་བསྟན་ཡོད། དེ་ལྟར་དྲན་ཤེས་དང་བསམ་གཞིག་སོགས་ལའང་ངོས་འཛིན་དང་ནད་ཐོག་ལག་ལེན་དུ་བེད་སྤྱོད་ཀྱི་རིན་ཐང་ཅི་འདྲ་ཡོད་པ་སོགས་བོད་ཀྱི་གསོ་རིག་གཞུང་དུ་བསྟན་ཡོད་མོད་ཡིག་ཚོགས་ལ་འཇིགས་ནས་འདིར་མ་སྤྲོས་སོ། །